ཀུ་མཱ་རི་ལ[1]་སྟེ་མཚན་གཞན་ལ་ཀུ་མཱ་རི་ལ་བྷ་ཊྚ(སྤྱི་ལོ་༧༣༠)བྱ་བ་ནི་བརྒྱ་ཕྲག་བརྒྱད་པའི་ནང་ཙམ་དུ་འཕགས་པའི་ཡུལ་གྱི་རྟོག་གེ་སྨྲ་བ་དང་སློབ་དཔོན།    ཛེེ་མི་ནིའི་དཔྱོད་པའི་མདོ་ཤཱ་བ་རའི་བཤད་པའི་འགྲེལ་མཛད་མཁན་པོ་སྙན་གྲགས་ཅན་ཞིག་གོ།    འདིའི་ཡབ་ནི་ཡཉྫེཤྭར་བྷ་ཊྚ་དང་།  མ་ནི་ཙཱཾ་གུ་ཎཱའོ།།   ལོ་རྒྱུས་སུ་གྲགས་པ་ལྟར་ན་འདིས་ནང་བ་དགག་པའི་ཕྱིར་དྷརྨ་པཱ་ལ་སྟེ་སློབ་དཔོན་ཆོས་སྐྱོང་བྱ་བ་ལས་ནང་བའི་གནས་ལ་ལེགས་པར་བསླབ་པར་བཤད།[2]    ཁོང་གི་སྐྱེས་ཡུལ་ནི་ཨ་སམ་དང་རིགས་ནི་བྲམ་ཟེའོ[3]།།   དེ་ལྟ་ནའང་ཏཱ་རཱ་ནཱ་ཐ་མཆོག་གི་རྒྱ་གར་ཆོས་འབྱུང་ལྟར་ན་གཞོན་ནུ་མ་ལེན་ནམ་མིང་དངོས་ལ་གཞོན་ནུ་རོལ་བ་བྱ་བ་ནི་རྒྱ་གར་ལྷོ་ཕྱོགས་སུ་འཁྲུངས་པར་བཞེད།[4] འཁྲུངས་དུས་ལ་བཞེད་པ་མི་མཐུན་པ་དུ་མ་ཡོད་ནའང་།  དུས་རབས་བདུན་པའམ་བརྒྱད་པ་ཙམ་དུ་འཁྲུངས་པར་བཤད་ཅིང་།   མུ་སྟེགས་པའི་སློབ་དཔོན་གྲགས་ཅན་ཤཾཀཱརཱཙཱརྱ་ལས་སྔོན་ལ་བྱོན་པ་དང་། སྤྱི་ལོ་༨༥༠ལོར་འཁྲུངས་པའི་ངག་བདག་བསྲེས་པོ་ལས་ཀྱང་སྔོན་དུ་བྱོན་པར་བཞེད།  དེ་བཞིན་ནུབ་ཀྱི་ཞིབ་འཇུག་པ་འགས[5]་ཁོང་གི་མཚན་སྙན་དར་བའི་སྐབས་ནི་སྤྱི་ལོ་༦༦༠་ཙམ་ཡིན་པ་དང་།  མཾཌན་མིཤྲ་དང་ཀུ་མཱ་རི་ལ་བྷ་བ་བྷཱུ་ཏི(༦༢༠-༦༨༠)གཉིས་ཁོང་གི་སློབ་མར་བཞེད་པས།  ཁོང་བྱོན་པའི་དུས་ནི་བརྒྱ་ཕྲག་བདུན་པའི་དཀྱིལ་ཙམ་དུ་བཞག་ན་འགྲིག་པར་འདོད་དོ།།

ཁོང་གི་བརྩམས་ཆོས།

 

ཛེེ་མི་ནིའི་དཔྱོད་པའི་མདོ་ཤཱ་བ་རའི་བཤད་པའི་འགྲེལ་བ།

१ श्लोकवार्तिक  ཚིགས་བཅད་རྣམ་འགྲེལ།  (ལེའུ་དང་བོའི་ཚིགས་རྐང་དང་བོའི་ཤཱ་བ་རིའི་བཤད་པའི་འགྲེལ་བ)

२ तंत्रवार्तिक རྒྱུད་རྣམ་འགྲེལ།  (ལེའུ་དང་བོའི་ཚིགས་རྐང་གཉིས་པ་ནས་ལེའུ་གསུམ་པ་བར་གྱི་འགྲེལ་བ)

३ टुप्टिका རྗེས་བསྔགས་ཀྱི་ཊི་ཀཱ  (མཐའ་མའི་ལེའུ་དགུ་བོའི་བསྡུས་འགྲེལ)

དེ་ཡང་གཞོན་ནུ་མ་ལེན་གྱི་སྐོར་ལ་བོད་རང་གྲགས་པ་གཉིས་ཙམ་མཇལ་བྱུང་སྟེ།  མཁས་དབང་དགེ་ཆོས་ཀྱི་གསེར་ཐང་དང་ཇོ་ནང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལ་ཇི་ལྟར་འབྱུང་བ་བཞིན་ལགས་ལ།  དཔེ་མང་ལྷོགས་མི་དགོས་པ་སོགས་ཀྱི་དགེ་བ་ལྷག་པར་ཆེ་བར་མཐོང་སྟེ། འདི་མ་ལུས་པར་བཀོད་ཡོད་ཅིང་།  བུ་སྟོན་ཆོས་འབྱུང་དུ་དེའི་སྐོར་གསུངས་པ་ཞལ་འཕངས་ནའང་།  དཔེ་མ་ཐོབ་པས་རེ་ཞིག་བསྐྱུར།

༡)  གསེར་ཐང[6]་ལས་བྱུང་བའི་གཞོན་ནུ་མ་ལེན་གྱི་སྐོར།

 

“དུས་འདི་ཙམ་ལས་མི་ཕྱི་བ་ཞིག་ལ་མུ་སྟེགས་ཀྱི་རྟོག་གེ་བ་ཆེན་པོ་ཀུ་མཱ་རི་ལའམ་གཞོན་ནུ་མ་ལེན་བྱ་བ་ཡང་བྱོན།  དེ་ཡང་འདིས་ཝཱ་རཱ་ཎ་སཱིའི་རྒྱལ་བོའི་བུ་མོ་ཆུང་མར་བླངས་པས་མིང་དེ་སྐད་གྲགས་སོ་སོགས་འགའ་ཞིག་གིས་ཟེར། ཡུལ་ཞིག་ན་རྒྱལ་བོའི་ཕོ་བྲང་དང་ཉེ་བར་རྩོད་རྔ་ཡོད་པ་དེ་བརྡུངས་ན་མུ་སྟེགས་པ་རྣམས་རྒོལ་བ་བྱེད་དུ་འོངས་པས་ནང་བའི་གཙུག་ལག་ཁང་དུ་ཁྲིད་ནས་རྒྱལ་བོ་དཔང་དུ་བཙུགས་ཏེ་རྩོད་པ་ཡིན།  འོན་ཀྱང་མུ་སྟེགས་བྱུང་ངོ་ཅོག་ཕམ་པར་བྱས་པས་རྒྱལ་བོའི་བཙུན་མོ་བྲམ་ཟེ་ལ་མོས་པ་དེ་མྱ་ངན་གྱིས་གཟིར་ནས་གཡོག་རྣམས་ལ་གལ་ཏེ་འགའ་ཞིག་རྩོད་རྔ་བརྡུང་དུ་འོངས་ན་ཐོག་མར་ང་ལ་སྦྲོན་ཅིག་ཅེས་སྨྲས་སོ།། དེར་ཀུ་མཱ་རི་ལ་རྟོག་གེ་ལ་བྱང་བར་སྦྱངས་ཏེ་སངས་རྒྱས་པ་རྣམས་དང་རྩོད་དུ བསླེབས་པས་རྔ་མ་བརྡུང་བ་ལ་གཡོག་པོས་བཙུན་མོར་སྦྲན། བཙུན་མོ་བསླེབས་ནས་ཁྱོད་ཅི་འདོད། ཤཱཀྱའི་དགེ་སྦྱོང་རྣམས་ཚར་གཅོད་པར་འདོད་དོ།། ཁྱོད་ནང་བའི་བསྟན་བཅོས་ལེགས་པར་སྦྱངས་སམ། མ་སྦྱངས་སོ།། འོ་ན་ཁྱོད་རྩོད་པར་མི་ནུས་ཀྱི་ཇེ་རབ་ཏུ་ཕྱུངས་ལ་སངས་རྒྱས་པའི་ལུགས་སློབ་ཅིག  དེ་རབ་ཏུ་བྱུང་སྟེ་ལོ་ཤས་སྡེ་སྣོད་ལ་སྦྱངས་ནས་ད་བྱ་བ་ཟིན་པས་འགྲོ་སྙམ་ཚེ།  སློབ་དཔོན་གྱི་ཞབས་ལ་ཕྱག་བྱེད་དུ་ཕྱིན་པས་དེའི་སྤྱི་བོ་ལ་དགེ་ཚུལ་ཞིག་གིས་སྣུམ་བྱུགས་ཏེ་བསྐུ་མཉེ་བྱས་པ་ན་ར་རོ་སྟེ་རིགས་པའི་གསང་ཚིག་རྣམས་ལབ་རྡོལ་དུ་སྨྲ་བ་དང་ཐུག་པས། བདག་གིས་གང་ཡང་མ་ཤེས་སོ་སྙམ་ནས་སླར་སློབ་དཔོན་གྱི་དྲུང་དུ་བསྡད་ཉིན་དགེ་ཚུལ་གཅིག་གཞན་དུ་སོང་ཤུལ་དུ་སྣུམ་འཁྱེར་ཏེ་ཕྱིན་ནས་བདག་གིས་མཁན་པོའི་དབུ་མཉེ་བར་བྱའོ།། མཉེ་ནས་ར་རོ་བ་དང་ཉིན་གཉིས་གསུམ་ལ་ཅི་ཡང་མི་སྨྲ། དེ་ནས་བཟུང་གསང་ཚིག་རྣམས་ལབ་བརྡོལ་དུ་སྨྲ། ལོ་གཅིག་བར་དེ་ལྟར་བྱས་པས་དེ་ནས་ཟློས་བུར་ལས་གསར་བ་ཅི་ཡང་མ་ཕྱུངས་པས་རྫོགས་པར་ཤེས་ཏེ། སླར་ཁྱིམ་དུ་ལོག མུ་སྟེགས་ཀྱི་རྒྱལ་མཚན་བླངས་ནས་འོངས་ཏེ་རྩོད་རྔ་བརྡུང་བ་ན་བཙུན་མོ་འོངས་ནས་ཁྱོད་ནང་བའི་ལུགས་ལེགས་པར་སྦྱངས་སམ། སྦྱངས་སོ།།  འོ་ན་ཁྱོད་གལ་ཏེ་རྩོད་པས་ཕམ་པར་བྱས་པ་དག་བདག་གི་རྗེས་སུ་འབྲང་དགོས་སྨྲས་ན་དགེ་སློང་འགའ་ཞིག་ལས་མི་འོངས་པས་སུ་ང་དང་ལྷན་དུ་རྩོད་མི་ནུས་པ་དེ་དག་ཀྱང་ལྟ་བ་འདི་ལ་འཇུག་དགོས་སོ་སྨྲོས་ཤིག་དང་རྒྱལ་བོ་དང་ཡུལ་འཁོར་ཡང་དབང་དུ་འགྱུར་རོ།། དེར་རྒོལ་བའི་དཀྱིལ་འཁོར་བཤམས་ཏེ་ཐོག་མར་དགེ་སློང་གཞོན་ནུ་རྣམས་ཚར་བཅད། དེ་ནས་སྔར་གྱི་སློབ་དཔོན་དང་ལོ་བཅུ་གཉིས་རྩོད་པས་ད་དུང་མ་རྫོགས་པས་དེ་ན་རེ། བདག་ཤིན་ཏུ་རྒས་ཤིང་མཚན་མོ་རྩོད་པ་ལ་བསམ། ཉིན་མོ་རྩོད་པས་བྲེལ་བས་མི་ལྕོགས་པ་ད་རྩོད་པ་མཇུག་སྡུད་པར་བྱའོ།།  འོ་ན་བདག་གི་རྗེས་སུ་ཞུགས་འཚལ། ཡང་ན་ནི་གཡང་ལ་མཆོངས་ཤིག  དེར་གནས་བརྟན་བདག་གཞོན་ནུ་ནས་ཆོས་འདི་ལ་ཞུགས་པས་ད་ཁྱོད་ཀྱི་རྗེས་སུ་འབྲངས་པར་མི་འདོད། རྩོད་པས་ཕམ་སྟེ་མུ་སྟེགས་མང་བོ་གཡང་ལ་ལྕེབས་སུ་བཅུག་པས་མཐོང་ཆོས་མྱོང་འགྱུར་གྱི་ལས་ཡིན་པས་གཡང་ལ་མཆོངས་པར་བྱེད་དོ་སྨྲས་ཏེ་མཆོངས་སྐད།  དེའི་རྗེས་སུ་རྒྱལ་བོ་ཡུལ་འཁོར་བཅས་པ་སངས་རྒྱས་པ་ལས་བསྒྱུར། དུས་ཕྱིས་ཤིག་ན་གཞོན་ནུ་མ་ལེན་སློབ་དཔོན་བསད་པའི་སྡིག་པ་སྦྱོང་ཕྱིར་ཏིལ་གྱི་ཕུབ་མའི་མེ་མ་མུར་གྱི་ནང་དུ་མཆོངས་ཏེ་འགྲེ་ལྡོག་བྱེད་བཞིན་གདུངས་པ་དྲག་པོ་བྱུང་སྟེ་རང་གིས་རང་བསད་སྐད།  གཏམ་རྒྱུད་འདི་བྲམ་ཟེ་བླ་མ་གསེར་རྒྱལ་གྱིས་སྔ་མོ་ཞིག་ལ་ཝཱ་རཱ་ཎ་སཱི་ནས་གཟིགས།   ཕྱིས་སུ་དཔེ་དེ་ཇི་ལྟར་རྩད་བཅད་ཀྱང་མ་རྙེད།   སངས་རྒྱས་པའི་དགོན་གནས་དང་སློབ་དཔོན་སོགས་ཀྱི་མིང་ཐོ་ལ་མ་བཀོད་པས་བརྗེད་དེ་མི་འདུག་ཟེར། གཞོན་ནུ་མ་ལེན་གྱི་ལོ་རྒྱུས་རྫུན་མ་ཡང་ཐོས་རྒྱུ་མི་འདུག་པས་འདི་ག་རང་སོར་བཀོད། ཆོས་ཀྱི་གྲགས་པ་དང་རྟ་དབྱངས་དང་ཨརྱཱ་དེ་ཝའི་ལོ་རྒྱུས་སོགས་ཕན་ཆུན་དཔེ་གབ་སྟེ་ཕྱི་མོ་གང་ཡིན་མི་ཤེས་པར་བྱས་པ་འདི་ཡང་དེ་འདྲའི་ནང་ནས་གཅིག་ཏུ་འདུག་པས་བདེན་རྫུན་དཔྱོད་པའི་རྟེན་རྙེད་དཀའ་མོད། མཚར་བསྐྱེད་པའི་ཕྱིར་དུ་བྲིས།  གཞན་དག་འདིའི་མིང་གཞོན་ནུ་རོལ་བ་བྱ་བར་བྱས་མོད། འགའ་ཞིག་གིས་ཝཱ་རཱ་ཎ་སཱིའི་རྒྱལ་བོའི་བུ་མོ་ཆུང་མར་བླངས་པས་གཞོན་ནུ་མ་ལེན་པར་གྲགས་ཞེས་ཟེར།   འདི་མུ་སྟེགས་དཔྱོད་པ་བའི་སློབ་དཔོན་ཡིན་ཞིང་། ཞི་བ་འཚོས་ཏཏྟྭསཾགྲཧ[7]་ཡང་གཙོ་བོར་འདི་དགག་པའི་ཕྱིར་དུ་ཡིན་ཟེར་ལ། དུས་ཀྱང་ཞི་འཚོའི་སྟོད་ཙ་ན་ཡིན།” ཞེས་འདོན་པ་ཡིན།

གསུང་མཁན་སུ་ཡིན་ནམ?  དེ་ཡང་གསེར་ཐང་གི་ལྡེབས་༣༠ཙམ་ལ།  “ཧེམ་ར་ཛ་དེ་ལོ་བདུན་ཅུ་ཙམ་བསླེབས་པ་མགོ་བོ་དུང་ལྟར་དཀར་ཞིང་ཚན་རིག་གསུས་ཁྱིམ་ཆེ་བ་ལེགས་སྦྱར་གྱི་ཚིགས་བཅད་རྣམས་གདངས་འདར་འདུར་དང་བཅས་པ་སྐྱོར་ཚེ་ཡིད་གཡོ་བར་ནུས་པ་ཞིག་འདུག  པཎྜིཏའི་གཡོག་པོ་མི་ཕལ་བ་འདི་ལྟ་བུའི་ཁ་ན་ཡང་རྣམ་འགྲེལ་འདུག་པས་བོད་ཀྱི་མཁས་པ་དངོས་མ་ཞིག་མཇལ་ན་ཅི་འདྲ་བ་ཞིག་ཡིན་ནའང་ཞེས་སྨྲ་ཡིན་འདུག་ཟེར།  འདིས་གསུངས་པའི་གཞོན་ནུ་མ་ལེན་གྱི་ལོ་རྒྱུས་ཟུར་དུ་ཡོད། རྣམ་འགྲེལ་ལ་བལྟས་ནས་གཞོན་ནུ་མ་ལེན་གྱི་གཞུང་གི་གནད་མང་བོ་གོ་ཟེར།” ཞེས་པ་ལས་གཞོན་ནུ་མ་ལེན་གྱི་ལོ་རྒྱུས་འདི་དངོས་སུ་གསུང་མཁན་ནི་སྐབས་དེའི་བལ་རྒྱལ་གྱི་མདུན་ན་འདོན་ཧེམ་རཛ་སྟེ་བོད་སྐད་དུ་གསེར་རྒྱལ་བྱ་བ་དེས་གསུངས་པར་བཤད་དོ།།

༢)  ཏཱ་ར་ནཱ་ཐའི་ཆོས་འབྱུང[8]་ལས་བྱུང་བའི་གཞོན་ནུ་མ་ལེན་གྱི་སྐོར།

 

“དེ་ནས་སློབ་དཔོན་གྱིས་མུ་སྟེགས་ཀྱི་གྲུབ་མཐའི་གསང་ཚིག་སློབ་པར་བཞེད་ནས། ཁོལ་བོའི་ཆ་ལུགས་སུ་བརྫུས་ཏེ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན། མུ་སྟེགས་ཀྱི་གྲུབ་མཐའ་ལ་སུ་མཁས་དྲིས་པས། གྲུབ་མཐའ་ཐམས་ཅད་ལ་མཁས་པ་འགྲན་གྱོ་དོ་མེད་བྲམ་ཟེ་གཞོན་ནུ་རོལ་བ་ཡིན་ཟེར།   འདི་ལ་བོད་ན་གཞོན་ནུ་མ་ལེན་ཟེར་བ་ནི། ཀུ་མཱ་ར་ལཱི་ལ[9]་ཞེས་པ་བསྒྱུར་མ་ཤེས་པའམ།  ཡི་གེ་ནོར་བ་ལས་བསྒྱུར་བའི་སྐྱོན་ནོ།། ཆོས་ཀྱི་གྲགས་པའི་ཞང་བོ་ཡིན་ཟེར་ནའང་རྒྱ་གར་ན་ཡེ་མ་གྲགས། གྲུབ་མཐའི་གསང་ཚིག་བརྐུ་བའི་ཚེ། བྲམ་ཟེའི་ཆུང་མའི་རྐང་བའི་སྲིན་མཛུབ་ལ་ཐ་གུ་བཏགས་པ་སོགས་ཀྱི་ལོ་རྒྱུས་འཆད་པ་ཡང་རྒྱ་གར་པ་ལ་མ་གྲགས་ཤིང་། བདེན་བདེན་ཡང་མི་འདྲ་བ་ཞིག་གོ། དེར་གཞོན་ནུ་རོལ་བ་དེ་རྒྱལ་བོ་ལས་མངའ་ཐང་ཆེན་པོ་ཐོབ་སྟེ། འབྲས་སཱ་ལུའི་ཞིང་ཕུན་སུམ་ཚོགས་པ་དང་། བ་ལང་དང་མ་ཧེ་མང་བོ་དང་ལྡན་པ། བྲན་ཕོ་ལྔ་བརྒྱ་དང་། བྲན་མོ་ལྔ་བརྒྱ་དང་། ཞོ་ཤས་འཚོ་བ་མང་བོ་དང་བཅས་པ་ཡིན་པས། སློབ་དཔོན་གྱིས་ཀྱང་དེར་ཕྱི་ནང་གི་ལས་ཐམས་ཅད་ལ་བྲན་ཕོ་ལྔ་བཅུ་བྲན་མོ་ལྔ་བཅུའི་ལས་སློབ་དཔོན་གཅིག་པུས་གྲུབ་པ་ན།  གཞོན་ནུ་རོལ་བ་ཆུང་མར་བཅས་པ་ཤིན་ཏུ་དགའོ།།  ཁྱོད་ཅི་འདོད་ཟེར་བ་ལས། གྲུབ་མཐའ་ཉན་པར་འཚལ་ལོ་བྱས་པས།  གཞོན་ནུ་རོལ་བ་སློབ་མ་ལ་རིག་པ་སྟོན་པ་རྣམས་ཀྱང་ཉན། གསང་ཚིག་བུ་དང་ཆུང་མ་མ་གཏོགས་གཞན་ལ་མི་སྟོན་པ་འགའ་ཞིག་ཡོད་པ་རྣམས་ལས་ཀྱི་བྱ་བས་དེའི་བུ་དང་ཆུང་མ་མགུ་བར་བྱས་ཏེ།  དེ་རྣམས་ལ་དྲིས་པས་ཤེས་སོ།། དེར་གྲུབ་མཐའི་གནད་ཐམས་ཅད་ཤེས།  ཇི་ལྟར་འགོག་པའི་ཚུལ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་གྱུར་བ་དེའི་ཚེ། སློབ་མ་གཞན་རྣམས་ལ་ཇི་ལྟར་རིག་པ་སློབ་པའི་ཡོན་རྣམས་ལ་སློབ་དཔོན་གྱིས་རྣམ་པར་བརྟགས་སོ།། དེར་རིག་པ་གསར་དུ་ཤེས་པ་དང་ཡོན་རྣམས་ཡོངས་སུ་བརྩིས་ཏེ། བྲམ་ཟེ་ནོར་ལ་སྲེད་པས་ཡོན་མ་བྱིན་ན་ཉེས་པར་འགྱུར་རོ་སྙམ་ནས།  དེ་ཉིད་ཀྱིས་བྱིན་པའི་ལག་གི་གླ་དངུལ་པ་ཎ་ལྔ་བརྒྱ་ཞིག་ཡོད་པདང་། ཕྱོགས་དེ་ན་གནས་པའི་གནོད་སྦྱིན་ཞིག་ལས་ཀྱང་གསེར་གྱི་དོང་ཙེ་བདུན་སྟོང་བླངས། གསེར་རྣམས་གཞོན་ནུ་རོལ་བ་ལ་བྱིན།  དངུལ་གྱིས་བྲམ་ཟེ་རྣམས་ལ་སྟོན་མོ་ཆེར་བྱས་ཏེ། དེའི་ནུབ་མོ་ཉིད་བྲོས་ནས་བྱོན་ནོ།།  དེར་ཀུ་ཀ་གུ་ཧྱ་བྱ་བའི་ཚོང་འདུས་ཆེན་པོ་ཕོ་བྲང་དང་བཅས་པ་ཞིག་ཡོད་པ་ལ།   རྒྱལ་བོ་དྲུཿམ་རི་པུ་བྱ་བ་ཡོད་པའི་སར་སྒོ་ཡིག་བཏབ་སྟེ་རྩོད་པར་འདོད་པ་སུ་ཡོད་བྱས་པས། གཟེགས་ཟན་གྱི་གྲུབ་མཐའ་འཛིན་པ་ལྔ་བརྒྱ་ཙམ་འདུས་ནས་ཟླ་བ་གསུམ་དུ་བརྩད་པས། རིམ་གྱིས་ལྔ་བརྒྱ་བོ་ཐམས་ཅད་སུན་ཕྱུང་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག  རྒྱལ་བོས་དབང་བསྒྱུར་ཏེ།  དེ་དག་གི་ནང་ན་བྲམ་ཟེ་ལོངས་སྤྱོད་དང་ལྡན་པ་ལྔ་བཅུ་ཙམ་གྱིས་ནང་བའི་ཆོས་གཞི་རེ་རེ་འཛུགས་སུ་བཅུག   གཏམ་དེ་གཞོན་ནུ་རོལ་བས་ཐོས་ནས་ཤིན་ཏུ་ཁྲོས་ཏེ།  རང་ཉིད་བྲམ་ཟེ་ལྔ་བརྒྱ་དང་བཅས་པ་རྩོད་པར་འོངས།  གལ་ཏེ་ཁོ་བོ་རྒྱལ་ན་ཆོས་ཀྱི་གྲགས་པ་སོད་ཅིག   གལ་ཏེ་ཆོས་ཀྱི་གྲགས་པ་རྒྱལ་ན་ང་སོད་ཅིག་ཅེས་རྒྱལ་བོ་ལ་བསྒོས་པས།  སློབ་དཔོན་གྱིས་གལ་ཏེ་གཞོན་ནུ་རོལ་བ་རྒྱལ་ན་བདག་མུ་སྟེགས་ལ་འཇུག་གམ། གསོད་དམ། བརྡེག་གམ་འཆིང་བ་ནི་རྒྱལ་བོ་ཉིད་ཀྱིས་ཤེས་སོ།།  གལ་ཏེ་བདག་རྒྱལ་བར་གྱུར་ན་གཞོན་ནུ་རོལ་བ་གསོད་དུ་མི་འཚལ་ཏེ།  འོན་ཀྱང་འདི་ཉིད་སངས་རྒྱས་ཀྱི་བསྟན་པ་ལ་གཞུག་པར་བྱའོ་གསུང་།  དེར་བསྟན་པ་དཔང་དུ་བཙུགས་ནས་བརྩད་པས།  གཞོན་ནུ་རོལ་བའི་ཐུན་མོང་མ་ཡིན་པའི་དམ་བཅའ་ལྔ་བརྒྱ་ཡོད་པ་ཐམས་ཅད་རེ་རེ་ནས་རིག་པའི་རྣམ་གྲངས་བརྒྱ་བརྒྱས་སུན་ཕྱུང་།  དེར་གཞོན་ནུ་རོལ་བས་ཀྱང་ནང་བ་མཆོད་པར་བྱས་ཤིང་།  བྲམ་ཟེ་ལྔ་བརྒྱ་བོ་དེ་རྣམས་སངས་རྒྱས་ཀྱི་བསྟན་པ་ཁོ་ན་རིགས་པར་ཤེས་ནས་སངས་རྒྱས་ཀྱི་བསྟན་པར་རབ་ཏུ་བྱུང་ངོ་།།” ཞེས་འདོན་པ་ཡིན།

དཔྱོད་པ་བ་གཞོན་ནུ་མ་ལེན་གྱི་ལྟ་བ།[10]

 

གཞོན་ནུ་མ་ལེན་གྱི་ལུགས་ནི་གཙོ་བོར་དབྱེ་བ་གསུམ་དུ་བྱེད་ཆོག་སྟེ།   ཤེས་པ་དཔྱོད་པ་དང་།  དེ་ཉིད་དཔྱོད་པ། དེ་བཞིན་སྤྱོད་པ་དཔྱོད་པ་གསུམ་མོ།།  ཤེས་པའི་ངོ་བོ་དང་དེའི་སྒྲུབ་བྱེད་ཀྱི་སྐོར་ལ་གཞོན་ནུ་མ་ལེན་གྱིས་དཔྱད་པ་ལྷུག་པར་མཛད་ཡོད་ཅིང་།  ཇི་ལྟ་བའི་ཤེས་པའམ་ཡང་ན་ཚད་མའི་ངོ་བོ་ཇི་ལྟ་བུ་ཞེ་ན།  སྔར་མ་ཤེས་པའམ་བདེན་པའི་དངོས་པོ་ཤེས་པ་ལ་ཚད་དུ་འཇོག་ཅིང་།  ཤེས་པ་འདི་ནི་ཤེས་པ་གཞན་གང་གིས་ཀྱང་སྒྲིབ་པར་མི་ནུས་པ་ཞིག་དང་དེ་རྒྱུ་སྐྱོན་མེད་པ་ལ་བརྟེན་ནས་སྐྱེ་བར་འདོད་དོ།། སྒྲུབ་བྱེད་གང་ལ་བརྟེན་ནས་ཚད་དམ་ཇི་ལྟ་བུའི་ཤེས་པ་དེ་རྟོགས་པར་བྱེད་པ་དེ་ལ་ཚད་མ་ཟེར་ཞིང་།    ཚད་མར་དབྱེ[11]་ན།  མངོན་སུམ་དང་རྗེས་དཔག  དཔེ་ཉེར་འཇལ།  སྒྲ་དང་དོན་རྟེན་ཅན།  མ་ཐོབ་པ་བཅས་དྲུག་ཏུ་འདོད།   དེ་བཞིན་དུ་གཉིས་མེད་སྨྲ་བའི་རིག་བྱེད་མཐའ་བས་ཀྱང་ཚད་མ་འདི་དྲུག་འདོད་པ་ཡིན།  གཞོན་ནུ་མ་ལེན་ལྟར་ན་ཤེས་པའི་ཚད་མ་ཉིད་དང་བདེན་པ་ཉིད་ཀྱི་ངེས་ཤེས་ནི་དེ་སྐྱེ་བ་དང་མཉམ་དུ་འབྱུང་བར་འདོད་ཅིང་།   ནམ་ཆོས་གང་ཞིག་འཛིན་པའི་དུས་དེ་མ་ཉིད་དུ་དེའི་བདེན་པ་ཉིད་ཀྱང་རྟོགས་པར་འགྱུར་བར་འདོད།    དེའི་བདེན་པ་ཉིད་སྒྲུབ་པའི་ཕྱིར་ཚད་མ་གཞན་ངེས་པར་མི་དགོས་ནའང་།  ཤེས་པ་དེའི་བདེན་པ་མ་ཡིན་པ་ཉིད་དང་ཚད་མ་ཡིན་པ་ཉིད་ནམ་ཞིག་རྟོགས་པར་འགྱུར་ཞེ་ན།  ནམ་རྗེས་སུ་དངོས་པོའི་གནས་ལུགས་ཀྱི་ངོ་བོ་དང་འགལ་བ་མཐོང་བ་དང་ཡང་ན་དེ་བསྐྱེད་པའི་རྒྱུ་ལ་སྐྱོན་མཐོང་བའི་ཚེ་རྟོགས་པར་བཤད་པས།  དཔྱོད་པ་བས་ཤེས་པ་ནི་རང་བྱུང་ཚད་མ་འདོད་པ་ཡིན།   དཔྱོད་པ་བའི་ལུགས་སུ་ཚད་མ་རང་ལས་བྱུང་བ་དང་ཚད་མིན་གཞན་ལས་འབྱུང་བར་འདོད་ཅིང་། གཞོན་ནུ་མ་ལེན་དང་འོད་ཟེར་འབྱུང་གནས[12]་གཉིས་ཀས་འདི་ཁས་ལེན་པའོ།། དཔྱོད་པ་བའི་ལུགས་སུ་ཕྱི་དོན་མི་འདོད་ཅིང་།  འཁོར་བ་ནི་གཉིས་མེད་སྨྲ་བའི་རིག་བྱེད་མཐའ་བ་དང་དེ་བཞིན་ནང་བའི་ཐེག་ཆེན་གྱི་ལྟ་བ་ལྟར་དུ་རྫུན་པར་འདོད་པ་ཡིན།   འཁོར་བ་བདེན་ཞིང་།  འཁོར་བ་དང་ཕྱི་དོན་ནི་ཡིད་ལས་རང་དབང་དུ་ཡོད་པར་འདོད། དེ་ལ་ཕྱི་དོན་ནི་ལྔ་སྟེ།  རྫས་དང་།  ཡོན་ཏན།  ལས།  སྤྱི་དང་དེ་བཞིན་དངོས་མེད་བཅས་སུ་ཕྱེ་ཞིང་།  དེ་དག་ཀྱང་དངོས་པོ་དང་དངོས་མེད་བྱ་བའི་དབྱེ་སྒོ་གཉིས་སུ་བསྡུ་བ་སྟེ།  དང་བོ་བཞི་དངོས་པོའི་ཕྱི་དོན་ཟེར།  དངོས་མེད་ནི་བྱེ་བྲག་པ་ལྟར་སྔར་ནས་མེད་པ།   ཞིག་ནས་མེད་པ།  ཤིན་ཏུ་མེད་པ།  ཕན་ཚུན་མེད་པ་བཅས་བཞི་རུ་འདོད་པའོ།།  དེ་ཡང་རྫས་ནི་གང་ལ་ཡོན་ཏན་ཡོད་པའོ།།  གཞོན་ནུ་མ་ལེན་ལྟར་ན་རྫས་ལ་རྣམ་པ་བཅུ་གཅིག་སྟེ།   ས།  ཆུ།  རླུང་།  མཁའ།  བདག  ཡིད།  དྲི་མ།  ཕྱོགས།  མུན་པ་དང་སྒྲ་བཅས་སོ།།   དེ་དག་ལས་དང་བོ་དགུ་ནི་བྱེ་བྲག་པའི་རྗེས་ཟློས་ཙམ་དང་།   ཁོ་ལྟར་ན་མུན་པ་དང་སྒྲ་གཉིས་ཀྱང་རྫས་ཀྱི་ཁོངས་སུ་འཇོག་པ་ཡིན། ཡོན་ཏན་གྱི་སྐོར་ནས་གཞོན་ནུ་མ་ལེན་ལ་རབ་བསྟན་ཞབས[13]་ཀྱི་ཤན་ངེས་ཅན་ཞིག་ཐེབས་ཡོད་པ་སྟེ།  རབ་བསྟན་ཞབས་བཞིན་དུ་ཡོན་ཏན་༢༤འདོད་པ་ཡིན་ལ།  དེ་དག་ནི་གཟུགས།  རོ།  དྲི།  རེག་པ།  གྲངས། འབྲས་བུ།  སོ་སོ་ཉིད།  སྦྱོར་བ།  རྣམ་དབྱེ།  གཞན་ཉིད།   གཞན་མ་ཡིན་པ་ཉིད།  ལྕི་བ་ཉིད།  གཤེར་བ་ཉིད།  ཆགས་པ།  ཤེས་པ།  འདོད་པ། ཁྲོ་བ། རྩོལ་བ།  བདེ་བ།  སྡུག་བསྔལ།  འདུ་བྱེད།  སྒྲ།  མངོན་བྱུང་དང་ནུས་པ་བཅས་སོ།།  དེ་དག་ལས་རབ་བསྟན་ཞབས་ཀྱི་ཤབྡ་སྟེ་སྒྲ་ཞེས་པའི་ཚབ་ཏུ་དྷྭནི་བྱ་བའི་སྒྲ་དང་།  དེ་བཞིན་ཆོས་དང་ཆོས་མིན་ཞེས་པའི་ཚབ་ཏུ་མངོན་བྱུང་དང་ནུས་པ་བཞག་གོ།

ལས་ལ་ཡང་བྱེ་བྲག་པ་ལྟར་དུ་དབྱེ་བ་ལྔ་འཇོག་པ་སྟེ།  ཕབ་པ[14]་དང་།  འདེགས་པ[15]།   བསྐུམས་པ[16]།  བརྐྱངས་པ[17]།  འགྲོ་བ[18]་བཅས་སོ།།  འོད་ཟེར་འབྱུང་གནས་ལྟར་ན་ལས་ནི་རྗེས་སུ་དཔག་པའི་ཡུལ་ཡིན་པར་འདོད་ནའང་།  གཞོན་ནུ་མ་ལེན་གྱིས་དེ་མངོན་སུམ་གྱི་ཡིན་པར་བཤད་ལ།  སྤྱི་ནི་གཉིས་ཀས་བདེན་པར་བཞེད།    ཁོ་གཉིས་ཀའི་འདོད་ཚུལ་ལྟར་ན་སྤྱི་དེ་དབང་ཤེས་ཀྱིས་མངོན་སུམ་དུ་འཛིན་པར་འདོད་པ་འདི་ནང་བ་དང་འགལ་བ་ལྟག་སྤྲོད་དུ་སོང་བ་སྟེ།   ནང་བས་སྤྱི་གཞི་གྲུབ་ཏུ་ཁས་མི་འཆེས་པའི་ཕྱིར་རོ།། གཞོན་ནུ་མ་ལེན་གྱིས་འཁོར་བ་ནི་སྐྱེ་བ་དང་གནས་པ་གང་དུ་མི་འདོད་དེ་འཁོར་བར་ཆོས་ཐམས་ཅད་སྐྱེ་བ་དང་དེ་བཞིན་འཇིག་པ་ནི་ནམ་ཡང་འབྱུང་བའི་ཕྱིར།  སེམས་ཅན་སྐྱེ་བ་དང་འཆི་བ་ནི་ནམ་ཡང་འབྱུང་ནའང་འཁོར་བ་ཐམས་ཅད་ནི་སྐྱེ་བར་མི་འགྱུར་ལ།  འཇིག་པར་ཡང་མི་འགྱུར་རོ་ཟེར་ཞིང་།  རིགས་པ་ཅན་པ་ལྟར་དབང་ཕྱུག་འཇིག་རྟེན་བྱེད་པོར་མི་འདོད་པར་མ་ཟད།   གཏན་ཚིགས་དུ་མས་དབང་ཕྱུག་འཇིག་རྟེན་གྱི་རྒྱུ་ཡིན་པར་འདོད་ན་རིགས་པ་དང་མི་མཐུན་ཚུལ་བསྒྲུབས་ཡོད་དོ།།  དེ་ཡང་བདག་གི་འདོད་ཚུལ་ལ།   བདག་ནི་རྟག་པའི་རྫས་ཤིག་དང་།  གཙོ་བོ་དང་ཁྱབ་པ།  ལས་བྱེད་པོ་དང་དེ་བཞིན་ལས་ཀྱི་འབྲས་བུ་མྱོང་བ་བོ་གཉིས་ཀར་འདོད།     བདག་དེ་ལུས་དང་དབང་བོ།  ཡིད་དང་དེ་བཞིན་བློ་ལས་གཞན་ཡིན་ལ།    རྣམ་ཤེས་ཀྱི་རྒྱུན་ཙམ་དུ་མི་འདོད་དོ།།    གཞོན་ནུ་མ་ལེན་གྱིས་ནང་བ་བདག་མེད་སྨྲ་བ་དང་དེ་བཞིན་དུ་རྣམ་ཤེས་ཀྱི་རྒྱུན་གྱི་གྲུབ་མཐའ་འཛིན་མཁན་དག་ལ་རིགས་པ་སྟོབས་དང་ལྡན་པ་དག་གིས་བརྒལ་ལོ།།  ཁོ་ལྟར་ན་བདག་གི་ཡོད་པ་ནི་མྱོང་བ་དང་དྲན་པ་ལ་སོགས་པ་བརྒྱུད་དེ་བརྗོད་དུ་མེད་ཅིང་།  དེ་ཡོངས་སུ་སྨིན་པ་ཅན་དང་རྟག་པར་འདོད་དོ།།     བདག་ལ་སེམས་ཀྱི་ཆ་ཞིག་དང་བེམ་པོའི་ཆ་ཞིག་ཡོད་པར་འདོད་ཅིང་།  སེམས་ཀྱི་ཆ་ལས་ཆོས་རྣམས་འཛིན་པར་བྱེད་པ་དང་།  བེམ་པོའི་ཆ་དེ་ནི་ཤེས་པ་དང་།  བདེ་སྡུག  འདོད་པ་དང་རྩོལ་བ་ལ་སོགས་པའི་ཚུལ་གྱི་ཡོན་ཏན་ཁྱད་པར་ཅན་ཏེ།    དཔེར་ན་དབང་བོ་ཡུལ་དང་འཕྲད་པ་ལྟ་བུའི་གནས་སྐབས་ཁྱད་པར་ཅན་བྱུང་བའི་ཚེ་སྐྱེ་བར་འགྱུར་བ་གང་དེའོ།། ལེགས་པར་མནལ་བ[19]་དང་ཐར་བའི་གནས་སྐབས་སུ་བདག་ལ་སེམས་མེད་པ་དང་།བདག་ནི་ཡུལ་འཇལ་བྱེད་ཀྱི་ཤེས་པ་དང་གཞལ་བྱའི་ཡུལ་གཉིས་ཀར་འདོད་ཅིང་།   རིག་བྱེད་ཀྱི་ངག་སྟེ། བདག་ནི་ཚངས་པའོ།།  ཞེས་པའི་སྐབས་སུ་འབྱུང་བའི་རིག་བྱེད་ཀྱི་ངག་ཆེན་པོ་བཞི་བཤད་པར་བྱའོ།།

རིག་བྱེད་ཀྱི་ངག་ཆེན་པོ།

རིམ་པ། ངག དོན། ཉེར་གུས་ཀྱི་གཞུང་། རིག་བྱེད།
1 प्रज्ञानं ब्रह्म ཤེས་རབ་ནི་ཚངས་པའོ།།  ཨེཏརེཡ། ལྔ་བ། ༣ ངེས་བརྗོད་རིག་བྱེད།
2. अहं ब्रह्मास्म བདག་ནི་ཚངས་པའོ།།  ནགས་ལྡན།  དང་བོ། ༤།༡༠ མཆོད་སྦྱིན་རིག་བྱེད།
3. तत्त्वमसि དེ་ཁྱོད་ཉིད་དོ།།  ཚནྡོགྱོཔནིཥད།   དྲུག་པ།  ༨།༧ སྙན་ཚིག་རིག་བྱེད།
4. अयमात्मा ब्रह्म  བདག་འདི་ཚངས་པའོ།། མཱཎྜཱུཀྱ ཨུ་པ་ནི་ཥ་ད།  ༢
སྲིད་སྲུང་རིག་བྱེད། 

 

རིག་བྱེད་དུ་བསྟན་པའི་ལས་རྣམ་པ་གསུམ་སྟེ།  འདོད་པའི་རྒྱུ་མཚན་ཅན་གྱི་ལས་དང་། འགོག་པའི་རྒྱུ་མཚན་ཅན།  རྟག་ཏུ་བའི་རྒྱུ་མཚན་ཅན་གྱི་ལས་གསུམ་མོ།།  དེ་ཡང་འདོད་པའི་རྒྱུ་མཚན་ཅན་ནི་མངོན་པར་འདོད་པའི་དོན་གང་ཞིག་འགྲུབ་པའི་ཆེད་དུ་བྱེད་པ་ཞིག་སྟེ།  མཐོ་རིས་འདོད་པའི་གང་ཟག་གིས་མཆོད་སྦྱིན་བྱེད་པ་ལྟ་བུའོ།།   འགོག་པའི་རྒྱུ་མཚན་ཅན་ནི་རིག་བྱེད་རྣམས་སུ་བྱེད་དུ་མ་གནང་བའི་རིགས་སུ་གྱུར་བའོ།།   རྟག་ཏུ་བའི་ལས་ནི་ལས་གང་ཞིག་ཉིན་རེ་བཞིན་ངེས་པར་བྱེད་དགོས་པ་རྣམས་ཏེ།  དཔེར་ན་མཚམས་ཀྱི་མཆོད་པ་ལ་སོགས་པ་ལྟ་བུའོ།།   སྐྱེས་བུས་ལས་དགེ་སྡིག་གང་ཞིག་བྱས་ཀྱང་དེའི་རྣམ་སྨིན་ངེས་པར་ཐོབ་པར་བཤད་ཅིང་།  ད་ལྟར་གྱི་མཆོད་སྦྱིན་ལ་སོགས་པའི་རྣམ་སྨིན་ནི་མ་འོངས་པ་དང་ལན་གྲངས་གཞན་དུ་ཇི་ལྟར་མྱོང་བར་འགྱུར་ཞེ་ན།   དེ་རྟོགས་པའི་ཕྱིར་དཔྱོད་པ་བ་དག་སྔོན་མེད[20]་བྱ་བ་ཞིག་འཆད་ཅིང་།  ཨཔཱུརྦ་སྟེ་སྔོན་མེད་ནི་མཐོང་མི་ཐུབ་པའི་ནུས་པ་ཞིག་སྟེ།  ལས་གང་ཡང་རུང་བ་ཞིག་བྱེད་པ་ན་སྐྱེ་བར་འགྱུར་བ་ཞིག་གོ།     དེ་ཡང་སྔོན་མེད་ཀྱི་རྐྱེན་གྱིས་བདག་ལ་རང་གི་ལས་དང་རྗེས་སུ་མཐུན་པའི་འབྲས་བུ་མྱོང་དུ་འཇུག་ཅིང་།  དེ་ནི་ལས་དང་འབྲས་བུའི་བར་གྱི་མི་མཐོང་བའི་ལྕགས་ཐག་ཅིག་ཏུ་བཞེད་དོ།།

གཞོན་ནུ་མ་ལེན་གྱི་ལུགས་སུ་རིག་བྱེད་མཐའ་བ་ལ་ཐོས་བསམ་བྱས་པ་ནི་ཐར་བ་ཐོབ་པའི་གྲོགས་སུ་འགྱུར་བར་བཤད་ཅིང་།  ཐར་བའི་གནས་སྐབས་སུ་བདག་ནི་ལུས་དང་། དབང་བོ་དང་།  བློ་དང་དེ་བཞིན་འཁོར་བ་སོགས་ཐམས་ཅད་ལ་དུས་གཏན་དུ་འབྲེལ་བ་ཡོངས་སུ་ཆད་པར་འགྱུར་ཞིང་།  བདག་སྡུག་བསྔལ་ལས་ཡོངས་སུ་རྫོགས་པའི་ཐར་བ་ཐོབ་པའི་ཚེ་བདེ་བའང་མྱོང་བར་མི་འགྱུར་ཏེ།  དེ་ནི་ཡོངས་སུ་རྫོགས་པའི་ཐར་བའི་གནས་ཡིན་པའི་ཕྱིར།   ཐར་བ་ཐོབ་པའི་སླད་དུ་སྐྱེས་བུས་འདོད་པའི་རྒྱུ་མཚན་ཅན་གྱི་ལས་དང་མ་གནང་བའི་རྒྱུ་མཚན་ཅན་གྱི་ལས་ཐམས་ཅད་སྤང་བར་བྱེད་དགོས་ཀྱི།   རྟག་ཏུ་བའི་རྒྱུ་མཚན་ཅན་གྱི་ལས་ནི་ཕུན་སུམ་ཚོགས་པར་གདོན་མི་ཟ་བར་སྤྱོད་དགོས་སོ་གསུངས་སོ།།

དཔྱོད་པ་བའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་ཉུང་ངུར་བསྡུས་པ་རྫོགས་སོ།།

བཀྲ་ཤིས!

ཞབས་མཆན།

[1] https://www.britannica.com/biography/Kumarila

[2] https://sa.wikipedia.org/wiki/कुमारिलभट्टः

[3] https://hi.wikipedia.org/wiki/कुमारिल_भट्ट

[4] ཏཱ་རཱ་ནཱ་ཐ།  རྒྱ་གར་ཆོས་འབྱུང་།    ལྡེབས།   ༡༦༧  ཤེས་རིག་དཔར་མ།

[5] https://plato.stanford.edu/entries/kumaarila/

[6] དགེ་འདུན་ཆོས་འཕེལ།   རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།   གསུང་འབུམ།   སྟོད་ཆ།  ཟི་་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣ལོར།  དཔར་ཐེངས་གསུམ་པ།   ལྡེབས།  ༢༦༧

[7] དེ་ཁོ་ན་ཉིད།

[8]  ཏཱ་རཱ་ནཱ་ཐ།  དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།།     ལྡེབས།   ༡༨༣  ཤེས་རིག་དཔར་མ།

[9] རྒྱ་གར་ལ་ཀུ་མཱ་རི་ལ་བྷ་ཊྚ་སྟེ་གཞོན་ནུ་མ་ལེན་རང་དུ་གྲགས་པ་ཡིན།

[10] https://hi.wikipedia.org/wiki/कुमारिल_भट्ट

[11]  1, Pratyakṣa (प्रत्यक्षाय) – perception, 2, Anumāṇa (अनुमान) – inference, 3, Upamāṇa (उपमान) – comparison, analogy, 4, Arthāpatti (अर्थापत्ति) – postulation, derivation from circumstances, 5, Anupalabdi (अनुपलब्धि) – non-perception, negative/cognitive proof, 6, Śabda (शब्द) – relying on word, testimony of past or present reliable experts

[12]  प्रभाकर  རབ་གསལ་འབྱུང་གནས་ཏེ།  གཞོན་ནུ་མ་ལེན་གྱི་རྗེས་འཇུག

[13] प्रशस्तपाद, རབ་བསྟན་ཞབས་ཏེ།  གནའ་བོའི་འཕགས་ཡུལ་གྱི་རྟོག་གེ་བ་ཞིག།  ཁོང་གིས་ཕྱི་དོན་གྱི་ཆོས་བསྡུས་པ་བྱ་བ་དང་དེ་བཞིན་རབ་བསྟན་ཞབས་ཀྱི་བཤད་པ་བྱ་བའི་གླེགས་བམ་གཉིས་མཛད་དོ།།

[14] उन्क्षेपण ཕབ་པ།

[15] अपक्षेपण འདེགས་པ།

[16] आकुंचन  བསྐུམས་པ།

[17] प्रसारण བརྐྱངས་པ།

[18] गमन  འགྲོ་བ།

[19]  सुषुप्ति  ལེགས་པར་མནལ་བ།

[20] अपूर्व  ཨཔཱུརྦ   སྔོན་མེད།  བླ་མེད།

广告位招租