ཡབ་མེས་བཀའ་དྲིན་ཅན་གྱི་ཆོས་རྒྱལ་དང་ལོ་ཙཱ་བ་རྣམས་ཀྱིས་མི་རྒྱུ་ཡོད་རྒུ་བཏང་སྟེ་སཾ་སྐྲི་ཏའི་སྐད་དང་རྒྱ་སྐད་ཀྱི་ཐོག་ལ་བཞུགས་པའི་རྒྱལ་བའི་བཀའ་དང་། ཚད་ལྡན་གྱི་བསྟན་བཅོས་རྣམས་བོད་སྐད་དུ་དུས་རབས་ནས་དུས་རབས་བརྒྱུད་སྤུས་གཙང་བསྒྱུར་ཞུས་དག་པར་མཛད་པའི་བཀའ་འགྱུར་དང་བསྟན་འགྱུར་ནི་ངེད་ཅག་ཁ་བ་རི་པའི་ཡོད་རྒུའི་གཅེས་ནོར་དེ་ཡིན།

ང་ཚོའི་གཅེས་ནོར་འདི་ནི་འཛམ་གླིང་ཡོངས་ཀྱི་གཅེས་ནོར་ཡིན་ཞེས་སྐྱབས་མགོན་ཆེན་པོས་ཡང་ནས་ཡང་དུ་འཛམ་གླིང་སྐྱེ་བོའི་ཁྲོད་དུ་བསྒྲགས་དང་སྒྲོག་བཞིན་པ་ལྟར་དོན་ལ་གནས་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད། དེ་ལྟའི་འཛམ་གླིང་གཅེས་ནོར་དེ། བོད་ཀྱི་སྐད་ཡིག་གི་ཐོག་ལ་ད་དུང་བཞུགས་ཀྱང་འཛམ་གླིང་སྐྱེ་བོའི་བརྒྱ་ཆ་གཅིག་གི་གྲངས་ཆུང་གཅིག་ཟིན་ཙམ་གྱིས་མ་གཏོགས་བལྟ་ཀློག་བྱེད་པའི་གོ་སྐབས་ཀྱང་རེག་གི་མེད།

དེ་ཡི་རྒྱུ་མཚན་ནི་སྤྱིར་ང་ཚོ་བོད་སྐད་ཆ་ཚང་ཤེས་མཁན་གྱི་བོད་པ་ནི་ཉིན་རེ་བཞིན་ཇེ་ཉུང་རེད། དེའི་ནང་ནས་འབྲུག་པས་ཆོས་སྐད་དུ་འབོད་པའི་བོད་སྐད་ཇི་བཞིན་ཤེས་ཤིང་བལྟ་ཀློག་ཐུབ་མཁན་ནི་ཆོས་བྱེད་མི་སྣ་སྟེ་གྲྭ་པའི་སྤྱི་ཚོགས་ཀྱི་ནང་ལའང་ཉུང་ངུ་ལས་མེད། ཆོས་སྐད་བལྟ་ཀློག་ཇི་བཞིན་མཁྱེན་མཁན་གྱི་ནང་ལ་བཀའ་འགྱུར་དང་བསྟན་འགྱུར་བལྟ་ཀློག་བྱེད་མཁན་ནི་ངོ་མ་བཤད་ན་ཧ་ཅང་དཀོན་པོ་ཆགས་ཡོད།

ཆོས་ཀྱི་གླེགས་བམ།

ཆོས་ཀྱི་གླེགས་བམ།

རིང་པོ་ཞིག་ནས་ད་བར་གནས་བབ་འདི་བསྟུད་མར་བྱུང་ནའང་། ད་བར་ང་ཚོའི་ཕ་སྐད་དང་། ཡིག་སྐད། ལྷག་པར་ཆོས་སྐད་དག་དཔྱིས་ཕྱིན་མཁྱེན་མཁན་མི་ཉུང་བ་ཞིག་ཡོད་པའི་རྒྱུ་མཚན་གྱིས་དཔེ་རས་ནང་དུ་བཏུམས་ནས་མཆོད་ཁྲིའི་ཁར་སྐུ་འདྲ་དང་གཅིག་པར་མཆོད་པ་འབུལ་ཡུལ་གཅིག་པུར་ཆགས་མེད།

བོད་ཕྱི་ནང་དུ་ཡོད་པའི་བོད་རིགས་རྣམས་ལ་བོད་ཀྱི་སྐད་ཡིག་མཁོ་སྤྱོད་ཇེ་ཙམ་ཡོད་མེད་ལ་ཐད་ཀར་གཟིགས། བོད་ཀྱི་སྤྱི་ཚོགས་དང་བོད་ཡིག་གི་མ་འོངས་པར་བཟང་འདོད་ཀྱི་རེ་བས་མ་སྒྲིབ་པར་རྗེན་ཅར་བལྟས་ནས་བསམ་གཞིག་ནན་པོ་ཞིག་མཛོད་དང་། ཕ་མེས་བཀའ་དྲིན་ཅན་གྱིས་གོང་ཞུས་ལྟར་བཞག་པའི་འཛམ་གླིང་གི་གཅེས་ནོར་དེ་ང་ཚོར་སྲུང་སྐྱོབ་བྱེད་པའི་ནུས་པ་དང་གོ་སྐབས་ཡོད། ང་ཚོའི་མི་རིགས་ཀྱི་ལག་ཁྱེར་བོད་ཀྱི་སྐད་ཡིག་རྒྱུན་འཆང་བྱེད་པར་འགལ་རྐྱེན་ཇེ་མང་དང་མཐུན་རྐྱེན་ཇེ་ཉུང་དུ་འགྲོ་བཞིན་པས་ཡིག་སྐད་སྲུང་སྐྱོབ་བྱེད་པའི་ནུས་པ་སྐྱོ་བོར་ཆགས་ཡོད། དེར་རྟེན་རེ་བ་བཟང་སར་རྒྱག་ཅིང་གྲ་སྒྲིག་སྡུག་ས་ནས་བྱེད་པ་ནི་རྣམ་དཔྱོད་ལྡན་པའི་མིའི་རང་བཞིན་ཡིན།

ནུབ་ཕྱོགས་པས་གཙོས་པའི་དེང་དུས་གཞོན་སྐྱེས་མང་པོས་བོད་བརྒྱུད་ནང་ཆོས་ཀྱི་རིན་ཐང་མཐོང་སྟེ། སྦྱོང་འདོད་ཅན་ཉིན་རེ་བཞིན་ཇེ་མང་འགྲོ་བཞིན་པའི་གོ་སྐབས་བཟུང་ནས་བོད་ཡིག་འབྲི་ཀློག་ཤེས་ཙམ་གྱི་སྤོབས་པ་ཅན་དག་གིས། རང་སྣང་གང་ཤར་དུ་སངས་རྒྱས་ཀྱི་བཀའ་དང་། རྗེས་འཇུག་མཁས་པའི་བསྟན་བཅོས་དག་དབྱིན་ཇིས་གཙོ་བྱས་པའི་དུས་རབས་ཀྱི་སྐད་ཡིག་ཐོག་བཙན་བསྒྱུར་བྱེད་མཁན་ནི། རང་དོན་དངུལ་དངོས་ཆེད་དུ་བྲེལ་བའི་ཕྱི་རྒྱལ་བ་མགོ་སྐོར་གཏོང་མཁན་གྱི་བླ་གཟུགས་ཀྱི་གྲངས་འབོར་ལས་མ་མང་ནའང་ཉུང་གི་མེད།

ཕྱག་དངུལ་ཆེད་རྒྱུ་བའི་བླ་གཟུགས་དག་གིས་སོ་སོར་ལས་ངན་བསགས་པ་དང་། སངས་རྒྱས་ཀྱི་བསྟན་པར་རྨ་འབྱིན་སྲིད་ནའང་། བཀའ་བསྟན་ལོག་བསྒྱུར་བྱས་ནས་སངས་རྒྱས་ཀྱི་བསྟན་པ་རྩ་བ་ནས་བཤིག་པའི་བྱས་ཉེས་ཚབས་ཆེན་གྱི་གནས་ཚུལ་འབྱུང་མི་སྲིད། སྤྱིར་བོད་ཀྱི་སྐད་བརྡ་ལ་བྱང་ཆ་མེད་པ་དང་། ཁྱད་པར་ནང་ཆོས་ཀྱི་ཤེས་ཚད་ཕྲ་བའི་རང་སྣང་མཐོ་བའི་ལོ་ཙཱ་བས་བབ་ཅོལ་དུ་བསྒྱུར་ནས་བོད་བརྒྱུད་ནང་བསྟན་ཆུད་ཟོས་སུ་གཏོང་གི་ཡོད་པ་དང་། ནོར་བར་བསྒྱུར་ནས་བདག་དབང་ཟིན་རྗེས་མ་འོངས་པར་ཚད་ལྡན་སྒྱུར་མཁན་བྱུང་ནའང་བཀག་རྡོ་བྱེད་སྲིད་པའི་གནས་ཚུལ་གཟིགས་ནས། སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་འགྲོ་གྲོན་གང་དགོས་བཏང་སྟེ། ལྡི་ལི་བོད་ཁང་གི་དབུ་འཛིན་རྒན་པ་རྡོ་འབུམ་སྤྲུལ་སྐུ་རིན་པོ་ཆེ་དང་། ཨ་རིའི་ཀོ་ལམ་བྷིའི་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ། སྐྱབས་མགོན་ཆེན་པོས་ཙོང་ཁ་པའི་བཞུགས་ཁྲིར་ཐད་ཀར་བསྐོས་པའི་སྐུ་ཞབས་རོ་བྷིར་ཐུར་མིན་གཉིས་གཙོས་པའི་དགེ་ལུགས་པའི་དེང་དུས་ལོ་ཙཱའི་རྩེ་ཕུད་རྣམས་དང་། སྤྲུལ་སྐུ་འཇིགས་མེད་མཁྱེན་བརྩེ་དང་པད་མ་དབང་ཆེན། པདྨ་ཀ་རའི་སྐད་སྒྱུར་ཚོགས་པའི་ཚོགས་གཙོ། སྤྲུལ་སྐུ་ཆོས་ཀྱི་ཉི་མས་བཙུགས་པའི་རང་བྱུང་ཡེ་ཤེས་སྐད་སྒྱུར་ཚོགས་པ། ཆོས་རྒྱམ་དྲུངས་པ་རིན་པོ་ཆེས་བཙུགས་པའི་ན་རོ་པའི་སྐད་སྒྱུར་ཚོགས་པ། ༸སྐྱབས་མགོན་གོང་མ་རིན་པོ་ཆེས་བཙུགས་པའི་ས་སྐྱ་པཎྜི་ཏའི་སྐད་སྒྱུར་ཚོགས་པ། མཁན་སྐལ་རྒྱལ་དང་། འབུམ་རམས་པ་ཨ་ནེ་ཀུན་དགའ་ཆོས་སྒྲོན་སོགས། བོད་ཀྱི་རིག་གཞུང་གཅེས་སྐྱོང་ཚོགས་པའི་ཚོགས་གཙོ་ཇིམ་སི་མི་ཐི་སོགས་འཛམ་གླིང་ཡོངས་ནས་མཁས་དབང་དང་ལོ་ཙཱ་བ་གྲགས་ཅན་ལྔ་བཅུ་ལྷག་ཞིག་གདན་འདྲེན་ཞུས་ཏེ། སྦིར་རི་དྭགས་ཚལ་གྱི་བཤད་གྲྭར་༢༠༠༩ ལོར་ཉིན་མང་པོའི་རིང་ཚོགས་འདུ་འཚོགས་ཤིང་མཐའ་མའི་གྲོས་ཆོད་ལ། ནུབ་ཕྱོགས་པ་གཙོ་བོར་གྱུར་པའི་དེང་རབས་ཀྱི་འཛམ་གླིང་འདི་ན་བསྟན་པ་དག་ཐེར་དང་རྒྱུན་སྐྱོང་བྱེད་དགོས་ན། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་ཚད་ལྡན་ཚུལ་མཐུན་དུས་རབས་ཀྱི་སྐད་ཐོག་ཏུ་བསྒྱུར་བ་ལས་ལྷག་པའི་ཐབས་ཤེས་མེད་པ་དང་། དེ་ཡང་དང་པོ་ལོ་བརྒྱའི་ནང་ལ་དབྱིན་ཇིའི་སྐད་ཐོག་ལ་བསྒྱུར་ཐུབ་པར་བྱ་བའི་གྲོས་ཆོད་བྱུང་།

ཚང་མས་མཁྱེན་གསལ་ལྟར་རྩོམ་དེབ་རེ་རེ་ཙམ་སྐད་གཞན་གྱི་ཐོག་བསྒྱུར་བར་འགྲོ་སོང་གི་དཀའ་ངལ། སྐད་ཀྱི་དཀའ་ངལ། ནང་དོན་ཤེས་རྟོགས་བྱེད་པའི་དཀའ་ངལ་སོགས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱིན་ཡོད་ན། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་དུས་རབས་ཀྱི་སྐད་ཀྱི་ཐོག་ཏུ་ཚད་ལྡན་ཚུལ་མཐུན་བསྒྱུར་བ་ལ་དཀའ་ངལ་ཇེ་ཙམ་འཕྲད་པར་སྨྲོས་མ་དགོས་པ་རེད།

དཀའ་ངལ་ལ་འཛེམས་ན་ཡར་རྒྱས་ཀྱི་ལམ་མེད་པ་དང་། རེ་བ་ཀུན་སྟོང་ཟད་ཡིན་པར་མཁྱེན་ནས་དཀའ་ངལ་ཀུན་དང་དུ་ལེན་པའི་ཆོད་སེམས་ཀྱིས་རྒྱལ་བའི་བཀའ་འགྱུར་བསྒྱུར་བའི་ཚོགས་པ་བརྒྱད་ཁྲི་བཞི་སྟོང་ཞེས་པ་ཞིག་བཙུགས། དེའི་གཙོ་འཛིན་སྣེ་ཁྲིད་པ་ནི་ཚོགས་ཞུགས་པ་ཚང་མས་མ་གྲོས་མང་མོས་ཀྱིས་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་གདེམས་ཐུབ་པ་བྱུང་བ་ནི། ཚོགས་འདུ་དེ་འཛམ་གླིང་གི་ལོ་རྒྱུས་སུ་ནམ་ཡང་ནུབ་ཏུ་མེད་པར་འཁོད་པའི་རྒྱལ་བའི་བཀའ་ཡི་བསྡུ་བ་ཞིག་དང་དོ་མཉམ་པའི་གྲུབ་འབྲས་ཅན་དུ་ངོས་འཛིན་ཞུ་བཞིན་ཡོད།

སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ནི། གནའ་དེང་གི་རིག་གནས་ཀུན་ལ་གཞན་དྲིན་མི་འཇོག་པའི་མཁས་པ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་སམ་རིས་སུ་མ་ཆད་པར་རྩ་བའི་སྲོག་བཞིན་གཅེས་ཉར་གནང་མཁན། བསྟན་པ་དག་ཐེར་དང་འཕེལ་རྒྱས་གཏོང་བ་ལ་དུས་རབས་འདིར་མིག་དཔེ་བལྟ་སར་ཆོག་པ་ཞིག་ཡིན། ཁོང་གིས་ཚོགས་གཙོར་མང་མོས་བྱུང་བ་ལྟར་ཞལ་བཞེས་གནང་ནས། ཉེ་བའི་ལོ་གསུམ་གྱི་རིང་འཛམ་གླིང་གང་སར་བཞུགས་པའི་ལོ་ཙཱ་བ་བརྒྱ་ལྷག་ལ་ཨ་སྒོར་ས་ཡ་མང་པོའི་འགྲོ་གྲོན་བཏང་ནས་བསྒྱུར་བཅུག་པས་བཀའ་འགྱུར་བརྒྱ་ཆ་བཅོ་ལྔའི་འགྱུར་ལེགས་གྲུབ་བྱུང་བ་ནི། ཐོག་མའི་རེ་བ་དང་འཆར་གཞི་ལས་ལྡབ་མང་པོས་བརྒལ་བའི་གྲུབ་འབྲས་ཐོན་པ་ཞིག་ཡིན། འདི་ལྟར་མུ་མཐུད་དེ་ཕྱིན་ན། ལོ་གསུམ་གྱི་རྗེས་ནས་བཀའ་འགྱུར་བརྒྱ་ཆའི་སུམ་ཅུ་བསྒྱུར་ཐུབ་ཀྱི་ཡོད་ལ། ལོ་དགུའི་རྗེས་ལ་བརྒྱ་ཆ་དྲུག་ཅུ། མདོར་ན་ལོ་བཅོ་ལྔའི་ནང་ལ་བཀའ་འགྱུར་བརྒྱ་ཆ་བརྒྱ་དབྱིན་ཇིའི་སྐད་ཐོག་ལ་བསྒྱུར་ཐུབ་ནས་ལོ་བརྒྱའི་རིང་ལ་བསྒྱུར་དགོས་པའི་ལས་གཞི་དེ་ལོ་བཅོ་ལྔའི་ནང་ལ་བསྒྱུར་མཛད་པ་འདི་ནི་འཛམ་གླིང་རྒྱལ་སྤྱིའི་ཐོག་ལ་ངོམ་རིན་ཆོག་པ་ཞིག་རེད།

སྒྱུར་ཚུལ་ལའང་། ཞུ་ཆེན་པ་རྣམས་ཀྱིས་ལོ་ནས་ལོ་བསྟུད་དེ་ཡང་ནས་ཡང་དུ་ཞུ་དག་དང་། སྒྱུར་བའི་སྐབས་སུ་ཡང་འགྲོ་གྲོན་ལ་མ་འཛེམས་པར་དབྱིན་ཇིའི་སྐད་སྒྱུར་བ་དང་། བོད་ཀྱི་ནང་ཆོས་ལ་མཁས་པ་གཉིས་གཉིས་མཉམ་སྒྲིལ་གྱིས་མ་བསྒྱུར་ན་མི་འགྲིག་པའི་སྒྲིག་གཞི་སོགས་ཚད་ལྡན་སྤུས་གཙང་གི་ཐབས་ཤེས་གང་ལེགས་མཁས་དབང་རྣམས་ཀྱི་བསམ་འཆར་བཞིན་གནང་གི་ཡོད་པ་འདི་དག་མཁྱེན་ན། དེང་དུས་གུ་དོག་པའི་རང་རིགས། ལས་གཞི་འདི་ལ་མི་བཟོད་པའི་བབ་ཅོལ་སྨྲ་མཁན་རྣམས་ཉུང་བར་འགྱུར་བར་གདོན་མི་ཟ།

གུ་དོག་གཟིགས་རྒྱ་ཆུང་བ་ཁ་ཤས་ཀྱིས་ཟེར་ན། བཀའ་བསྟན་དབྱིན་སྐད་ཐོག་ལ་བསྒྱུར་བ་ནི་བོད་ཡིག་ཉམས་ཆགས་ཀྱི་རྐྱེན་དུ་འགྱུར་གྱི་རེད་ཟེར་བ་དང་། ང་ཚོར་ཡོད་པའི་བཀའ་འགྱུར་བདག་དབང་མི་ལག་ཏུ་ཤོར་གྱི་རེད་ཟེར་བ་སོགས་བབ་ཅོལ་གྱི་གཏམ་འགའ་ཡང་ཐོས། འདི་དག་ལན་འདེབས་རིན་ཆོག་པའི་གཏམ་ཞིག་མ་ཡིན་ནའང་། ང་ཚོའི་སྤྱི་ཚོགས་ནི་ལེགས་ཉེས་ཀྱི་བློ་གྲོས་ལྡན་པའི་རྗེས་སུ་འབྲངས་པ་ལས་ཀྱང་། རྒྱུ་མཚན་མེད་པར་ཕྱོགས་ཞེན་གུ་དོག་གི་གཏམ་འཆལ་རྗེས་སུ་རྒྱུག་པར་དགའ་མཁན་ཞིག་ཏུ་སོང་གཤིས། གསལ་བཤད་ཅིག་མི་བྱེད་ཐབས་མེད་ཆགས་སོང་།
རྒྱལ་བའི་བཀའ་འགྱུར་བོད་སྐད་ཀྱི་ཐོག་ནས་དབྱིན་ཇིའི་སྐད་ཐོག་ལ་བསྒྱུར་བས་བོད་ཡིག་གི་ནང་ལ་ཡོད་པའི་བཀའ་འགྱུར་དང་བསྟན་འགྱུར་དེ་དབྱིན་སྐད་ནང་དུ་ཚུར་སྤོས་ནས་བོད་ཡིག་སྟོང་པར་བཞག་པའི་སེམས་ཁུལ་དགོས་ཀྱི་མ་རེད། བོད་ཀྱི་སྐད་ཡིག་ཏུ་གང་ཡོད་པའི་རྒྱལ་བའི་བཀའ་དང་བསྟན་བཅོས་རྣམས་གྲ་མ་ཉམས་གྲུ་མ་ཞིག་པར་རང་འཇག་གནས་ཀྱི་རེད།

རྒྱལ་བའི་བཀའ་འགྱུར་བོད་ཡིག་གི་ཐོག་ནས་སྦྱོང་འདོད་ཅིང་བོད་ཡིག་སྦྱོང་མཁན་གྱི་ཕྱི་རྒྱལ་བ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་འདོད་ཅན་ནི། འཛམ་གླིང་ཆེན་པོ་འདིའི་ཐོག་ལ་བརྒྱ་ཁར་ཟིན་ཙམ་ལས་མེད། བོད་ཀྱི་སྐད་ཡིག་ནི་བོད་མིས་སྲུང་སྐྱོབ་བྱེད་དགོས་པ་ལས་ཕྱི་རྒྱལ་བ་ལ་རེ་བ་བཅའ་བ་ནི་ཉིང་འཁྲུལ་དང་གཉིས་སུ་མ་མཆིས།

སྤྱིར་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན་སྐད་ཡིག་དེ་སྤྱི་ཚོགས་དེའི་འཚོ་བའི་ཆ་རྐྱེན་སྐྲུན་བྱེད་ཀྱི་གཞི་མར་བསྒྱུར་ཐུབ་དགོས། ཉིན་རེའི་འཚོ་བའི་ཆ་རྐྱེན་གྱི་གཞི་རུ་མ་གྱུར་བའི་སྐད་ཡིག་ནི་སྐྲན་ནད་ཕོག་པའི་ནད་པ་དང་གཅིག་མཚུངས་ཡིན་པར་སཾ་སྐྲི་ཏའི་སྐད་ཀྱི་གནས་ཚུལ་གྱིས་གསལ་བཤད་ལེགས་པར་བྱས་ཡོད།

ཆོས་ལུགས་སྦྱོང་བ་ལ་མེད་ན་ཐབས་ཆགས་ཀྱི་སྐད་ཡིག་ཞིག་ཏུ་གྱུར་པས་སྐད་ཡིག་སྲུང་སྐྱོབ་རེ་འདོད་བཞིན་བྱ་མི་ཐུབ། དཔེར་ན་པཱ་ལིའི་སྐད་ཡིག་ནི་དེ་སྔོན་གནས་གཏན་སྡེ་པའི་ལུགས་ཀྱི་ནང་ཆོས་སྦྱོང་བ་ལ་མ་ཤེས་ཐབས་མེད་གྱུར་ཡོད་ཀྱང་། དེང་སང་གཙུག་ལག་གི་སློབ་གྲྭའི་དགེ་རྒན་ཆེན་པོ་ཁ་ཤས་ཀྱིས་མཁས་ཉམས་སྟོན་བྱེད་ཀྱི་ལག་ཆ་ཞིག་ཏུ་གྱུར་པ་ལས་ཟ་འཐུང་ཙམ་གྱི་ཆེད་དུ་ཡང་བཀོལ་སྤྱོད་བྱེད་མཁན་ནི་གཏན་ནས་མེད་ཟེར་ནའང་ཆོག

རང་རེའི་གསར་སྐྱེས་ན་གཞོན་ཆོས་ལ་དད་འདུན་དང་སྦྱོང་འདོད་ཡོད་པ་རྣམས་ཀྱིས་ཀྱང་། བོད་ཀྱི་སྐད་ཡིག་ཐོག་ནས་ནང་ཆོས་སྦྱོང་བ་ལ་ད་ལྟ་ནས་དཀའ་ངལ་འཕྲད་བཞིན་པ་རེད་ལ། རང་རེའི་རིག་པའི་གཞུང་ལུགས་བཞུགས་པའི་བོད་ཀྱི་སྐད་ཡིག་ནི་བཙན་བྱོལ་གྱི་སློབ་གྲྭ་ལས་སློབ་ཐོན་ཟིན་པའི་ནང་ལ། ཁོང་ཚོས་སྦྱངས་པ་དང་ཤེས་པའི་བོད་ཀྱི་སྐད་ཡིག་དེ་རེད་མི་འདུག་ཟེར་མཁན་ཁ་ཤས་བྱུང་ཡོད། དེའི་རྒྱུ་མཚན་བོད་ཀྱི་སྐད་ཡིག་འདི་རང་བཞིན་གྱིས་ཤེས་དཀའ་བ་དང་རྒྱག་དཀའ་བའི་རྒྱུ་མཚན་གྱིས་མ་རེད། བོད་ཀྱི་སྐད་ཡིག་ནི་ཚད་མཐོ་ལ་མིང་ཚིག་དང་བརྡ་དག་གིས་ཕྱུག་ཤོས་ཀྱི་སྐད་ཡིག་ཞིག་ཡིན་ཡང་། ཐབས་སྐྱོ་ཤོས་ལ་བོད་ཀྱི་སྐད་ཡིག་གི་ཐོག་ནས་རླང་འཁོར་གྱི་འཛིན་ཤོག་ཙམ་ཡང་ཉོ་མི་ཐུབ་པའི་གནས་ཚུལ་ཞིག་ཆགས་ཡོད་པའི་རྐྱེན་གྱིས་རེད།

འབྱུང་འགྱུར་གྱི་གཞོན་སྐྱེས་དག་ལ་ནང་ཆོས་སྦྱང་རྒྱུའི་གོ་སྐབས་ཤིག་སྤྲོད་འདོད་ན། གཞོན་སྐྱེས་དག་གིས་ཤེས་རྟོགས་ཐུབ་པའི་སྐད་ཡིག་གི་ཐོག་ལ་ནང་ཆོས་གོ་སྒྲིག་ཞུ་ཐུབ་དགོས། དེ་མ་ཐུབ་ན། ཤེས་འཇུག་འདོད་ཀྱི་རེ་བ་ཆེ་ཡང་ཤེས་པར་བྱེད་པའི་ཐབས་གཞན་གང་ཡང་མེད། བོད་ཀྱི་རིགས་གནས་དག་གི་ངོ་སྤྲོད་དང་། ནང་ཆོས་ཀྱི་དོན་རྣམས་བལྟ་ཀློག་ཐུབ་པའི་སྐད་ཀྱི་ནང་ལ་མེད་ན། ཕ་མེས་ནས་བརྒྱུད་པའི་ལུགས་སྲོལ་མཆོག་གསུམ་གྱི་རྟེན་ལ་དད་གུས་འདྲ་ཡོད་སྲིད་ཀྱང་ཆོས་ཀྱི་ནང་དོན་ཅུང་ཟད་ཀྱང་མི་ཤེས་པར། མཐར་སྟོན་པའི་སྐུ་ལ་དམར་མཆོད་བྱེད་པའི་ད་ལྟ་བལ་བོའི་ཏ་མང་གྲོང་གསེབ་ཁ་ཤས་ལ་ཡོད་པའི་གནས་ཚུལ་དང་ཁྱད་པར་མེད་པར་རང་བཞིན་གྱིས་ཆགས་སྲིད།

འབྲུག་གི་རྒྱལ་ས་རུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་གིས་བླ་མ་མཁས་པ་དག་གདན་འདྲེན་ཞུས་ཏེ་གཞོན་སྐྱེས་རྣམས་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་གྱི་ཡོད། འོན་ཀྱང་བླ་མ་རྣམས་ཀྱིས་དབྱིན་སྐད་ཀྱི་ཐོག་ནས་གསུང་ན་མ་གཏོགས་ཁོང་ཚོས་ད་ལྟ་ནས་བོད་ཀྱི་སྐད་ཡིག་ཐོག་ནས་ཤེས་ཐུབ་ཀྱི་མེད། སོ་སོའི་ཕ་མེས་ཀྱི་སྐད་ཡིག་ཏུ་གྱུར་བའི་བོད་ཀྱི་སྐད་ཡིག་རྒྱག་མཁན་གྱི་རང་དབང་ཅན་གྱི་རྒྱལ་ཁབ་ལ་གནས་ཚུལ་གང་དང་གང་འབྱུང་བཞིན་པ་དངོས་སུ་མཐོང་བཞིན་དུ་ད་དུང་ཞེན་ཆགས་དང་རེ་བ་ཞིག་གིས་མ་འོང་པའི་བོད་ཀྱི་གཞོན་སྐྱེས་རྣམས་ལ་བོད་ཡིག་ཐོག་ནས་ནང་ཆོས་ངོ་སྤྲོད་ད་ལྟ་ནང་བཞིན་བྱེད་པར་འདོད་ཀྱང་། རེ་བ་དང་འབྱུང་འགྱུར་གྱི་དོན་དངོས་གནས་ཚུལ་གཉིས་ཕྱིན་ཅི་ལོག་ཏུ་གྱུར་ཡོད།

དེར་རྟེན་རྒྱལ་བའི་བཀའ་བསྟན་དུས་རབས་ཀྱི་སྐད་ཐོག་ཏུ་བསྒྱུར་བའི་ལས་གཞི་འདི་ནི་ཕ་མེས་ཀྱི་རིག་གཞུང་གི་སྙིང་བཅུད་དུ་གྱུར་པའི་ནང་ཆོས་འདི་འཇིག་རྟེན་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་འཆང་བྱེད་ཐུབ་པའི་རླབས་ཆེན་གྱི་མཛད་པ་དང་། འབྱུང་འགྱུར་གྱི་རང་རིགས་གསར་སྐྱེས་གཙོས་པའི་འཛམ་གླིང་ཡོངས་ལ། འཛམ་གླིང་གི་གཅེས་ནོར་ལོངས་སུ་སྤྱད་རྒྱུ་ཡོད་པའི་གོ་སྐབས་སྦྱིན་མཛད་ཀྱི་ཡོད་པས། དེ་ལ་འཁུ་བའི་རྣམ་འགྱུར་ཅན་དག་ནི། ལྷག་བསམ་དང་ཞེན་ཁོག་ཆེན་པོ་ཡོད་སྲིད་ཀྱང་། ཕུགས་རྒྱང་རིང་པོར་གཟིགས་པའི་བློ་མིག་དང་བྲལ་ནས་གཞན་གྱི་རླབས་ཆེན་དགེ་ལས་ཕུན་ཚོགས་ལ་མི་བཟོད་པའི་ཟུག་ངུ་འབྱིན་པ་ཡིན་པར་ངོ་ཤེས་པར་གནང་བའི་རེ་བསྐུལ་བཅས་རིག་པའི་རལ་གྲིས།

༢༠༡༣།༡༠།༢༨། །།