ལྗང·མོ་ཁཱི་(John Mock)ནས་བརྩམས། ཤ་བོ་མཁའ་བྱམས་ཀྱིས་བསྒྱུར།

སྤྱི་ལོ་1906ལོའི་ཟླ་5་བར། ཨོ་རོ·སི་ཏིན་ (Aurel Stein)ལི་ཡུལ་དུ་འགྲོ་བའི་ལམ་ཞོར་ད་ལྟའི་ཨ་ཧྥུ་ཀ་ནི་སི་ཐན་(Afghanistan)གྱི་སའི་ཆར་གཏོགས་པའི་ཝ་ཁན་(Wakhan)བརྒྱུད་ཅིང་། བྷི་རོ་རྒོ་ཉག་ག་(Broghil Pass)ནས་ནང་དུ་འཛུལ་ཞིང་།གཙང་འགྲམ་དེད་ནས་ཕ་མེར(Pamir)།མཐར་ཝ་ཁི་ཇིར་ཉག་ག་(Wakhjir Pass)ནས་ཕར་ཐོན།སྐབས་དེར་མཐོ་ས་ཐམས་ཅད་ཁ་བས་གཡོགས་ཤིང་ [Stein 1912,p. 72] ། ལོ་དེའི་ཟླ་5་བའི་ཚེས་21ཉིན་གྱི་ཞོགས་པར་ཝ་ཁན་གཙང་བོའི་ལྷོ་འགྲམ་གྱི་ཁོ་ཁུའུ་ཐི(Korkut)གྲོང་ཚོའི་སྒང་གི་ཁན་སིར(Kansir)བཙན་རྫོང་ལ་མཇལ་རྗེས་ཕྱི་དྲོ་ཞག་སྡོད་བྱེད་ས་སཱ་ཧ་རྡི་(Sarhad)[1]རུ་ལོག། ཉིན་གཉིས་པའི་ཞོགས་པར་ཕ་མེར་ཕྱོགས་སུ་ཆས་(པར་དང་པོར་གཟིགས)།

 

སི་ཏན་གྱི་ཝ་ཁན་ས་ཆའི་ལོ་རྒྱུས་རྒྱུ་ཆ་ “འབྱུང་ཁུངས་ཉག་གཅིག་པོ་ནི་”ཆ་ཝ་ནེ་(Édouard Chavannes)ཡི་ཐང་ཡིག་ཧྥ་རན་སིའི་སྐད་འགྱུར་མ་ཡིན་ལ།[Stein 1922,p.133;Chavannes 1903/2006a]དེང་གི་ཡོན་ཏན་པས་དུས་རབས་བདུན་པ་ནས་དགུ་པའི་ཝ་ཁན་དང་ཕ་མེར་ས་ཁུལ་གྱི་ལོ་རྒྱུས་སྐོར་ལ་སྔར་ལས་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་ནི།རྒྱའི་ཡིག་ཚང་གཞན་དག་དང་།ཏུན་ཧོང་བོད་ཀྱི་རྒྱལ་རབས་ལོ་ཚིགས་གནད་བསྡུས།བཙན་པོའི་རབས།ཐུར་ཁུའི་རྡོ་བརྐོས།དེ་བཞིན་ཨ་རབ་ཀྱི་ཡིག་ཚང་སོགས་དང་ཡང་ཕན་ཚུན་ཞིབ་བསྡུར་གྱིས་ཐང་ཡིག་གི་ནང་དོན་ལ་བསྐྱར་དཔྱད་གནང་ཡོད།[2]

སི་ཏིན་གྱིས་ཝ་ཁན་ལ་དོ་སྣང་བྱ་དོན་གཙོ་བོ་ནི་སྤྱི་ལོ་747ལོར་ཐང་གི་དམག་དཔོན་ཀོ་ཞན་ཀྲི་ (高仙芝) ཡིས་སྐྱ་དམག་དང་རྐང་དམག་ཁྲི་གཅིག་ཁྲིད་ནས་ཕ་མེར་མཐོ་སྒང་བརྒྱུད་མཐར་དེང་གི་བྷི་རོ་རྒོ་སཱ་ཧ་རྡི་དང་ཉེ་བའི་ལན་ཡོན་འགག་རྫོང་(连云堡)ནས་བོད་དམག་ཕམ་པར་བཏང་བའི་གཡུལ་འཁྲུག་དེ་ཡིན་ལ།ཐང་དམག་ཕ་མེར་ས་ཆར་དྲངས་པའི་དམིགས་ཡུལ་གཙོ་བོ་ནི་ཨེ་ཤེ་ཡ་དཀྱིལ་མ་ཆེ་བའི་ཚོང་ལམ་འཛིན་རྒྱུ་དང་ [Stein 1922, p. 114]། འཁྲུག་པ་འདི་ཕ་མེར་ཚོང་ལམ་དབང་འཛིན་ཐད་ཐང་བོད་བར་གྱི་འཁྲུག་པ་ཆེས་ཛ་དྲག་པོར་བགྲངས།

ཐང་གིས་དེ་སྔ་ནས་ཨེ་ཤ་ཡ་དཀྱིལ་མའི་སྒེར་ཚུགས་རྒྱལ་ཕྲན་ཝ་ཁན་(བོད་ཡིག་ཡིག་རྙིང་དུ་གོག་ཞེས་རྩོམ་པ་པོས་ 2013ལོའི་རྩོམ་དུ་བྲིས་འདུག བསྒྱུར་བ་བོས་བསྣན།)དང་།བྲུ་ཤ་(Balur/Palola)[3]།ཆིས་ཐྲི་རོ(Chitral)།ཀ་སྨིར་སོགས་ལ་ཕྱི་འབྲེལ་ཚུགས་པས་རྒྱལ་ཕྲན་ཁག་གིས་ཐང་ལ་སྐྱེས་འབུལ་བའི་ཕོ་ཉ་ཡང་མངགས་ཡོད་ལ།ཐང་གིས་ཀྱང་རྒྱལ་ཕྲན་ཁག་དང་ཚོང་ལས།ཕོ་ཉ་སྐྱེལ་གཏོང་།དབང་འཛིན་རྒྱལ་བོར་མཚན་གནས་ཀྱང་བསྩལ་ཡོད་མོད།བོད་ཡང་སྐབས་འདིར་བསྟུད་མར་བྲུ་ཤ་དང་ཝ་ཁན་ས་ཆར་སླེབས་ཡོད[4]།སྤྱི་ལོ་722ལོར་བོད་ཀྱིས་བྲུ་ཤ་ཆུང་བ་བདག་འཛིན་བྱས་པ་དང་ཐང་དམག་མ་མཉེས་པར་བོད་ལ་གྱོད་སློང་གིས་[5]ལོ་དེར་བོད་དམག་ཕམ་པར་བརྒྱབ་[Beckwith1987, p. 95]མོད།བོད་དམག་ཐག་རིང་དུ་ཕྱིར་འཐེན་མ་གནང་བར་སྤྱི་ལོ་730ལོར་ཝ་ཁན་གྱི་རྒྱལ་བོ་ཐང་གི་ས་ཁུལ་དུ་ཡུལ་བྱོལ་འགྲོ་དགོས་པར་གྱུར་ནས་ཐང་ལ་དཔུང་རོགས་ཞུས་ནས་བོད་ལ་རྒོལ་ལན་སྤྲོད་པའི་སྐྱབས་བཅོལ་གནང་ཡོད [Beckwith 1987, p. 111]།སྤྱི་ལོ་737ལོར་བོད་ཀྱིས་བྲུ་ཤ་ཆུང་བའི་རྒྱལ་བོ་འཛིན་བཟུང་གིས་ཕ་མེར་ས་ཁུལ་ཡོངས་ལ་དབང་སྒྱུར་གནང་བས།ས་འདིའི་བརྒྱུད་ནས་ཐང་ལ་སྐྱེས་ཕུལ་བའི་ཕོ་ཉ་ཡང་ཆད [Beckwith 1987, p. 116]།

བྲུ་ཤའི་རྒྱལ་བོ་ཕ་ལོ་ལ་ཞིས་སི་ (Palola Shahis) ནི་ནང་བའི་སྤྱིན་བདག་ཕྱུག་པོ་ཞིག་ཡིན་པས།ཁོང་གིས་སྦྱིན་བདག་མཛད་པའི་ལི་སྐུ་ཙམ་མ་ཟད། བཤུ་འབྲི་དང་ཉར་ཚགས་མཛད་པའི་ནང་བའི་གསུང་རབ་ལ་སྒེའོ་སྒེ་ཐི(Gilgit)འི་ལག་བྲིས་མ་ཞེས་མིང་དུ་གྲགས་ལ།སྐབས་དེའི་“ནང་བའི་དཔལ་ཡོན་དར་བའི་གཟི་བྱིན་” [von Hinüber 2003, p. 35] གྱིས་སྒེའོ་སྒེ་ཐིའི་སར་ཡིག་རྙིང་བརྐོས་མ་དང་ནང་བའི་བྲག་རིས་མང་པོ་ད་ལྟ་ཡང་ལྷག་ཡོད[6]།སྐབས་དེའི་ལི་སྐུར་སྟོན་པའི་སྣང་བརྙན་གཙོ་བྱས་པ་ཕུད།རྒྱལ་བོ་ཕ་ལོ་ལ་ཞིས་སི་དང་བཙུན་མོ།བློན་པོ།དེ་བཞིན་སྦྱིན་བདག་གི་མཚན་ཡང་འཁོད་ཡོད་ལ།དུས་ཚོད་གཏན་འཁེལ་ཐུབ་པའི་མི་སྣ་དག་ད་ལྟ་ངོས་འཛིན་གསལ་བོ་བྱུང་ཡོད (པར་གཉིས་པར་གཟིགས)[7]།

པར་གཉིས་པ། ཕ་ལོ་ཞ་ལིས་སི·ནན་དེ་བ་ཀརྨ་རྡེ་ཐི་ཡ་ནན་དེ་ཡིས་སྤྱིན་བདག་བགྱིས་པའི་སྤྱི་ལོ་715ལོའི་ལི་སྐུ

ཕ་ལོ་ལ་ཞིས་སི་ཡི་རྒྱལ་རབས་སྐོར་“གནའ་བོའི་རྒྱ་གར་གྱི་ལོ་རྒྱུས་སུ་མི་གསལ་”[von Hinüber 2003, p. 36] མོད།ཐང་གི་ཕོ་བྲང་ལ་མཚོན་ན་བྲུ་ཤའི་རིག་གནས་དང་ཆབ་སྲིད་ཀྱི་གལ་ཆེ་བ་ནི།འཐབ་ཇུས་སྟེང་ནས་“ཐང་གི་ནུབ་སྒོ་”བཞག་པས་ཀྱང་ཤེས་ཐུབ་ལ།སྤྱི་ལོ་740ལོར་བོད་བཙན་པོའི་སྲས་མོ་བྲུ་ཤ་ཆུང་བའི་རྒྱལ་བོར་མནའ་མར་བྱིན་པ་དང་།ཐང་གི་མཐའ་སྲུང་བའི་ནུབ་ཁུལ་ས་ཆ་བོད་ལ་ཤོར་བའི་འཇིགས་སྣང་གི་ཉེན་ཁར་ངོས་ཟིན་བྱུང་སྟེ་ཁྲི་དམག་གཅིག་གིས་བྲུ་ཤ་ཆུང་བ་ཕྱིར་བསྡུ་བྱས།

 

ཐང་དང་སྤྱི་ལོ་747ལོའི་གཡུལ་འགྱེད།

དམག་དཔོན་ཀོ་ཞན་ཀྲི་ཡི་སྣེ་ཁྲིད་པའི་གཡུལ་འཁྲུག་འདིའི་གནས་ཚུལ་ཁོང་གི་རྣམ་ཐར་དུ་འཁོད་ཡོད་ལ[8]།སྐབས་དེའི་ལིང་ཇི་སྡེ་བཞིའི་སྐྱ་དམག་དང་རྐང་དམག་གི་འགན་བཞེས་ཁོང་ལ་གོང་མས་བཀའ་བབས་པ་ལྟར།ཐ་ན་རྐང་དམག་རྣམས་ཀྱིས་ཀྱང་རང་གི་སྒེར་རྟ་ཁྲིད་ནས་ལམ་ལ་ཆས་ཤིང་།ཁ་ཚ(Kucha)ནས་ཁ་ཧྲི་རྒ(Kashgar)།དེ་ནས་ཐ་ཧྲི་ཁ་རྒན་(Tashkurgan)།ཐ་ཧྲི་ཁ་རྒན་ནས་ཉིན་ཉི་ཤུ་ལྷག་གིས་པོ་མིས་(播密)ལུང་གཞུང་།ས་འདི་ཆ་ཝ་ནེས་ཕ་མེར་ས་ཆར་ངོས་བཟུང་[2006a, p. 85]ཡོད། པོ་མིས་ལུང་གཞུང་ནས་ཉི་ཤུ་ལྷག་གིས་ཐི་ལེ་མན་(特勒满)ལུང་གཞུང་།ས་འདི་ཆ་ཝ་ནེ་ལྟར་ན་ཧྲི་ནི་(识匿)རྒྱལ་ཁབ་ལ་ངོས་འཛིན་བྱས་ [2006a, p. 85]ཡོད་མོད་དོན་གྱིས་ཧྲི་ནི་རྒྱལ་ཁབ་ལྔ(五识匿国)འི་གནས་ཡིན།ཧྲི་ནིའི་ས་ཁོངས་ནི་དེང་ཐ་ཅི་ཁི་སི་ཐན་(Tajikistan)དུ་གཏོགས་ཤིང་དེར་ལུང་གཞུང་ལྔ་ཡོད[9]།ལུང་གཞུང་ཁག་གི་གཙང་བོ་ཕ་མེར་ནས་མགོ་བཙུགས་ཏེ་མཐའ་མར་ཕན་ཅི་གཙང་བོ(Panj river)ར་བབས་ཡོད(ཕན་ཅིའི་བརྡ་དོན་ནི་གྲངས་ལྔ་ཡིན)། ཐི་ལེ་མན་གྱི་རྒྱ་ཡིག་ལ་特勒满དང་།ཀློག་གཞན་ལ་ཐི་གི་མན་ཡང་ཟེར[10]།ཐི་གི་མན་སུའུ་དང་ཆ་ཡིན། ས་འདི་ཨ་ཧྥུ་ཀ་ནི་སི་ཐན་ཕ་མེར་ཆུང་བའི་ཤར་བྱང་ཁུལ་གྱི་ལུང་གཞུང་ཞིག་ཡིན་ལ།འདི་ནས་བཞུར་བའི་གཙང་བོ་ཐ་ཅི་ཁི་སི་ཐན་གྱི་ཞེ་མི་ཁཱན་(Shaymak)ནས་ཨ་ཁུ་སུའུ་ (Aksu) གཙང་བོར་འབབ། ཐ་ཧྲི་ཁ་རྒན་ས་ཆར་ནེ་ཟ་ཐ་ཧྲི་ཉག་ག་ (Neza Tash pass སའི་མཐོ་ཚད་རྨིད4476)འམ་བྷེ་ཁི་ཉག་ག་ (Beik pass སའི་མཐོ་ཚད་རྨིད4662)བརྒྱུད་ནས་ཀྱང་ཐོན་ཐུབ།

དེང་གི་ཝ་ཁན་གྱི་བྷི་རོ་རྒོ་སཱ་ཧ་རྡི་(Sarhad-e Broghil)དང་ཐག་ཉེ་ལ་བོད་ཀྱིས་བཟུང་བའི་ལན་ཡོན་མཁར་རྫོང་ལ་རྒོལ་ཆེད་ཐི་ལེ་མན་ས་ཆར་ཀོ་ཞན་ཀྲིས་དམག་ཁག་གསུམ་དུ་བགོས་ཤིང་།སྐྱ་དམག་སྟོང་གསུམ་ཅན་གྱི་ཁག་གཅིག་“ལུང་བ་བྱང་མའི་ལམ་(北谷道)”ནས་བཏང་ཡོད་པ་དང་།ཡང་ཁག་གཅིག་ “ཁྲི་ཧྥོ་ལམ(赤佛道)”དེད།ཁོང་དང་མཐའ་སྲུང་དམག་དཔུང་དཔོན་གྱི་དཔུང་ཁག་གཅིག་་“ཧོ་མིས་རྒྱལ་ཁབ་ (护密国)”བཅས་ལམ་མི་འདྲ་བ་གསུམ་དེད་ཡོད། ཧོ་མིས་རྒྱལ་ཁབ་འདི་ཆ་ཝ་ནེས་ཝ་ཁན་རྒྱལ་ཁབ་ལ་ངོས་འཛིན་གནང་ཡོད།ཁག་གསུམ་པོ་“ཉིན་གསུམ་གྱི་རྗེས་”ནས་འཛོམས་རྒྱུ་བྱས་ཡོད་ཅིང་ [Beckwith 1987, p. 132] །“ཟླ་བདུན་འགོར་བའི་ཚེས་བཅུ་གསུམ་ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་པ་ནས་དགུ་པའི་བར་བོད་ཀྱིས་བཟུང་བའི་ལན་ཡོན་འགག་རྫོང་”ནས་འཛོམས་རྒྱུ་བྱས་ཡོད་ [Chavannes 2006a, p. 186] ལ། བྷེ་ཁི་ཝེ་སིས་མཉམ་འཛོམས་ཀྱི་དུས་ཚོད་འདི་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ལ་གཏུགས་ཡོད།

ས་ཐག་དང་ས་དབྱིབས་ཀྱིས་དཔུང་ཁག་གསུམ་པོ་ས་གང་ནས་ཇི་ལྟར་ལམ་ལ་ཆས་ཀྱང་དོན་གྱིས་ཝ་ཁན་ས་ཆའི་རི་ཆུ་བརྒལ་བར་ལམ་ཐག་རིང་ལ་འགྲོ་ལམ་མང་བས་སཱ་ཧ་རྡི་ལ་དུས་གཅིག་ལ་གྱེས་འཛོམས་བྱ་རྒྱུ་ཧ་ཅང་དཀའ་ལ།དེ་བཞིན་ཀོ་ཞན་ཀྲིའི་རྣམ་ཐར་ལས་བསྟན་པའི་དུས་ཚོད་དག་མིན་དང་ས་དམིགས་གསལ་བ་གང་ནས་དམག་དཔུང་ཁག་གསུམ་ལ་དགོས་པ་སོགས་ཀྱང་ཐག་མ་ཆོད་པའི་གནད་ཞིག་ཡིན་མོད[11]།དཔུང་ཁག་རྣམས་སཱ་ཧ་རྡི་ནས་འཛོམས་ཚུལ་ཐུན་མོང་ཡིན།

 

ལུང་བ་བྱང་མའི་ལམ།

སི་ཏན་གྱི་དགོངས་པར་ལུང་བ་བྱང་མའི་ལམ་ནི་ཕ་མེར་ས་ཆའི་ཝེ་ཁུ་ཐོ་རེ་ཡ་མཚོ་(Lake Victoria)ཡི་ཤར་ལྷོའི་ས་ཆ་( དེང་བཟོར་ཁུལ་Zor Kulཟེར) དང་ཉག་ག་ཞིག་བརྒྱུད་ན་“སར་ཧ་རྡིའི་ཤར་ཕྱོགས་ཀྱི་ལུང་གཞུང་ཁོད་ཡངས་བ་དེར་འཐེན་ཡོད་པར་བཤད་” [Stein 1922, p. 118]ཡོད་ལ།ལམ་འདི་ཁོང་གིས་སྤྱི་ལོ་1915ལོའི་ཨེ་ཤ་ཡ་དཀྱིལ་མའི་རྒྱང་བསྐྱོད་ཐེངས་གསུམ་པར་གཏན་འཁེལ་བྱས་ཡོད་ལ།གཏན་འཁེལ་འདི་ཁོང་གི་འགྲོ་རོགས་ཁཱིར་སྒེ་ཛི་བ(Kirghiz)འི་མི་གཉིས་པོའི་གནས་ཚུལ་ལ་གཞིགས་ཏེ་བཟོར་ཁུལ་བྱང་འགྲམ་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཕ་མེར་ས་ཆར་རྒྱལ་ཤེལ་བཙུགས་ནས་ཐག་བཅད་པ་ཞིག་ཡིན [Stein 1916, p. 216] ། ཡིན་ཡང་ལམ་ཁ་དངོས་ནི་དེང་ཁོ་ཐོ་ཨེ་ཤར་[Kotal-e Shaur]ཞེས་པ་མཐོ་ཚད་ལ་རྨིད་4890ཡོད་པ་དེང་ཐ་ཅེ་ཁིའི་ཚོང་བ་ཕ་མེར་ཆེ་བའི་ཁིར་སྒེ་ཙིར་(Kirghiz)འགྲོ་སའི་ཞག་སྡོད་བྱེད་ས་བརྒྱུད་དགོས་ལ། ལམ་འདི་སཱ་ཧ་རྡི་ནས་བྱང་ཕྱོགས་སུ་བསྲིངས་ཡོད་ཅིང་།ཉག་ག་ཞིག་བརྒྱུད་ན་ཆཱ་ཕུ་རྡ་ར་(Chap Dara)ཞེས་པའི་ཝ་ཁི་རྩ་ཐང་(Wakhi pasture)དུ་སླེབས་ལ།ས་དེ་ཤ་འུར་ཆུ་བོ(Shaur stream)འི་ནུབ་ཕྱོགས་ཀྱི་ཆུ་ལག་ཞིག་གི་འབབ་བརྒྱུད་ཡིན[12]།

ཆཱ་ཕུ་རྡ་ར་ས་ཁུལ་གྱི་ལུང་གཞུང་ཚང་མ་མཐོང་སའི་རིའི་ཁ་བརྒྱུད་གྱི་སྒང་ཕན་ཚུན་ལ་རྡོ་ལེབ་མོས་བརྩིགས་པའི་འཛུགས་སྐྲུན་ཡོད་ལ(པར་གསུམ་པར་གཟིགས)།

པར་གསུམ་པ། ཆཱ་ཕུ་རྡ་རའི་མཁར་གོག

འཛུགས་སྐྲུན་འདི་དག་ཝ་ཁའི་རྫི་བོས་བཤད་ན་ཁྲིམས་འགལ་གྱིས་སྔོག་འདྲུ་གཏོར་སྐྱོན་བྱས་པ་དང།ཡུལ་དང་བཀོད་པའི་ཆ་ནས་བལྟས་ཚེ་དགྲ་འགོག་ཉེན་སོན་གྱི་མེ་བརྡ་རྒྱག་སའི་རི་ཟུག་དང་ཆ་མཚུངས[13]།

འཛུགས་སྐྲུན་འདིའི་ཉེ་འགྲམ་གྱི་བྲག་བརྐོས་རི་མོ་ (rock carvings) དང་མཚན་བྱང་གིས་ས་འདི་མི་ལོ་མང་པོར་གཞིས་སྡོད་བྱ་སའི་རྟེན་གཞི་ཞིག་ཡིན་པ་ཤེས་ནུས་ལ།བྲག་བརྐོས་རི་མོར་[14]རི་དྭགས་ར་ (ibex)དང་ལུག (argali sheep )གཡག དེ་མིན་མིས་མདའ་མདུང་བཟུང་བའི་སྣང་བརྙན་བརྐོས་འདུག་ཅིང་།འདིའི་རིགས་ཨེ་ཤ་ཡ་དཀྱིལ་མའི་རྒྱུད་དུ་མང་བར་མ་ཟད་རི་དྭགས་རྔོན་པ་ལེགས་འགྲུབ་ཡོང་ཕྱིར་སྤེལ་བའི་ཆོ་ག་དང་འབྲེལ་བར་གསུངས [Dodykhudoeva 2004,pp. 151-152; Hauptmann 2007, pp. 24-25, Bellezza 2008, pp. 173]།འདིར་དྲངས་བའི་ཆོས་ལུགས་ཀྱི་འདུ་ཤེས་མཚོན་པའི་རི་མོར་རྔོན་པ་ཞིག་གིས་མདུང་བསྣམས་ཤིང་། གཡག་གཅིག ར་མ་ཁ་ཤས། གཞན་ར་མ་ཆེ་བ་རྭ་ཅོ་ལྟག་འཁྱིལ་ཅན་ (པར་བཞི་པར་གཟིགས)བཅས་དང་། ར་མ་ཆེ་བ་དེའི་གོང་དུ་གཡུང་དྲུང་གཡོན་འཁོར་ཞིག་དང་འགབ་ཏུ་ཡར་ངོའི་ཟླ་ཞིག་ཡོད་པས་སྒྱུ་རྩལ་གྱི་ཆོ་གའི་ནུས་བ་མཚོན་པར་བཤད[15] [གཞན་ཡང་རྩོམ་པ་པོའི་སྤྱི་ལོ་ 2013ལོའི་རྩོམ་bགྱི་བར་བཅུག་པར་16་དང་པར་ IVb ལ་གཟིགས]།

པར་བཞི་པ། གཡུང་དྲུང་གཡོན་འཁོར་དང་ཡར་ངོའི་ཟླ་བའི་མཉམ་དུ་གནས་པའི་ར་མ་ཆེ་བ།

ས་འདིའི་བྲག་ངོས་གཅིག་ལ་མཆོད་རྟེན་ནམ་མཆོད་རྟེན་དང་གཟུགས་འདྲ་བ་དགུ་[16](པར་ལྔ་བར་གཟིགས)བརྐོས་འདུག་ཅིང་[17]།

པར་ལྔ་བ། མཆོད་རྟེན་དབྱིབས་དང་གཡུང་དྲུང་གི་རི་མོ།

དེ་ལས་ཁག་དྲུག་ལ་མཚན་བྱང་འཁོད་ཡོད་ཅིང་[18]།མཚན་བྱང་ཁག་གསུམ་གསལ་བས་གཤམ་ནས་གླེང་བར་བྱ་སྟེ། དེ་ཡང་ཁག་གཉིས་མཆོད་རྟེན་གྱི་སྦྱིན་བདག་དང་ལོ་སྐོར་བཅུ་གཉིས་ཀྱི་དུས་ཚོད་དང་འབྲེལ་བ་དང་།གཞན་དེ་མིའི་མཚན་དང་འབྲེལ་ཡོད་ལ། མཚན་དེ་སྦྱིན་བདག་ག་གེ་མོ་ཡིན་པའམ་རི་མོ་འདི་ནང་བའི་མཆོད་རྟེན་ནམ་ཆོ་གའི་འཛུགས་སྐྲུན་ཡིན་མིན་ཐག་གཅོད་བྱ་མི་ནུས།

ས་འདིར་གོང་གི་མཚན་བྱང་ཁག་ཕུད།མཚན་བྱང་མི་འདྲ་བ་གཞན་བརྒྱད་ཀྱང་ཡོད་མོད།མང་ཆེ་བ་ཆར་ཆུས་འཇིག་པས་ཀློག་དཀའ།ཀློག་ཐུབ་པ་ཞིག་གཤམ་ནས་གླེང་རྒྱུ་ཡིན་མོད་མཆོད་རྟེན་དང་འབྲེལ་བ་མེད་པར་ལོ་སྐོར་བཅུ་གཉིས་ཀྱི་དུས་ཚོད་དང་འབྲེལ་ཡོད།དེ་བཞིན་ཝ་ཁན་གྱི་ས་མིང་དང་འབྲེལ་བའི་ཡིག་རྡོག་ཞིག་ཡོད་པ་རྩོམ་པ་པོས་སྤྱི་ལོ་ 2013ལོའི་རྩོམ་ a ནས་གླེང་ཟིན།ཡིག་རྙིང་གཞན་ཁག་བདུན་(དྲུག་མིན་ནམ་སྙམ་མོད།མ་རྩོམ་ལྟར་བཞག)ནི་ཆར་ཆུས་འཇིག་པའམ་སྟེང་དུ་ཤ་བལ་སོགས་སྐྱེས་པས་ཀློག་དཀའ་ཞིང་[19]།དུས་བཞིར་ས་ཁར་ཡོད་པས་ལོ་ཟླའི་ཆར་ཆུས་ཆག་འཇིག་བྱུང་བ་ཡང་མངོན་གསལ་ཡིན།

བྲག་བརྐོས་འདིའི་རྔོན་བྱེད་པ་དང་།སེམས་ཅན་མང་བ།འཛུགས་སྐྲུན་དང་མཚན་བྱང་འཁོད་པ་སོགས་ཀྱི་རི་མོ་སྣ་ཚོགས་པས་གནས་འདི་དུས་རིང་བོར་བཟུང་བ་རྟོགས་མོད།དེང་གི་དུས་ཤེས་རིག་གི་གལ་ཆེན་རང་བཞིན་ནམ་ས་གནས་ངག་རྒྱུན་ལོ་རྒྱུས་གང་ལ་ཡང་མི་འབྲེལ་ལ།བཤད་སྒྲོས་སུ་ལྷ་མོའམ་མཁའ་འགྲོ་མས་བརྩིགས་པར་འདོད[20]།

བོད་ཡིག་མཚན་བྱང་དང་དེ་འབྲེལ་གྱི་མཆོད་རྟེན་རི་མོ་ནི་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཝ་ཁན་གྱི་ལོ་རྒྱུས་དང་འབྲེལ་ཡོད་ལ།གནས་འདི་སྤྱི་ལོ་747ལོར་ཐང་གི་སྐྱ་དམག་སུམ་སྟོང་འགྲིམས་སའི་“ལུང་བ་བྱང་མའི་ལམ་”སྟེང་འཁེལ་ཡོད་ན།ས་འདི་ཀོ་ཞན་ཀྲིའི་རྣམ་ཐར་རམ་ཐང་ཡིག་ཏུ་མ་འཁོད་པའི་རྒྱུ་མཚན་ཅི་ཡིན།དངོས་དཔང་མ་རྙེད་པ་དངོས་དཔང་མེད་པ་མིན་ལ།ཀོ་ཞན་ཀྲིའི་རྣམ་ཐར་དུ་ཐང་དམག་བོད་དམག་དང་གདོང་འཕྲད་པའམ་བོད་ཀྱིས་ས་གནད་འདི་བཟུང་བའི་སྐོར་ཞིབ་ཏུ་མ་བྱུང་བ་བོད་ཀྱི་དབང་ཤུགས་ཆཱ་ཕུ་རྡ་རར་འབྱོར་བའི་སྐོར་གྱི་ལོ་རྒྱུས་ཆད་ལྷག་གལ་ཆེ་བ་ཞིག་དང་།རྒྱུ་མཚན་སླ་མོ་ཞིག་ནི་སྐབས་དེར་བོད་ཀྱི་དབང་ཤུགས་ས་འདིར་འབྱོར་མེད་པས་ཡིན་ལ། ཐང་དམག་སྤྱི་ལོ་747ལོར་སླེབས་པའི་ཕྱིས་སམ་སྤྱི་ལོ756ལོར་བོད་ཀྱིས་ ཝ་ཁན་ས་ཆ་སླར་ཡང་བཟུང་[Beckwith 1987, pp. 144-145; Denwood 2009,

p.156]པ་ནས་གནས་འདིར་རྟེན་གཞི་ཚུགས་ཤིང་།དུས་དེ་ནས་བཟུང་མཁར་གོག་འདི་བོད་ཀྱིས་ལུང་བ་བྱང་མའི་ལམ་གྱི་དགྲ་དཔུང་ཉེན་སོན་བྱ་སར་གྱུར་ཡོད།

མཆོད་རྟེན་དབྱིབས་ཀྱི་རི་མོ་འདི་ནང་བའི་མཆོད་རྟེན་ཚད་ལྡན་ཞིག་ལས་(ཞིབ་ཏུ་གཤམ་ནས་གླེང་) ཡུལ་ལྷའི་བཞུགས་(མཆོད་)གནས་ཞིག་ལ་འདྲ་ཆེ་བ་སྟེ(པར་དྲུག་པར་གཟིགས) །མཆོད་རྟེན་འདིའི་རྒྱ་གྲམ་བསྣོལ་མའི་རྟགས་འདི་རྟགས་མཚན་ཆེས་ཁྱད་པར་བ་

པར་དྲུག་པ། འཇང་ལྟའི་མཚན་བྱང་དང་ཡུལ་ལྷའི་བཞུགས་གནས།

ཞིག་ཡིན་ལ།ཡིན་ཡང་ཧྥུ་རན་ཁི་[Francke1928, p. 1051]ཡི་བཤད་པའི་“རྒྱ་གྲམ་བསྣོལ་མའི་མཆོད་རྟེན་”དང་ཁྱད་ཆེ།འདིའི་གཡས་གཡོན་གཉིས་ཀྱི་གཏོར་གཟུགས་རིས་གཉིས་མཆོད་རྟེན་གྱི་ཚད་ལྡན་གྲུབ་ཆར་མི་རུང་ལ[21]།རྒྱ་གྲམ་རི་མོ་འདི་ནེ་སི་ཏོ་རན་ཆོས་ལུགས་ཀྱི་རྒྱ་གྲམ་རི་མོ(Nestorian cross)ར་འདྲ་ཆེ་མོད[22]།འདི་འདྲའི་བལྟ་འགྲེལ་ལ་མཚན་བྱང་གིས་རྒྱབ་སྐྱོར་བྱེད་མི་ཐུབ།

གོང་གི་རྒྱ་གྲམ་རི་མོའི་འཕྲེད་ཤིང་ནང་གི་འཇང་ལྷ་ཞེས་པ་འདི་ས་དེའི་ཡུལ་ལྷ་ཡིན་སྲིད་ལ[23]།གཤམ་གྱི་སྟེགས་བུའི་ནང་འཕན་གྱྀ་ཡོན་ཞེས་འཁོད་འདུག[24]།གྱྀ་ཡོན་ནི་རྒྱུན་ལྡན་གྱི་སྐད་ཆའི་རྗོད་པ་ཞིག་སྟེ་ཚིག་ཕྲད་གྱྀ་ཡི་རྗེས་སུ་མིང་ཙམ་སྟོན་པའི་ཚིག།དེ་གཉིས་ཀྱང་མིང་གི་རྗེས་སུ་ཞུགས་ཡོད[Karmay 1998, pp. 327, 330]། འདིར་མཚན་ནི་འཕན་སྟེ།རས་ཆར་རྡི་སིང་གི་བོད་མིའི་རུས་མིང་མཁན་གསུམ་ལས་མཁན་གྱི་གྲས་སུ་བགྲངས་ཡོད [Richardson 1998a, p. 20]།དེ་བཞིན་རྡན་ཝེ་རྡི་ནས་མཚན་འདི་ཨེ་ཤེ་ཡ་དཀྱིལ་མའི་རྒྱུད་དུ་རྒྱུགས་ཆེ་བར་བསྟན་ཡོད་པ་མ་ཟད།ཏུན་ཧོང་ཡིག་རྙིང་གི་ལུང་ཡང་དྲངས་ཡོད [Denwood 1980b,p. 162]། མདོར་ན་ཡུལ་ལྷའི་བཞུགས་གནས་རི་མོ་དང་མཚན་བྱང་འདི་བོད་ལ་ཞབས་ཞུ་བྱེད་མཁན་གྱི་ཝ་ཁན་ནམ་བྲུ་ཤའི་མི་ཞིག་གམ་ཡིག་ངོ་ཆོད་པ་ཞིག་གིས་བརྐོས་བར་འདོད[25]།

གོང་གི་བྲག་བརྐོས་དེའི་གཤམ་ངོས་གཡོན་ཕྱོགས་སུ་མཚན་བྱང་འདི་འདྲ་ཞིག་འཁོད་ཡོད་དེ(པར་བདུན་པར་གཟིགས) །

པར་བདུན་པ། ནམ་བཤུད་ཅེས་པའི་མཚན་བྱང་།

སྤྲེའུ་ལོའི་སྟོན་ནམ་བཤུད་རྩ་རྩེ་ས་བྲིས།

ཐ་ཁོ་ཆིས་དང་སྒེར་གྱི་གླེང་མོད་བརྒྱུད་རྩེ་ས་ཞེས་པ་ཙེས་ཞེས་བཤུ་དགོས་པར་གསུངས་ཤིང་། དེས་ན་གཤམ་ལྟར།

སྤྲེའུ་ལོའི་སྟོན་ནམ་བཤུད་རྩ་ཙེས་བྲིས། ཞེས་ཐ་ཁོ་ཆིས་ཀྱིས་མཚན་བྱང་གི་རྗོད་པ་འདི་ལ་དྭགས་བརྒྱུད་ན་རྒྱུགས་ཆེ་བར་གསུང་ལ[26]།དབྱིན་ཇིའི་སྐད་དུ་བསྒྱུར་ན། “In autumn of the monkey year, Nam bshud rtsa tses inscribed (this)”ཞེས་སྤྲེའུ་ལོའི་སྟོན་ཁར་།ནམ་བཤུད་རྩ་ཙེས་(འདི་)བྲིས་ཞེས་པར་བཀྲལ་ཆོག།གཞན་གོང་གི་མཚན་བྱང་ཡོད་སའི་བྲག་ངོས་གས་སྲུབས་ཀྱི་གོང་དུ་ཡི་གེ་གསལ་ལ་མི་གསལ་བ་འབྲུག་གམ་སྦྲུལ་ལྟ་བུ་ཞིག་ཀྱང་འཁོད་ཡོད། ནམ་བཤུད་བྱ་བའི་ཐ་སྙད་འདི་བོད་པའི་རུས་སམ་ཐོབ་དང་མི་འདྲ་བས། བོད་མ་ཡིན་པའི་ས་གནས་ཀྱི་མི་ཞིག་མིན་ནམ་བསམ་ལ། ཡིག་རྙིང་ལས་བྱུང་བའི་དུས་ཚོད་བརྩི་སྟངས་ནི་ལོ་སྐོར་བཅུ་གཉིས་རེས་མོས་སུ་འཁོར་བའི་བརྩི་ལུགས་ཏེ། ཡིན་ཡང་སྟོན་གྱི་དུས་ཚིགས་ཙམ་ལས་ཟླ་བ་གང་ལ་འཁེལ་མིན་(ར་བའམ་འབྲིང་བོ།ཐ་ཆུང་) གསལ་བོར་བསྟན་མེད[Francke1914, p. 48]།

ཡིན་ཡང་།བྲག་བརྐོས་མཆོད་རྟེན་ཡོད་པ་གཞན་ཞིག་ཏུ་གོང་ལས་དུས་ཚོད་ཞིབ་ཕྲ་བསྟན་ཡོད་པ་སྟེ(པར་བརྒྱད་པར་གཟིགས) །མཚན་བྱང་ནི་གཤམ་ལྟར།

པར་བརྒྱད་པ། ཁྱུང་པོ་རྒྱལ་ཙུག་གིས་ཕུལ་བའི་མཆོད་རྟེན།

བྲུགི་ལོའི་སྟོན་སླ་བྲིང་པོ/ཚེས་ཉི་ཤུ་ལ་ཞེངས(ཞེངས་མཆོད་རྟེན་གྱི་ཕར་ངོས་སུ་བྲིས་ཡོད།)/ཁྱུང་པོ་རྒྱལ་ཙུག་གྱི་ཡོན།

ཞེས་མཚན་བྱང་འདིར་འབྲུག་གི་ལོའི་ལོ་དང་སྟོན་ཟླ་བར་མ།ཚེས་ཉི་ཤུའི་ཉིན་ཁྱུང་བོ་རྒྱལ་ཙུག་གིས་བཞེངས་བར་གསལ་བོར་བསྟན་ཡོད།དེ་སྔའི་བོད་ཀྱི་ལོ་གཅིག་དུས་ཚིགས་བཞི་དང་།དུས་ཚིགས་རེ་ཟླ་བ་གསུམ་དུ་བགོས་ཡོད་མོད[Dotson 2009, p. 12]།ཟླ་བ་རེ་ལ་ཉིན་གྲངས་ག་ཚོད་ཡོད་མེད་མི་གསལ[27]།སྟོན་ཟླ་འབྲིང་བོ་དེ་ཕལ་ཆེར་ཟླ་དགུ་བར་འཁེལ་ཡོད་པ་སྟེ།ཐང་གི་ལོ་ཐོ་དང་བོད་བཙན་པོའི་དུས་སྐབས་ཀྱི་ལོ་ཐོ་གཉིས་ཆ་གཅིག་ལ་མི་འབབ་མོད།རྒྱ་ལུགས་ལོ་ཐོ་དཔེ་བཞག་ནས་བལྟས་ཚེ[Hsueh 1940; Tibetan Medical & Astrological Institute1998]།འབྲུག་ལོའི་དབྱར་ཟླ་འབྲིང་བོའི་ཚེས་ཉི་ཤུ་དེ་སྤྱི་ལོ་764ལོ་ནས་སྤྱི་ལོ་848ལོའི་[28]ཟླ་དགུ་པའི་ཚེས་བཅུ་གཉིས་དང་བཅུ་བའི་ཚེས་བདུན་ལ་འཁེལ།ས་བབས་མཐོ་ཚད་རྨིད་བཞི་སྟོང་བརྒལ་བའི་ས་འདི་སྐབས་དེར་སྟོན་མཇུག་ལ་འཁེལ་ཞིང་དེ་དུས་ས་འདི་བོད་ཀྱིས་བཟུང་ཚར་ཡོད་པར་གསལ་ལ།དེ་ལུགས་མཐུན་ཞིག་ཀྱང་རེད[29]།

མཚན་ཁྱུང་པོ་ནི་ཡིག་རྙིང་ལྟར་ན་རུས་ཞིག་ལ་གོ་ཞིང་།བྲག་བརྐོས་འདི་ལྟ་བུར་རུས་འདི་རྟག་པར་མཚན་གྱི་མགོར་ཐོན་གྱིན་ཡོད་ལ[Francke 1928, p. 1050; Richardson 1998a, p. 18; ཐ་ཁུའུ་ཆིས་དང་བགྲོ་གླེང་ཞུས་པ་ཡིན།]།

རས་ཆར་རྡི་སིང་གིས་བསྒྲིགས་པའི་ [1998a, p. 18] མིང་དུ་གོང་དུ་བྱུང་བའི་རྒྱལ་ཙུག་ཞེས་པ་མ་མཆིས་མོད།རྒྱལ་ཀོང་དང་རྒྱལ་སུམ་གཟིགས།རྒྱལ་སླེབས་སོགས་བསྡུས་འདུག

སྐབས་འདིར་མཚན་དང་ལོ་ཚིགས་སོགས་མཆོད་རྟེན་དང་འགྲོགས་ནས་འབྱུང་ལ།མཆོད་རྟེན་ལ་གཤམ་དུ་བང་རིམ་གསུམ།བར་དུ་རིམ་པ་ཆེ་བ་གཅིག རིམ་པ་གོང་མར་སྒོར་དབྱིབས་ཤིག དེ་བཞིན་མདའ་རྩེའི་ཉི་མར་སྣེ་མོ་གཉིས་ལྡན་ཞིག་འདུག (ཡང་ན་ཉི་ཟླའི་གཟུགས)། ཧྥུ་རན་ཁི་ལྟར་ན་“རྒྱ་གྲམ་གཟུགས་”ཞེས་ཡེ་ཤུ་ཆོས་ལུགས་ཀྱི་རྒྱ་གྲམ་མར་རྟོག་བཟོ་བྱས་པའི་མཆོད་རྟེན་གྱི་རིགས་འདི་ཧི་མ་ལ་ཡའི་ནུབ་རྒྱུད་དང་།ཀ་ར་ཀོ་རུམ་ས་ཆར་ཆེས་དམིགས་གསལ་དུ་ཡོད་པར་རྡིན་ཝི་རྡི་ [Denwood 2007, p. 45]ནས་གསུངས་ཤིང་།ཅེ་ཐི་མར་ལྟར་ན་རྟགས་མཚན་འདི་བོད་བཙན་པོས་ས་འདི་དབང་བསྒྱུར་གནང་སྐབས་ཀྱི་གསར་བཟོའི་མཚོན་རྟགས་འདྲ་བོར་བསམ་ཡོད།གཞན་རྡིན་ཝི་རྡིས་ལ་དྭགས་ཨལ་ལྕི་ཕྱོགས་ཀྱི་བྲག་བརྐོས་རི་མོ་ཆ་འདྲ་བ་བཏོན་ཡོད་ལ[Denwood 2007, p. 52, པར་ 5བ]།ཏུའུ་ཆིས་ཀྱང་ཨལ་ཅི་དང་ཁ་ལ་རྩེ་ས་ཆར་བྲག་རིས་ཆ་འདྲ་བའི་པར་བླངས་མྱོང་ [Orofino1990, པར་ 17, 18, 30, 39, 40བ]།དེ་བཞིན་ཅེ་ཐི་མར་དང་ས་སྒ་སི་ཐར་ནས་[1993ལོ་]དེང་གི་ཕ་ཀི་སི་ཐན་ཀ་ཁོ་ཆི་ས་ཆའི་བྲག་རིས་ཆ་འདྲ་བའི་རི་མོ་ཞིག་ཀྱང་བཀྲམ་ཡོད།གཞན་རྡིན་ཝི་རྡིས་བྲག་རིས་ཀྱི་ཉི་ཟླའི་གཟུགས་ཀྱི་དར་སྣེ་ལྟ་བུའི་རི་མོ་བོན་གྱི་ཤན་ཡོད་[Denwood 1980a, p. 176]ཚུལ་དང་། གོང་གི་པར་བཞི་པའི་རི་དྭགས་རྔོན་པའི་ཆོ་གར་བོན་ལུགས་ཀྱི་མཚོན་དོན་མེད་དམ་སྙམ་ཞིང་།འདི་དག་ཀྱང་བོད་བཙན་པོའི་རྒྱལ་རབས་མ་ཚུགས་གོང་ངམ་བཙན་པོའི་རྒྱལ་རབས་སྐབས་ནས་བརྒྱུད་ཡོང་བ་ཞིག་ཡིན[30]།

པར་དགུ་པ། བཙན་ལ་ཟིགས་ཀྱི་ཕུལ་བའི་མཆོད་རྟེན།

མཆོད་རྟེན་བརྐོས་པའི་བྲག་རིས་གཞན་ཞིག་ནི་རི་མོ་དེ་འདྲའི་ཞིབ་ཚགས་པ་ཞིག་མིན་མོད(པར་དགུ་པར་གཟིགས)། གཤམ་དུ་བང་རིམ་གསུམ།དེའི་སྟེང་ཀ་བ་ཐུང་བ་ཞིག།དེ་མུར་སྟེགས་བུ།སྟེང་དུ་བསྲིངས་བའི་མདའ་ཐུང་ལ།རྩེ་མོར་སྣེ་གཉིས་ཟླ་གསར་དང་སྒོར་དབྱིབས་ཤིག་ཡོད།བྲག་རིས་འདི་ངོས་འཇམ་པོ་མ་ཡིན་པའི་རྩུབ་མོ་མི་སྙོམ་པ་ཞིག་ལ་བརྐོས་ཡོད་ཅིང་[31]།མཚན་བྱང་དུ།རྨེ་འོར་བཙན་ལ་ཟྀགས་གྱྀ(ས) ་ཞེས།ཡི་གེའི་རྗོད་པར་གཞིགས་ན་མཇུག་ཏུ་ཡོན་ཞེས་པའི་ཡི་གེ་ཞིག་ཡོད་པར་བསམ་མོད་དངོས་སུ་མ་མཐོང་། མཚན་བཙན་ནི་ལ་དྭགས་རྒྱལ་རྒྱུད་ལས་མཆེད་པའི་བློན་པོའི་ཐོབ་ཡིན་ལ[Francke 1914, p. 51]།བཙན་གཟིགས་ཞེས་པ་ཧྥུ་རན་ཁིས་མཚན་ཐོར་བསྡུས་ཡོད་[Francke 1914, p. 40]མོད།རས་ཆར་རྡི་སིང་གིས་བཙན་ཟིགས་ཞེས་མཁན་གྱི་ནང་བསྡུས་ཡོད་པར་མ་ཟད་བོད་ཀྱི་ཡིག་རྙིང་ལྟར་ན་“མཚན་གནས་ཁྱད་པར་བ་”ཞིག་ཡིན་ཚུལ་ཡང་གསུངས་ཡོད་ལ[Richardson 1998a, pp. 17-20]། ལ་དྭགས་ས་ཁུལ་ནས་ཡོང་བའི་མིའི་མཚན་ནམ་ཐོབ་ཞིག་ཡིན་སྲིད[32]།

རུས་རྨེ་འོར་བྱ་བ་ལོ་རྒྱུས་ཀྱི་གནད་དོན་ཞིག་ཡིན་ལ།རུས་འདི་ད་ལྟའི་རུས་ཐོ་རུ་བྱུང་མེད་མོད།དར་ཁོ་ཐིའི་ཉག་ཁའི་བྲག་རིས་མཆོད་རྟེན་ཆ་འདྲ་བའི་མཚན་བྱང་དུ་ཡང་རུས་འདི་བྱུང་ཡོད[རྩོམ་པ་པོས་2013ལོའི་རྩོམ་bདུ་པར་དང་བཅས་གླེང་བརྗོད་བྱས་ཡོད]།ས་དེའི་མཆོད་རྟེན་དེ་ཡང་རྒྱ་གྲམ་བསྣོལ་མའི་གཟུགས་ཡིན་ལ།གཤམ་ཏུ་བང་རིམ་གཉིས།སྒང་ལ་ཀ་བ་ཅུང་རིང་བ་ཞིག།དེའི་སྟེང་སྟེགས་བུ་རིང་ཐུང་གཉིས་དང་བུམ་པ་སྒོར་དབྱིབས་མ།སྟེང་དུ་མདའ་ཉིས་གཤིབ་མ་ཡོད་ལ།རྩེའི་དཀྱིལ་གྱི་སྒོར་དབྱིབས་གཡས་གཡོན་ཏུ་སྣེ་གཉིས་ཡོད།ས་འདི་གཉིས་ཀྱི་མཆོད་རྟེན་གྱི་བཟོ་དང་མཚན་བྱང་གི་རྗོད་པ།རུས་བཅས་ཆ་འདྲ་ཞིང་། དར་ཁོ་ཐི་ཉག་ག་ནས་ཝ་ཁན་བར་ས་ཐག་ཀྱང་ཉེ།ཐང་ཡིག་ཏུ་དར་ཁོ་ཐི་ཉག་ག་ནི་ཝ་ཁན་ས་ཆར་འགྲོ་སའི་ལམ་ཁ་ཞིག་ཡིན་པ་བསྟན་པ་བཞིན་མཆོད་རྟེན་གཉིས་ཀྱིས་ཀྱང་ས་འདི་གཉིས་ཀྱི་འབྲེལ་བ་དམ་དུ་སྦྲེལ་ཡོད།གོང་དུ་བསྟན་པ་བཞིན་ཝ་ཁན་ས་ཆའི་ས་གནས་མང་པོ་ཞིག་ཐང་བོད་བར་གྱི་སྤྱི་ལོ་ 747ལོའི་དོན་རྐྱེན་དུ་བྱུང་ཡོད་པ་བཞིན།དར་ཁོ་ཐིའི་མཚན་བྱང་ཡང་སྐབས་འདིར་གཏོགས་ཤིང་།རུས་ཆ་མེད་རྨེ་འོར་ལ་གནས་བབས་དམིགས་གསལ་བ་ཞིག་ཀྱང་ཡོད་ཚོད་རེད[33]།

 

མཇུག་སྡོམ།

ཝ་ཁན་ས་ཆའི་ས་འགག་འདིའི་ཞིབ་འཇུག་དང་དེར་གནས་པའི་མཚན་བྱང་བསྒྱུར་འགྲེལ་གྱིས་ས་གནས་འདིའི་ལོ་རྒྱུས་ཙམ་མ་ཟད་དེ་འབྲེལ་གྱི་དུས་རབས་བརྒྱད་པ་ནས་དགུ་པའི་བར་གྱི་ཆོས་ལུགས་དང་ལོ་རྒྱུས་རྒྱབ་ལྗོངས་རྟོགས་པར་ཕན་ལ།རི་བོ་ཧི་མ་ལ་ཡའི་ནུབ་རྒྱུད་ཀྱི་མཆོད་རྟེན་གྱི་བཟོ་དམིགས་གསལ་བ་འདི་སྔ་མོ་ལས་རྙེད་ས་མུ་མཐུད་དུ་བྱང་བསྣུར་བྱུང་ཡོད་པ་ཡང་བདེན་དཔང་བྱས་ཡོད།དེ་གཞན་དུས་རབས་བརྒྱད་པ་དང་དགུ་པའི་ནང་བོད་བཙན་པོའི་སྟོབས་ཤུགས་ཝ་ཁན་ས་ཆར་འཛུལ་བ་དང་།སྤྱི་ལོ་747ལོར་ལན་ཡོན་འགག་རྫོང་དུ་ཐང་གིས་བོད་དམག་ཕམ་པར་མཛད་པའི་ལོ་རྒྱུས་དོན་གནད་ལ་ལུང་ཁུངས་གསར་བ་བསྣན་ཡོད།དེ་བཞིན་ཡིག་ཚང་དང་ས་ཁམས།འགག་རྫོང་གི་དངོས་དཔང་སོགས་ན་གཞིགས་ན་ས་འདི་ཐང་དམག་གིས་འགྲིམས་མྱོང་བའི་“ལུང་བ་བྱང་མའི་ལམ་”དུ་འཁེལ་ལ།ལམ་འདིར་ངོ་འཕྲོད་པའི་བོད་ཀྱི་ས་འགག་འདི་བོད་བཙན་པོའི་རྒྱལ་རབས་མ་ཚུགས་པའི་སྔོན་གྱི་ལྷ་སྒྲུང་དང་ཆོས་ལུགས་ཀྱི་མཚོན་རྟགས་གྲུབ་པའི་སྐབས་ཀྱི་གནས་གལ་ཆེན་ཞིག་ཀྱང་ཡིན།རྒྱའི་ཐང་ཡིག་དང་ཏུན་ཧོང་ཡིག་རྙིང་ལ་གཞིགས་ན་བོད་ཀྱིས་ས་འདི་བཟུང་བའི་ལོ་ནི་ཕལ་ཆེར་སྤྱི་ལོ་747ལོའི་ཕྱིས་སམ་སྤྱི་ལོ་756ལོའི་རྗེས་སུ་འཁེལ་ཡོད་ཅིང་།གནས་འདི་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་ས་གཞན་ལས་རྙེད་པའི་གནའ་བོའི་ཤུལ་བཞག་ཁག་ལ་གཞིགས་ན་བོད་ཀྱིས་དགྲ་ལ་ཉེན་སོན་བྱ་སའི་འགག་རྫོང་ངམ་རི་ཟུག་གི་སྒྲིག་གཞིའི་མ་ལག་ཆ་ཚང་བ་ཞིག་ཝ་ཁན་ས་ཆར་ཡོད་པ་རྟོགས་ལ།“ལུང་བ་བྱང་མའི་ལམ”་དུ་ཡོད་པའི་མཚན་བྱང་དང་ཀུན་ལ་གསལ་ཆ་ཆེ་བའི་དར་ཁོ་ཐིའི་མཚན་བྱང་བར་གྱི་མཐུན་ཆོས་ཀྱིས་ས་འདིའི་མཚན་བྱང་གི་ལོ་ཚིགས་གསལ་བོར་བཟོ་བར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤིག་ཀྱང་སྤྲད་ཡོད།ཝ་ཁན་ས་ཆའི་མཆོད་རྟེན་གྱི་གཟུགས་དབྱིབས་ཁྱད་པར་བ་དང་དེའི་བོད་ཡིག་མཚན་བྱང་གིས་གན་ངྷ་རའི་ཤུགས་ཆེ་བའི་བྲུ་ཤ་ནས་ལ་དྭགས།ད་དུང་ངོ་མ་འཕྲོད་པའི་ས་གནས།དེ་བཞིན་བྲུ་ཤའི་ས་གནས་ནམ་ཨེ་ཤེ་ཡ་དཀྱིལ་མའི་ཚོ་བ་མང་པོ་ཞིག་བོད་བཙན་རྒྱལ་དང་མཉམ་འབྲེལ་ལམ་དབང་འོག་ཏུ་གནས་ཡོད་རྟོགས་ཐུབ།

 

 

བཀའ་དྲིན་ཞུ་བ།

Thanks to Dr. Mark Tatz, formerly of the California Institute of Integral Studies; John Vincent Bellezza, Senior Research Fellow at the Tibet Center, University of Virginia; Lobsang Tsering, formerly of  Gyumed Tantric University; Professor Christopher Beckwith of Indiana University and Professor Tsuguhito Takeuchi of Kobe City University of Foreign Studies for their readings and translations of inscriptions.

The map of Wakhan is by Mariele Paley, used with kind permission. The photograph of the Palola Shahi bronze of Nandivikramadityanandi is by Hugh DuBois, from the Pritzker Collection, used with kind permission of the owners. The photograph of the ruined structure in Chap Dara is by Don Bedunah, used with kind permission. All other photographs are by John Mock. Thanks to the W. L. Gore Inc. Shipton-Tilman Grant program, the Deutsche Gesellschaft für Technische Zusammenarbeit (GTZ), the Aga Khan Foundation-Afghanistan, the Wildlife Conservation Society, and The Christensen Fund for enabling travel to Wakhan.

 

གསལ་བཤད།རྩོམ་འདིར་རྩོམ་པ་པོའི་གཤམ་མཆན་མ་གཏོགས་རྩོམ་ཧྲིལ་བོའི་ལུང་ཁུངས་ཕྱི་རྩོམ་གྱི་རྣམ་པ་སོར་འཇོག་གནང་ཡོད་ལ།ས་གནས་དང་མིའི་མིང་ཤན་སྦྱར་གྱི་གུག་རྟགས་གོར་མ་དང་མི་ནོར་ཕྱིར་ལུང་ཁུངས་རྣམས་གུག་རྟགས་གྲུ་བཞི་མར་བཅོས་ཡོད་ལ།གཤམ་གྱི་ལུང་འདིར་མཚོན་ན་[Stein 1912,p. 72] Steinནི་རྩོམ་པ་པོ་དང་།1912ནི་རྩོམ་དེབ་གང་རུང་དཔར་སྐྲུན་བྱས་པའི་ལོ།སྐབས་འདིར་དབྱིན་ཡིག་གི་གསལ་བྱེད་ཡི་གེ་ཡོད་ན་ལོ་དེའི་ནང་གི་རྩོམ་གྱི་སྔ་ཕྱིའི་གོ་རིམ། p. 72ནི་ཤོག་ངོས་ཡིན་ལ།མཚམས་རེར་ppཞེས་འབྱུང་བ་ནི་ལུང་ཁུངས་ཤོག་ངོས་གཅིག་མིན་པར་མང་པོ་ཡོད་པའི་རྟགས་ཡིན།ཟུར་ལྟའི་དཔེ་དེབ་དང་རྩོམ་ཡིག་འདིའི་ཞིབ་ཕྲའི་གནས་ཚུལ་མཇུག་གི་དཔེ་ཐོར་གཟིགས་རྒྱུ་གལ།བསྒྱུར་བ་བོས་བསྣན།

 

རྩོམ་པ་པོ་དང་མ་རྩོམ་འཁོད་སའི་དུས་དེབ་ཀྱི་ཞིབ་ཕྲའི་གནས་ཚུལ། John Mock, “Tibetans in Wakhan: New Information on Inscriptions and Rock Art”, Revued’Etudes Tibétaines, no. 36, October 2016, pp. 121-141.

 

རྩོམ་པ་པོའི་ཡིག་ཟམ། jmock@ucsc.edu རྩོམ་འདིའི་འབྲེལ་ཡོད་དགོངས་གཞི་དང་བསམ་ཚུལ་རྣམས་ཡིག་ཟམ་བརྒྱུད་རྩོམ་པ་པོར་འབྲེལ་བ་ཞུས་ཆོག

 


[1] སར་ཧ་རྡི་(Sarhad)་ཡི་མིང་གཞན་ལ་སར་ཧ་རྡེ་བྷི་རོ་རྒོ་(Sarhad Broghil)ཟེར་ཞིང་། ཨ་ཧྥུ་ཀ་ནི་སི་ཐན་ཝ་ཁན་ས་ཆའི་མི་མང་འདུས་སྡོད་བྱེད་ས་ཆེས་མཐོ་སའི་ཁུལ་ཡིན།
[2] འདིའི་སྐོར་ལ་སྟོང་ཆ་གསབ་པའི་འབྲས་བུ་ནི་སྤྱི་ལོ་1987ལོར་བྷེ་ཁི་ཝེ་སི(Beckwith)ས་བླངས་ཡོད། གཞན་རྡིན་ཝི་རྡི་[Denwood 2007、2008、2009]ཡིས་ལོ་རྒྱུས་ལ་འགྲེལ་བརྗོད་གསར་བ་གནང་གྱིན་པ་དང་། གཟི་སི་ལིར་[Zeisler2009]ནས་ས་འདིའི་རིག་གཞུང་ཞིབ་འཇུག་གི་ལོ་རྒྱུས་དང་རྒྱུ་ཆའི་སྐོར་ལ་བསྐྱར་ཞིབ་གླེང་སློང་གནང་བ།རྡོ་ཐི་སིང་ [Dotson 2009]གིས་ཏུན་ཧོང་བཙན་པོའི་ལོ་ཚིགས་གནད་བསྡུས་གསར་དུ་བསྒྱུར་འགྲེལ་བྱས་པ་བཅས་སོ།
[3] ཝོན·ཧུའུ་ནུ་སྤིར་གྱིས་[von Hinüber 2004, p. 7]ཕ་ལོ་ལ་ཞེས་པ་ས་མིང་ལ་འཇུག་པར་ཡང་བསྟན་ཡོད།
[4] བྲུ་ཤ་དང་ཝ་ཁན།དེ་བཞིན་ཉེ་འབྲེལ་ཆིས་ཐྲི་རོ།ཝུ་རྡོ་ཡ་ན(Uddyana)དང་ཀ་སྨྲིར་སོགས་ཐང་དང་འབྲེལ་བ་ཟབ་ལ།ས་གནས་དེ་དག་ལ་བོད་ཀྱི་ཤུགས་རྐྱེན་ཆེན་པོ་བྱུང་མེད[Beckwith 1987, p. 87-89; Denwood 2009, p. 152]།ཐང་གིས་སྤྱི་ལོ་720ལོར་བྲུ་ཤ་ཆུང་བར་ཕོ་ཉ་མངགས་ནས་རྒྱལ་བོ་ལ་སུའུ་ལིན་ཐོ་ཡིས་(苏麟陀逸)ཞེས་པའི་མཚན་གནས་བསྩལ་ཡོད [Chavannes 2006b, p. 42] །
[5] བོད་ཀྱིས་བྲུ་ཤ་བཟུང་བ་ཤེས་འཕྲལ།ཐང་གི་དམག་དཔོན་གྱིས།བྲུ་ཤ་ནི་ཐང་གི་ནུབ་སྒོ་ཡིན་ལ།བྲུ་ཤ་ཤོར་ན་ནུབ་ཀྱི་ས་ཁུལ་ཡོངས་བོད་ལ་དབང་འགྲོ་ངེས་ཞེས་གསུངས་འདུག[Chavannes 2006a, p. 182, n. 5,རྩོམ་པ་པོས་བསྒྱུར]།
[6] ཝོན·ཧུའུ་ནུ་སྤིར་ (von Hinüber) གྱིས་སྤྱི་ལོ་2004 ལོར་ཕ་ལོ་ལ་ཞིས་སི་ཡི་བྲག་བརྐོས་མཚན་བྱང་གླེང་ཡོད་པ་མ་ཟད།སྤྱི་ལོ་1989ལོར་ཅེ་ཐི་མར་(K.Jettmar)གྱིས་ཀྱང་ཞིབ་རྒྱས་སུ་གླེང་སློང་བྱས་ཡོད།
[7] ཕ་ལོ་ལ་ཞིས་སི་ཡི་རྒྱལ་རབས་སྐོར་ཝོན·ཧུའུ་ནུ་སྤིར་གྱིས་སྤྱི་ལོ་2004 ལོར་ཞིབ་རྒྱས་ཀྱིས་གླེང་ཡོད་པ་མ་ཟད།ལི་སྐུ་དག་གི་སྒྱུ་རྩལ་དང་དེའི་འབྲེལ་ཡོད་གནས་ཚུལ་དག་ཕེ་(Pal)ཡིས་སྤྱི་ལོ་2003 ་དང་ཝན་ཞི་རོ་རྡི་(von Schroeder)གྱིས་སྤྱི་ལོ་2001 ལོར་ཞིབ་གླེང་གནང་ཡོད།
[8] ཐང་ཡིག་རྙིང་མའི་ལེའུ་104བར་ཡོད་ཅིང་།ཡིག་ཚང་འདི་ཧྥ་རན་སིའི་ཡི་གེར་ཆ་ཝ་ནེ་ཡི་བསྒྱུར་བ་ཡིན [Chavannes 2006a, pp. 185-189]། སྤྱི་ལོ་ 1922 ལོར་སི་ཏན་གྱིས་སྤྱི་ལོ་ 1906ལོར་ཝ་ཁན་ས་ཆ་འགྲིམས་པའི་མྱོང་བ་དང་བསྒྲེ་ནས་འགྲེལ་བརྗོད་གནང་ཡོད། བྷེ་ཁི་ཝེ་སིས་ [1987, pp. 130-133]རྣམ་ཐར་གྱི་འབྲེལ་ཡོད་ནང་དོན་འགྲེལ་བརྗོད་ལ་དག་བཅོས་གནང་ཡོད།
[9] བྱང་ནས་ལྷོ་ལ་རིམ་གྱིས་ཝན་ཆི(Vanch)། ཡ་རྫི་རྒུ་ལམ(Yazgulem)། བར་ཐང་(Bartang)། རྒང་རྡི(Gund)།ཤར་ཁི་རྡ་ར(Shakhdara)བཅས་གཙང་བོ་ལྔ་ཡོད།.
[10]ཁཱ་ལིས་ཧྥོར་ཉི་ཡ་སློབ་གྲྭ་ཆེན་མོའི་སན་ཐཱ་ཁི་རུའུ་ཙིའི་སློབ་ཁུལ་གྱི་ཀྲུང་གོའི་མཁས་པ་དང་ལས་རོགས་འབུམ་རམས་པ་རྡེ་ཝིས་རྡི·ཁཱས་ནན་(Dr. David Keenan)གྱིས་གནད་འདི་བསྟན་པར་ཐུགས་རྗེ་ཆེ་ཞུ་བ་ཡིན།
[11] གནད་འདིར་སི་ཏན་གྱིས་རུ་ཁག་གསུམ་པོ་ཁ་ཧྲི་རྒ་ནས་གྱེས་ནས་མདུན་བསྐྱོད་བྱས་པར་ཆ་འཇོག་བྱས་ཡོད་མོད [Stein 1922, p.118]།ཆ་འཇོག་འདི་ཐང་ཡིག་རྙིང་བར་ཐི་ལེ་མན་ནས་བགོས་བར་འགལ་ཟླ་ཡོད་ལ། བྷེ་ཁི་ཝེ་སིས་དཔུང་ཁག་གསུམ་པོ་ཐི་ལེ་མན་ནས་ཁ་གྱེས་པའི་ཉིན་གསུམ་གྱི་རྗེས་སུ་སཱ་ཧ་རྡི་ནས་འཛོམས་པ་ཡིན་ཞེས་པ་ཡང་སི་ཏན་གྱི་འགྲེལ་བརྗོད་དང་མི་མཐུན་པ་མ་ཟད་ས་གནས་དངོས་ཀྱི་བར་ཐག་དང་ཡང་མི་མཐུན།
[12] སྤྱི་ལོ་2005 དང་ 2007ལོར་རྩོམ་པ་པོ་དང་ཁིམ་སྤུར་ལེའི་ནེའོ (Kimberley O’Neil)གཉིས་ས་འདིར་རྟོག་ཞིབ་བྱེད་དུས་ས་གནས་གཞན་གྱི་མི་ས་འདིར་སླེབས་པ་ཤེས་རྟོག་བྱུང་མ་སོང་མོད། ཕྱིས་སུ་ཤེས་གསལ་བྱུང་བ་ནི་སྤྱི་ལོ་2001ལོར་ཉི་ཧོང་གི་ཨེམ་ཅི་འབུམ་རམས་པ་ཀོ་ཧི་རེ་ Go Hiraiཡིས་ལམ་འདིར་རྟོག་དཔྱོད་བྱས་ཤིང་།ལུང་བ་བྱང་མའི་ལམ་ཡིན་པར་ངོས་འཛིན་གནང་འདུག[Hirai 2002]
[13] སི་ཏན་གྱིས་ཞིན་ཅང་མི་རན་  (Miran) ས་ཆའི་རི་ཟུག་གི་སྐོར་འགྲེལ་བརྗོད་གནང་ཡོད་ལ [1912, pp. 152-153] །ཐཱ་ཁུའུ་ཆིས་ཀྱིས་ཞིབ་མཇུག་ཕྲ་ཞིབ་གནང་མྱོང་བར་མ་ཟད།བྲུ་ཤ་ཆེ་ཆུང་དང་ཕ་མེར་ས་ཆ་འདུ་བའི་དར་གོས་ཚོང་ལམ་གྱི་ལྷོ་ལམ་དུ་ཡང་ཡོད་དགོས་པར་བསྟན་འདུག [2004, p. 55] གཞན་མུ་ཤིན་ཡིན (Mu Shunying) གྱིས་ཧན་དང་ཐང་རྒྱལ་རབས་ནས་དར་གོས་ཚོང་ལམ་གྱི་ལྷོ་བྱང་ལམ་གཉིས་སུ་མེ་བརྡ་རྒྱག་སའི་མཁར་རྫོང་ཡོད་པར་བཤད་ལ [1984, p. 65]།རྡོ་ཐི་སིང་གིས་བོད་པའི་རི་རྩེའི་གནས་གཞི་དང་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་རི་ཟུག་གཉིས་ཀྱི་འབྲེལ་བ་གསལ་བོར་བསྟན་འདུག [2009, pp. 56-57]
[14] ཨེ་ཤེ་ཡ་དཀྱིལ་མའི་བྲག་བརྐོས་རི་མོའི་སྐོར་ཐ་ཧ་སྤ་ཡ་ཝས་  (Tashbayeva)སྤྱི་ལོ་ 2001ལོའི་རྩོམ་དང་།ཐ་ཅེ་ཁི་སི་ཐན་གྱི་བྲག་བརྐོས་རི་མོའི་སྐོར་གྱི་རྩོམ་[Tashbayeva 2001, pp. 122-148]ཡོད་ལ།རྩོམ་རྗེས་མའི་ནང་ཐ་ཇེ་ཁི་སི་ཐན་ཝ་ཁན་ས་ཆའི་ཕན་ཅི་གཙང་བོའི་བྱང་རྒྱུད་ཀྱི་རི་མོ་ཡང་ཚུད་ཡོད། གཞན་ཝ་ཁན་ས་ཆའི་གསར་རྙེད་རི་མོའི་སྐོར་རྩོམ་པ་པོའི་སྤྱི་ལོ་ 2013ལོའི་རྩོམ་bལ་གཟིགས་ཆོག།
[15] རྟགས་འདི་བོན་ལ་འབྲེལ་འདུག་ཅིང་།ཧོ་ཧྥུ་མན་གྱིས་སྤྱི་ལོ་ 1969ལོར་བྲུ་ཤ་དང་བོན་ཆོས་སྐོར་གླེང་བརྗོད་བྱས་ཡོད་ལ།བྲུ་ཤའི་ཡུལ་སྐད་ལ་བྷི་རི་ཤ་སའི་(Burushaski language)སྐད་ཟེར་ཞིང་ (དེང་ཕ་ཀི་སི་ཐན་ཤུན་ཙ་དང་ཡ་སན་ལུང་གཞུང་བརྒྱུད་ཡིན་ལ་)།སྟོད་བོད་ཕྱོགས་ཀྱི་དཔེ་མཚོན་སྐོར་བྷི་ལེ་ཙི Bellezza འི་སྤྱི་ལོ་ 2010 ལོའི་རྩོམ་a། 2016 ལོའི་རྩོམ་aདང་bལ་གཟིགས།
[16] བྲག་ངོས་སུ་ཆོ་གའི་རི་མོ་ཕབ་ནས་དེར་ཆོ་ག་སྤེལ་བ་འདི་ནང་བའི་ཆོས་སྲོལ་གཅིག་པུ་མ་ཡིན་པར་མཐོང་ལ།མཆོད་རྟེན་ཚང་མར་བརྩེགས་རིམ་དང་ཏོག་ཡོད་པ་རྐྱང་ཡིན།(བྷི་ལེ་ཙིའི་སྤྱི་ལོ 2008ལོའི་གསུང་རྩོམ་གྱི་ཤོག་ངོས་182-186 བར་བྲག་བརྐོས་རི་མོ་ལས་བྱུང་བའི་རྟེན་གྱི་རིགས་སོགས་ལ་བགྲོ་གླེང་ཞིབ་རྒྱས་བྱས་ཡོད།)
[17] ཡིག་ཚོགས་ཀྱི་བཀག་རྒྱས་རྩོམ་འདིར་ཆོ་གའི་རི་མོ་ཆ་ཚང་བར་གླེང་མི་ཐུབ་ཅིང་།ཡིན་ཡང་གནས་འདིས་ཞིབ་འཇུག་ཆ་ཚང་བ་ཞིག་ཡོང་བར་སྤྱི་ལོ་ 2016ལོར་རྩོམ་པ་པོ་དངོས་བསྐྱོད་རྟོག་ཞིབ་ཏུ་འགྲོ་རྒྱུའི་འཆར་གཞི་ཡོད།
[18] ཡིག་རྙིང་གི་གཟུགས་འགྱུར་འཕེལ་རིམ་སྐོར་ཐ་ཁོ་ཆིས་སྤྱི་ལོ་ 2013ལོའི་རྩོམ་ཡིག་a དང་བན·སི་ཆ་ཁ van Schaik འི་སྤྱི་ལོ་

2014ལོའི་རྩོམ་ལ་གཟིགས།
[19] ཡིག་རྙིང་ཁག་གཉིས་བྱི་བ་ལོའི་ལོ་ནས་མགོ་བཙུགས་ཏེ་མཐའ་མ་བྲིས་ཀྱིས་མཇུག་རྫོགས་ཡོད་ལ།འབྲི་སྟངས་ཀྱི་རྣམ་པའི་ཆ་ནས་དང་པོ་དུས་ཚོད་དང་དེ་ནས་མིང་།རྗེས་སུ་བྲིས་པའི་གནས་ཚུལ་རིམ་པར་འཁོད་ཡོད་ཅིང་།འདིའི་སྐོར་ཐ་ཁུའུ་ཆིས་ཀྱིས་སྤྱི་ལོ་2013ལོའི་རྩོམ་ཡིག་bཡི་ཤོག་ངོས་29-30བར་གསལ།
[20] བྲག་བརྐོས་སྐོར་མིའི་རིགས་དང་འབྲེལ་བའི་བཤད་སྲོལ་མི་འདུག་མོད།འཇིག་རྟེན་ལས་འདས་པའི་སྟོབས་ཤུགས་ཅིག་ལ་ངོས་འཛིན་བྱ་སྲོལ་འདི་ཕ་མེར་ས་ཆའི་བྲག་བརྐོས་ར་ལུག་ཐམས་ཅད་འཇིག་རྟེན་ལས་འདས་པའི་བུ་མོ་པེ་རི་(peri) ལ་དབང་བའི་དད་མོས་དང་མཐུན་ཆོས་ཡོད།ཕ་ཀི་སི་ཐན་ཝ་ཁའི་ས་ཁུལ་སྐོར་གྱི་ལྟ་སྟངས་དང་རིག་གནས་ཀྱི་གལ་ཆེན་རང་བཞིན་སྐོར་རྩོམ་པ་པོའི་སྤྱི་ལོ་1998ལོའི་རྩོམ་ཡིག་གི་ཤོག་ངོས 375-388བར་བྲིས་ཡོད།
[21] ཕ་ལོ་ལ་ཞིས་སི་ལི་སྐུ་གཉིས་ [ཝན་ཞི་རོ་རྡིའི་སྤྱི་ལོ་2001ལོའི་པར 22Aདང་ ཕེ་(Pal)ཡིས་སྤྱི་ལོ་2003ལོའི་པར63པ]ཀྱི་གཙོ་སྐུའི་གཡས་གཡོན་གཉིས་སུ་གཏོར་གཟུགས་མཆོད་རྟེན་གཉིས་ཡོད་ལ། ཝན་ཞི་རོ་རྡི་གྱིས [von Schroeder 2001, p. 115]་གཡས་གཡོན་གྱི་མཆོད་རྟེན་ནི་ཀ་ནི་ཀའི་མཆོད་རྟེན་གྱི་བཟོ་བཀོད་རྨང་བྱས་པ་ཞིག་རེད་ཞེས་དང་།རྡེ་ཝེ་རྡི་སིང་ [Davidson

2002, p. 15] གིས་ཀ་ནི་ཀ་མཆོད་རྟེན་དེ་པེ་ཧྲ་ཝ་(Peshawar)ན་ནང་བ་དང་གན་ངྷ་ར་ (Gandhara )དང་ཀ་ར་ཀོ་རམ (Karakorum) །ཧིན་རྡུ་གཙང་བོའི་ (Indus river )འགྲམ་རྒྱུད་ཀྱི་ཚོང་བ་སོགས་ཀྱིས་མཐོང་ཆེན་པོར་བརྩི་ཤིང་།རྣམ་པ་བྱང་བུ་ཅན་དང་བླུགས་མ།དེ་བཞིན་བྲག་བརྐོས་རྣམ་པ་ཅན་ཧར་ཝན་ (Harwan)ནས་ཆིས་ལ་སི་ (Chilas)་དང་ཧན་ཙ( Hunza )།ཐ་རམ་གཤོངས་ས་ (Tarim Basin )སོགས་སུ་གནས་ཡོདཔར་བཤད་ཅིང་།དེས་ན་རྟེན་གྱི་རྣམ་པ་འདིར་གོང་ནས་བསྟན་པའི་ས་རྒྱ་ཆེ་བའི་ཤན་ཞུགས་སྲིད་པ་ཞིག་རེད།
[22] ནེ་སི་ཏོ་རན་རྒྱ་གྲམ་མའི་སུག་བཞི་དོ་མཉམ་ལ…སུག་བཞིའི་བསྣོལ་མཚམས་ཕྲ་ལ་རྩེ་མོ་སྤོམ [Bressan 1993, p. 272]།བོད་དང་ནེ་སི་ཏོ་རན་ཆོས་ལུགས་ཀྱི་སྐོར་ཝུ་རས་སྤྱི་ལོ་ 1983ལོར་བྲིས་པའི་རྩོམ་གྱི་ཤོག་ངོས་ 404-407བར་གཟིགས།
[23] ཡུལ་ལྷ་ནི་ས་གནས་ཀྱི་གནས་རིའི་ལྷར་གོ་ཞིང་།ཐ་སྙད་འདི་ཏུན་ཧོང་ཡིག་རྙིང་ PT1047བར་བྱུང་ཡོད་ལ། [Karmay 1998, pp. 432, 442] གནའ་བོའི་ཡུལ་སྲོལ་ལ་ཡུལ་ལྷ་ནི་ས་གནས་དང་འཚོ་བ་དམིགས་གསལ་བར་གཏོགས་ཤིང་(Karmay 2005, p. 33)།འདིར་བྱུང་བའི་འཇང་ལྷ་ཡང་རིགས་འདིར་གཏོགས་པར་འདོད།
[24] གི་གེ་ཕྱིར་ལོག་ནི་བརྡ་རྙིང་བའི་ཁྱད་ཆོས་ཤིག་སྟེ་ཏུན་ཧོང་ཡིག་རྙིང་དུ་རྒྱུགས་ཆེ་ཞིང་།མཐར་དུས་རབས་12བའི་ནང་རིམ་གྱིས་ཡལ་བ་ཞིག་ཡིན[Denwood 1980b, p. 161; van Schaik 2014]།
[25] ཡི་གེ་འདི་བོད་མ་ཡིན་པའི་བོད་ཡིག་ཤེས་པ་ཞིག་གིས་བྲིས་པར་ཡང་བསམ་སྟེ།ལི་ཡུལ་བས་ཏུན་ཧོང་ས་ཆར་བོད་ཡིག་བཤུ་འབྲི་བྱས་ཡོད་ལ [Dalton 2007]།བོད་ཀྱི་དབང་འོག་ཏུ་གནས་པའི་ཨེ་ཤ་ཡ་དཀྱིལ་མའི་མིས་བོད་ཡིག་ཤེས་ཀྱི་ཡོད [Takeuchi 2013a, pp. 6-7]།
[26] རྡིན་ཝི་རྡིའི་སྤྱི་ལོ་1980ལོའི་རྩོམ་ཡིག་bརུ་ཨལ་ཅིར་འགྲོ་སའི་སལ་སི་ཕོ་དང་ཉེ་བའི་ཧིན་རྡུ་གཙང་བོའི་གཡོན་འགྲམ་གྱི་མཁར་གོག་གི་གོང་དུ་བྲག་བརྐོས་ཆ་འདྲ་བ་རྙེད་ཡོད་པ་མ་ཟད།ཧྥི་རན་ཁི་  (Francke) དང་ཇི་ན་  (Jina)ཡིས་སྤྱི་ལོ་2003ལོའི་རྩོམ་དང་།ཐ་ཁུའུ་ཆིས་སྤྱི་ལོ་2013ལོའི་རྩོམ་b།ཨོ་རོ་ཧྥིས་ནོ ་ (Orofino)ཡི་སྤྱི་ལོ་1990ལོའི་རྩོམ་ཡིག་སོགས་སུ་ཨལ་ཅི་དང་དེའི་འགྲམ་རྒྱུད་བྲག་བརྐོས་སྐོར་འཁོད་ཡོད།
[27] བྷེ་ཁི་ཝེ་སིས་བོད་གནའ་བོའི་ལོ་ཟླ་ཚེས་གྲངས་དེང་གི་སྤྱི་ལོ་ལ་གཏུགས་མི་ཐུབ་ཚུལ་གསུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།བོད་གནའ་བོའི་ལོ་ཚིགས་བརྩི་སྟངས་སྐོར།གཤམ་གྱི་རྩོམ་གཉིས་ལ་གཟིགས་ཆོག[Beckwith 1989, pp. xvi-xviii, and Dotson 2009, pp.

12-13]།གནའ་བོའི་སོ་ནམ་ལོ་སར་སྐོར་བོད་ཀྱི་གྲོང་གསེབ་མང་པོར་ཁྱབ་ཡོད་པ་རྟོགས་ནུས་ཤིང་།དེས་ལོ་མགོ་གསར་བ་གཅིག་ཚུགས་པའི་ལྟ་བ་ཞིག་ཤེས་ཐུབ་ཞིང་།སྤི་ལེ་ཙ་དང་འདིའི་སྐོར་བགྲོ་གླེང་བྱུང་བར་བཀའ་དྲིན་ཞུ།ཀེར་ཀན་ (Gergan)གྱིས་སྤྱི་ལོ་1978ལོར་ཞང་ཞུང་གི་ལོ་སར་སྐོར་གླེང་ཡོད་པ་དང་།ཕི་རེའུ་(Pirie)ཡིས་སྤྱི་ལོ་2008ལོར་ལ་དྭགས་ས་ཁུལ་གྱི་ལོ་སར་སྐོར་ཡང་གླེང་ཡོད།གཉིས་ཀའི་ངོས་འཛིན་ཐད་སོ་ནམ་ལོ་སར་ལ་བབས་ཡོད།དེང་གི་ཕ་མེར་ས་ཆར་དགུན་ཉི་ལྡོག་ནི་ལོ་མགོ་གཅིག་གི་འགྱུར་མཚམས་སུ་འཇོག་ཅིང་།གོམ་སྲོལ་ལས་ཆ་ཤས་མང་པོ་ཞིག་ཞིང་བའི་ལོ་རྩིས་ཀྱི་སྲོལ་རྒྱུན་བརྐྱངས་ཡོད[Iloliev 2008, pp. 92-93,Mock 1998, p. 291]།
[28] བོད་ཀྱིས་སྤྱི་ལོ་756ལོར་ཝ་ཁན་ས་ཆའི་དབང་བསྒྱུར་སླར་གསོ་གནང་ནས་དུས་རབས་དགུ་བའི་དཀྱིལ་མཇུག་བར་སླེབས་ཡོད་ལ།དུས་ཡུན་འདི་བྲག་བརྐོས་ཡིག་རྙིང་ལས་ཀྱང་མཚོན་ནུས།བོད་ཀྱིས་ཏུན་ཧོང་སྤྱི་ལོ་781 ནས་848བར་བཟུང་བར་བཤད་ཅིང་ [Dalton

2007, p. 18]། ཧོར་ལས་མན་  (Horlemann) གྱི་སྤྱི་ལོ་ལོའི་རྩོམ་དུ་དུས་ཚོད་སྔ་སྣུར་གྱིས་སྤྱི་ལོ ་760ནང་གཏུགས་ཡོད་པས་ལོ་རབས་འདི་ཝ་ཁན་བཟུང་བ་དང་དུས་མཉམ་ཡིན།)ཨ་རབ་དམག་གིས་སྤྱི་ལོ་ 814~815 ལོའི་ནང་ཝ་ཁན་ས་ཆ་བདག་བཟུང་བྱས་མོད[Beckwith 1987, pp. 160-162]།མི་འགྱངས་བར་བོད་ཀྱིས་སླར་བླངས།དུས་རབས་དགུ་པབའི་མཇུག་ཏུ་ཧིན་རྡུ་ཁོ་ཧྲི་དང་ཕ་མེར་ས་ཆའི་ནང་བསྟན་ཉམས་རྒུད་བྱུང་ལ།བོད་ཀྱི་དཔུང་ཤུགས་ཝ་ཁན་ས་ཆར་སླེབས་མེད། རིམ་གྱིས་ས་འདིར་ཨེ་སི་ལམ་གྱི་ཆོས་འཕེལ་ཡོད[Beckwith 1987, p. 172; Denwood 2008,p. 157; Hauptmann 2007, p. 32]།
[29] སྐབས་དེའི་སྟོན་ཟླ་ཚུགས་པའི་དབུ་ནི་དེང་གི་དུས་ཚིགས་དང་འདྲ་བར་སའི་མཐོ་ཚད་རྨིད་4035 ཡོད་པའི་ཕ་མེར་ས་ཆར་ལྟོས་བཅོས་ཀྱིས་ཁ་བ་འབབ་པ་ཉུང་ལ།ཆུ་ཆུང་བས་ས་འདི་བརྒལ་སླ།དགུན་ཁར་ཁ་བ་མཐུག་ལ་དཔྱིད་ཀའི་བར་ཁ་བ་མི་བཞུ་བས་ཁང་ཆགས་ཀྱི་འཇིག་པ་ཆེ་ཞིང་ལས་གཞི་སྤེལ་དཀའ།དབྱར་ཁར་རྩྭ་ས་བཟང་མོད་ཆུ་རྒྱས་པས་ས་འདི་བརྒལ་མི་བདེ།
[30] ཧྥ་སི་མན་[Fussman 1986, p. 47, n. 40]གྱིས་ཉི་ཟླར་སྣེ་མོ་ལྡན་པའི་བྲག་རིས་རི་མོ་ཧིན་རྡུ་གཙང་བོའི་ལུང་གཞུང་གི་ཆིས་ལ་(Chilas)གནས་ I ས་ཆའི་མཆོད་རྟེན་ལ་ཡོད་པར་བསྟན་ཡོད་པར་མ་ཟད།རིགས་འདི་སྤྱིར་ན་བོད་ཀྱི་རི་མོར་ཁས་ལེན་མོད་ཆིས་ལ་ས་ཆའི་རི་མོ་རྒྱ་གར་བས་ཡིན་ཏེ་སྤྱི་ལོ་དུས་རབས་དང་པོར་གཏོགས་པ་ཞིག་རེད་ཅེས་གསུངས་ཡོད།བྷི་རི་ནུ་(Bruneau)ཡིས་ཀྱང་ཉི་ཟླའི་གཟུགས་ལ་སྣེ་མོ་ཅན་བགྲོ་གླེང་གནང་ཡོད་ལ།བྷུ་ཐུ་ཀ་ར་ (Butkara)ཡི་གནས་ I ཡི་གན་ངྷ་རའི་ཝེ་ཧ་ར་ (Gandharan viharas)ལ་ཟླ་གསར་གྱི་གཟུགས་སམ་སྡེར་གཟུགས་ཡོད་པར་བསྟན་ཡོད[Bruneau 2007, p. 66]།ཨོ་རི་ཧྥུ་ནེའོ་ [Orofino1990, pp. 173-174,n. 2]ནས་སྤལ་ཏི་དང་སྒེའོ་སྒེ་ཐིའི་ནང་ཆོས་དང་།ཞང་ཞུང་གི་བོན།བོད་ཀྱི་ནང་བསྟན་གྱི་དབྱེ་འབྲེལ་སྐོར་བགྲོ་གླེང་མཛད་ཡོད་ལ།ནང་བསྟན་འདི་བོད་ཀྱི་བཙན་པོའི་ཕོ་བྲང་གིས་སྤྱི་ལོ་779ལོར་དངོས་སུ་དད་ལེན་བྱས་ལ[Dotson 2009, p. 20]།དུས་ཚོད་འདི་ཝ་ཁན་ས་ཆའི་བྲག་བརྐོས་རི་མོ་དང་ཡིག་རྙིང་བརྐོས་པའི་དུས་ཚོད་ལ་འཁེལ་ཡོད།བོད་བཙན་པོས་དཔུང་གིས་ས་འདིར་དབང་བསྒྱུར་བྱ་དུས་ས་གནས་གཉིས་ཀྱི་བར་ལ་འབྲེལ་འདྲིས་ཟབ་མོ་ཡོད་པ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙུགས་ཡི་གེ་བྲུ་ཤར་བཏང་བས་ཀྱང་ར་སྤྲོད་བྱ་ནུས་ལ[Richardson 1998, pp. 91,93]།སྒེའོ་སྒེ་ཐི་འམ་བྲུ་ཤ་ནས་བོད་ཀྱི་ནུབ་རྒྱུད་ཞང་ཞུང་།དབུས་གཙང་གི་བར་བཅས་ལ་ནང་བསྟན་དར་བའི་དྲི་གཞི་ཁྱད་པར་བ་འདི་ཤབས་པུ་(Scherrer-Schaub)མཆོག་གིས་སྤྱི་ལོ་ 2002ལོར་བགྲོ་གླེང་གནང་ཡོད།
[31] འདིའི་མཆོད་རྟེན་དང་མཚན་བྱང་སྐོར་རྩོམ་པ་པོས་2013ལོའི་རྩོམ་bལ་བཀོད་ཡོད།
[32] ལ་དྭགས་བོད་ཀྱིས་བཟུང་བའི་ལོ་ནི་སྤྱི་ལོ་719ལོ་ཡིན་ལ་དུད་ཁྱིམ་རྩིས་ལེན་ཀྱང་བྱས་ཡོད[Denwood 2009, p. 43]།
[33] ཐ་ཁུའུ་ཆིས་[Takeuchi 2011, p. 55]ཀྱིས་དར་ཁོ་ཐིའི་མཚན་བྱང་དང་།དེང་སྒེའོ་སྒེ་ཐི་ནས་སྤལ་ཏི་ས་ཆའི་མཚན་བྱང་རྣམས་དུས་རབས་བརྒྱད་པ་ནས་དགུ་བར་བཞག་ཡོད་ལ།དུས་འདི་བོད་བཙན་པོའི་རྒྱལ་རབས་ཀྱི་དབང་ཤུགས་སྒེའོ་སྒེ་ཐི་དང་ཝ་ཁན་ས་ཆའི་ནུབ་བྱང་ཁུལ་དུ་སླེབས་པའི་དུས་ཚོད་ཡིན།

ཟུར་བལྟའི་དཔེ་ཐོ།

Beckwith, Christopher, The Tibetan Empire in Central Asia: A History of the Struggle for Great Power Among Tibetan, Turks, Arabs and Chinese During the Early Middle Ages, Princeton, Princeton Universi ty Press, 1987.

Bellezza, John V., Zhang Zhung: foundations of civilization in Tibet: a historical and ethnoarchaeological study of the monuments, rock art,texts, and oral tradition of the ancient Tibetan upland, Wien,Östereichischen Akademie der Wissenschaften, 2008.

—— Flight of the Khyung, September 2010, on-line resource accessed May 2016.

http://www.tibetarchaeology.com/september-2010/

—— Flight of the Khyung, May 2016a, on-line resource accessed July2016.

http://www.tibetarchaeology.com/may-2016/

—— Flight of the Khyung, June 2016b, on-line resource accessed July 2016.

http://www.tibetarchaeology.com/june-2016/

Bressan, L.C., “Rock-Carved Crosses from the 7th Century in Northern Areas of Pakistan”, Journal of Central Asia, 16:1-2, 1993, pp.270-282.

Bruneau, Laurianne, “L’architecture bouddhique dans la vallée du Haut Indus; un essai de typologie des représentations rupestres de stûpa,” Arts Asiatiques, no. 62, 2007, pp. 63-75.

Chavannes, Édouard, Documents sur les Tou-kiue (Turcs) occidentaux,St. Petersburg, 1903, internet edition http://bibliotheque.uqac.ca Quebec, 2006a.

—— Notes Additionnelles sur les Tou-kiue (Turcs) occidentaux, Paris,1903, internet edition http://bibliotheque.uqac.ca/ Quebec,2006b.

Dalton, Jacob, Tom Davis and Sam van Schaik, “Beyond Anonymity:Paleographic Analyses of the Dunhuang Manuscripts”, Journal of the International Association of Tibetan Studies, no. 3 (December 2007), pp.1-23. http://www.thlib.org?tid=T3106 accessed May 23, 2016.

Davidson, Ronald M., “Hidden Realms and Pure Abodes: Central Asian Buddhism as Frontier Religion in the Literature of India,Nepal, and Tibet”, The Pacific World, vol. 4, 2002, pp.153-181.

Denwood, Philip, “Stupas of the Tibetan Bonpos”, in A.L. Dallapiccola,ed., The stūpa: Its religious, historical and architectural significance,Wiesbaden, Steiner, 1980a, pp. 175-182.

—— “Temple and Rock Inscriptions of Alchi”, in D.L. Snellgrove &T. Skorupski, eds., The Cultural Heritage of Ladakh, vol. 2,Zangskar and the cave temples of Ladakh, Aris & Phillips,Warminster (England), 1980b, pp. 117-164.

—— “The Tibetans in the Western Himalayas and Karakoram, Seventh-Eleventh Centuries: Rock Art and Inscriptions”, The Journal of Inner Asian art and archaeology, 2:2, 2007, pp. 49-57.

—— “Tibetans in the West, Part I”, The Journal of Inner Asian art and archaeology, 3:3, 2008, pp. 7-21.

—— “Tibetans in the West, Part II”, The Journal of Inner Asian art and archaeology, 4:4, 2009, pp. 149-160.

Dodykhudoeva, Leila, “Ethno-cultural Heritage of the Peoples of  West Pamir”, Collegium Antropologium, 28 (Supplement 1), 2004,pp. 147-59.

Dotson, Brandon, The Old Tibetan Annals: An Annotated Translation of Tibet’s First History, Vienna, Verlag der osterreichischen Akademie der Wissenschaften, 2009.

Francke, Auguste H., “Notes on Sir Aurel Stein’s Collection of Tibetan Documents from Chinese Turkestan”, Journal of the Royal Asiatic Society, 1914, pp. 37-59.

—— “A Tibetan Inscription on the Darkot Pass”, Appendix L in M.A. Stein Innermost Asia, Oxford, Clarendon, 1928, pp. 1050-1051.

Francke, A.H. and P.S. Jina, First Collection of Tibetan Historical Inscriptions on Rock and Stone from Ladakh Himalaya, Delhi, Sri Satguru Publications, 2003.

Fussman, Gérard, “Symbolisms of the Buddhist Stupa”, The Journal of the International Association of Buddhist Studies, 9:2, 1986, pp. 37-53.

Gergan, S.S., “The Lo-sar of Ladakh, Spiti, Lahul, Khunnu and Western Tibet”, The Tibet Journal, 3:3, Autumn 1978, pp. 41-43.

Hauptmann, Harald, “Pre-Islamic Heritage in the Northern Areas of Pakistan”, in S. Bianca, ed., Karakoram: Hidden Treasures in the Northern Areas of Pakistan, Turin, Aga Khan Trust for Culture,2007, pp. 21-40.

von Hinüber, Oskar, “The Magnificent Bronze of Nandivikramadityanandi:A Delight for the Beholder, A Worry forthe Epigraphist”, Orientations 34:4, 2003, pp. 35-39.

—— Die Palola Sahis: Ihre Steininschriften, Inschriften auf Bronzen,Handschriftenkolophone und Schutzzauber, Mainz, Philipp von Zabern, 2004.

Hirai, Go, “A Journey to Afghan Pamir”, Japanese Alpine News 2, April 2002, republished in Japanese Alpine News 16, 2015, pp. 77-82.

Hoffman, Helmut, “An Account of the Bon Religion in Gilgit”, Central Asiatic Journal, 13:2, 1969, pp. 137-145.

Horlemann, Bianca, “A Re-evaluation of the Tibetan Conquest of Eighth Century Shazhou/Dunhuang”, Proceedings of the International Association of Tibetan Studies: Tibet, past and present: PIATS 2000, pp. 49-66.

Hsueh, Chung-san and Yi Ouyang, A Sino-Western Calendar for Two Thousand Years 1-2000 A.D., Changsha, China, The Commercial Press, Ltd., 1940.

Iloliev, Abdulmamad, “Popular Culture and Religious Metaphor:Saints and Shrines in Wakhan Region of Tajikistan”, CentralAsian Survey, 27:1, 2008, pp. 59-73.

Imaeda, Yoshiro, “Towards a Comprehensive and Unambiguous Transliteration Scheme of Tibetan,” in Imaeda et al., eds., New Studies of the Old Tibetan Documents: Philology, History and Religion, Old Tibetan Documents Online Monograph Series, vol. III,Research Institute for Languages and Cultures of Asia and Africa,Tokyo, Tokyo University of Foreign Studies, 2011, pp. 39-43.

Iwao, Kazushi et al., eds., Old Tibetan Inscriptions, Old Tibetan Documents Online Monograph Series, vol. II, Research Institute for Languages and Cultures of Asia and Africa, Tokyo, Tokyo University of Foreign Studies, 2009.

Jettmar, Karl, ed., Antiquities of Northern Pakistan: Rock inscriptions in the Indus Valley, vol. 1, Mainz, Philipp von Zabern, 1989.

Jettmar, Karl and Klaus Sagaster, “Ein Tibetisches Heiligtum in Punyal”,in K. Jettmar, ed., Antiquities of Northern Pakistan: Reports and Studies, vol. 2, Mainz, Philipp von Zabern, 1993, pp. 123-140.

Karmay, Samten G., The Arrow and the Spindle: Studies in History,Myths, Rituals and Beliefs in Tibet, vol. 1, Kathmandu, Mandala Book Point, 1998.

—— The Arrow and the Spindle: Studies in History, Myths, Rituals and Beliefs in Tibet, vol. 2, Kathmandu, Mandala Book Point, 2005.

Mock, John, The Discursive Construction of Reality in the Wakhi Community of Northern Pakistan, Ph.D. Dissertation, Berkeley, University of California, 1998.

—— “A Tibetan Toponym from Afghanistan”, Revue d’Etudes Tibétaines no. 27, Oct. 2013a, pp. 5-9.

—— “Darkot Revisited: New Information on a Tibetan Inscription and mchod-rten”, Revue d’Etudes Tibétaines no. 27, Oct. 2013b, p.11-19.

—— “New Discoveries of Rock Art from Afghanistan’s Wakhan Corridor and Pamir: A Preliminary Study”, The Silk Road 11, Saratoga (CA), Silkroad Foundation, 2013c, pp. 36-53; Plates IIIIV.

Orofino, Giacomella, “A Note on Some Tibetan Petroglyphs of theLadakh Area”, East and West, 40:1-4, pp. 173-200.

Pal, Pratipaditya, Himalayas: An Aesthetic Adventure, Chicago, Art institute of Chicago, 2003.

Pirie, Fernanda, “Dancing in the Face of Death: Losar Celebrations in Photoksar”, in van Beek, Martijn and Fernanda Pirie, eds., Brill’s Tibetan Studies Library: Modern Ladakh: nthropological Perspectives on Continuity and Change, Leiden, NL: Brill, 2008,ProQuest ebrary, Web, 9 July 2016.

Richardson, Hugh, “Names and Titles in Early Tibetan Records”, in H. Richardson, High Peaks, Pure Earth: Collected Writings on Tibetan History and Culture, M. Aris, ed., London, Serindia Publications,1998, pp. 12-24.

—— “The First Tibetan Chos-’byung”, in H. Richardson, High Peaks,Pure Earth: Collected Writings on Tibetan History and Culture, M.Aris, ed., London, Serindia Publications, 1998, pp. 89-99.

van Schaik, Sam, “Towards a Tibetan Palaeography: developing a typology of writing styles in early Tibet”, in Quenzer, Jörg B.,Dmitry Bondarev and Jan-Ulrich Sobisch, eds., Manuscript cultures:mapping the field. De Gruyter, Boston, 2014, ProQuest ebrary, Web. 6 May 2016.

von Schroeder, Ulrich, Buddhist Sculptures in Tibet, vol. 1, India & Nepal,Visual Dharma, Hong Kong 2001.

Scherrer-Schaub, Cristina, “Enacting Words: A Diplomatic Analysis  of the Imperial Decrees (Bkas Bcad) and their Application in the Sgra Sbyor Bam Po Gñis Pa Tradition”, Journal of the International Association of Buddhist Studies, 25:1-2, 2002, pp. 263-340.

Shunying, Mu, “Development and achievement of archaeology in Xinjiang since the Founding of New China”, Journal of Central Asia, 3:1, 1984, pp. 55-72.

Stein, Mark Aurel, Ruins of Desert Cathay, London, MacMillan & Co.,1912.

—— A third journey of exploration in Central Asia: 1913-1916, London:Royal Geographical Society, 1916.

—— “A Chinese Expedition across the Pamirs and Hindukush, A. D.747”, The Geographical Journal, 59:2, 1922, pp. 112-31.

Takeuchi, Tsuguhito, “The Tibetan Military System and its Activities from Khotan to Lop-Nor”, in S. Whitfield, ed., The Silk Road:Trade, Travel, War and Faith, Chicago, Serindia Publications,2004, pp. 50-56.

—— “Historical Development of the Tibetan Languages”, Journal of the Research Institute, no. 49, Kobe, Kobe City University of Foreign Studies, 2013a, pp. 3-17.

—— “Old Tibetan Rock Inscriptions Near Alchi”, Journal of the Research Institute, no. 49, Kobe, Kobe City University of Foreign Studies, 2013b, pp. 29-69.

Tashbayeva, K., ed., Petroglyphs of Central Asia, Samarkand, International Institute for Central Asian Studies, 2001.

Tibetan Medical & Astrological Institute of H.H. the Dalai Lama, Tibetan astronomy and astrology, Dharamsala: Documentation and Publication Department, Men-tsee-khang, 1998.

Uray, Geza, “Tibet’s Connections with Nestorianism and Manicheism in the 8th-10th Centuries”, in E. Steinkellner and H. Tauscher,eds., Contributions on Tibetan Language, History and Culture.Wien: Arbeitskreis für Tibetische und Buddhist Studien, 1983.

Zeisler, Bettina, “East of the Moon and West of the Sun? Approaches to a Land with Many Names, North of Ancient India and South of Khotan”, The Tibet Journal, 34/35: 3-4/1-2, 2009, pp. 371-463.