༄༅།། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།།

དེ་ཡང་འདིར། མཐའ་མེད་པའི་འཇིག་རྟེན་ཁམས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་ཡོངས་སུ་གྲགས་པ་དེ་ཉིད། གནའ་བོའི་རྒྱ་གར་གྱི་བྱང་ཤར་གྱི་རྒྱལ་ཕྲན་ཆུང་ཆུང་ཞིག་གི་རྒྱལ་བོའི་སྲས་སུ། ལོ་ངོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་གྱི་ཉིན་ཞིག་ཏུ་སྐུ་འཁྲུངས་ཤིང་། ཁོང་ནི་དགུང་ལོ་ཉི་ཤུ་རྩ་དགུ་བར་དུ། རང་གི་རྒྱལ་སར་གཞུགས་ནས་འཇིག་རྟེན་མི་ཆོས་ཀྱི་ལུགས་སུ། བཙུན་མོ་དང་སྲས་ལ་སོགས་པ་ཁབ་ཏུ་བཞེས་ནས་རྒྱལ་སྲིད་བསྐྱངས་པའི་རྣམ་པར་རོལ།

ཡིན་ནའང་། རྒྱས་སྤྲོས་ཆུད་ཟོས་ཀྱི་རྒྱལ་བོའི་ཁབ་ན། བཙུན་མོའི་ཚོགས་ཀྱིས་བསྐོར་ཞིང་ཟས་གོས་རང་འགྲུབ་ཀྱི་རྒྱལ་སྲས་དེ། དགུང་ལོ་ཉི་ཤུ་རྩ་དགུའི་ཐོག་སྐབས་དེའི་རྒྱ་གར་གྱི་སྤྱི་ཚོགས་འཚོ་བ་དང་ནང་སྒོས་སུ། མི་ཡུལ་ཀྱི་ཕོ་བྲང་ནང་དུ་ལྷ་ཡུལ་ལྟ་བུའི་དཔལ་ཡོན་ལ་རོལ་ཞིང་། ལྷ་མོ་ལྟ་བུའི་མཛེས་མའི་བདེ་སྐྱིད་ལ་མངོན་པ་མེད་པར་རོལ་མཐར། དེ་ལ་ཤིན་ཏུ་ཆགས་ཤིང་ནམ་ཞིག་བྲལ་དོགས་ཀྱི་སེམས་ངལ་དྲག་པོ་སྐྱེས་པས། མིའི་རིགས་ཀྱི་འདུ་ཤེས་ཀྱི་གཏིང་རིམ་ན་ཉལ་འདུག་པའི་སྔ་རུང་འཕྱི་རུང་། ནམ་ཞིག་ཕོ་བྲང་གི་འདོད་པའི་དཔལ་ཡོན་འདི་དག་དང་ཁ་བྲལ་ནས་འཆི་རྒྱུ་ནི་ངེས་པ་ཉག་གཅིག་ཡིན་པའི་སེམས་བྱུང་འདི། རྒྱལ་སྲས་ཁོང་ཉིད་ལ་སད་རྟོགས་བྱུང་རྐྱེན།

ཁོང་གིས་འཇིག་རྟེན་འདིའི་བདེ་བ་དང་། བྱེ་བྲག་ཏུ་རྒྱལ་བོའི་ཁབ་ཀྱི་འཚོ་བ་ལ་སྙིང་བོ་མེད་པར་ཚོར་ཞིང་། དེ་ལས་ངེས་པར་འབྱུང་འདོད་ཀྱི་སྐྱོ་ཤས་དང་སུན་སྣང་ཆེན་པོ་ཞིག་ཁོང་ལ་འཁྲུངས་པས། “སྐྱེས་བུ་མཆོག་རྣམས་ཆེན་པོའི་དོན་དུ་ཆུང་རྣམས་དོར”བའི་ལུགས་བཞིན། རྒྱལ་སྲས་ཁོང་གིས་ཀྱང་རྒྱལ་བོའི་ཁབ་ཀྱི་བཙུན་མོ་དང་རྒྱལ་སྲིད་ལ་སོགས་པ་རིང་དུ་དོར་ནས། འཆི་མེད་རྒས་མེད་དང་གཏན་དུ་བདེ་བའི་ཞི་བ་མྱང་འདས་ཤིག་དང་། ནང་སེམས་ཀྱི་རྟག་བརྟན་གྱི་བདེ་བ་ཞིག་འཚོལ་ཕྱིར། ཁོང་གི་མི་ཚེའི་གོམ་པ་ལམ་ཁ་གཞན་ཞིག་ཏུ་བསྐྱོད་དགོས་བྱུང་ངོ་།།

དཔའ་ངར་དང་སྙིང་སྟོབས་ཀྱིས་ཕྱུག་ཅིང་བློ་བརྟན་འགྱུར་མེད་ཀྱི་རྒྱལ་སྲས་དེས། ཡིད་རྟོན་མེད་པའི་རྒྱལ་བོའི་ཁབ་ཀྱི་འཇིག་རྟེན་གྱི་བདེ་སྐྱིད་ཡོད་ཚད་བློས་བཏང་སྟེ། ད་ལྟ་སྙིང་སྟོབས་དང་ཡིད་ཆེས་ཀྱི་རེ་བའི་ཕུགས་འདུན་ཙམ་ལས། རང་ཉིད་ཀྱི་བདམས་པའི་ཤེས་རབ་དང་བདེན་པ་འཚོལ་བའི་རང་དབང་གི་ལམ་ཁ་དེར། འཚོ་ཐུབ་པའི་ཆ་རྐྱེན་ནི་ཅི་ཡང་མེད་པའི་གཞོན་ནུ་དེ། མཐའ་མེད་པའི་ནང་སེམས་ཀྱི་གཏན་གྱི་བདེ་བ་ཞིག་འཚོལ་ཆེད་དང་། བླ་ན་མེད་པའི་ཕུགས་འདུན་ཟབ་མོ་ཞིག་གི་དོན་དུ། གཏུམ་དྲག་ཆེ་བའི་གཅན་གཟན་དང་། རྔམས་ཤིང་འཇིགས་པའི་མི་མེད་དབེན་བའི་ནགས་ཚལ་གཅིག་ནས་གཅིག་བརྒྱུད་དེ། ཉིན་རེར་ཤུག་རྡོག་རེའི་འཚོ་འཚིས་ལ་བརྟེན་ནས། ལོ་ཡི་འཁོར་མོ་དྲུག་གི་ཡུན་དུ། ལུས་ཀྱིས་བཟོད་པ་མེད་པའི་དཀའ་སྤྱད་མཛད་མཐར། ཕྱི་བའི་དྲང་སྲོང་ཆེན་པོ་རྣམས་ལས་འཇིག་རྟེན་པའི་ཉི་ཚེ་བའི་མངོན་ཤེས་དང་ཏིང་ངེ་འཛིན་ཙམ་ལས།

ཟད་མཐའ་མེད་པའི་ནང་སེམས་ཀྱི་ཞི་བ་ཅིག་དང་། འཇིག་རྟེན་ལས་འདས་པའི་ཡིན་མིན་དང་བདེན་རྫུན་དཔྱོད་པའི་ཤེས་རབ་ཅིག གཏན་བདེའི་ཞི་སྲིད་ཀྱི་མྱང་འདས་ཤིག་ཁོང་ལ་ཐོབ་མ་ཐུབ་པས། ཟབ་ཀྱང་བརླིང་བའི་ཤེས་རབ་ཅིག་དང་ཡང་དག་མཐར་ཐུག་གི་བདེན་པ་ཞིག་ཁོང་གིས་རྙེད་མ་ཐུབ་པས། བདེན་པ་མཐར་སྐྱེད་དང་བརྩོན་པ་ལྷུར་ལེན་གྱི་ཁོང་གིས། རྣམ་དཔྱོད་དང་ཤེས་རབ་ཀྱི་ཚ་རླབས་འཕྱུར་བའི་སྐྱེས་བུ་ཁོང་གིས། བདེན་པ(ཆོས་རྣམས་ཀྱི་ཡིན་ལུགས)དང་། རང་དབང(སྐྱེ་འཆིའི་རང་དབང་)འཚོལ་བའི་ཁོང་གིས། རང་གི་ཕྱི་བའི་སློབ་དཔོན་རྣམས་ཀྱིས་ཐར་བར་བརློན་བའི་རྨོངས་ཚོད་ཀྱི་གྲུབ་མཐའ་དང་ཐར་བ་དེ་ཉིད་ལ་ཡིད་མ་རང་བར། བསྐྱར་དུ་ཆོས་རྣམས་ཀྱི་གནས་ལུགས་ལ་བསམ་གཞིག་བྱ་མགོ་ཚུགས།

ཞི་བའི་སྐྱེས་བུ་ཁོང་ཉིད་རང་གི་སློབ་དཔོན་རྣམས་དང་ཁ་གྱེས་ཏེ། རྒྱ་གར་གྱི་མ་ཡུམ་ཆུ་མོ་ནེེ་ར་ཉྫནའི་ཉེ་འགྲམ་གྱི་ལྗོན་པའི་ཚལ་ལ་ཕེབས་སོང་། ཆུ་མོ་ནེེར་ཉྫ་ནའི་ཆུ་རྒྱུན་གྱིས་ཁོང་ལ་ལོ་དྲུག་ལ་ཡ་ང་མེད་པར་མནར་བའི་ལུས་ཉིད་ལ་ངལ་གསོ་ཐོབ་ཏུ་བཅུག་པ་དང་། བྱང་ཆུབ་ལྗོན་པའི་ཡལ་འདབ་ལས་ཁོང་ལ་རྒྱལ་བོའི་ཁབ་ལས་ལྷག་པའི་བསིལ་མོའི་གནས་མལ་ཞིག་ཐོབ་ཏུ་བཅུག་སོང་ངོ་།།

བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་སེམས་བྱུང་དེའི་དབང་གིས། སྐྱེས་བུ་ཁོང་ཉིད་ཀྱང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་བཅིངས་འགྲོལ་ཡོང་ཕྱིར་དང་། གཏན་བདེའི་ཞི་བ་ཞིག་ཐོབ་ཆེད་དུ། རང་ཉིད་ཀྱིས་དངོས་སུ་མཐོང་ཞིང་མྱོང་བཞིན་པའི་འདི་སྣང་གི་ཆོས་སྣ་ཚོགས་པ་འདི་དག་ལ་ཡང་དག་པའི་ངོས་ཟིན་དང་། དེའང་གཙོ་བོ་སྐྱེ་རྒ་ན་འཆིའི་སྟེང་དུ་བཞག་སྟེ། ཁོང་གིས་ཆེས་ཐོག་མར་འདི་སྣང་གི་ཆོས་ཐམས་ཅད་བསྡུག་བསྔལ་དུ་ཤེས་པའི་བདེན་པ་ནས་བརྩམས་ཏེ་བདེན་བཞིའི་གནས་ལུགས་ལ་བསམ་གཞིགས་བགྱིས།

མཐའ་མ་དེར། ཤེས་རབ་དང་བདེན་པ་འཚོལ་བའི་སྐྱེས་བུ་ཁོང་གིས། གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ། ལྟག་ཆུ་ཆད་པའི་རྫིང་བུའི་ལུགས་བཞིན། རྒྱུ་ཉོན་མོངས་པ་ཀུན་ཏུ་བཅོམ་པས་འབྲས་བུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་འགྲོལ་ཐུབ་པའི་ལུགས་འབྱུང་ལྡོག་གི་རྒྱུ་འབྲས་ཀྱི་གནས་ལུགས་འདི་ཁོང་གིས་མཁྱེན་རྟོགས་བྱུང་སོང་བས། (ཆོས་གཞུང་དང་རྣམ་ཐར་སོགས་སུ་འདི་ནས་བཟུང“སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས”ཅེས་བརྗོད་ཅིང་། གསར་དུ་སངས་རྒྱས་པ་མིན་ལ་ཐེག་ཆེན་ཐེག་དམན་གྱི་ལུགས་མི་འདྲ་བ་ཡིན།) དུས་དེ་ནས་བཟུང་སྟོན་པ་བརྩེ་བའི་བདག་ཉིད་ཅན་ཁོང་གིས་མི་ལོ་བཞི་བཅུ་ལྷག་གི་རིང་ལ་སྡུག་བསྔལ་གྱི་མུན་པས་མནར་བའི་སེམས་ཅན་རྣམས་ཀྱི་རྒྱུད་ལ། རང་རང་གི་ཁམས་དང་མོས་པ་བཞིན་ཤེས་རབ་དང་ཐབས་ཀྱི་བློ་མིག་བདོག་པར་མཛད་དོ།།

ཁོང་གིས་གསུངས་པའི་ཆོས་དེ་ལ་གཞིའི་གནས་ཚུལ་དང་ལམ་གྱི་བགྲོད་རིམ། འབྲས་བུའི་བདེ་བ་སོགས་ཀྱི་རྣམ་གཞག་མཆིས་ཤིང་། དེ་ནི་རང་ཉིད་ཀྱི་རྟོགས་པའི་འཇུག་རིམ་དང་གནས་ལུགས་འཚོལ་ལུགས་ལྟར་གཏན་ལ་ཕེབས་ཤིང་། མ་ཟད་གནའ་བོའི་རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་དང་གཞན་དག་ལས། བསམ་བློ་དང་སྤྱོད་པ་ལག་ལེན་མང་བོ་ཞིག་ལ། རང་ཉིད་ཀྱི་རྣམ་དཔྱོད་དང་ཤེས་རབ་ཀྱིས་གཟིགས་པ་གསར་བ་བགྱིས་སྟེ། ལེགས་ཆ་བསྡུ་ལེན་གྱིས་དེང་འདིར་སངས་རྒྱས་ལུགས་ཅེས་སྙན་པ་ས་སྟེང་ན་གྲགས་པའི་འཛམ་གླིང་གི་ཆོས་ལུགས་ཆེན་མོ་གསུམ་གྱི་གྲས་སུ་ཡོད་པའི་འཚེ་བ་མེད་པའི་ཆོས་ལུགས་དེ་ཉིད་གསར་དུ་བཏོད།

རྗེས་ཀྱི་དགུང་ལོ་བརྒྱད་བཅུ་ཐོག“བྱ་རྒས་ན་ཚང་དང་མི་རྒས་ན་ཡུལ”ཟེར་བ་བཞིན། རང་ཡུལ་དུ་ཐེངས་གཅིག་ལས་གཞན་དོན་དུ་སྐུ་ཚེའི་སྨད་ཧྲིལ་བོར་ས་མཐའ་ནས་རྫོགས་པའི་དགུང་ལོ་བརྒྱད་བཅུ་ལ་སོན་པའི་རླབས་ཆེན་གྱི་བགྲེས་པོ་ཁོང་ཡང་། ག་ལེར་གཞན་དོན་སྒྲུབ་ཞོར་ཞབས་བཅག་གིས་ཡུལ་ལ་ལོག་པའི་ལམ་བར་ཏེ། གནས་རྩྭ་མཆོག་གྲོང་ལ་ཞབས་སོར་འཁོད་པ་ན། གཅིག་ནས་དགུང་ལོ་བགྲེས་པ་དང་། གཉིས་ནས་ལམ་ཐག་རིང་བའི་ཞབས་བཅགས་དང་ཆོས་ཀྱི་བཤད་ཁྲིད་སོགས་ཀྱི་ངལ་དུབ། གསུམ་ནས་གནམ་གཤིས་ཀྱི་ཚ་གདུག་སོགས་ཐུན་མོང་དང་། གཞན་ཐུན་མོང་མ་ཡིན་པའི་རྒྱུ་རྐྱེན་མང་བོ་ཞིག་གིས།

སྟོན་པ་ཤེས་རབ་ཀྱི་བདག་ཉིད་ཅན་ཁོང་མི་ཡུལ་ནས་ཞི་བའི་མལ་ལ་གཟིམས་པ་དང་། དེ་ཙ་ན་འཇིག་རྟེན་ཡང་བསྐྱར་མུན་པས་བཏུམ་ཞིང་། དེ་ནས་བཟུང་སེམས་ཅན་རྣམས་ཀྱི་ཡིད་མྱ་ངན་གྱིས་རབ་ཏུ་གདུང་སྟེ། སྐྱེས་མཆོག་ཁོང་ཉིད་ད་སྔའང་འཛམ་གླིང་གི་ནང་བའི་རྒྱལ་ཁམས་ཀུན་ན་ལོ་ལྟར་དབྱར་ཟླ་བཞི་བའི་ཚེས་བཅོ་ལྔའི་ཉིན། སྟོན་པ་ཁོང་ཉིད་སྐུ་བལྟམས་པ་དང་བྱང་ཆུབ་ཐོབ་པ། མྱ་ངན་ལས་འདས་པའི་དུས་ཆེན་རྣམ་པ་གསུམ་ལ་མཉམ་གཅིག་རྗེས་དྲན་བྱེད་བཞིན་ཡོད་དོ།།

དེ་ལྟར་སྟོན་པ་ཁོང་ཉིད་འདས་པའི་ཚུན་གྱི་ལོ་ངོ་བཞི་བརྒྱ་ཙམ་ནས། གནའ་བོའི་རྒྱ་གར་གར་གྱི་ནཱ་ལན་དཱའི་ཞི་བའི་མཁས་ཆེན་ཚོས། རང་རང་གི་རྣམ་དཔྱོད་དང་བློ་གྲོས་ཀྱི་གཤོགས་པ་ཡངས་པོར་བསྐྱངས་ཏེ། སྔོན་མའི་སངས་རྒྱས་ཀྱི་གསུང་རབ་བཀའ་བསྟན་རྣམས་ལ། གསར་དུ་རྟོགས་གཞིགས་བགྱིས་ཤིང་རིན་ཐང་བསྐྱར་འཇོག་གནང་སྟེ། ཐེག་པ་ཆེ་ཆུང་གི་ལུགས་སོ་སོར་ཕྱེ་བར་མ་ཟད། ཐེག་པ་ཆེན་པོ་ལའང་མདོ་དང་སྔགས་གཉིས་སུ་བྱུང་།དེ་ལྟ་དེ་ལྟར་སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པ་ཙམ་ནས་དབུ་ཚུགས་སྟེ། མིའི་རིགས་ཀྱི་སེམས་ཁོངས་སུ་ཞི་བའི་ཆུ་བསིལ་གཏོར་པར་བྱེད་པའི་ཆོས་ལུགས་དེ་ཉིད། ལོ་ངོ་ཆིག་སྟོང་བརྒྱད་བརྒྱ་ལྷག་གི་རིང་ཀྱག་ཀྱོག་གི་ལོ་རྒྱུས་རིང་མོ་ཞིག་བརྒྱུད་མཐར། ལོ་རྒྱུས་ཀྱི་འཁོར་ལྟེ་རིང་མོ་དུས་རབས་བཅུ་གསུམ་པའི་ནང་བསླེབས་རྗེས། བསྐྱར་དུ་ཆོས་ལུགས་དེ་ཉིད་རང་གི་ཕ་ས་ཕ་ཡུལ་རྒྱ་གར་རང་ནས་བསྣུབས་ཤིང་ནུབ་པར་གྱུར་རོ།།

འོན་ཀྱང་། རྒྱ་གར་གྱི་མཐའ་འབྲེལ་རྒྱལ་ཁབ་བོད་དང་རྒྱ་ནག་འབར་མ་སོགས་ཀྱི་དད་ལྡན་སྐྱེས་མཆོག་ཚོས། སྔོན་ནས་རྒྱུ་ནོར་ལོངས་སྤྱོད་དང་། ཐ་ན་སྲོག་ཕན་ཆད་བློས་བཏང་སྟེ། སངས་རྒྱས་ཆོས་ལུགས་ནི་རང་རང་གི་རྒྱལ་ཁབ་ཀྱི་གཅེས་ནོར་དུ་ཞུ་ཞིང་སྤེལ་ཕྱིན། གང་དེའི་ཆོས་དེ་ཉི་མའི་དཀྱིལ་འཁོར་བཞིན། འཛམ་གླིང་རྒྱལ་ཁམས་དེ་དག་གི་ནང་སྔར་བཞིན་མྱ་ངན་གྱི་མུན་པ་སེལ་བའི་སྒྲོན་མེ་རུ་གྱུར་ཞིང་། ད་སྔ་བར་སྲུང་འཛིན་དར་སྤེལ་རྒྱ་ཆེར་གནང་མུས་སུ་ལགས་སོ།།

གང་གི་ཟླ་ཚེས་བཟང་བོར་རྡོ་རྗེ་རིན་ཆེན་གྱིས་བྲིས་པ་དགེའོ།།