“ལོ་སར་དང་ལོ་གསར་ཞེས་པའི་ཡིག་ཐོབ་ལས་ཅུང་ཟད་འཕྲོས་པ་”ཞེས་པའི་ལྷན་ཐབས།


ཤིས་ཚང་ལྗང་མྱུག

ཀླད་ཀྱི་གཏམ།

ཉིན་འགའི་གོང་ལ་མཁྱེན་ཡངས་དྲ་གྲོགས་འགའ་རེའི་དོགས་འདྲི་དང་འབྲེལ་ཏེ།  ཁོ་བོས་ལོ་གསར་དང་ལོ་སར་ཞེས་པའི་ཡིག་ཐོབ་ཀྱི་སྐོར་ནས་འཕྲལ་མར་རྩོམ་ཡིག་ཅིག་བྲིས་ཏེ་དྲ་ལམ་དུ་སྤེལ་བ་ན།  དཔྱོད་ལྡན་དུ་མས་བསྔགས་བརྗོད་དང་། དགོངས་ཚུལ་ལྷུག་པོར་གསུངས་པར་མ་ཟད།  དྲ་གྲོགས་དུ་མས་གཅིག་ལས་གཅིག་བརྒྱུད་དེ་དུས་ཐུང་ནང་དུ་རྩོམ་གྱི་བཀླགས་གྲངས་མང་དུ་འཕེལ་བྱུང་།  ཚུལ་དེས་བཀླགས་གྲངས་ཇི་བཞིན་རྩོམ་ཡིག་དེ་ཡོངས་སུ་བཀླགས་ཡོད་མེད་ནི་ཐེ་ཚོམ་གྱི་ཡུལ་དུ་ཆེ་མོད། འོན་ཀྱང་།  རྩོམ་ཡིག་དེར་དོ་སྣང་བྱེད་མཁན་ཅི་ཙམ་མང་བ་ནི་སྔ་ཕྱིའི་བཀླགས་གྲངས་ཁོ་ནས་ཆ་འཇོག་བྱ་ཐུབ།

སྐབས་དེར་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཀྱི་གསུང་གླེང་དུམ་བུ་ཞིག་ཀྱང་ཁོ་བོའི་རྩོམ་ཡིག་དེ་དང་ལྷན་དུ་སྦྱར་ཏེ་དྲ་ལམ་དུ་སྤེལ་དང་སྤེལ་གྱིན་པ་མཐོང་བ་ན།  རང་གི་རྩོམ་ཡིག་དེ་རང་གིས་ཀྱང་བསྐྱར་དུ་ཞིབ་ལྟ་ཐེངས་ཤིག་བྱ་དགོས་བྱུང་ལ།  དེར་ད་དུང་ཁ་ཇེ་གསལ་དང་། དགོས་ངེས་ཀྱི་ཆད་གསབ་ཁ་སྐོང་བྱ་དགོས་པ་མང་བོ་ཞིག་ཀྱང་ཞོར་དུ་མཐོང་བར་བརྟེན། འདིར་དེ་རིང་སྔར་གྱི་རྩོམ་ཡིག་དེའི་ལྷན་ཐབས་ལྟ་བུར་དམིགས་ཏེ། བརྗོད་འདོད་པའི་དོན་གནད་འགའ་ཡིག་ཚོགས་ལ་མ་འཛེམ་པར་ཅུང་ཞིབ་རྒྱས་སུ་གླེང་བར་སྤྲོ།

དང་པོ།  སྔོན་གྱི་མཁས་པས་ལོ་གསར་དང་ལོ་སར་གཉིས་གདམ་ང་གནང་ཡོད་མེད་ལ་ལྟ་བ།

ལོ་གསར་དང་ལོ་སར་གཉིས་གདམ་ང་ཡིན་མིན་གྱི་ཁྲུན་ཐག་ནི་ཚིག་མཛོད་ཁོ་ནས་ཆོད་འགྲོ་བ་ཞིག་མ་ཡིན་པས། ཕྱིས་སུ་བསྒྲིགས་པའི་ཚིག་མཛོད་དག་རེ་ཞིག་བཞག་སྟེ།  སྔོན་གྱི་མཁས་པ་དག་གིས་ལོ་གསར་དང་ལོ་སར་གཉིས་གདམ་ང་གནང་ཡོད་མེད་ལ་ཅིས་ཀྱང་བལྟ་གལ་ཆེ་བར་འདོད།  སྤྱིར་ལོ་གསར་རམ་ལོ་སར་ཞེས་པའི་ཐ་སྙད་འདི་དུས་ནམ་ཞིག་ལ་བྱུང་བའི་ཐོག་མའི་འབྱུང་ཁུངས་འཚོལ་མ་ཐུབ་མོད།  བོད་ཀྱི་རྒྱལ་རབས་དགུ་བ་སྤུ་དེ་གུང་རྒྱལ་གྱི་སྐབས་སུ་“རྒན་མོ་བལ་མའི་ཟླ་རྩིས་”ལ་བརྟེན་ནས་བོད་ལ་ལོ་སར་གཏོང་སྲོལ་ཐོག་མར་བྱུང་བའི་ངོས་འཛིན་དེ་ལྟར་ན།  སྐབས་དེ་དུས་ནས་ལོ་གསར་ཞེས་པའི་ཐ་སྙད་འདི་ཡང་བྱུང་ཡོད་པའི་ཚོད་དཔག་བྱ་ཆོག་པར་སྙམ། ཡིན་ཡང་།  ལོ་སར་ནམ་གཏོང་སྲོལ་བྱུང་བ་དེ་ནས་ལོ་གསར་དང་ལོ་སར་ཞེས་པའི་འབྲི་ཚུལ་འདི་གཉིས་དུས་མཉམ་དུ་བྱུང་བ་ཞིག་ནི་མ་ཡིན་པར། ལོ་གསར་ཞེས་པ་ཐོག་མ་དང་། ལོ་སར་ཞེས་པ་དེའི་ཕྱིས་སུ་བྱུང་བའི་དུས་ཀྱི་སྔ་ཕྱིའི་ཁྱད་པར་ཞིག་ཡོད་པར་འདོད།

གང་ལྟར་ཡང་།  བལ་ཡུལ་ནས་ལྕགས་པར་དུ་བཏབ་པའི་ས་སྐྱ་བཀའ་འབུམ་[1]གྱི་ཁྲོད་དུ་ལོ་གསར་ཞེས་པ་ལས་ལོ་སར་ཞེས་པ་མི་སྣང་མོད།  དཔལ་བརྩེགས་བོད་ཡིག་དཔེ་རྙིང་སྡུད་སྒྲིག་ཁང་གིས་བསྒྲིགས་པའི་ས་སྐྱ་བཀའ་འབུམ་དཔེ་བསྡུར་མའི་ཁྲོད་དུ་ལོ་སར་ཞེས་པ་མང་དུ་མཆིས།  དེ་བཞིན་དུ།  ཀརྨ་པ་རང་བྱུང་རྡོ་རྗེའི་(༡༢༨༤-༡༣༣༩)གསུང་འབུམ་དུ།  སྔ་ཕྱིར་ལོ་གསར་དང་ལོ་སར་གཉིས་ཀ་ཁྱད་མེད་ལྟར་བྲིས་པ་སྣང་སྟེ།  <<ཀརྨ་པའི་རྣམ་ཐར་བཞུགས་སོ།།>>ཞེས་པར། “ཡང་ལོ་སར་ཡི་(གྱི)ཚེས་གསུམ་གྱི་ནུབ་མོ་རྨི་ལམ་ན། གནས་ཉི་ཤུ་རྩ་བཞི་ལ་ཙ་རི་ལ་སོགས་པ་མཁའ་འགྲོ་མའི་གནས་མང་པོ་གསལ་བར་བྱུང༌།”[2] ཞེས་དང་། “ཡང་ལོ་སར་དང་རྒྱལ་ཉ་ཕྲད་པའི་དུས་སུ། རྒྱལ་བ་རིགས་ལྔ་ལ་བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་བ་གཅིག་གཟིགས།”[3] ཞེས་དང་།    ཡང་<<འགྲོ་མགོན་རས་པ་ཆེན་པོའི་རྣམ་ཐར་>>དུ།  “དེ་ནས་དྭགས་པོ་ལ་འདྲིམས་ནས། རྐོང་པོ་ཡི་ལོ་སར་ལ་བྱོན་ནས། བླ་མ་རྩང་པ་མངའ་རིས་པ་དང་མཇལ་ནས།”[4]ཞེས་དང་།  གཞན་ཡང་།  <<རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པའི་རྡོ་རྗེའི་གསུང་མགུར་མཛོད་ནག་མ་>>ཞེས་པར།  “ལོ་གསར་གྱི་ཚེས་གཅིག་ལ་འོང་བའི་ཆད་བྱས་པ་ལ། ཁོང་རྣམས་སང་འགྲོ་གནངས་འགྲོ་ཟེར་བ་ལ་ཁ་བ་ཉིན་མཚན་བཅོ་བརྒྱད་བབས་པས།”[5]ཞེས་དང་། ཡང་དེ་ཉིད་ལས།  “སྟེང་ནས་བབས་པའི་ཁ་བ་དང༌།། ལོ་གསར་སྒང་གི་ལྷགས་པ་གཉིས།།རྣལ་འབྱོར་རས་པའི་རས་གོས་གསུམ།།གངས་དཀར་གྱི་སྟོངས་སུ་འཁྲུགས་པ་ཤོར།།”[6]ཅེས་མཛད་པ་བོ་གཅིག་གི་གསུང་དུ་སྔ་ཕྱིར་ལོ་གསར་དང་ལོ་སར་གཉི་ག་འབྱུང་བ་ལྟ་བུ་དང་།

དེ་མིན་དཔའ་བོ་གཙུག་ལག་ཕྲེང་བས་(༡༥༠༥-༡༥༦༤/༡༥༦༦)མཛད་པའི་<<ཆོས་འབྱུང་མཁས་པའི་དགའ་སྟོན་>>གྱི་སྟོད་ཆ་ལས།  “མཐའ་ཡི་རྒྱ་དང་གྲུ་གུ་འོག་ཏུ་བཏུལ།། ལོ་སར་སྒང་ལ་ལུག་ཤའི་ལག་པ་རློན་པ་བརྩིགས་པ་ལ་འཛེགས་ནས་རྒྱའི་མཁར་ཕབ།”[7]ཅེས་དང་།  “ཉི་ཟླ་གཟའ་སྐར་དུས་གཅིག་འཆར་བའི་ཡུལ།། ལོ་གསར་སྒང་ལ་ན་བུན་ཆགས་པའི་ཡུལ།། གངས་རི་ཤེལ་གྱི་མཆོད་རྟེན་ཆགས་པའི་ཡུལ།། མི་རྗེ་ལྷས་མཛད་གསེར་བྱ་རོལ་དུ་ཁྲིད།།” [8]ཅེས་དང་།  ཡང་དེའི་སྨད་ཆ་ལས།  “དེ་ནས་ཟླ་བ་ཕྱི་མའི་ཡར་ཚེས་གཅིག་ལ་ལོ་གསར་བྱས་པ་ལ། འདི་ལྟར་ན་ཧོར་ཟླ་གཉིས་པ་ལ་དེང་སང་གི་རྒྱའི་ཟླ་བ་དང་པོ་བྱེད་ཡོད་པར་སྣང་།”[9]ཞེས་དང་། “ཆུ་ཕག་གི་ལོ་གསར་ནས་དང་པོའི་ཉེར་བརྒྱད་ལ་བཏེག  ཆོས་རྗེས་རེབ་ཚ་ཁར་སྐྱེལ་ཐུང་མཛད།”[10]ཅེས་པ་དང་།

ཡང་དུས་རབས་བཅོ་བརྒྱད་བཅུ་དགུ་བར་བྱོན་པའི་ཞབས་དཀར་ཚོགས་དྲུག་རང་གྲོལ་(༡༧༨༡-༡༨༥༡)གྱི་གསུང་དུའང་།  ལོ་གསར་དང་ལོ་སར་གཉིས་སྔ་ཕྱིར་ཁྱད་མེད་དུ་བྲིས་པ་ཡང་ཡང་སྣང་སྟེ།  གསུང་འབུམ་པོད་གསུམ་པའི་ཁྲོད་ཀྱི་<<མཚོ་སྙིང་མ་ཧཱ་དེ་བ་ནས་སྐལ་བཟང་གི་གདུལ་བྱ་རི་བའི་ཚོགས་ཀྱི་ཞུས་ལན་ཞལ་གདམས་ཀྱི་སྐོར་>>ཞེས་པར། “དེ་རིང་ལོ་སར་ཚེས་གཅིག་ལ།།སེམས་ལ་ཕན་པའི་ཞལ་གདམས་ཤིག །བུ་ལ་བརྩེ་བས་གནང་བར་འཚལ།།”[11]ཞེས་དང།  གསུང་འབུམ་པོད་དང་བོའི་ཁྲོད་ཀྱི་<<གངས་དཀར་གྱི་རྒྱལ་པོ་ཏེ་སེ་སེང་གདོང་མ་དཀར་མོ་སྐུ་ཡི་གནས་ནས་སྒྲུབ་པ་བྱས་ཚུལ།>>ཞེས་པར། “སང་ཉིན་ལོ་གསར་ཚེས་གཅིག་ཐོག་ཙམ་ལ།།འཛུམ་ཞལ་དགྱེས་པའི་དཀྱིལ་འཁོར་བསྟན་དུ་གསོལ།།”[12]ཞེས་པ་སོགས་མང་དུ་མཆིས།

དེ་ལྟར་དཔེ་མཚོན་དུ་དྲངས་པའི་དུས་རབས་མི་འདྲ་བར་བྱོན་པའི་མཁས་པ་འདི་གསུམ་གྱི་གསུང་ལ་མཇལ་ཚེ།  ལྟོས་བཅས་ཀྱིས་ལོ་གསར་ཞེས་གས་འཕུལ་ཅན་གྱི་འབྲི་ཚུལ་འདི་ཅུང་ཤས་ཆེ་བར་སྣང་མོད།  འོན་ཏེ།  ལོ་སར་ཞེས་པའི་འབྲི་ཚུལ་དེ་གཏན་ནས་མེད་པ་ཞིག་མིན་པ་ནི།  གོང་དུ་དྲངས་མ་ཐག་པའི་དཔེ་དེ་དག་གིས་མཚོན་པར་ནུས་ལ།  དེས་སྐབས་ཀྱི་གླེང་བྱ་”སྔོན་གྱི་མཁས་པས་ལོ་གསར་དང་ལོ་སར་གཉིས་གདམ་ང་གནང་ཡོད་མེད་”ཀྱི་དོན་ལའང་ངེས་ཤེས་སྐྱེ་སླ་བར་སྙམ་མོ།།

གཉིས་པ།  ལོ་གསར་དང་ལོ་སར་གཉིས་ཅི་ལྟར་གདམ་ངར་ཆགས་ཚུལ་ལ་དཔྱད་པ།

སྔོན་གྱི་མཁས་པ་ཚོའི་གསུང་དུ་ལོ་གསར་དང་ལོ་སར་གཉིས་གདམ་ང་གནང་ཡོད་མེད་དང་།  སར་ཞེས་པར་བྱ་ཚིག་གི་གོ་བ་ཐོན་མིན་ལ་མ་ལྟོས་པར།  དིང་གི་དཔྱོད་ལྡན་འགའ་རེས་དེ་གཉིས་གདམ་ངར་མི་རུང་ཞིང་། སར་ཞེས་པའང་བྱ་ཚིག་ཏུ་གཏན་ནས་མི་འཐད་པའི་གསུང་གླེང་མཛད་མཁན་སྣང་མོད། འོན་ཏེ།  ཁོ་བོའི་རྨོངས་བློར་འཆར་ཚུལ་ལྟར་ན།  ལོ་གསར་དང་ལོ་སར་གཉིས་གདམ་ང་བྱ་ཆོག་པའི་ངེས་ཤེས་སྐྱེས་ལ།  སར་ཞེས་པའང་སྐབས་དུ་མར་བྱ་ཚིག་ཡིན་པའི་ངེས་པ་ལྷག་པོར་རྙེད་ཀྱིན་འདུག  ཁོ་བོས་ལོ་གསར་དང་ལོ་སར་གཉིས་གདམ་ངར་འདོད་པའི་རྒྱུ་མཚན་ནི།  སྐབས་འགའ་རེར་སར་ནི་གསར་དང་དོན་གཅིག་ཏུ་འཇུག་པ་ཡོད་ཙམ་གྱིས་མ་ཡིན་པར། ལོ་གསར་དང་ལོ་སར་གཉིས་སོ་སོར་མིང་གི་གྲུབ་ཚུལ་མི་འདྲ་བའི་སྒོ་ནས་འགྲེལ་ཚུལ་སོ་སོར་ཡོད་པས་ཡིན།

དེའང་ལོ་གསར་ཞེས་པ་ནི་ལོ་རྙིང་བའི་ཟླས་ཕྱེ་བའི་ལོ་གསར་བ་ཞེས་པ་སྟེ་རྒྱན་ཚིག་ལས་གྲུབ་ཅིང་།  ལོ་སར་ཞེས་པ་ནི་ལོ་སར་པ་ཞེས་པའི་བྱ་ཚིག་ལས་གྲུབ་པར་འདོད་ལ།  བྱ་ཚིག་དེའང་སྐབས་ཀྱི་ཚིག་གྲོགས་ལ་ལྟོས་ཏེ་བྱེད་འབྲེལ་དང་བྱེད་མེད་གཉི་གར་གོ་དགོས་པ་ཡོད།  ཡིན་ཡང་།  ལོ་སར་བཟང་དང་། ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞེས་པ་ལྟ་བུའི་ཚེ་བྱ་ཚིག་མིང་དུ་གྲུབ་པའི་སྐབས་ཡིན་པས་དམིགས་བསལ་བྱ་ཚིག་གི་གོ་བ་ཡན་གར་དུ་མེད་པར་སྙམ། འོ་ན།  ལོ་གསར་དང་ལོ་སར་གཉིས་མིང་གི་གྲུབ་ཚུལ་མི་འདྲ་བ་ཇི་བཞིན་དོན་གྱི་གོ་བའང་འདྲ་མི་དགོས་པ་མ་ཡིན་ནམ་ཞེ་ན།  ལོ་གསར་བ་དང་ལོ་སར་པ་གཉིས་ལས། ལོ་གསར་བ་ཞེས་པ་ནི་ལོ་རྙིང་བའི་ཟླས་ཕྱེས་པ་སྟེ་དེའི་ལྡོག་ཟླར་གོ་ལ།  ལོ་སར་པ་ཞེས་པ་ནི་ལོ་གསར་དུ་ཚེས་པའམ་ཡང་ན། ལོ་གསར་བའི་དགའ་སྟོན་ལ་རོལ་པའི་དོན་དུ་གོ་བས་མི་འདྲ་བ་བདེན་མོད། འོན་ཀྱང་།  དེ་གཉིས་ལས་གྲུབ་པའི་མིང་ལོ་གསར་དང་ལོ་སར་ཞེས་པ་གང་ལ་མཚོན་ནའང་།  ལོ་གསར་བ་དང་ལོ་གསར་དུ་ཚེས་པའི་མིང་ཉིད་ལས་མ་འདས་པས་ལོ་གསར་བཟང་དང་། ལོ་སར་བཟང་ཞེས་གང་བྲིས་ཀྱང་གོ་བ་གཅིག་འདྲར་འཁྱེར་ཆོག་པར་སྙམ།

དེ་མིན་ལོ་གསར་ཞེས་པ་ལ་རྟགས་མཐའ་འདྲེན་ཚུལ་གྱི་དབང་གིས་གསར་གྱི་གས་འཕུལ་ཕྱིས་ཏེ་ལོ་སར་ཞེས་གྲུབ་པ་ན།  གཞན་གསར་ཞེས་པ་མཐའ་དག་མིང་མཐའ་གང་ལ་སླེབས་ན་དེ་དག་གཅིག་གྱུར་དུ་གས་འཕུལ་དབྱི་དགོས་པ་ཞིག་ནི་ག་ལ་ཡིན། ཐ་སྙད་རིག་གནས་ཀྱི་སྐབས་འདི་འདྲར་ཚད་མའི་རིགས་ལམ་གྱི་འགྲོས་ལྟར་དཔྱད་པ་གནང་བ་ལེགས་ཀྱང་། རྣམ་པ་ཀུན་ཏུ་ཁྱབ་མཐའ་བཟུང་སྟེ་ཐག་གཅོད་བྱས་ན་སྐྱོན་དུ་ཆེའོ་སེམས།

མདོར་ན།  ལོ་གསར་དང་ལོ་སར་གཉིས་གདམ་ངར་ཆགས་ཚུལ་ལ་འགྲེལ་བཤད་རིགས་གཉིས་ཏེ།  དང་བོ་ནི།  རྗེ་དམུ་དགེ་བསམ་གཏན་རྒྱ་མཚོས་ཇི་སྐད་གསུངས་པ་ལྟར།  རྟགས་མཐའ་འདྲེན་ཚུལ་གྱི་དབང་གིས་གསར་གྱི་གས་འཕུལ་ཕྱིས་ཏེ་ལོ་སར་ཞེས་གྲུབ་པ་[13]དང་།  གཉིས་པ་ནི།  གོང་དུ་བརྗོད་པ་ལྟར།  ལོ་གསར་བ་དང་ལོ་སར་པ་ཞེས་པའི་རྒྱན་ཚིག་དང་བྱ་ཚིག་གཉིས་ལས་རིམ་པ་བཞིན་ལོ་གསར་དང་ལོ་སར་ཞེས་གྲུབ་པ་ཡིན་པའི་ཚུལ་དེ་རྟོགས་ན། ད་གཟོད་ལོ་གསར་དང་ལོ་སར་གཉིས་གདམ་ངར་བྱས་ན་འགལ་ཆ་མེད་པར་མ་ཟད།  ལོ་གསར་དང་ལོ་སར་གཉིས་ཅི་ལྟར་གདམ་ངར་ཆགས་པའི་ཚུལ་ལའང་ངེས་ཤེས་ལྷག་པོར་འདྲོང་ངེས་ཡིན།

གསུམ་པ།  ལོ་སར་ཞེས་པ་མ་དག་རྒྱུན་འབྱམས་ཡིན་ཚུལ་གྱི་གསུང་གླེང་ཞིག་དང་འབྲེལ་ཏེ་མཇུག་བསྡུ་བ།

ཁོ་བོས་“ལོ་གསར་དང་ལོ་སར་ཞེས་པའི་ཡིག་ཐོབ་ལས་ཅུང་ཟད་འཕྲོས་པ་”ཞེས་པའི་རྩོམ་ཡིག་དེ་དྲ་ལམ་དུ་སྤེལ་བའི་རྗེས་སུ།  བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཀྱིས་བོད་ལྗོངས་རླུང་འཕྲིན་གྱི་<<གངས་ལྗོངས་ཤེས་རིག་ཆབ་རྒྱུན་>>ཞེས་པའི་ལེ་ཚན་དུ་གསར་དང་སར་གྱི་སྐོར་ནས་གསུངས་པའི་གསུང་གླེང་དུམ་བུ་ཞིག་ཀྱང་དྲ་ལམ་ནས་ཞིབ་ཏུ་མཉན་པ་ཡིན།

ཁོང་གིས་གསར་རྙིང་གི་གསར་ལ་གས་འཕུལ་ཡོད་མེད་ནི་གཏན་ནས་དོགས་པ་མེད་ཅིང་། འབྲི་སྲོལ་མེད་པ་དང་།  ལོ་གསར་ལ་ལོ་སར་ཞེས་འབྲི་བའང་མ་དག་རྒྱུན་འབྱམས་སུ་འགྲོ་ཉེན་ཆེ་བ་ཞིག་ཡིན་ཚུལ་བཅས་གསུངས་པར་མ་ཟད། ལོ་སར་ཞེས་གས་འཕུལ་མེད་པར་འབྲི་བ་ནི་ཐོག་མར་ཨ་མདོ་ནས་བྱུང་བ་ཡིན་ཚུལ་དང་། དབུས་གཙང་དུ་གསར་བ་ལ་སར་བ་དང་། ལོ་གསར་ལ་ལོ་སར་ཞེས་འབྲི་བ་ཞིག་གཏན་ནས་མེད་ཚུལ་སོགས་ཚིག་ཐག་ཆོད་པོས་གསུང་གིན་འདུག སྤྱིར་ཁོ་བོར་མཚོན་ན།  དབུས་གཙང་དང་ཨ་མདོ་ཞེས་ཕྱོགས་དང་རིས་སུ་བཅད་དེ་གླེང་རྒྱུར་གཏན་ནས་འདོད་པ་མེད་མོད། འོན་ཀྱང་། འདིར་དོན་དངོས་གླེང་བ་གཙོ་བོར་བཟུང་བ་ལ་ཕྱོགས་ཞེན་ཆེ་བའི་རྣ་ཆ་རིང་བོ་དེ་མི་འདོགས་པར་འཚལ།

ལོ་སར་ཞེས་པའི་འབྲི་ཚུལ་འདི་སྐབས་དེའི་གསར་འགོད་པ་དེས་བཤད་པ་ལྟར་ད་ལོ་ནས་འགོ་བཙུགས་པ་ཞིག་གཏན་ནས་མ་ཡིན་ལ། ཡང་དགེན་ལགས་ཀྱིས་གསུངས་པ་ལྟར། ཉེ་བའི་ལོ་འགའི་གོང་ནས་གསར་དུ་འབྲི་སྲོལ་བྱུང་བ་ཞིག་ཀྱང་མ་ཡིན་པ་ནི་ཁོ་བོས་གོང་དུ་བཀོད་པའི་དཔེ་ཁུངས་དེ་དག་གིས་མཚོན་པར་ནུས་ལ།  ཡང་ལོ་སར་ཞེས་པ་ཐོག་མར་ཨ་མདོ་ནས་བྱུང་བ་ཞིག་མིན་པའང་དུས་རབས་བཅུ་བཞི་བར་བྱོན་པའི་ཀརྨ་རང་བྱུང་རྡོ་རྗེ་(༡༢༨༤-༡༣༣༩)དང་།  དུས་རབས་བཅུ་དྲུག་པར་བྱོན་པའི་དཔའ་བོ་གཙུག་ལག་ཕྲེང་བ་(༡༥༠༥-༡༥༦༤/༡༥༦༦)སོགས་ཀྱི་གསུང་དུ་ལོ་སར་ཞེས་པའི་ཐ་སྙད་འདི་མངོན་གསལ་དུ་མཆིས་པ་དེས་ཀྱང་འགྲུབ་པར་སྙམ། དེ་མིན་གསར་བ་ལ་སར་བ་ཞེས་པའི་འབྲི་སྲོལ་འདི་ས་ཆེན་ཀུན་དགའ་སྙིང་པོ་སོགས་ས་སྐྱ་བཀའ་འབུམ་ཁྲོད་དུའང་མཇལ་དུ་མཆིས་པ་ལགས་ན་དེའང་ཨ་མདོའི་མཁས་པ་ཁོ་ནའི་ཕྱག་ལེན་དུ་མཆིས་པ་ཞིག་ནི་མིན་པར་སེམས་སོ།།

༢༠༡༧ ལོའི་ཟླ་ ༣ ཚེས་ ༩ ཉིན་རྫོགས་པར་བྲིས།


[མཆན་དང་རྟེན་ཁུངས།]

[1] ས་སྐྱ་བཀའ་འབུམ་འདི་ནི་༢༠༠༨ ལོར་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གྲྭ་གུ་རུས་བལ་ཡུལ་དུ་དཔར་སྐྲུན་བྱས་པའི་ལྕགས་པར་དཔེ་རིང་ཞིག་ཡིན་ལ། ད་ལྟར་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་བར་PDFཅན་གྱི་གློག་རྡུལ་དུ་བཞུགས་ཤིང་། དཔེ་འདི་མ་ཕྱི་བྱས་ཏེ་ཐེ་ཝན་ནང་བའི་ཤེས་ཡོན་བདེ་རྩ་ལྷན་ཚོགས་ཀྱིས་དེབ་གཟུགས་སུའང་དཔར་སྐྲུན་བྱས་ཡོད།

[2] ཕྱི་ལོ་ ༢༠༠༠ ལོར་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་གཞི་ལམ་སྟོན་དང་འབྲེལ་ཏེ་འཚོལ་སྡུད་ཕྱོགས་སྒྲིག་བྱས་པའི་་<<ཀརྨ་རང་བྱུང་རྡོ་རྗེའི་གསུང་འབུམ།>> ལྕགས་པར་དཔེ་རིང་། (པོད་ང་བ།) <<བླ་མ་རིན་པོ་ཆེའི་རྣམ་པར་ཐར་པའོ།། ཀརྨ་པའི་རྣམ་ཐར་བཞུགས་སོ།།>>ཞེས་པའི་ལྡེབ་མ། ༦ སྲིབ་ངོས། ཐིག་ཕྲེང་། ལྔ་བ།  པོད་སྤྱིའི་ལྡེབ་ངོས།(P.267) ན་གསལ། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དེབ་རྟགས།(W30541)

[3] གོང་མཚུངས།  ལྡེབ་མ། ༡༠ ཉིན་་ངོས། ཐིག་ཕྲེང་། ལྔ་བ།  པོད་སྤྱིའི་ལྡེབ་ངོས།(P.274) ན་གསལ།

[4] གོང་མཚུངས། <<ཀརྨ་རང་བྱུང་རྡོ་རྗེའི་གསུང་འབུམ།>> ལྕགས་པར་དཔེ་རིང་། (པོད་ང་བ།) <<འགྲོ་མགོན་རས་པ་ཆེན་པོའི་རྣམ་པར་ཐར་པའོ།།>>ཞེས་པའི་ལྡེབ་མ། ༤ སྲིབ་ངོས། ཐིག་ཕྲེང་། དྲུག་པ།  པོད་སྤྱིའི་ལྡེབ་ངོས།(P.228) ན་གསལ།

[5] གོང་མཚུངས། <<ཀརྨ་རང་བྱུང་རྡོ་རྗེའི་གསུང་འབུམ།>> ལྕགས་པར་དཔེ་རིང་། (པོད་ག་བ།) <<རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་བཞད་པ་རྡོ་རྗེའི་གསུང་མགུར་མཛོད་ནག་མ་ཞེས་པ་ཀརྨ་པ་རང་བྱུང་རྡོ་རྗེས་ཕྱོགས་གཅིག་ཏུ་བཀོད་པ་བཞུགས་སོ།།>>ཞེས་པའི་ལྡེབ་མ། ༤༤ ཉིན་ངོས། ཐིག་ཕྲེང་། དང་བོ།  པོད་སྤྱིའི་ལྡེབ་ངོས།(P.87) ན་གསལ། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དེབ་རྟགས།(W30541)

[6] གོང་མཚུངས།  ལྡེབ་མ། ༤༦ སྲིབ་་ངོས། ཐིག་ཕྲེང་། དང་བོ།  པོད་སྤྱིའི་ལྡེབ་ངོས།(P.92) ན་གསལ།

[7] དཔའ་བོ་གཙུག་ལག་ཕྲེང་བས་མཛད། [M]<<ཆོས་འབྱུང་མཁས་པའི་དགའ་སྟོན།>>(སྟོད་ཆ།) (པེ་ཅིང་།) མི་རིགས་དཔེ་སྐྲུན་ཁང་།  ཕྱི་ལོ་ ༡༩༨༦ ལོར་དཔར།  དཔར་ཐེངས་དང་པོ། ཤོག་ངོས། (P.171)  ན་གསལ།

[8] གོང་མཚུངས།  ཤོག་ངོས། (P.401)  ན་གསལ།

[9] དཔའ་བོ་གཙུག་ལག་ཕྲེང་བས་མཛད། [M]<<ཆོས་འབྱུང་མཁས་པའི་དགའ་སྟོན།>>(སྨད་ཆ།) (པེ་ཅིང་།) མི་རིགས་དཔེ་སྐྲུན་ཁང་།  ཕྱི་ལོ་ ༡༩༨༦ ལོར་དཔར།  དཔར་ཐེངས་དང་པོ། ཤོག་ངོས། (P.1006)  ན་གསལ།

[10] གོང་མཚུངས།  ཤོག་ངོས། (P.1145)  ན་གསལ།

[11] <<རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ།>> (པོད་གསུམ་པ།) (ཟི་ལིང་།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ཕྱི་ལོ་༢༠༠༢ ཟླ་ལྔ་བ། དཔར་ཐེངས་དང་བོ།   ཤོག་ངོས། (P.483)  ན་གསལ།

[12] གོང་མཚུངས།  (པོད་དང་བོ།)  ཤོག་ངོས། (P.575)  ན་གསལ།

[13] དམུ་དགེ་བསམ་གཏན་རྒྱ་མཚོས་མཛད། <<བརྡ་སྤྲོད་བློ་གསལ་དགའ་སྟོན།>> (ཟི་ལིང་།)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།  ཕྱི་ལོ་ ༡༩༩༧ ཟླ་བཞི་བ།  དཔར་ཐེངས་དང་པོ། ཤོག་ངོས།(P.78) ན་གསལ།


ལོ་གསར་དང་ལོ་སར་ཞེས་པའི་ཡིག་ཐོབ་ལས་ཅུང་ཟད་འཕྲོས་པ།