༡ བྱམས་སྙིང་རྗེ་སྤུན་ཟླའི་ནང་ལ་ཡོད་དགོས།

ཁམས་ཁྲོཾ་ཐར་གྱི་གྲྭ་པ་ཁྲོཾ་སྨྱུག་གསར་ཞུ་བ་ཞིག་གིས་རང་ཡུལ་གྱི་རྟ་རྒྱུགས་ཐད་ལ་སྐད་ཆ་ཚིག་དུམ་གསུམ་སྤེལ་པས།གསར་བུ་རྐྱལ་སྟོང་དང་སྣང་མཐོའི་རིགས་སུ་མི་གཏོགས་པའི་ཡུལ་མི་བསམ་ཤེས་ཅན་ཁག་ཅིག་གིས་གྲྭ་པ་གང་ལ་གཅར་རྡུང་དྲག་པོ་བཏང་སྟེ།ད་ལྟ་དར་མདོའི་སྨན་ཁང་ཞིག་ཏུ་རྣ་བ་སོགས་ལ་སྨན་བཅོས་བྱེད་བཞིན་འདུག་སྐད་ཐོས་ཤིང་།དེའི་སྐོར་གྱི་པར་རིས་དང་རྩོམ་ཐུང་ཞིག་ཀྱང་གྲོགས་པོས་བསྐུར་བྱུང་།གཏམ་དེ་ཐོས་ཤིང་ལྷག་དོན་ཁོ་ལ་གཅད་རྡུང་མཁན་དག་ཡུལ་མི་བསམ་ཤེས་པའམ་བབ་ཆགས་ཀྱི་རིགས་སུ་གཏོགས་པ་ལས།ནམ་རྒྱུན་ཁ་སྟོང་མགོ་སྟོང་བཅའ་བའི་གསར་བུ་རྐྱལ་སྟོང་གི་རིགས་སུ་མི་གཏོགས་པ་གོ་པས་འདང་རྒྱག་དམིགས་ཀྱིས་སྟེར།མ་གཞི།འུ་ཅག་བོད་པ་ཚོ་ནི་བྱམས་སྙིང་རྗེ་གླེང་ལ་དགའ་ན་ཡང་།རང་དང་རང་གི་ཁེ་ཕན་ལ་གནོད་ཚེ།ནང་སྤུན་ཟླའི་ནང་དུ་རང་མ་ཡིན་པའི་མི་ཡི་མིག་གཉིས་བརྩད་ནས་ཕྱུང་པ་སོགས་མི་སྤྱོད་ལས་འདས་པའི་ལས་སྤེལ་བར་འཛེམ་དོག་མེད་ཅིང་།སྐབས་དེར་བྱམས་སྙིང་རྗེ་ཟེར་པ་སོགས་ནི་རྣ་རྒྱབ་ཀྱི་ལྷགས་པ་དང་།གདོང་ལ་འབག་གྱོན་ནས་འཆམ་རྒྱག་བྱེད་ཅིག་ཏུ་འགྱུར་གྱིན་ཡོད་པས།བོད་ཡུལ་ལུང་པའི་ནང་ནས་ཆོས་ཞེན་གྲྭ་ཞེན་ཆེ་བར་གྲགས་པའི་ཁམས་ཀྱི་ཡུལ་ལུང་གང་གི་རྒན་པོ་དག་གི་ཐེངས་འདིའི་བྱ་སྤྱོད་ཀྱང་དེ་ལས་མ་འདས།དེ་བས།འདིའི་ཐད་དུ་བསམ་ཚུལ་ཆེན་པོ་ཞིག་བཤད་རྒྱུ་མེད་དེ།ངས་ནི་ཅི་ཙམ་བསམ་ཡང་ཕྱི་མི་ནང་ལ་འདྲེན་པའམ།ཕྱི་མིའི་བཙན་འཛུལ་ལ་རྒྱལ་ཁ་སྟེར་བར་རང་རེ་བོད་པ་དག་གི་རྒྱུད་ཀྱི་བྱམས་སྙིང་རྗེ་སོགས་ཀྱིས་རོགས་བྱེད་ཅིང་།ནང་མིས་ནང་མི་གསོད་དུས་བྱམས་སྙིང་རྗེས་རོགས་མི་ཐུབ་པར་འདོད་ཀྱིན་ཡོད།དེའི་ཕྱིར།བྱམས་སྙིང་རྗེ་ཟེར་བ་དེས་རང་རེའི་གཅེས་པའི་སྲོག་ལ་བབས་ཀྱང་མགོ་མི་སྒུར་པའི་བཙན་པོའི་དུས་ཀྱི་སྙིང་སྟོབས་དག་གཞོམ་པར་བྱས་ནས་རང་ཁྱིམ་དགྲ་ཡིས་འཛིན་པར་རོགས་བྱས་རྗེས།རང་རེ་དག་ལ་ནི་ཁ་མགོ་སྣ་ཡོད་དགོས་པ་དང་།ནང་གི་དཔུང་བ་མཉམ་དགོས་པ།རང་མི་རང་རིགས་ནང་དུ་དཀྱེལ་ཡངས་པོ་ཡོང་དགོས་པ་སོགས་ལ་ནུས་པ་ཏིལ་ཙམ་ཡང་ཐོན་མེད་པ་འདྲ་པས།རང་རིགས་ནང་ནས་འཁྲུག་པར་བཀག་འགོག་མི་ཐུབ་ཁར།ཕྱི་དགྲ་ནང་ལ་འཁྲིད་པར་རོགས་བྱེད་པའི་ཆོས་ལུགས་ཀྱི་ལྟ་བ་འདིར་དོགས་པ་མི་སྐྱེ་ག་མེད་བྱུང་ལ།ཕྱིའི་བཙན་འཛུལ་ལ་གཉོམ་ཁུར་ཏེ་ནང་གི་སྤུན་ཟླའི་སྟེང་ལ་དཔའ་ངོམ་པའི་སྦྱོར་བ་འདི་རིགས་མཐོང་ཐེངས་རེ་ལ་འུ་ཚོའི་སྙིང་རྗེའི་ལྟ་བ་གང་ལ་བུད་སོང་བར་དོགས་པ་སྐྱེ་ཡོང་།

༢ བཤད་ས་”བུ་མོ་”དང་།གོ་ས་”མནའ་མ་”ཡིན་ནམ།

རེད་དེ།བོད་པ་རང་གི་སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་ན།སྐྱ་བོ་དག་གིས་ནི་གྲྭ་པ་དག་དམིགས་ཀྱིས་བཀུར་པས།ཐབས་ཟད་འུ་ཐུག་པ་འདྲ་མ་བྱུང་ན།གྲྭ་པ་དག་དང་འཁྲུག་པ་ཉུང་ཁར།མི་ཆོས་ཀུན་སྤྱོད་ལ་མ་འགལ་བའི་གྲྭ་པ་ཞིག་ལ་ཐོག་མར་ལག་ཕར་འཇོག་པ་ནི་དེ་བས་དཀོན།དེ་ལྟ་ན་ཡང་།ཐེངས་འདིར་གྲྭ་པ་ཞིག་གིས་ཆོས་ལུགས་རང་གི་སྟེང་ནས་གོ་བ་བླངས་པའི་ཚེ་སྲོག་འདྲ་མཉམ་དང་དགེ་བཅུ་སོགས་ཀྱི་ཐད་ནས་རྟ་རྒྱུགས་ཐད་ལ་བསམ་ཚུལ་ཞིག་བཏོན་པར།དྲག་པོའི་གཅད་རྡུང་ཕོག་པ་དེས་ཁྲོཾ་ཐར་གྱི་མིཁག་ཅིག་གི་ཁེ་ཕན་ལ་གནོད་པ་བཟོས་ཡོད་པར་གོ་བ་བླངས་ཆོགའོ་ན།དགེ་བཅུའི་དོན་སྙིང་བཤད།ཚེ་སྲོག་འདྲ་མཉམ་གླེང་ནས་རྟ་རྒྱུགས་ལ་དགག་པ་བརྒྱབ་ཚེ།ཁྲོཾ་ཐར་གྱི་ཡུལ་མི་དེ་ཚོའི་ཁེ་ཕན་ལ་ཇི་ལྟར་གནོད་པ་རེད་ཅེ་ན།ངས་ནི་ཁ་ཚོན་བཅད་དེ།མཐའ་གཅིག་ཏུ་འདི་འོ་ཞེས་བཤད་མི་ཐུབ་ན་ཡང་།ང་ལ་དེའི་ཕྱོགས་ནས་དྲན་ཚུལ་གཉིས་འདུགགཅིག་ནས་གྲྭ་པ་སྨྱུག་གསར་ལགས་ཀྱིས་བཤད་པ་དེ་ཁྲོཾ་ཐར་པས་དང་ལེན་ནམ་ངོས་ལེན་བྱས་ཚེ།རྟ་བདག་རྣམས་ཀྱི་རྟ་རྒྱུགས་ཀྱི་དགའ་ཕྱོགས་གཞོམ་འགྲོ་པས་ཨེ་ཡིན་སྙམ།གཉིས་སུ་རྟ་རྒྱུགས་ལ་བརྟེན་པའི་དཔལ་འབྱོར་གྱི་ཡོང་འབབ་དང་ཚོང་ལས་མེད་འགྲོ་པས་ཨེ་ཡིན་སྙམ།དེ་བས།བདག་གི་སྐབས་ཀྱི་དྲན་ཚུལ་ཙམ་པོ་གང་ལ་མཚོན་ཡང་།ཐེངས་འདིར་གྲྭ་པ་སྨྱུག་གསར་ལ་གཅད་རྡུང་མཁན་ནི་རྟ་བདག་དང་རྟ་རྒྱུགས་ཀྱི་མགོ་བསྡུ་མཁན།རྒྱུགས་རྟ་མགྱོགས་པོ་ཅན་གང་རུང་ཞིག་ལོས་ཡིན་སྙམ་སྟེ།དངོས་གནས་སྨྱུག་གསར་གྱི་ལྟ་ཚུལ་གང་དང་ལེན་བྱས་ནས་རྟ་རྒྱུགས་མེད་པ་དང་།རྒྱུགས་རྟ་བེད་མེད་དུ་གཏོང་པ་སོགས་གང་རུང་དུ་གྱུར་ཚེ།གོང་ནས་བཤད་པའི་རྟ་བདག་སོགས་ཀྱི་ཁེ་ཕན་ལ་མངོན་སུམ་དུ་གནོད་པ་ཐག་གིས་ཆོད།ཅིའི་ཕྱིར་ཞེ་ན།རྟ་རྒྱུགས་ནི་འབྲོག་པའི་རིག་གནས་དང་།བོད་མིའི་སྲོལ་རྒྱུན་གྱི་རྩེད་རིགས་ཤིག་ཡིན་པ་གང་ལ་ཡང་ཆ་མ་བཞག་ཀྱང་།རྟ་ལ་དགའ་མཁན་དང་རྟ་རྒྱུགས་ལ་བརྟེན་ནས་ཡོང་འབབ་འཚོལ་མཁན་གྱི་ཕྱོགས་གཉིས་ཡོད་པ་ལས་སྔ་མར་མཚོན་ན་ནི།རྟ་རྒྱུགས་ཀྱི་དགའ་ཕྱོགས་ནི་རྩོམ་པ་པོ་ཞིག་རྩོམ་འབྲི་ལ་དགའ་བའི་དགའ་ཕྱོགས་དང་མཚུངས་ཤིང་།རྟ་རྒྱུགས་པ་ནི་རྩོམ་པ་པོས་རྩོམ་འབྲི་པ་དང་འདྲ་པས།སུ་ཞིག་གིས་རྟ་ལ་རྒྱུགས་མི་ཆོག་དང་མི་རུང་སོགས་རྟ་རྒྱུགས་འགོག་པའི་ཐབས་ཤེས་ཐེན་པ་ནི།རྩོམ་འབྲི་པ་ཞིག་ལ་རྩོམ་འབྲི་མི་ཆོག་པ་དང་མི་འབྲི་བའི་གནོན་ཤུགས་སྤྲད་པ་དང་འདྲ་པས།རྟ་ལ་དགའ་མཁན་དང་རྟ་བདག་སོགས་ཀྱི་དགའ་ཕྱོགས་ལ་ཐད་ཀར་གནོད་པ་བཟོས་ཡོད་པ་དེ་རེད།ཕྱི་མ་སྟེ།རྟ་རྒྱུགས་ཀྱི་དགའ་ཕྱོགས་ཡོད་མེད་གང་ལྟར་ཡང་།རྟ་རྒྱུགས་ལ་བརྟེན་ནས་ཡོང་འབབ་བམ་དཔལ་འབྱོར་འཚོལ་མཁན་ནི།དཔེ་ཆ་བཙོང་མཁན་དང་འདྲ་པས།རྩོམ་པ་པོར་རྩོམ་ཡིག་འབྲི་མི་ཆོག་པ་དང་དཔར་སྐྲུན་གྱི་ལས་བགྱི་མི་ཐུབ་པར་བྱས་ཚེ།དཔེ་བཙོང་པའི་ཁེ་ཕན་ལ་ཐད་ཀར་གནོད་པ་ཇི་བཞིན།རྟ་རྒྱུགས་མེད་པ་དང་མི་ཆོག་པ་གང་རུང་དུ་གྱུར་ཚེ།རྟ་རྒྱུགས་ལ་བརྟེན་པའི་ཡོང་འབབ་འཚོལ་མཁན་གྱི་ཁེ་ཕན་ལ་ཡང་ཐད་ཀར་གནོད་པ་མངོན་སུམ་རེད།དེའི་ཕྱིར།ཁྲོཾ་སྨྱུག་གསར་ལགས་ཀྱིས་ཐེངས་འདིར་གྲྭ་པ་ཞིག་གི་མི་ཚེའི་དམིགས་འདུན་དང་འཚམ་པའི་ལྟ་སྤྱོད་སྟེང་ནས་རྟ་རྒྱུགས་ཕྱོགས་ལ་བཀའ་བཀྱོན་པ་དེས།རྟ་བདག་དང་རྟ་རྒྱུགས་ལ་བརྟེན་ནས་ཡོང་འབབ་འཚོལ་མཁན་གཉི་གར་ཕོག་ཐུག་བཟོས་ཡོད་པས།རྟ་བདག་སོགས་རླུང་ལངས་པ་དང་སྨྱུག་གསར་ལ་དགག་པ་རྒྱག་པར་ཁག་མི་འདུག་སྙམ་མོད།ཡང་སྙིང་ཉམ་ཆུང་གི་གྲྭ་པ་ཞིག་གིས་བསམ་ཚུལ་ཙམ་བཏོན་པར་ལག་འཇོག་པ་ནི།ཁྱོད་ཀྱི་ཁེ་ཕན་དང་དགའ་ཕྱོགས་གང་ལ་གནོད་ཀྱང་གནས་ལུགས་དང་རྒྱུ་མཚན་སོགས་བསྐལ་བའི་བར་དུ་ཡོད་མི་སྲིད་པའི་བྱེད་སྟངས་ཤིག་ཡིན་པས།གཅར་རྡུང་མཁན་དེ་དག་གི་བྱེད་སྟངས་ལ་མཐའ་གཅིག་ཏུ་དགག་པ་ཡོད།མ་ཟད།སྤྱིར་རྟ་རྒྱུགས་མི་ཆོག་པའམ་མི་རུང་པའི་གྲོས་མགོ་འདོན་མཁན་ཐོག་མ་ནི།མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཡིན་པས།གཅར་རྡུང་བྱེད་ཐུབ་ན་ནི།ཐོག་མར་མཁན་པོ་ཚུལ་བློ་གཅར་རྡུང་བྱེད་འོས་པ་ཡིན་གྱི།ཁྲིམས་དཔོན་མ་ཡིན་ལ།བཀའ་བཞིན་སྒྲུབ་པའི་བུ་སློབ་མེད་པའི་གྲྭ་པ་སྨྱུག་གསར་ཞུ་བ་དེ་གཏན་ནས་མ་རེད།འོན་ཏེ།ཐེངས་འདིའི་བྱ་སྤྱོད་ནི།བཤད་ས་བུ་མོ་དང་གོ་ས་མནའ་མའི་དཔེ་རུ་སྦྱར་རུང་ན་ནི།ང་ལ་ཡང་སྨྲ་བ་འགག་གོ།

༣ རང་དབང་གི་འབྲོག་ལས་དོར་རྗེས་གཞན་དབང་གི་གཡོག་ལས་རེད།

གོང་ནས་བཤད་པ་བཞིན།རྟ་རྒྱུགས་མི་རུང་པའི་བཀའ་བཀྱོན་མཁན་ཐོག་མ་ནི།མཁན་པོ་ཚུལ་བློ་རེད།ཁོང་གིས་རྟ་རྒྱུགས་མི་རུང་པའི་སྐོར་གྱི་བཀའ་བཀྱོན་གནང་རྗེས།འབྲོག་གླེན་ཁག་ཅིག་གིས་རྒྱུགས་རྟ་ཁྲི་ཕྲག་མ་དག་ཀྱང་བེད་མེད་དུ་བཏང་པའི་སྐོར་ཞིག་མཐོང་སོང་།བེད་མེད་དུ་བཏང་པའི་རྒྱུགས་རྟ་གོང་ཆེན་ཞིག་དང་མཉམ་དུ་ཚུལ་བློ་ལགས་ཀྱིས་པར་ཞིག་བཏབ་པ་ཡང་མཐོང་པ་དྲན།དེ་བས།གྲྭ་པ་ཁག་ཅིག་གཙོས་བྱས་ཏེ།རྟ་རྒྱུགས་མི་རུང་ཚུལ་སྨྲ་མཁན་དག་ནི་ཆོས་ཞེན་པའི་ཕྱོགས་སུ་གཏོགས་པས།ཁོ་ཚོར་མཚོན་ན།ཆོས་དང་འཁོར་བ་གཉིས་ལས་ཆོས་འདེམ་པ་ནི་ཆོས་ཉིད་རེད།ཡིན་ཡང་།འབྲོག་པ་དག་ནི་འཁོར་བ་སྐྱོང་མཁན་དང་གཉེར་མཁན་ཡིན་པས།ཆོས་པ་དག་གི་ངག་ལ་ཉན་དགོས་པའི་གནས་ལུགས་མ་མཆིས་ན་ཡང་།འགྲོ་མིའི་ལོ་རྒྱུས་སུ་ཆོས་པ་དང་ཆབ་སྲིད་པས་མི་རྣམས་རང་གི་འདོད་འདུན་སྒྲུབ་པའི་རྩེད་ཆས་བྱས་པར་ཚད་ཅིག་མེད་ལ།དུས་ད་ལྟ་ཡང་ཆོས་པ་དང་ཆབ་སྲིད་པ་གཉིས་ནི་དེ་ལྟར་དུ་ངེས་པས།ཆོས་པ་དག་གི་ངག་ལ་མ་ཉན་ཚེ།ཤི་དམྱལ་བ་ད་ནས་མགོ་ལ་ཡོང་བ་ལྟ་བུའི་འཇིགས་སྐུལ་ཞིང་།དྲིན་ཕ་མ་དམར་གསོད་བྱས་པ་ལྟ་བུའི་ཉེས་པ་བགྲང་པས།རང་ཉིད་ཀྱི་ཀླད་པ་ཡོད་མཁན་ཞིག་མ་ཡིན་ཚེ།ཆོས་པའི་ངག་ལ་མི་ཉན་པའི་སྙིང་སྟོབས་ཤིག་གང་ན་ཡོད་ཨང་།

མཁན་པོ་ཚུལ་བློས་ཁམས་གཙོས་པའི་འབྲོག་པའི་འཚོ་བ་ལ་གས་ཆགས་ཆེན་པོ་བཏང་ཡོད།ཁོང་གིས་དགེ་བཅུའི་ཁྲིམས་བཅས་ཏེ།འབྲོག་པ་གྲོང་ཁྱེར་དུ་དེད་པ་ཡོད་ཅིང་།དེ་འདེད་པའི་ལས་བགྱིས་ཡོད་དེ།འབྲོག་པ་ཞེས་པ་ནི།རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱས་ནས་རྟ་ནོར་ལུག་གསུམ་གྱིས་ཁ་གསོ་མཁན་ཞིག་ཡིན་མོད།ཚུལ་བློ་ཁོང་གིས་ནི་རྟ་ནོར་ལུག་གསུམ་ལ་བརྟེན་པའི་ཁ་གསོ་རྒྱབ་འགེབ་མི་ཐུབ་པར་བྱས་ཡོད།འབྲོག་པ་ཞིག་ལ་མཚོན་ན་ནི།རྟ་ནོར་གསུམ་ནི་རྒྱུ་ནོར་ངོ་མ་དེ་ཡིན་པས།དེ་ཉོ་ཚོང་མི་ཆོག་པ་དང་།ཉོ་ཚོང་ལ་ཁྲིམས་ཤིག་བཅས་པ་ལས་ཕན་དུ་འབྲོག་པ་སྟོང་བྱེད་ཅིག་གང་ན་ཡོད།མཁན་པོ་ཁོང་གིས་ནི་དགེ་བཅུའི་ཁྲིམས་བཟོ་དུས།འབྲོག་པ་ཚང་མ་རང་ཉིད་ལྟར་དུ་རྟ་ནོར་ལུག་གསུམ་གྱི་ཉོ་ཚོང་མ་བྱས་ན་ཡང་།འདུག་གདན་ཐོག་དང་འགྲོ་རླངས་འཁོར་ཡིན་པའི་རྒྱ་བླ་ཞིག་གི་ཚད་དུ་བཞག་ཡོད་ཤག་རེད།བཤས་ནས་ཟ་མི་རུང་།བཙོང་ན་གོང་མི་ཁུག་པའི་དབྱར་གསུམ་ཆར་ཆུ་དང་།དགུན་གསུམ་ཙག་བསེར་ཁྲོད་ནས་འཚོ་སྐྱོང་དགོས་པའི་རིན་ཐང་ཆུང་བའི་དཀའ་ལས་ཆེ་བའི་ལས་གཉེར་འདོད་མཁན་སུ་ཞིག་ཡོད།དེ་བས།ངས་འདིར་བཤད་བསམ་པ་ནི།མཁན་པོ་ཁོང་གིས་དགེ་བཅུ་ནས་བཟུང་རྟ་རྒྱུགས་མི་ཆོག་པའི་བཀའ་གནང་པའི་བར་དུ་འབྲོག་པའི་འཚོ་བ་སྟོང་བྱེད་དེ།གཞུང་གིས་ལོ་མང་པོར་འབྲོག་པ་གྲོང་ལ་ཕབ་པའི་འཆར་གཞི་དང་འདྲ་བའི་རྒྱུ་བསགས་ཡོད་པས།ཕྱུགས་འཚོས་ནས་ཉོ་འཚོང་མི་ཆོག་པ་དང་།རྟ་གསོས་ནས་འགྲན་སྡུར་མི་རུང་པ་སོགས་ཀྱི་ངག་ལ་ནི།འདུག་གདན་ཐོག་དང་འགྲོ་རླངས་འཁོར་མིན་པའི་བོད་པ་ཚོས་ཉན་མི་འོས་ཤིང་།རང་ས་རང་གིས་སྲུང་པ་དང་།རང་ཁ་རང་གིས་གསོ་བའི་རང་དབང་གི་འཚོ་བ་ཞིག་རོལ་བ་ལས།འཚོ་བ་གཞན་ལ་ཞབས་ཕྱི་བྱས་ནས་རོལ་དགོས་པ་དང་།འཚོ་ཚིས་གཞན་གྱི་ངོ་དཀར་ནག་ལ་བརྟེན་ནས་འཚོལ་པར་མི་འདོད་ཚེ།གྲོང་ཁྱེར་གྱི་རྨང་གཞི་དང་དེའི་ཆ་རྐྱེན་སོགས་གང་ཡང་མེད་པའི་བོད་པ་ཚོས་ཆོས་པ་དག་གིས་འབྲོག་ལས་ལ་བཞག་པའི་ཁྲིམས་དང་ངག་ལ་མ་ཉན།

༥ མདོར་བསྡུས་པ།

ངའི་ཕ་ཡུལ་རང་དུ་བྱུང་པའི་ཁྲམ་རྟགས་དོན་རྐྱེན་དང་།སྒོ་ཤེར་དོན་རྐྱེན།ཐེངས་འདིའི་ཁམས་ཀྱི་སྨྱུག་གསར་གཅར་རྡུང་དོན་རྐྱེན་སོགས་གང་ལ་མཚོན་ཡང་།འུ་ཚོ་བོད་པ་དག་གི་ཁོག་ལ་རང་གི་ཞེ་འདོད་དང་ལས་དོན་ལ་མི་མཐུན་པའི་སྐད་ཆ་ཤོང་བའི་མ་ལག་མེད་པར་མངོན་པར་གསལ་པས།རང་རེའི་ཡི་གེ་པ་དག་གིས་མ་ལག་དེ་བོད་པ་དག་གི་ཁོག་ལ་ནང་འཇུག་བྱེད་པར་འབད་དགོས།མ་མཐའ་ཡང་།ལྟ་ཚུལ་དང་བསམ་ཚུལ་གྱི་ལན་དུ་ལྟ་ཚུལ་དང་བསམ་ཚུལ་མེད་ཀྱང་།དམོད་ཚིག་དང་སྡིགས་ཚིག་སྨྲ་བ་ལས་རྒྱང་དུ་ཕུད་པ་དང་གྲི་ཡིས་བསྣུན་པ།ཁུ་ཚུར་གྱིས་གཞུ་བ་སོགས་སྦྱོར་ངན་མི་སྤེལ་པའི་མ་ལག་ཅིག་འཇོག་པར་འབད་དགོས།དེའི་ཆེད་དུ་སུ་ཞིག་གི་མགོ་ལ་”བརྙས་བཅོས་”དེ་དག་ཡོང་ན།ཡུལ་དང་ངོ་ཤེས་མིན་སོགས་ལ་མ་བལྟས་པར།སྐད་ཆ་གསར་པ་དང་ཡག་པ་ཡིན་མིན་ལ་མ་གཞིག་པར།སྐད་ཆ་ཤོད་ཅིགམཉམ་འུར་གྱིས་ཤིག

འདིར་སྨྱུག་གསར་གཅར་རྡུང་དང་འབྲེལ་ཏེ།རང་ཉིད་ཀྱི་ཀླད་པའི་ནང་ལ་སྐབས་སུ་གང་དྲན་པའི་རྟ་རྒྱུགས་ནས་འབྲོག་ལས་བར་གྱི་དོན་དགའབྲོག་ལས་ནས་དགེ་བཅུའི་བར་གྱི་འགལ་བ་སོགས་ཀྱི་ཐད་དུ་ཐོལ་བྱུང་གི་བསམ་ཚུལ་འགའ་དྲང་མོར་བཤད་ཡོད་ལ།ཁ་བྱང་དུ་ཐོན་པ་ལྟར།ང་ནི་སྨྱུག་གསར་ཞུ་བ་ཁོང་གི་ལྟ་བ་ལ་མོས་མཐུན་གཏན་ནས་མེད་མོད།(ཁྲོཾ་ཐར་གྱི་རྟ་རྒྱུགས་ཀྱི་གནས་ཚུལ་ཞིབ་ཕྲ་མི་ཤེས།)ཁོང་ལ་གཅར་རྡུང་བྱེད་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་རྒོལ་བ་ཡོད།དེ་བཞིན་དུ།རྟ་རྒྱུགས་ནི་ངེས་པར་དགོས་ཤིང་།རྟ་ནོར་ལུག་གསུམ་བཤའ་ཚོང་ཡང་བྱེད་འོས་ལ།དེ་ནི་འབྲོག་པའི་འཚོ་བ་ཡང་རེད།དེ་ལ་བྱམས་སྙིང་རྗེ་ཡི་ཞལ་འབག་གྱོན་ནས་གཞལ་ཚུལ་མེད།ཡིན་ན་ཡང་།གྲག་གྲག་ན་ཁུ་བྱུག་མི་སྙན་པའི་དཔེ་ལྟར།རྟ་རྒྱུགས་ལ་ཡང་ཚད་མེད་པར།དབྱར་རྒྱུགས་དགུན་རྒྱུགས་བྱས།ལོ་ཟླ་ཞག་མཐུད་བྱས་ནས་རྒྱུགས་ན་ནི་རྟ་རྒྱུགས་ཀྱི་ངོ་བོ་ཡང་ཡལ་འགྲོ་པས།དེ་ལ་ནི་ཚད་འཛིན་ཞིག་ངེས་པར་ཡོད་དགོས་ཤིང་།ཤེས་ཡོན་ཐད་ལ་འགྲོ་སོང་གཏོང་པ་ལས་རྟ་རྒྱུགས་ཐད་ལ་འགྲོ་སོང་བཏང་པ་མང་ན་ནི།ལྷག་ཏུ་མཉམ་འཇོག་དགོས་པ་ཞིག་ལོས་ཡིན།གཞན་དུ།ངས་ནི་སྨྱུག་གསར་དང་གཅར་རྡུང་མཁན་ཕྱོགས་གཉིས་པོ་ངོ་གཏན་ནས་མི་ཤེས་ཁར།གཅར་རྡུང་མཁན་དག་ཕར་ཞོག སྨྱུག་གསར་ཁོང་གི་མཚན་ཡང་ཐོག་མར་གོ་བ་འདྲ་པས།འདི་རུ་སྨྱུག་གསར་གཅར་རྡུང་ལ་གདུང་སེམས་དང་།འབྲོག་ལས་ཐད་ལ་དོ་ཁུར་ཙམ་གྱིས་ཕྱོགས་སུ་མ་ལྷུང་པའི་རང་གི་ཚོར་སྣང་ཕྲན་ཙམ་བརྗོད་པ་ལས།མི་ངོ་དང་རྒྱུ་ངོར་བསྐུར་ནས་ད་སྔོན་རྩོམ་འབྲི་མ་མྱོང་པ་བཞིན་དུ།དེ་རིང་ཡང་བྲིས་མེད་དོ།།

༢༠༡༧ ༦ ༡༩