གོ་ཐོས་ལ་རྫོང་སར་མཁྱེན་བརྩེ་ཟེར་བ་ཞིག་གིས་བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར་དབྱིན་ཡིག་ལ་བསྒྱུར་བའི་ཚོགས་པ་ཆེན་པོ་ཞིག་བཙུགས་འདུག་སྐད། ཁོ་ལ་ཅི་ཉེས་པ་བརྗོད་རྒྱུ་མེད་མོད། ནུབ་གླིང་བའི་རྐུབ་ལྡགས་པའི་མི་ཞིག་ལ་མཚོན་ན་བོད་ཀྱི་ཁ་ཕོ་འཕྲོག་པ་འདིས་ཁོ་བ་སྒེར་གྱི་འཚོ་ཚིས་སྐྱིད་ཙམ་ཡོང་ཐུབ་མོད། བོད་ཀྱི་སྐད་ཡིག་གི་ཚེ་ཐུང་རུ་གཏོང་བཞིན་པ་སྙིང་ཁམས་ཆེན་པོ་རེད།

ཁོ་བོས་ཤེས་ཚོད་ལ་བོད་རིག་པའི་ཁྱབ་ཁོངས་སུ་མཁས་དབང་དགེ་འདུན་ཆོས་འཕེལ་ཞིབ་འཇུག་བྱེད་ཡུལ་དུ་གྱུར་བ་ནས་བོད་ཡིག་སྦྱོང་མཁན་གྱི་ཕྱི་མི་བརྒྱ་ལྷག་བྱུང་ཡོད་ལ། ད་ལོ་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་གྱི་ཐང་མ་སོགས་དབྱིན་བསྒྱུར་ཟིན་པ་ནས་དགེ་ཆོས་ཞིབ་འཇུག་བྱེད་མཁན་ནང་བོད་ཡིག་སྦྱང་མཁན་མེད་པར་གྱུར་ཡོད།

ཆོས་ཀྱི་གླེགས་བམ།

ཆོས་ཀྱི་གླེགས་བམ།

དེ་སྔ་ནུབ་བྱང་མི་རིགས་སློབ་ཆེན་དུ་དགེ་རྒན་ཞིག་གིས་སློབ་ཁྲིད་སྐབས་སུ་སློབ་གླིང་དེ་གའི་ལོ་ཙཱ་ཞིབ་འཇུག་སློབ་མ་བསྡུ་བའི་དམིགས་ཡུལ་ཐོག་མ་ནི་བོད་ཀྱི་རིགས་པའི་གཞུང་ལུགས་ཁག་རྒྱ་ཡིག་ལ་བསྒྱུར་བའི་ཆེད་དུ་བཙུགས་འདུག་པར་དགག་པ་ནན་ཏུ་གཏོང་ཞིང་། རྒྱུ་མཚན་ཞིབ་ཏུ་མོལ་བའི་ནང་བོད་ཀྱི་རིག་གནས་རྒྱ་ཡིག་ལ་བསྒྱུར་དོན་ནི་བོད་མི་ཀླ་ཀློ་མིན་པ་ངོ་སྤྲོད་དང་། རྒྱའི་རིག་གནས་ཕྱུག་པོ་བཟོས་པ་ལས་གཞན་རྒྱུ་མཚན་ཅི་ཡང་མེད་ཅིང་། ཐབས་སྐྱོ་བའི་ལས་དེ་ལྟ་བུའི་བོད་ཀྱི་གནས་བབ་ལ་འགྱུར་ལྡོག་གཏོང་མི་ཐུབ་པར་གསུངས་པ་ནི་ཅིས་ཀྱང་བདེན་པ་ལྡོག་མེད་ཅིག་ལགས་ཀྱང་། རྫོང་གསར་མཁྱེན་བརྩེ་ལྟ་བུས་འདི་ལ་གོ་བ་ལོན་མི་ཐུབ། རྒྱུ་མཚན་ནི་ལས་གཞི་འདི་ནི་ཁོ་འཚོ་ཐབས་ཡིན་སྲིད་ལ། ཁོ་རང་བླ་མ་ཞེས་པའི་མི་རིགས་ཀྱི་ཁེ་ཕན་ལ་བཤུ་གཞོག་བྱེད་པའི་གྲས་སུའང་ཡོད་པ་རེད།

ཡིན་ཡང་། བོད་མི་རིགས་ཀྱིས་དེང་གི་སྐབས་སུ་བཀའ་བསྟན་དབྱིན་བསྒྱུར་གྱི་ཐད་ནས་རྩོམ་ཡོན་ཙམ་ཡང་ལོན་མི་ཐུབ་ལ། དབྱིན་དེབ་དུ་དཔར་བསྐྲུན་ཟིན་པའི་རྗེས་ལ་ཁྲིམས་ལུགས་ཀྱི་ཁེ་དབང་ལྟར་མ་རྩོམ་གྱི་ཡོན་དེའང་ཐོབ་མི་ཐུབ། ཡོངས་གྲགས་སུ་འགྱུར་རྩོམ་གྱི་དེབ་ཅིག་གི་རིན་འབབ་བརྒྱ་ཆ་ལྔ་བཅུ་བརྒལ་བ་མ་རྩོམ་ལ་སྟེར་དགོས་ཀྱང་། བཀའ་བསྟན་དབྱིན་འགྱུར་གྱི་མ་རྩོམ་རྩོམ་ཡོན་སུ་ལ་རག་གི་རེད་དམ། བོད་ལ་རག་གི་རེད་དམ། རྫོང་སར་ལ་རག་གི་རེད། དེ་གནས་ཚུལ་ཅུང་ཚགས་རེད།

སུང་ཙི་དང་ཁུང་ཙིའི་རིག་གནས་ཀྱིས་དེང་སྐབས་འཛམ་གླིང་གང་སར་ཁྱབ་ཀྱི་ཡོད་ཀྱང་། དེ་འབྲེལ་གྱི་སློབ་གླིང་དང་ཁེ་ཕན་ཅི་ཡོད་རྒྱ་ནག་མི་རིགས་ལ་ཐོབ་ཀྱི་ཡོད་པ་མ་ཟད། ཀྲུང་གོའི་ཁེ་ཕན་མང་དག་ཅིག་ཀྱང་དེ་ལ་བརྟེན་ནས་བསྐྲུན་ཐུབ་ཀྱི་ཡོད་ལ། རྐྱེན་དེ་ཡིས་རྒྱ་ཡིག་གི་དར་ཤུགས་ཀྱང་ཆེ་རུ་འགྲོ་བཞིན་ཡོད། འོན་ཀྱང་། བཀའ་བསྟན་ནུབ་གླིང་ལ་ཕུལ་བས་བོད་ལ་དེ་ལྟ་བུའི་ཁེ་ཕན་ཅི་ཞིག་རག་གི་རེད་དམ། གོ་ཐོས་ལ་རྫོང་སར་སོགས་ཀྱིས་བོད་མི་ཚོས་གསེར་མི་ཚད་ལོངས་པ་ཕུལ་ཏེ་ནང་འདྲེན་བྱས་པའི་རིགས་པའི་གཞུང་ལུགས་འདི་དག་ནུབ་གླིང་བར་ཕུལ་ཏེ་མ་གྱུར་སེམས་ཅན་ཐམས་ཅད་ཟེར་བའི་བཤད་ཕྱོགས་བྱེད་ཀྱི་ཡོད་ཚོད་ཀྱང་། རང་ཉིད་ཀྱི་ཁ་ཐབས་སྲུང་ཕྱིར་དུ་བོད་ཀྱི་མ་རྩ་ལྟ་བུའི་ཁེ་ཕན་འདི་དག་ཕངས་པ་མེད་པར། སྐབས་འཚོལ་གྱི་བྱེད་ཕྱོགས་བྱེད་བཞིན་པ་དེ་བོད་ཀྱི་མི་རབས་རྗེས་མ་ཚོས་བརྗེད་མི་སྲིད་པ་ཞིག་རེད།

༢༠༡༤།༧། ༡༩ ཉིན་ཐོལ་བྲིས་སུ་བགྱིས།