ཐེ་ཝན།  ལུང་དབྱིན་ཐེ་ཡིས་བརྩམས།
འཆིང་གྲོལ་གྱིས་བསྒྱུར།

ཟླ་བཅུ་གཉིས་པར།  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པུའུ་ལ་ཀུ*༢རུ་རྒྱལ་སྤྱི་རང་བཞིན་གྱི་ཚོགས་ཆུང་ཞིག་བསྡུས།  ང་ནི་གདན་འདྲེན་ཞུས་པའི་མི་བཅོ་ལྔའི་གྲས་ཀྱི་གཅིག་ཡིན་ལ།  རྣམ་པ་གསར་བའི་ཇེ་ཁི*༣ལ་ལྟད་མོར་བལྟ་བའི་གོ་སྐབས་བྱུང་།  ཇེ་ཁུ་ཚོགས་ཡུལ་དུ་བདམས་པ་ལའང་དམིགས་བསལ་གྱི་དོན་སྙིང་ལྡན་ངེས།

1968ལོར“པུའུ་ལ་ཀུའི་དཔྱིད་ཀ”ར*༤ཕམ་ཉེས་བྱུང་ཞིང་།  1989ལོར“ངང་སྒྲོའི་གསར་བརྗེ”ལ*༥རྒྱལ་ཁ་ཐོབ།  ཇེ་ཁུའི་མི་དམངས་ཀྱིས་མི་དབང་རྩོད་ལེན་བྱས་པའི་ལོ་རྒྱུས་ལ་ཀུན་གྱིས་མཐོང་ཆེན་བྱས་དང་བྱེད་བཞིན་པ་ཡིན་ལ། དེ་ནི་ཧ་ཝེར་དང་མན་དྷི་ར་ལྟ་བུའི་ས་གྲགས་གནམ་གྲགས་ཀྱི་མཚན་ཐོ་དག་དེའི་ནང་ན་ཡོད་པས་ཀྱང་ཡིན་ངེས།  སྔོན་ཆད་བཙན་གནོན་ཁུར་བའི་མི་དག་སྟེ།  སྔོན་ཆད་བཙན་གནོན་ལ་ངོ་རྒོལ་བྱས་མྱོང་བའི་མི་དེ་དག་གིས། རང་ཉིད་ལ་རང་དབང་ཐོབ་རྗེས་སྔར་ལས་ལྷག་པའི་སྒོ་ནས་གཞན་གྱི་དབང་ཆར་བརྩི་བཀུར་བྱེད་ཤེས་ན་འགྲིག་པ་ཨེ་རེད།

དེ་འདྲ་ཞིག་མ་རེད།  རང་དབང་ཐོབ་རྗེས།  རང་ཉིད་ཀྱི་ལག་ལ་དབང་ཆ་ཤོར་བ་ན།  སྐད་ཅིག་ཉིད་ལ་གཞན་ལ་བཙན་གནོན་བྱེད་མཁན་དུ་འགྱུར་སྲིད།  ཇེ་ཁུ་ཟེར་བའི་དམངས་གཙོ་གསར་དུ་དར་བའི་རྒྱལ་ཁབ་འདིར། ཇེ་ཕུ་སེ་པ*༦སུམ་འབུམ་ལྔ་ཁྲི་ལྷག་ནི་ཁེ་དབང་ལ་འགན་སྲུང་མི་ཐོབ་པའི་ཉམ་ཆུང་མི་རིགས་སུ་གྱུར་འདུག

སྔོན་ཆད།  འདུ་ཤེས་འཛིན་སྟངས་སུ་བཙན་ཤུགས་ཀྱི་རྣམ་པས་གྲངས་ཉུང་མི་རིགས་ཀྱི་རྩ་བའི་ཁེ་དབང་ལ་འགན་སྲུང་བྱས་ཡོད།  དམངས་གཙོའི་དུས་རབས་སུ་སླེབས་དུས། བཙན་ཤུགས་ཀྱི་རང་བཞིན་དག་མེད་པར་གྱུར་ནས།  “དམངས་ཀྱི་འདོད་པ”ས་ཀུན་གྱི་ཚབ་བྱས།  འོན་ཀྱང་།  “དམངས་ཀྱི་འདོད་པ”ཟེར་བ་དེའང་མི་མང་ཕྱོགས་ཙམ་རེད་དེ།  དེས་ནི་ཇེ་ཕུ་སེ་པའི་དམངས་སྲོལ་དང་གོམས་གཤིས་ལ་ཞེན་ལོག་དང་མཐོང་ཆུང་ཤུགས་དྲག་པོ་བྱེད་ཅིང་།  འདི་ལྟ་བུའི“དམངས་ཀྱི་འདོད་པ”དེས་སྒོ་ཀུན་ནས“ཁྲིམས་མཐུན”གྱི་རིགས་རྒྱུད་ཁྱད་གསོད་བྱེད་པ་རེད།

གྲོང་རྡལ་ཆུང་ཆུང་ཞིག་གི་སྡོད་དམངས་ཀྱིས་ཐ་ན་འདེམས་ཤོག་བརྒྱུད་ནས།  གྲོང་རྡལ་དུ་མཐོ་ཚད་རྨིད་བཞི་ཅན་གྱི་རྡོ་མཁར་བསྐྲུན་ཏེ།  གྲོང་རྡལ་གཅིག་གི་ཁོངས་སུ་ཡོད་པའི་ཇེ་ཕུ་སེ་པ་དག་ཚུར་མི་ཡོང་བའི་ཐབས་བྱེད་པར་འཐད་པ་བྱས།  སྐབས་འདིར།  དེ་དུས་དྲག་ཤུགས་ལ་ངོ་རྒོལ་བྱེད་དུས་སྐད་ཆེན་པོས་མི་དབང་དང་བདེན་ལུགས།  དྲང་བདེན་སོགས་སྒྲོག་མཁན་དེ་དག་གང་ལ་སོང་བ་རེད།

དེའི་ཕྱིར་ན།  དངམས་གཙོའི་ལམ་ལུགས་ཟེར་བ་དེ་མཐའ་གཅིག་ཏུ་མི་དབང་གི་འགན་སྲུང་ཡིན་པའི་ངེས་པ་མེད་དེ།  རྒྱུ་མཚན་ནི་ལམ་ལུགས་འདིའི་འོག་ཏུ་དབང་ཆ་ལག་ཏུ་བསྟར་མཁན་དེ།  མི་དབང་ཞེས་པ་ལ་གོ་བ་གཏིང་ཚུགས་མཁན་ཞིག་ཡིན་པའི་ངེས་པ་མེད་པས་རེད།  མི་རང་ཉིད་མི་དབང་ཞེས་པ་ལ་གོ་བ་ཡག་པོ་ཆགས་མེད་པའི་ཚེ་ན།  དམངས་གཙོའི་ལམ་ལུགས་ཟེར་བ་ཡང་།  མང་ཕྱོགས་ཀྱིས་ཉུང་ཕྱོགས་ལ་བཙན་གནོན་བྱེད་པར་རོགས་རམ་བྱེད་སྤྱད་ཀྱི་ཁྲིམས་མཐུན་ལག་ཆ་ཞིག་གོ།

དེ་རིང་གི་ཐེ་ཝན་ཡང་།  ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་ནུབ་ཕྱོགས་ཀྱི་དམངས་གཙོའི་ལམ་ལུགས་ཀྱི་ཚོད་ལྟ་ཁང་ཞིག་ཡིན་པའི་ཆ་ནས།  དེ་འདྲའི་གནས་ཚུལ་ལྡན་པ་ཡིན།  ཐེ་ཝན་པ་རྣམས་འདེམས་བསྐོའི་འཕྲོར་འདེམས་བསྐོ་བྱས་ནས་ཁོམ་གྱིན་མེེད་ལ།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་དབང་བསྒྲགས་གཏམ་ཟེར་བ་དེ།  ཐེ་ཝན་དང་འབྲེལ་བ་རྩ་བ་ནས་མེད་པ་དང་འདྲ་སྟེ།  མི་དབང་ཞེས་པ་ཐེ་ཝན་གྱི་ཆབ་སྲིད་ར་བའི་ནང་གི་གླེང་བྱ་ཞིག་མིན།  མི་མང་བོའི་འདོད་ཚུལ་ལ།  མི་དབང་གནད་དོན་ཞེས་པ།  ཅང་ཚང་གི“དབང་གྲགས་དུས་སྐབས”མཇུག་རྫོགས་པ་ནས་གནད་དོན་ཞིག་མ་རེད་སྙམ་གྱིན་ཡོད།

ངས་ནི་དེ་ལས་ལྡོག་སྟེ།  ཐེ་ཝན་གྱི་མི་དབང་གནད་དོན་ད་སོ་མར་འགོ་བརྩམས་པར་འདོད།  འདེམས་བསྐོ་ནི་བྱེད་ཐབས་ཡིན་པ་ལས་དམིགས་ཡུལ་མ་རེད།  གལ་སྲིད་བྱེད་ཐབས་ལ་འདི་ལྟའི་ཕོན་ཆེ་བའི་སྤྱི་ཚོགས་ཀྱི་ཐོན་ཁུངས་གྲོན་པར་བྱས་པ་ཡིན་ན།  ཤུལ་དུ་འདེམས་བསྐོའི་དམིགས་ཡུལ་ལ་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་བློ་གྲོས་ག་ཚོད་ཅིག་ལྷག་ཡོད་དམ།  འདེམས་བསྐོའི་དམིགས་ཡུལ་ལམ།  དམངས་གཙོའི་ལམ་ལུགས་ཀྱི་དམིགས་ཡུལ་ནི།  སྤྱི་ཚོགས་གང་དེ་སྔར་ལས་འདྲ་མཉམ་ཡོང་བ་དང་བདེན་ལུགས་ཀྱིས་ཁྱབ་པའི་ཆེད་དུ་སྟེ།  མཐར་དེད་ན།  སྔར་ལས་མང་བའི་མི་དག་ལ་མི་དབང་ལོངས་སུ་སྤྱོད་དུ་འཇུག་རྒྱུ་དེ་རེད།

ཡིན་ན་ཡང་།  ཐེ་ཝན་གྱི་མི་དབང་དེ་ད་ལྟ་ཚད་རིམ་གང་ཞིག་ན་ཡོད་དམ།  གཉུག་གནས་ཀྱི་སྡོད་དམངས་དག་ཁྲིམས་ལུགས་དང་དངོས་ཡོད་གཉིས་ཆ་ནས་རྒྱ་མི་དང་འདྲ་མཉམ་རེད་དམ།  རྒྱལ་ཁོངས་མི་གཅིག་པའི་བཟའ་ཚོ་དེ་དག་དང་དེ་དག་གི་ཕྲུ་གུར་འདྲ་མཉམ་གྱི་ཁེ་དབང་བྱིན་ཡོད་དམ།  རྒྱལ་ཁོངས་མི་གཅིག་པའི་ལས་ཀ་བ་ཁྲི་སྟོང་མང་བོར་ཡོངས་ཁྱབ་ཀྱི་སྡུག་པོ་ག་འདྲ་གཏོང་གི་ཡོད་དམ།   ཡང་དེ་དག་ལ་ཚད་རིམ་ཇི་འདྲ་བའི་སྲུང་སྐྱོབ་ཐོབ་བཞིན་ཡོད་དམ།  ཐེ་ཝན་གྱིས་སྐམ་ས་ནས་འོངས་པའི་མནའ་མ་དང་དེའི་ཕྲུ་གུ་ཐག་གཅོད་ཀྱི་བྱེད་ཐབས་དེ།  ཐེ་ཝན་མི་དམངས་ཀྱིས་རང་ཉིད་ལ་བཟུང་བའི་ཀུན་སྤྱོད་ཀྱི་ཆ་རྐྱེན་དང་མཐུན་ནམ།  ཐེ་ཝན་གྱི་ཁེ་ལས་པས་སྐམ་ས་དང་ཨེ་ཤ་ཡ་ཤར་ལྷོ་སོགས་སུ་མ་རྐང་བཞག་ནས་བཙུགས་པའི་བཟོ་གྲྭ་དག་ཏུ།    ས་གནས་དེའི་ལས་བཟོ་བ་དག་ལ་ཡ་ང་བའི་གླ་ཕོགས་ཙམ་གྱི་བྱེད་སྟངས་སྤྲོད་བཞིན་པ་དེ།  དཔལ་ཡོན་ལྡན་པའི་ཐེ་ཝན་པས་དང་ལེན་ཐུབ་བམ།

ཁེར་སྡོད་ལོ་ལོན་གྱི་བེམ་པོ་ཁྱིས་ཟོས་པ།  ལོ་ན་ཕྲ་བའི་བྱིས་པ་མནར་སྡུག་གིས་ཤི་བ།  ལས་འཁྱེར་ངལ་གསོ་བྱས་པའི་དམག་མི་རྒན་པ་རྒན་གསོ་ཁང་གི་ཁོར་ཡུག་ལ་མ་ལོབས་པར་རང་དམེ་བྱེད་པའམ་གཞན་གསོད་པ།  ཉེན་རྟོག་པས་ལས་ཀ་བྱེད་དྲགས་པས་ངལ་དུབ་མ་ཐེག་པར་རང་གིས་རང་མེ་མདས་བརླགས་པ།  དམག་སྐུལ་དང་བླངས་དམག་མི་ཅི་ཡིན་འདི་ཡིན་མེད་པར་ཤི་བ།  སྨྱོ་ནད་ཀྱིས་བཟུང་བའི་ནད་པ་ལྕགས་སྒྲོག་གིས་ལོ་ངོ་ཉི་ཤུར་བསྒྲོགས་པ།  འདི་དག་གི་ནང་དུ་མི་དབང་གནད་དོན་མིན་པ་གཅིག་ཙམ་འདུག་གམ།

དོན་དངོས་སུ།  སྤྱི་ཚོགས་ཤིག་ལ་མཚོན་ན་དྲག་ཤུགས་ཆབ་སྲིད་མཇུག་གྲིལ་རྗེས།  ད་བཟོད་རང་ཉིད་ལ་ཕྱིར་རྟོག་རྣལ་མ་བྱེད་པའི་གོ་སྐབས་འཆར་བ་ཡིན་ཏེ།  རྒྱུ་མཚན་ནི།  སྐབས་འདིར་ཅིས་ཀྱང་རྟོག་ཞིབ་དང་དགག་གཞག་དང་ལེན་བྱེད་དགོས་པ་དེ་འགོ་གཙོ་སུ་དང་སྲིད་གཞུང་གང་ཞིག་མ་ཡིན་པར།  ཏག་ཏག་མི་དམངས་རང་ཉིད་ཡིན་པས་རེད།

དབང་ཆ་ཐོབ་པའི་མི་དེས།  རང་ཉིད་ལས་ཉམ་ཆུང་བ་ལ་འདྲ་མཉམ་འཛིན་ནམ།  རང་ཉིད་མི་དགའ་སའམ།  ཐ་ན་སྣང་ཆུང་ཡང་བྱེད་པའི་མི་ལ་བརྩི་བཀུར་བྱེད་དམ།  རང་ཉིད་དང་ལངས་ཕྱོགས་མི་གཅིག་པའི་མི་དག་གི་ཁེ་དབང་ལ་འགན་སྲུང་བྱེད་དམ།  གྲུ་ཟུར་གང་རུང་ལ་འཁུམས་ནས་མངོན་ཆུང་བྱེད་མཁན་དག་ང་ཚོས་མཐོང་ངམ།  རང་ཉིད་བསྲུང་བའི་ནུས་པ་མེད་ཅིང་སྐད་སྒྲ་འབྱིན་མི་ཐུབ་པའི་མི་དག་སྟེ། ཁོ་ཚོ་ང་ཚོས་ཡག་པོ་བསྲུངས་ཨེ་ཡོད།

རྒྱལ་ཁབ་མང་བོའི་ངོ་རྒོལ་བ་དག་གིས་དབང་ཆ་འཕྲོག་རྗེས།  ལྟ་ཚུལ་མི་གཅིག་པའི་རིགས་དག་ལ་བཟོད་སྒོམ་མི་ཐུབ་པ་ཤ་སྟག་ཏུ་གྱུར་འགྲོ།  འདི་ནི་ཁོ་ཚོས་མི་དབང་ཞེས་པར་གོ་བ་དཔྱིས་ཕྱིན་པ་ལོན་མེད་པའི་རྐྱེན་གྱིས་ཡིན་ཏེ།  དེ་ནི་ཁོ་ཚོས་མི་དམངས་ཀྱིས་བསྩལ་བའི་དབང་ཆ་དེ་རང་ཉིད་ཀྱི་དབང་ཆར་འཁྲུལ་བས་རེད་ལ།  རང་ཉིད་སྒེར་གྱི་འདོད་ཧམ་དེ་ཡོངས་ཁྱབ་ཀྱི་དགོས་མཁོར་བལྟས་པས་རེད།

འདི་ལྟ་བུའི་མི་དང་འདི་ལྟ་བུའི་ལོ་རྒྱུས་ང་ཚོས་ཐེངས་མང་བོར་མཐོང་མྱོང་བ་ཡིན།  འདི་ལྟ་བུའི་རྒྱུ་སྤུས་ལས་མེད་པའི་མིས་དབང་ཆ་བཟུང་ཚེ།  མཇུག་འབྲས་ནི།  བཙན་པོས་གཉོམ་ཆུང་འདུལ་བའི་སྒེར་གཅོད་དམ།  གྲངས་མང་གིས་གྲངས་ཉུང་གནོན་པའི“དམངས་གཙོ”ཞིག་ལས་ཡོང་ཐབས་མེད།

སྒེར་གཅོད་ཀྱིས་མི་དབང་ལ་རྡོག་རོལ་གཏོང་ཚུལ་ལས་སླ་བོའི་ངང་མཐོང་ཐུབ།  དེ་དང་འགལ་ཟླར་གྱུར་བའི་དམངས་གཙོས་ཀྱང་མི་དབང་ལ་འགན་སྲུང་ཐུབ་པའི་ངེས་པ་མེད།  དམངས་གཙོ་ནི་མི་དབང་གི་གོམ་པ་དང་བོ་ཙམ་ཡིན།  སྤྱི་ཚོགས་ཤིག་འདྲ་མཉམ་དང་དྲང་བདེན་གྱི་ལམ་དུ་ཆས་ན།  དེ་ཡང་ཏག་ཏག་དམངས་གཙོ་ནས་འགོ་རྩོམ་དགོས།

འོན་ཀྱང་།  འདིའང་ཇི་འདྲའི་གལ་ཆེ་བའི་འགོ་རྩོམ་སྟངས་ཤིག་ཡིན་ཨང་།

1998.12.10

མཆན།
༡-མི་དབང་།  人权
༢-པུའུ་ལ་ཀུ།  布拉格
༣-ཇེ་ཁུ།  捷克
༤-པུའུ་ལ་ཀའི་དཔྱིད་ཀ  布拉格之春  གསར་བརྗེའི་ལས་འགུལ་ཞིག
༥-ངང་སྒྲོའི་གསར་བརྗེ།  天鹅绒革命  གསར་བརྗེའི་ལས་འགུལ་ཞིག
༦-ཇེ་ཕུ་སེ་པ།  吉普赛人

广告位招租