གླེང་གཞི།

མི་རིགས་སློབ་གསོའི་བྱ་བཞག་ལ་ངེས་པ་དོན་གྱིས་ཕན་ནུས་བླ་ལྷག་ཕུལ་འདོད་ཆེ་བ་ནི་མི་རིགས་ཀྱི་སྐད་ཡིག་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་རེ་རེའི་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བའི་དམིགས་འབེན་དང་མི་ཚེ་རིང་མོའི་ཕུགས་བསམ་ཡིན་སྲིད་ལ། འདི་ལ་སྔར་བྱས་ཀྱི་བྱ་བའི་ཉམས་མྱོང་གང་མང་སྔོན་དུ་སོང་ཞིང་མ་འོང་བའི་འཆར་གཞི་སྣ་ཚོགས་པ་རྗེས་སུ་ཁྲིད་དེ། མི་རིགས་སློབ་གསོའི་བྱ་བཞག་ལ་དགེ་རྒན་ཚོས་རང་གི་ནུས་པའི་སྲིད་ཞུ་གང་ནུས་སྒྲུབ་བཞིན་པ་དང་སྒྲུབ་འདོད་མངའ་བ་ནི་གདོན་མི་ཟ།

མི་རིགས་ཀྱི་སློབ་གསོའི་བྱ་བའི་འཕེལ་རྒྱས་དང་ཉམས་རྒུད་ནི་མི་རིགས་ཤིག་གི་འཕེལ་རྒྱས་དང་ཉམས་རྒུད་ཡིན་ཟེར་ཡང་མི་ཆོག་པ་གང་ཡང་མེད་དེ། ཆེ་བ་རྒྱལ་ཁབ་ནས་ཆུང་བ་མི་རིགས་དབར་གྱི་འཕེལ་རྒྱས་ཀྱི་འགག་རྩ་ནི་གཙོ་བོ་སློབ་གསོ་ཡིན་ལ། ཉམས་རྒུད་ཀྱི་གཞི་རྩའང་གཙོ་བོ་སློབ་གསོ་ལ་རག་ལས་ཡོད་པ་སྔོན་གྱི་མཁས་པ་ཚོའི་ཞལ་དུ་གདམས་ཤིང་ད་ལྟའི་ཤེས་ཡོན་པ་ཚོས་བློ་ཁ་གཅིག་ལྕོགས་སུ་ཕྱོགས་ཡོད་པ་ཞིག་རེད་འདུག མི་རིགས་ཀྱི་དར་རྒུད་སློབ་གསོ་ལ་རག་ལས་ཤིང་སློབ་གསོའི་དར་རྒུད་ནི་ཅི་ཞིག་ལ་རག་ལས་ཡོད་པ་དང་། དགེ་རྒན་ཞེས་པའི་ལས་རིགས་འདིའམ་དགེ་རྒན་གྱི་མཚན་བྱང་བཟུང་ཡོད་མཁན་གྱི་མི་ཚོས་དོན་དུ་མི་རིགས་ཀྱི་སློབ་གསོ་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་བཞིན་ཡོད་པ། ད་དུང་དགེ་རྒན་ཞེས་པ་ནི་མི་རིགས་ལ་མཚོན་ན་ཅི་འདྲ་གལ་ཆེ་ཚུལ། དགེ་རྒན་གྱི་བྱ་བའི་ནང་དོན་དང་བྱ་བ་བྱེད་སྟངས་སོགས་ཀྱིས་སློབ་མ་དང་། ཡང་ན་མི་རིགས་ཀྱི་སློབ་གསོའི་བྱ་བར་ཤུགས་རྐྱེན་གང་འདྲ་བ་ཞིག་ཐེབས་བཞིན་པ་སོགས་ནི། མི་ཀུན་གྱིས་དོ་སྣང་བྱ་དགོས་ཡུལ་ཅིག་དང་དེ་ལ་སེམས་ཁྲལ་ཡང་བྱེད་པའི་འོས་འགན་ཡོད་དགོས་པ་ཞིག་རེད།

ངས་འདི་ནས་དམ་པ་གོང་མའི་མཛད་པ་དཔེ་རུ་བླངས་ཤིང་ད་ལྟའི་མི་ཡི་བྱེད་ལུགས་དོན་དུ་དྲང་སྟེ། ཅི་ནས་ཀྱིས་འདིའི་སྐོར་ལ་དཔྱད་པ་རག་ཙམ་ཞིག་སྤེལ་འདོད་པ་དག གཙོ་བོ་ཕྱོགས་བཞི་རུ་དབྱེ་སྟེ་བརྗོད་པར་བྱ་སྟེ།

དང་པོ། སློབ་གསོའི་དར་རྒུད་ནི་ཅི་ཞིག་ལ་རག་ལས་ཡོད།

ཆག་འཇིག་གམ་ཉམས་རྒུད་ཅེས་པ་ནི་བྱ་ལས་གང་ཞིག་ལ་མཚོན་ནས་བཤད་ནའང་ཧ་ཅང་དོ་སྣང་ཆེ་བའི་ཡུལ་དང་དོ་སྣང་སྤྲོད་དགོས་པའི་རིགས་སུ་འགི དགོས་སུ་རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་གི་ཆག་འཇིག་གམ་རྒྱལ་ཁབ་བམ་མི་རིགས་ཤིག་གི་ཉམས་རྒུད་ལ་འགྲོ་བ་མི་སྤྱི་ཡིས་ཧ་ཅང་དོ་སྣང་ཆེན་པོ་བྱེད་སྲིད་པ་རྒྱུན་ལྡན་གྱི་འགྲོ་བ་མི་ཀུན་ལ་གསལ། དེ་བས་ཀྱང་མི་རིགས་ཤིག་གི་ཆག་འཇིག་གམ་མི་རིགས་ཤིག་གི་ཉམས་རྒུད་ནི་སྤྱིར་བཏང་དུ་མི་རིགས་དེ་ཡི་མི་ཀུན་གྱིས་ཧ་ཅང་དོ་སྣང་བྱ་བའི་ཡུལ་ཅིག་ཏུ་ཆགས་འདུག རྒྱལ་ཁབ་བམ་མི་རིགས་ཤིག་གི་ཆག་འཇུག་གམ་ཉམས་རྒུད་ཀྱི་གཞི་རྩ་དེ་གཙོ་བོ་སློབ་གསོ་ལ་རག་ལས་ཤིང་སློབ་གསོའི་དར་རྒུད་ནི་དོན་དུ་ཅི་ཞིག་ལ་རག་ལས་ཡོད་ཟེར་ན། དེ་ནི་རྒྱབ་ཁབ་དང་མི་རིགས་དེ་ཡི་སྐད་དང་ཡི་གེ་ལ་རག་ལས་ཤིང་། སྐད་དང་ཡི་གེ་ཡི་ཆག་འཇིག་ནི་སྐད་ཡིག་དགེ་རྒན་དང་འབྲལ་ཐབས་མེད་པ་ཞིག་རེད། དེའི་ཕྱིར། ངས་ངེས་པར་དུ་སློབ་གསོའི་དར་རྒུད་ནི་སྐད་ཡིག་དགེ་རྒན་ལ་རག་ལས་ཡོད་ཅེས་བློ་བརྟན་འགྱུར་མེད་ཀྱིས་བཤད་པ་ཡིན། སྤྱིར་དགེ་རྒན་ཞེས་པའི་ལས་རིགས་ལ་འཐབ་པའི་མི་ཚོའི་ཕྲག་སྟེང་དུ་འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཀྱི་བསམ་བློ་དང་ཤེས་རིག་གི་འགན་འཁྲི་ཧ་ཅང་ཆེན་པོ་ཞིག་ཁུར་ཡོད་དེ། དགེ་རྒན་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེས་ཆེ་བ་འདོན་བཞིན་ཡོད་ཅིང་མིའི་རིགས་ཀྱི་ལམ་སྟོན་གྱི་སྒྲོན་མེར་ཡང་ངོས་འཛིན་བྱས་ཡོད་པ་མ་ཡིན། ངའི་བསམ་ཚུལ་འདི་ལ་མི་མཐུན་པའི་ཕྱོགས་གང་མང་བོ་ཞིག་འབྱུང་སྲིད་པ་ངས་ཀྱང་ལོས་ཤེས་མོད། བྱ་བའི་གཙོ་ཕལ་དང་ཆེ་ཆུང་གི་དབྱེ་འབྱེད་གསལ་བའི་གནས་ཚུལ་འོག་ཏུ། ངས་རང་གི་འདོད་ཚུལ་འདི་ལ་གནས་ལུགས་འགང་ཆེན་ཞིག་ཡོད་སྲིད་པར་ཡིད་ཆེས་ཆེན་པོ་བྱས་ཡོད། མི་རིགས་གང་དེའི་སྐད་ཡིག་གི་གནས་སྟངས་དེ་མི་རིགས་དེ་ཡི་སྐད་ཡིག་གི་དགེ་རྒན་ཀུན་དང་འབྲེལ་བ་དམ་ཟབ་ཡོད་ཅིང་མི་རིགས་ཀྱི་སྐད་ཡིག་གི་གནས་སྟངས་དེ་དོན་དུ་མི་རིགས་ཀྱི་རིག་གནས་ཀྱི་གནས་སྟངས་དང་ཡང་འབྲལ་ཐབས་མེད།

གཉིས་པ། དགེ་རྒན་ཞེས་པའི་ལས་རིགས་འདིའམ་དགེ་རྒན་གྱི་མཚན་བྱང་བཟུང་ཡོད་མཁན་གྱི་མི་ཚོས་དོན་དུ་མི་རིགས་ཀྱི་སློབ་གསོ་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་བཞིན་ཡོད།

དགེ་རྒན་གྱིས་མི་རིགས་ཤིག་གི་རིག་གནས་ཀྱི་ཆུ་རྒྱུན་མུ་རུ་མཐུད་ཡོད་ཅིང་མི་རིགས་ཤིག་གི་སློབ་གསོའི་དར་ཆ་བརྟན་པོར་སྒྲེང་ཐུབ་ཀྱིན་ཡང་ཡོད། དེ་ཡང་གཙོ་བོ་མི་རིགས་དེ་ཡི་དར་རྒུད་ཀྱི་སྲོག་རྩ་སྟེ་སློབ་གསོའི་རྩ་བར་གྱུར་བའི་སྐད་དང་ཡི་གེར་བདག་འཛིན་དམ་པོ་བྱས་ཡོད་པ་ཡིན། ང་ཚོས་དཔེ་གཞན་ལ་བླངས་ནས་གླུ་རང་ལ་ལེན་པའི་ངང་ཚུལ་འཛུན་དགོས་དོན་མེད་དེ་ང་ཚོས་དཔེ་རང་ལ་བླངས་ནས་གླུ་གཞན་ལ་ལེན་ཅི་ཐུབ་ཀྱི་བྱ་བར་བརྩོན་ན་འགྲིག དེ་ན་ང་ཚོ་བོད་མི་རིགས་ཀྱི་དགེ་རྒན་དག་ནི་དོན་དུ་ང་ཚོ་བོད་མི་རིགས་དང་བོད་མི་རིགས་ཀྱི་སློབ་གསོའི་བྱ་བར་འབྲེལ་བ་གང་འདྲ་ཞིག་དང་དགེ་རྒན་གྱིས་ང་ཚོ་བོད་མི་རིགས་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་བཞིན་པར་བསམ་གཞིག་ཅིག་བྱས་ན།

དགེ་རྒན་གྱིས་སྐད་ཡིག་ཅིག་གི་འཆི་གསོན་ལ་འགན་ཁུར་ཡོད་ཅིང་རྗེས་རབས་པ་རེ་རེའི་རྒྱུད་ལ་མི་རིགས་རང་ཉིད་ཀྱི་རང་སྐད་གཙང་མ་དང་རང་ཡིག་རྣལ་མ་འཇོག་བཞིན་ཡོད། དེ་ཡང་གཙོ་བོ་མི་རིགས་རང་ཉིད་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་ཐུབ་བཞིན་པ་དང་མི་རིགས་རང་ཉིད་ཀྱི་ལས་དབང་ལ་མི་རིགས་དེའི་མི་རང་ཉིད་ཀྱིས་ཁ་ལོ་བསྒྱུར་ཐུབ་བཞིན་པ་རེད། “དགེ་རྒན་ནི་མིའི་རིགས་ཀྱི་མུན་པ་སེལ་བའི་སྒྲོན་མེ་ཡིན།” སྐད་ཆ་འདི་ནི་མི་སུས་ཀྱང་མཐོང་ཐོས་སུ་གྱུར་ཡོད་པ་ཞིག་ཡིན། འགྲོ་བ་མིའི་རིགས་ལ་མཚོན་ནས་བཤད་ནའང་དགེ་རྒན་ནི་མ་རིག་པའི་མུན་པ་གསལ་བྱེད་ཀྱི་སྒྲོན་མེར་གྱུར་བས་ན་མི་རིགས་ཤིག་ལ་མཚོན་ནས་བཤད་ན་ནི་དེ་བས་ཀྱང་ངོ་སྟེ། དགེ་རྒན་གྱིས་ནི་མི་རིགས་ཤིག་ལ་ལམ་སྟོན་གནང་ཐུབ་ཅིང་མི་རིགས་དེ་ཡི་མ་རིག་པའི་མུན་པ་སེལ་ཐུབ།

འདི་རུ་བརྗོད་པའི་མུན་པ་དེའང་ངས་ངོས་འཛིན་བྱེད་ཕྱོགས་གཙོ་ཆེ་ཤོས་དེ་ནི་མི་རིགས་དང་ཐ་ན་མིའི་རིགས་ཀྱི་སློབ་གསོའི་བྱ་བའི་ཐད་ཡིན། སློབ་གསོ་ལ་གཙིགས་མཐོང་བྱེད་མཁན་གྱི་མི་རིགས་གང་ནི་འཛམ་གླིང་གི་མི་རིགས་དག་གི་གྲལ་ན་བརྟན་པོ་གནས་ཡོད་ཅིང་། མི་རིགས་སྤྱི་ཡི་འཕེལ་རྒྱས་དེ་ཡང་གཙོ་བོ་སློབ་གསོའི་བྱ་བས་ཤུགས་རྐྱེན་དང་སྐུལ་འདེད་ལ་འབྲལ་ཐབས་མེད་ཅིང་། སློབ་གསོའི་བྱ་བ་ལེགས་པར་འགྲུབ་རྐྱེན་ཡང་དོན་ངོ་མར་མི་རིགས་རང་གི་སྐད་དང་ཡི་གེ་གཉིས་པོ་ལ་གཅེས་སྤྲས་དང་བདག་དམ་ཡག་པོ་འཁྱོང་བས་ཡིན།

དེང་སྐབས་ཀྱི་ང་ཚོ་བོད་མི་རིགས་ཀྱི་སྤྱི་ཚོགས་སུ་དགེ་རྒན་གྱི་བྱ་བ་གཉེར་མཁན་དང་ཡང་ན་དགེ་རྒན་གྱི་མཚན་བྱང་འཛིན་མཁན་ཧ་ཅང་མང་བོ་ཞིག་ཡོད་པ་བརྒྱ་ལྟ་ཀུན་གསལ་དང་། ཁྲི་གདུགས་ཉི་མ་ཡིན་ངེས། དེ་ན་དེ་དག་གི་བྱ་བས་ང་ཚོའི་སྤྱི་ཚོགས་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་བཞིན་པར་བསམ་བློ་ཞིབ་ཏུ་བཏང་ན། མི་ཚོས་ཆེས་ཐོག་མར་རང་གི་དྲིན་ཆེན་གྱི་ཕ་མ་དགེ་རྒན་དུ་བསྟེན་ཅིང་དེ་ནས་རིམ་ཀྱིས་ནར་སོན་པའི་གོ་རིམ་དང་བསྡོངས་ཏེ་ལས་རིགས་འདྲ་མིན་གྱི་དགེ་རྒན་འདྲ་མིན་བསྟེན་ཞིང་དེ་དག་ལས། ཤེས་བྱ་གསར་བ་སྣ་ཚོགས་པ་ཞིག་སོ་སོའི་རང་གི་རྒྱུད་དུ་བླངས། དཔེར་ན་ཕ་མར་བསྟེན་དེ་མི་ཚོའི་གསོན་པའི་ཐབས་དང་འགྲོ་བའི་སྟངས་བསླབས། དེ་ནས་ཀྱང་ལས་རིགས་གཞན་པ་དགེ་རྒན་ཚོའི་མདུན་ནས། མི་ཚོས་འཚོ་ཐབས་གང་ལེགས་ཀྱི་དབྱེ་ཁ་བསལ་ཞིང་བྱ་བའི་བཟང་ངན་དང་ལེགས་ཉེས་ལ་ངོས་འཛིན་ཐོབ། ཚེ་སྲོག་གི་རིན་ཐང་དང་བསམ་བློའི་རིན་ཐང་ལ་གོ་རྟོག་སད་ཅིང་སློབ་པ་དང་སྦྱོང་བའི་བྱ་བ་ཡི་རིན་ཐང་སོགས་རིན་ཐང་སྣ་ཚོགས་པར་ངེས་ཤེས་སམ་ངོས་འཛིན་ཐོབ་ལ་སྟེ། མི་ཚོའི་རང་ངོས་ནས་སོ་སོས་རང་ཉིད་ཀྱི་མི་ཡི་འགྲོ་འདུག་གི་སྤྱོད་ཕྱོགས་བསླབས་ཤིང་། རང་ཉིད་ངོས་ཟིན་པར་གྱུར་རྗེས་འཚོ་བ་རོལ་སྟངས་དང་སྐད་ཆ་བཤད་སྟངས་སོགས་མ་ལུས་པར་དང་དུ་བླངས་པ་ཡིན། མདོར་ན་རང་མགོ་རང་གིས་འཁྱོངས། རང་ལམ་རང་གིས་རྙེད་རག་དབར་དུ་ང་ཚོ་མི་གཅིག་ཀྱང་དགེ་རྒན་གྱི་མཚན་བྱང་ཁུར་མཁན་ཚོ་དང་འབྲལ་མྱོང་ཡོད་མི་སྲིད། འདི་ནི་དགེ་རྒན་ཞེས་པའི་ལས་རིགས་སམ། དགེ་རྒན་གྱི་མཚན་བྱང་ཁུར་མཁན་གྱི་མི་ཚོས་ང་ཚོ་མི་སྒེར་སོ་སོ་ལ་ཐེབས་པའི་ཤུགས་རྐྱེན་ཡིན་ལ། དེ་བཞིན་བྱེད་སྟངས་འདི་ཡིས་ང་ཚོ་མི་སྒེར་གྱི་སློབ་གསོ་དང་མིའི་རིགས་ཀྱི་སློབ་གསོ་ལ་ཡལ་དུ་མི་ཐུབ་པའི་ཤུགས་རྐྱེན་བཞག་ཡོད།

གསུམ། སྐད་ཡིག་དགེ་རྒན་ཞེས་པ་འདི་མི་རིགས་ཤིག་ལ་མཚོན་ན་ཅི་འདྲ་གལ་ཆེ་ཚུལ།

ང་ཚོའི་མི་རིགས་འདི་ཡི་ཁྲིད་བྱར་ཁྱད་མེད་ཀྱི་དགེ་རྒན་བྱ་མའི་མིང་འཛིན་པ་མཐའ་དག་ང་ཚོའི་མི་རིགས་ལ་མཚོན་ནས་བཤད་ན་ནི་རིན་ཆེན་གསེར་ལས་ལྷག་ཅིང་། ཉི་ཟླ་བཞིན་ཏུ་གལ་འགང་ཆེ་མོད། ཡིན་ཡང་ངས་འདི་རུ་དམིགས་ཀྱིས་བརྗོད་དགོས་པའི་སྐད་ཡིག་དགེ་རྒན་ནི་ང་ཚོ་བོད་མི་རིགས་ལ་མཚོན་ནས་བཤད་ན་མེས་པོའི་ལོ་རྒྱུས་ཀྱི་དམུ་ཐག་དང་མཚུངས་ལ། ལུས་ཀྱི་གསལ་བྱེད་ཀྱི་མིག་ཟུང་ལྟ་བུར་ཡང་ཆགས་འདུག དེའི་རྒྱུ་མཚན་གཙོ་བོ་ཡང་ང་ཚོའི་མི་རིགས་ནི་འཇིགས་སུ་རུང་བའི་གཟུགས་མེད་ཀྱི”ཉམས་རྒུད་”ཅིག་དང་གདོང་འཕྲད་ཡོད་ཅིང་། མི་རིགས་ཤིག་གི་འཆི་གསོན་གྱི་ཚེ་སྲོག་གི་དབུགས་རྒྱུན་ཡང་ཉམས་པར་གྱུར་ན། ང་ཚོའི་གཟི་བརྗིད་དང་ལ་རྒྱ། ངོ་སོ་དང་ཁེ་དབང་། འཕེལ་རྒྱུས་དང་འཚོ་གནས་ཐམས་ཅད་ཀྱང་མིང་ཚིག་སྐམ་པོར་གྱུར་བ་མ་ཡིན་ནམ། རང་སྐད་རང་ཡིག་རང་གི་སྲོག་ཏུ་འཛུན་མཁན་གྱི་མི་རིགས་ལ་ད་གཟོད་ཚེ་སྲོག་གི་དཔལ་འབར་ཞིང་མདུན་ལམ་རྒྱ་ཆེ་བ་ཡིན་ལ། མི་རིགས་རང་གི་གཅིག་མཐུན་གྱི་འདུ་ཤེས་དང་ལ་རྒྱ་མ་བོར་བའི་མི་རིགས་དེ་ད་གཟོད་འཛམ་གླིང་གོ་ལ་ཧྲིལ་པོའི་སྟེང་ནས་གཟི་བརྗིད་ཀྱིས་འཚོ་ཐུབ། དུས་རབས་ཀྱིས་ང་ཚོའི་མི་རིགས་ལ་གནད་དོན་རབ་དང་རིམ་པ་སྤྲད་དང་སྤྲོད་བཞིན་པ་ཡིན་ལ། གནད་དོན་འདི་དག་ལ་ང་ཚོས་ཀྱང་གདོང་གཏོད་མ་ཐུབ་ན། ང་ཚོའི་ཤ་རུས་ཀྱི་གསེང་ན་ཞེན་ཆགས་ཅི་འདྲ་ཟབ་མོ་ཞིག་ཡོད་ནའང་རིམ་བཞིན་ཉམས་རྒུད་དང་ཆག་འཇིག་གི་སྣང་ཚུལ་སྐྱ་བོ་དེ་དང་དུ་མི་འདོད་བཞིན་ཏུ་ལེན་དགོས་པར་འགྱུར་བ་ནི་ཆོས་ཉིད་ཡིན།
དེའི་ཕྱིར་ན་རང་མི་རིགས་ཀྱི་སྐད་ཡིག་དགེ་རྒན་དག་ནི་མི་རིགས་འདི་ཉིད་འཇིགས་ཉེན་ལས་སྐྱོབ་མཁན་ཁོ་ནར་གྱུར་ཡོད་ཅིང་། འཁྲིས་ཀྱི་སློབ་མ་རེ་རེའི་རྒྱུད་ལ་རང་སྐད་རང་ཡིག་གི་གོ་ཆ་གྱོན་ཏུ་འཇོག་ཐུབ་པར་བྱ་རྒྱུ་ནི་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རིག་གནས་དང་སྐད་ཡིག་གི་བཙན་འཛུལ་དང་མི་སེལ་སྤེལ་ཡུལ་གྱི་ཁྲོད་དུ་ས་ལ་མི་འགྱེལ་བའི་ཐབས་ཁོ་ན་ཡིན། དེ་བཞིན་རང་མི་རིགས་ཀྱི་སྐད་ཡིག་དགེ་རྒན་ཚོའི་འོས་འགན་ཡང་གཞན་ལས་ལྕི་བ་དང་། ལས་ཀ་ཡང་གཞན་ལས་མང་བ་ཡོད་ལ། བྱས་རྗེས་དང་ངོ་སོ་ཡང་ལས་རིགས་གཞན་གང་ལས་ཀྱང་ཆེ་བ་དང་སྔག་འོས་པའི་གནས་ཀྱང་ཅི་ལ་མིན།

བཞི། སྐད་ཡིག་དགེ་རྒན་གྱི་བྱ་བའི་ནང་དོན་དང་བྱ་བ་བྱེད་སྟངས་སོགས་ཀྱིས་སློབ་མ་དང་། ཡང་ན་མི་རིགས་ཀྱི་སློབ་གསོའི་བྱ་བར་ཤུགས་རྐྱེན་གང་འདྲ་བ་ཞིག་ཐེབས་བཞིན་པ།

འདི་ནི་ངས་འདི་རུ་བརྗོད་འདོད་ཡོད་པའི་བརྗོད་བྱ་དག་ལས་གཙོ་ཤོས་དེ་ཡང་ཡིན་ཏེ། རྒྱལ་ཁབ་དང་མི་རིགས་ཞེས་སྤྱིའམ་ཧྲིལ་པོ་ཞིག་གྲུབ་བྱེད་ནི་བྱེ་བྲག་གི་མི་རེ་རེ་གྱུར་འདུག་ཅིང་། ང་ཚོའི་མི་རིགས་འདི་ཡང་ང་དང་ཁྱེད། ཁོ་དང་ཁོ་མོ་སོགས་མི་རེ་རེ་བ་ཡིན་པས་ན། སྐད་ཡིག་དགེ་རྒན་གྱི་ཁྲིད་སྟེགས་འོག་གི་སློབ་ཕྲུག་རེ་རེ་ནི་ང་ཚོའི་མ་འོང་བའི་མི་རིགས་ཞེས་པའི་སྤྱིའམ་ཧྲིལ་པོ་འདི་གྲུབ་ཀྱི་མི་སྣ་རེ་རེ་ཡིན་པས། སྐད་ཡིག་དགེ་རྒན་ཚོའི་དཔེ་ཆ་མ་ཁྲིད་གོང་དུ་ཁྲིད་སྟེགས་འོག་གི་སློབ་མའི་གལ་ཆེའི་རང་བཞིན་དང་། དགོས་སུ་བོད་ཕྲུག་ཚོའི་ཕྲག་ཏུ་ལྷུང་བའི་མ་འོང་བའི་བྱ་བཞག་ཆེ་འབྲིང་ཆུང་གསུམ་ལ་བསམ་གཞིག་ནན་མོ་གཏོང་དགོས་ཡོད་པར་འདོད།

སྐད་ཡིག་དགེ་རྒན་ཐམས་ཅད་ཀྱིས་ད་སྐབས་ཀྱི་གཅིག་གྱུར་ཀྱི་ཁྲིད་གཞིའི་སློབ་དེབ་གཙོར་བཟུང་ཡོད་ཅིང་ཀྲུང་གོའི་སློབ་གསོའི་ལམ་ལུགས་ལྟར་དུ་རྒྱུགས་འབྲས་དང་སྐར་གྲངས་ཀྱིས་མང་བོ་ཞིག་གི་ཐག་གཅོད་བཞིན་ཡོད་སྲིད་མོད། ཡིན་ཡང་ང་ཚོའི་མི་རིགས་ལ་མཚོན་ན་དཔེ་ཆ་དེ་ཙམ་པོ་མ་ཡིན་གྱི ཐ་ན་འཛམ་གླིང་རིག་གནས་ཀྱི་ཁྲོད་དུའང་འོད་སྟོང་འབར་བའི་དཔེ་ཆ་དང་རིག་གནས་རླབས་པོ་ཆེ་སྣ་ཚོགས་པ་ཡོད་པ་ངས་སངས་རྒྱས་ལ་ཀ་ཁ་མི་དགོས་པ་ཞིག་རེད། དེ་བས་ན་ནོར་བུ་རང་ལ་ཡོད་དུས་ནོར་བའི་ནོར་གོ་ཆོད་པར་བྱ་རྒྱུ་ཧ་ཅང་གལ་ཆེ་བ་ལགས་ན། སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་དུ་ཁྲིད་གཞིའི་དཔེ་ཆ་ལས་བརྒལ་ཏེ་འོས་འཚམས་ཀྱི་རང་གི་རིག་གནས་ཀྱི་ནང་དོན་གཞན་པ་མང་བོ་ལ་ཕ་བུ་ངོ་འཕྲོད་པར་བྱེད་རྒྱུ་གལ་ཆེ་ཞིང་། གཞན་ཡང་དགེ་རྒན་ནི་རང་བཞིན་གྱིས་སློབ་མའི་མིག་དཔེར་གྱུར་བས་ན། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཀྱི་འདུ་ཤེས་དེ་དེང་མ་ཞིག་ནས་བྱ་བ་ཕྲན་ཚེགས་རེ་རེ་བ་ནས་སློབ་མའི་རྒྱུད་ལ་ཕྱོགས་འདྲ་མིན་ནས་ཤུགས་རྐྱེན་ཐེབས་ཅི་ཐུབ་བྱ་རྒྱུའི་བསམ་བློ་མངའ་བ་ཡང་ཧ་ཅང་འགངས་ཆེན་རེད་སྙམ། མ་གཞི་ནས་རླབས་ཆེན་དང་གཟི་བརྗིད་ཀྱི་བྱ་ནི་ཆུང་ཆུང་ཞིག་ནས་བཟུང་སྟེ་རིམ་གྱིས་ཆེར་གྱུར་ཅིང་། མཐར་མི་ཚོས་སེམས་ཀྱི་མཐོ་སར་འཇོག་ངེས་པ་ཞིག་རེད་འདུག

སློབ་མས་རྒྱུགས་འབྲས་ཡག་པོ་ཞིག་ལོན་མིན་དགེ་རྒན་ལ་རག་ལས་པ་བཞིན། སློབ་མའི་མི་གཞི་དང་ཀུན་སྤྱོད་ཡག་པོ་ཡོང་མིན་ཡང་། དགེ་རྒན་ལ་འབྲེལ་བ་མེད་པ་ཞིག་ནི་ཏན་ཏན་རེད་མི་འདུག རང་གཞན་ཀུན་གྱིས་རང་གི་སློབ་མའི་དུས་སྐབས་ལ་ཕྱིར་རྟོག་ཅིག་བྱས་ན། སློབ་མའི་དུས་སྐབས་སུ་དགེ་རྒན་དེ་ཚོའི་ལས་ཀར་སྨོན་པ་དང་དེ་དག་གི་བྱ་བྱེད་གང་ལ་ལད་མོར་སྤྲོ་བ་ནི་རྒྱུན་ལྡན་ཞིག་རེད་འདུག་ཅིང་། དགོས་སུ་ད་སྐབས་ཀྱི་དུས་ཚོད་འདི་ནི་ལོ་རྒན་གཞོན་མེད་པར་ཀུན་གྱིས་བྱ་བ་དང་སྤྱོད་པར་བཟང་ངན་གྱི་དབྱེ་བ་མི་འབྱེད་པར། ཐམས་ཅད་ལད་མོའི་རང་བཞིན་ཅན་ཞིག་ཏུ་འགྱུར་བཞིན་པས། དགེ་རྒན་གྱིས་སློབ་ཁྲིད་ལེགས་པོ་ཞིག་འཁྱོངས་རྗེས་གཞན་ཡང་ཀུན་སྤྱོད་དང་བསམ་བློ། འདུ་ཤེས་ལ་སོགས་པ་ཐམས་ཅད་ལ་ཅི་ཐུབ་ཀྱིས་ཟབ་ནན་བྱས་ན་འགྲིག་པར་བསམ། འདི་དག་ཐམས་ཅད་ཀྱི་རྒྱུ་མཚན་གཅིག་པོ་ནི། ཁྱེད་ཀྱི་སློབ་མ་རེ་རེ་ནི་ང་ཚོའི་མ་འོང་བའི་མི་རིགས་ཞེས་པའི་ཧྲིལ་པོ་འདི་གྲུབ་བྱེད་ཀྱི་བྱེ་བྲག་གི་མི་སྣ་རེ་རེ་ཡིན་པས་སོ།

༼གསལ་བཤད། ངས་ནི་རང་གི་བསམ་བློ་ནང་དུ་བཀུག་ནས་རང་གི་ཡོན་ཚད་ཙམ་པོས་གནས་ལུགས་ཏོག་ཙམ་འདུག་པར་འདོད་པ་ཐམས་ཅད་ཇི་བཞིན་ཏུ་རྩོམ་ཐུང་འདིར་བྲིས་པ་ལས། རང་ཉིད་ནི་དགེ་རྒན་ཅེས་པའི་བྱ་བ་འདི་ལ་ད་ལོ་སོ་མར་བུད་པ་དང་། ད་སྐབས་ད་རུང་དངོས་སྦྱོང་སློབ་མ་ཙམ་ཞིག་ལས་ཅི་ཡང་མིན་ལ། ནམ་རྒྱུན་སྙན་ངག་ཐུང་ཐུང་ཙམ་རེ་འབྲི་ཁལ་བྱེད་པ་ལས། དཔྱད་རྩོམ་སོགས་མང་བོ་ཞིག་ནི་ལར་ནས་ཀྱང་འབྲི་ཐུབ་ཀྱིན་མེད། ད་དུང་བྱ་བར་ཉམས་མྱོང་མེད་། ཤེས་ཡོན་དེ་བས་དབུལ་བས་ན། མ་ཡོང་མ་འཁྱོངས་ས་ཅི་ཡོད་ཐམས་ཅད་ལ་བཟོད་གསོལ་ཞུ་ཞེས་པ་ལགས་སོ། ཨོ། ད་རུང་ང་སྐད་ཡིག་དགེ་རྒན་ཡང་མིན།༽