སྔ་མ་སྔ་མའི་ཤེས་རབ་ཀྱི་གསོག་འཇོག་ལ་བརྟེན་ནས་སོ་སོར་ཕན་བདེ་བསྒྲུབ་ཤེས་མཁན་ལ་སྨྲ་ཤེས་དོན་གོ་བའི་མི་མ་གཏོགས་འགྲོ་བ་གཞན་ཞིག་བསྟན་དུ་མེད། དེ་ལྟར་ཡང་། རྒྱ་མཚོའི་འགྲམ་དུ་སྐོམ་གྲིར་ཤི་བའི་དཔེ་ལྟར། ཤེས་རབ་ཀྱི་བང་མཛོད་བེད་སྤྱོད་མ་ནུས་པས། མ་གཞིར་བློ་རིག་ལྡན་པའི་གང་ཟག་ཅིག་གི་སྐྱེ་བ་བླངས་ཡོད་རུང་། རྩ་ཆེ་བའི་རྩིས་ཐང་ཚུན་ཆད་ཤོར་ཏེ་མི་ཚེ་དབུལ་སྡུག་ལ་སྐྱེལ་མཁན་ག་ས་གར་མཐོང་དུ་ཡོད། དེ་ལས། མི་ཞིག་གི་མི་ཚེའི་ནང་། སློབ་སྦྱོང་གི་ལམ་ནས་ཤེས་རབ་དང་ཡོན་ཏན་དོན་དུ་གཉེར་རྒྱུ་ཤིན་ཏུ་གལ་ཆེན་ཡིན་ཚུལ་མཐོང་ཐུབ། ཇི་ལྟར་ཤེས་ཡོན་དོན་དུ་གཉེར་བ་ལ་དམའ་ས་ནས་མཐོ་སར་འཕགས་པའི་རིམ་པ་བཞི་ཡོད།

དེ་ཡང་། རིམ་པ་དང་པོ་ནི་ཐོས་བསམ་སྒོམ་གསུམ་ཡིན། འདིར་ཐོས་པ་ནི་ཆུང་དུས་སློབ་གྲྭར་ཞུགས་ནས་སློབ་གཉེར་བྱེད་པ་ཙམ་དུ་མ་ཟད། སོ་སོའི་མི་ཚེ་ཐོས་པར་སྐྱེལ་ཐུབ་པ་ལ་ཟེར། བསམ་པ་ནི་ཡང་ཡང་བསམ་བློ་བཏང་ནས་མ་ཤེས་པ་གང་ཞིག་ཤེས་པར་བྱེད་པ་ཙམ་དུ་མ་ཟད། ཆོས་སྲིད་གཉིས་ཐད་ནས་ “ཚད་མའི་གསུང”ཡིན་ཟེར་བ་ཚུན་ཆད་ལ་དོགས་སློང་བྱེད་ཐུབ་པར་ཟེར། སྒོམ་པ་ནི་གང་ཤེས་ཟིན་པ་དག་ཉམས་ལེན་ལག་བསྟར་བྱ་བ་སྟེ། ཁ་ཇེ་གསལ་དུ་བཏང་ན། ཐོས་བསམ་ལས་བྱུང་བའི་ཤེས་ཡོན་དག་ཁ་བཤད་ཙམ་དུ་མི་ལུས་པར་རང་གི་རྒྱུད་ལ་སྦྱོར་བ་དང་འཚོ་བའི་ཚིས་སུ་སྤྱོད་ཐུབ་པར་ཟེར།

རིམ་པ་གཉིས་པ་ནི་མཁས་བཙུན་བཟང་གསུམ་ཡིན། འདིར་མཁས་ཞེས་པ། མ་རིག་པའི་རྨོངས་པ་སེལ་བ་ཙམ་དུ་མ་ཟད། ཆུ་སྣ་གར་ཁྲིད་ཀྱི་གཞན་དབང་ལས་གྲོལ་ཏེ། བསམ་བློ་རང་མགོ་ཐོན་པའམ་རང་ཚུགས་ཐུབ་པར་ཟེར། བཙུན་ཞེས་པ། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལས་སུ་རུང་བར་འགྱུར་བ་སྟེ། གཞན་གྱི་བསམ་ཚུལ་དང་ལྟ་ཚུལ་ལ་སེམས་ཀྱིས་ཉན་པ་དང་། མོས་མཐུན་ཡོད་མེད་ལ་མ་ལྟོས་པར་གཞན་གྱི་ཐོབ་ཐང་དང་རྩིས་ཐང་ལ་བརྩི་འཇོག་ཞུ་བ། གཞན་དང་འགྲོགས་ཤེས་པ་གཤིབ་ཤེས་པ་ཞིག་ལ་ཟེར། བཟང་ཞེས་པ། མཁས་དང་བཙུན་གྱི་ཡོན་ཏན་ལ་བརྟེན་ནས། རིགས་མཐུན་གཞན་ལ་མི་གནོད་པ་གཞིར་བཞག་ཐོག རང་ཉིད་འཚོ་མགོ་དང་རང་མགོ་ཡག་པོ་ཐོན་པ་ཞིག་ལ་ཟེར།

རིམ་པ་གསུམ་པ་ནི་འཆད་རྩོད་རྩོམ་གསུམ་ཡིན། གོང་གི་རིམ་པ་གཉིས་པོ་ལེགས་པར་སོང་མཚམས་སུ། སོ་སོར་མཁྱེན་ཡོན་ངེས་ཅན་ཞིག་འཛོམས་ཟིན་པས། ད་ནི་སློབ་ཁྲིད་སོགས་ཀྱི་ཐབས་ལམ་ནས་གཞན་ལ་ཕན་འདོགས་པའི་ལས་སྒྲུབ་པ་སྟེ་ཚུལ་དེར་འཆད་ཟེར། མི་སུ་ཞིག་ཡིན་རུང་མ་རྟོགས་པ་དང་ལོག་པར་རྟོག་པ་ཡོང་སྲིད་ན། “ཐམས་ཅད་མཁྱེན་པ”དང”ཚད་མའི་སྐྱེས་བུ”ཟེར་བ་ནི། དོན་ལ་གང་ཟག་ཅིག་གི་ཆེ་བ་བརྗོད་པའི་ཞེ་ས་ཙམ་ལས་དངོས་ཡོད་གནས་ཚུལ་རང་མ་ཡིན། དེའི་རྐྱེན་གྱིས་སུན་འབྱིན་དང་དགག་སྒྲུབ་ནི་རང་བཞིན་གྱིས་ཐོན་ཡོང་ཞིང་། ནོར་བ་དང་འཁྲུལ་བ་སེལ་བར་རྩོད་ཟེར། དཔྱད་བརྡར་ཁོ་ནའི་ལམ་ནས། སྐྱོན་སེལ་བདེན་རྙེད་ཐུབ་སྟེ་འགྲོ་མིའི་བསམ་བློ་ཡར་ཐོན་ཡོང་གི་ཡོད། གཞན་གྱིས་མ་ཤེས་པ་གང་ཞིག་གསར་དུ་རྟོགས་པའམ། ཡང་དག་ལྟར་སྣང་ལ་དགག་གཞག་མཛད་པའམ། ཡང་ན། ཆོས་ཕྱོགས་ཀྱི་རྫུན་རྫུས་བཅོས་གསུམ་དང་སྲིད་ཕྱོགས་ཀྱི་གཡོ་སྒྱུ་ཁྲམ་གསུམ་ཐེར་འདོན་བགྱིས་པ་དག་ཡི་གེ་དང་རི་མོ། པར་དང་བརྙན་སོགས་སུ་ཕབ་པར་རྩོམ་ཟེར།

རིམ་པ་བཞི་བ་ནི་མཁྱེན་བརྩེ་ནུས་གསུམ་ཡིན། འདིར་མཁྱེན་ཞེས་པ་ནི། མཁས་པ་ཤེས་ཡོན་གྱི་མཛོད་འཛིན་མཁན་ཞིག་ཆགས་ཡོད་ནའང་། རང་ཉིད་ཀུན་ཤེས་ཀུན་འཇོན་ཞིག་ཏུ་རློམ་པ་ལྟ་ཞོག ཟབ་པ་ལྷིང་བ་བརྟན་པ་ཞིག་ཡིན་པའི་ཐོག ཚུལ་འཆོས་ཕྲ་མོ་ཙམ་མེད་པར་ཞི་བ་དུལ་བ་དེས་པ་ཞིག་ཡིན་པར་ཟེར། བརྩེ་ཞེས་པ། སྙིང་རྗེས་མ་ཟིན་པའི་ཤེས་རབ་ལ”ཤེས་འཆལ”ཟེར་ཆོག ངེད་ཅག་ལ་མཁས་པས་འཆུགས་ན་འདོམ་གང་། བླུན་པོས་འཆུགས་ན་མཐོ་གང་ཟེར་སྲོལ་ཡོད་པ་ལྟར། རྒྱུད་ལ་སྙིང་རྗེ་མེད་པའི་མཁས་པ་ཞིག་གིས་གནོད་པའི་ལས་བརྩམས་ཚེ། དེའི་གནོད་འཚེ་ནི་མི་དཀྱུས་མ་ཞིག་ལས་ཁྲི་འགྱུར་འབུམ་འགྱུར་གྱིས་སྡུག་པ་ཡོད། དེ་འདྲར་སོང་སྟབས། བརྩེ་བ་ནི་མི་ཕལ་པ་དག་ལ་ཡོད་དགོས་པས་མི་ཚད། མཁས་པ་རྣམས་ཀྱི་རྒྱུད་ལ་ནི་དེ་བས་ཀྱང་མེད་མི་རུང་། མི་ཞིག་གི་མི་ཚེ་ནི་དཀའ་ངལ་སྣ་ཚོགས་སེལ་ཏེ་རང་ཉིད་བདེ་སྐྱིད་ཀྱི་དཔལ་ལ་འགོད་པའི་ལམ་རིམ་ཞིག་ཡིན་ཞིང་། མི་རིགས་དང་རྒྱལ་ཁབ་དག་ཀྱང་དེ་ག་ནང་བཞིན། དཀའ་ཁག་མང་པོ་རིམ་སེལ་གྱིས་རྗེས་ལུས་ནས་ཡར་ཐོན་དུ་འགྲོ་ཡི་ཡོད། གནད་དོན་ཐག་གཅོད་དཀའ་རྙོག་གཙང་སེལ་གྱི་འཇོན་ཐང་དང་། བདེན་པའི་རྒྱབ་སྐྱོར་དྲང་པོའི་གཞུང་བསྲང་གི་དཔའ་མཛངས་ལ་ནུས་ཟེར།

མཁྱེན་བརྩེ་ནུས་གསུམ་འཛོམས་པའི་མི་ནི། སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས་དང་། ཤེས་རབ་ཀྱི་བདག་ཉིད་འཇམ་དཔལ་དབྱངས། མཐུ་སྟོབས་ཀྱི་དབང་ཕྱུག་ཕྱག་ན་རྡོ་རྗེ་སྟེ། རིགས་གསུམ་མགོན་པོ་ངོ་བོ་གཅིག་ཏུ་གྱུར་བ་ལྟ་བུ་ཡིན་ཞིང་། ངེས་པ་དོན་གྱི་མི་བོ་ཆེ་ཡིན་ལ། འགྲོ་མིའི་སྤྱི་ཚོགས་ལ་ཉེ་བར་མཁོ་བའི་སྐྱེས་ཆེན་ཡང་ཡིན།

ཕྱི་ལོ2017ལོའི་ཟླ8པའི་ཚེས26ལ་དབུས་ལྷ་ལྡན་ཉི་མའི་གྲོང་དུ།