བདག་གི་དཔེ་ཆ་བཀླགས་སྟངས་ནི་ཧ་ཅང་རྩིང་བོ་ཡིན་ལ། མཚམས་ལ་རེར་དཔེ་ཆ་ཉོས་ནས་སྟེང་གི་འགྱིག་ཤོག་མ་བཀོག་པ་ཡང་ད་ལྟའི་བདག་གི་དཔེ་སྒྲོམ་ནས་མཐོང་ལ། མཚམས་ལ་རེར་མཇུག་བྱང་ངམ་གླེང་བརྗོད་ཙམ་ལས་གཞུང་དངོས་ལ་མིག་ཟུར་ཙམ་མ་དྲུད་པ་ཡང་མང་པོ་ཡོད།  དེ་ལྟ་ནའང་། མཚམས་ལ་རེར་ཧ་ཅང་ཞིབ་ཚགས་ཀྱི་ཆ་ཞིག་ཀྱང་ལྡན་ལ། དཔེ་ཆའི་ནང་དོན་རེ་བློར་འཛིན་པ་དང་། ནང་གི་གནད་ཚིག་རེ་ཉིན་གང་བོར་བསམ་གཞིག་བྱེད་པ། ཡང་ན་ལོ་འགའ་འགོར་བའི་དབྱར་དགུན་གྱི་ཉིན་ཞིག་ལ་དེ་སྔའི་དཔེ་ཆའི་ནང་དོན་ཀླད་པའི་ནང་དུ་འཕྱོ་ལྡིང་བྱས་ཏེ་དེ་ཀློག་འདོད་ཀྱི་འདུན་པ་བསྲན་མི་ཚུགས་པ་འབྱུང་བ་ཡང་སྲིད་དོ།།

དེ་རིང་གླེང་བའི་དཔེ་ཆ་འདི་ནི་བདག་དཔེ་ཚོགས(༢༠༠༥ཡིན་པ་དྲན)དངོས་སུ་སྤྱི་ཚོགས་སྟེང་བཀྲམ་མ་ཐག་དེའི་དཔེ་ཆ་རེའི་མཇུག་གི་རྒྱ་བོད་ཤན་སྦྱར་གྱི་མིང་ཚིག་གསར་བའི་ཐོ་དེ་དང་འབྲེལ་ནས་བྱུང་ལ། དེ་ནས་རྒྱ་ནག་དང་ཕྱི་རྒྱལ་གྱི་མིང་མ་ཐོས་པའི་མཁས་པ་མང་པོའི་ཤན་སྦྱར་གྱི་མིང་དེ་ཚོ་གསར་དུ་ཐོས་པ་ཡིན། དེ་འབྲེལ་གྱི་ཤེས་བྱ་ཡང་མི་ཉུང་བ་ཞིག་ཤེས་པའི་སྐལ་བ་བྱུང་། རེད། དེ་རུ“ས་ཁྱི་ལོའི་སྐྱེས་ཆེན་དྲུག”ཅེས་པའི་ཐ་སྙད་ཞིག་ཡང་དང་ཡང་དུ་འབྱུང་ལ། དེ་དང་དེའི་ཕན་ཆད་ཀྱི་ལོ་རྒྱུས་སམ་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཤིག་ཡོད་ཀྱི་རེད་སྙམ་པ་ཡིད་ཀྱི་ཟུར་ལ་ཡང་ཤར་མེད། ཏག་ཏག་ཐ་སྙད་ཙམ་པོ་མིག་ལམ་དུ་བརྒྱུད་པ་ཙམ་ལས་གཞན་པའི་དོ་སྣང་ཅི་ཡང་མ་བྱས།

རེད་ཡ། ད་ནི་དེ་ནས་བརྩིས་ཏེ་ལོ་སྐོར་གཅིག་ཙམ་ཕར་ལ་ཟད་འདུག་ལ། ད་ལོའི་དབྱར་ཁར་བདག་གི་སྐད་འཕྲིན་བརྒྱུད་ནས་རྒན་མེ་ལྕེ་ལགས་ལ་དེའི་སྐོར་གྱི་དྲི་བ་དྲིས་པ་ཡིན། སྐད་འཕྲིན་གྱི་ནང་དོན་ཡང་ཡི་གེར་ཕབ་ན་འདི་ལྟ་སྟེ། “རྒན་ལགས་ང་ལ་དྲི་བ་ཞིག་ཡོད། དེ་སྔོན་ཁྱེད་ཅག་གི་བདག་དཔེ་ཚོགས་ཀྱི་རྒྱབ་དུ་ས་ཁྱི་ལོའི་སྐྱེས་ཆེན་དྲུག་ཅེས་པ་ཞིག་ཡང་ཡང་འབྱུང་གི་འདུག  དེ་ནི་སུའི་རྩོམ་ཡིག་གི་ནང་དུ་ཡོད་པ་རེད།”ཅེས་སྐད་བསྐུར་བ་ན། ཡུན་ཙམ་འགོར་རྗེས། “གསལ་དག་མཉེན”གསུམ་གྱིས་ཁེངས་པའི་སྐད་ཅིག་གིས་ང་ལ་འདི་ལྟར་སྨྲས་བྱུང་། “ཨ་ཁུ་གངས་དཀར་བདེ་མོ། ད་ཅིས་ཅུང་མ་ཁོམ་ཐལ། ས་ཁྱི་ལོའི་སྐྱེས་ཆེན་དྲུག་ཅེས་པ་དེ་བདག་དཔེ་ཚོགས་ཀྱི་ནང་དུ་རྒན་བྱང་སྐར་དང་རྒན་ཕག་མོའི་ནུབ་བྱང་གི་འཆད་ཁྲིད་སྐབས་སུ་བྱུང་པ་རེད། ཁྱེད་ཀྱིས་འདིའི་སྐོར་གྱི་ལོ་རྒྱུས་ཤེས་འདོད་ན་ནུབ་བྱང་གི་དཔེ་མཛོད་ཁང་དུ《ས་ཁྱི་ལོའི་ལུགས་སྒྱུར》ཞེས་པའི་དཔེ་རྙིང་ལོ་རབས་བདུན་ཅུ་བར་བོད་ཡིག་ཏུ་བསྒྱུར་བ་ཞིག་འདུག ཚིག་སྦྱོར་ཡང་ཧ་ལས་པའི་ཕུན་སུམ་ཚོགས་པ་རེད་འདུག”ཅེས་ལན་བཏབ་བྱུང་བ་ལ་ངས་ཁོ་ལ་ཐུགས་རྗེ་ཆེ་ཞུས་ནས་དེ་མ་ཐག་ནུབ་བྱང་གི་སློབ་མ་ཞིག་བཙལ་ནས་དཔེ་ཆ་དེ་པར་སློག་བརྒྱབ་ནས་སྐུར་དགོས་པའི་རེ་བ་བཏོན་པ་ཡིན།

དཔེ་ཆ་དེའི་འགོ་ཤོག་སྟེང“ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཀྱི་དཔེ་ཚོམས ས་ཁྱི་ལོའི་ལུགས་སྒྱུར《ཀྲུང་གོའི་ཉེ་རབས་ཀྱི་ལོ་རྒྱུས་དཔེ་ཚོམས》རྩོམ་སྒྲིག་ཚན་སྐོར་ནས་བརྩམས  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང ”ཞེས་བྲིས་འདུག་ལ། མངོན་གསལ་ཆེ་ཤོས་ནི་ཤད་མེད་པ་དེ་རེད། ད་དུང་ཡང་མངོན་གསལ་ཆེ་ཤོས་གཞན་ཞིག་ནི་དེབ་འདིའི་འགོ་བརྗོད་མའོ་ཀྲུའུ་ཞིའི་གསུང་བཏུས་ཚན་པ་གཉིས་ཀྱིས་དབུ་བརྩམས་འདུག་ལ། དཔེ་ཆའི་ནང་ཡོངས་སུ་ཤད་ཀྱི་ཚབ་ཏུ་རྒྱ་ཡིག་གི་ཡིག་རྟགས“,”“。”འདི་གཉིས་ཀྱིས་འཐུས་པར་བྱས་ཡོད་པ་དེའོ།། བོད་ཡིག་ཏུ་སྒྱུར་མཁན་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་ཡིག་སྒྱུར་ཁང་ནས་བསྒྱུར་ཞེས་པ་ལས་མི་སྒེར་གྱི་མིང་ཅི་ཡང་བྲིས་མི་འདུག

ད་ནི་གཞུང་ལ་འཇུག་པར་བྱ་སྟེ། ཐོག་མར་སྙན་ལམ་དུ་འབུལ་རྒྱུ་ཞིག་ནི“ང་ཚོའི་དེང་རབས་བོད་མི་ཞིག་གི་མིག་སྤྱད་ནས་རྒྱ་ནག་གི་ཉེ་རབས་ལོ་རྒྱུས་སྟེང་གི་ལུགས་སྒྱུར་ལས་འགུལ་ཞིག་ལ་ལྟ་རྒྱུ་དེ་གཅིག་དང་། གཉིས་ནས་དཔེ་ཆ་འདི་ནི་ལོ་རབས་བདུན་ཅུ་བའི་ནང་དུ་བྲིས་པ་ཡིན་ཙང་རིག་གནས་གསར་བརྗེ་ཡི་ལས་འགན་རླབས་པོ་ཆེ་ཞིག་ཁོའི་ཕྲག་སྟེང་དུ་བཀལ་ཡོད་པ་ཚོར་རྒྱུ་དེ་གསལ་བཤད་གཉིས་པ་ཡིན།”

༡༨༩༨ལོ་ནི་ཀྲུང་གོར་མཚོན་ན་ཧ་ཅང་རྒྱུན་ལྡན་མ་ཡིན་པའི་ལོ་ཞིག་སྟེ། ལོ་དེར་ཉེ་རབས་ལོ་རྒྱུས་སུ་གྲགས་ཆེ་བའི་ས་ཁྱི་ལོའི་ལུགས་སྒྱུར་འགོ་བསླངས་པ་རེད་ལ། ཏག་ཏག་ལོ་འདི་ལ་གྲགས་ཆེ་བའི་ལུགས་སྒྱུར་ལས་འགུལ་དེ་ཡོངས་སུ་ཕམ་པ་རེད།

ལས་འགུལ་དེའི་འབྱུང་རྐྱེན་གཙོ་བོ་ནི་ཁོ་ཚོས་བརྗོད་པའི“མ་རྩ་རིང་ལུགས་ཀྱི་བཙན་འཛུལ་བ”དབྱིན་ཇི་དང་། ཧྥ་རན་སི། ཨ་མེ་རི་ཀ ཨུ་རུ་སི། འཇར་པན་བཅས་ཀྱིས་འདྲེ་ལག་གང་སར་བརྐྱངས་ཤིང་འདྲ་མཉམ་མིན་པའི་ཆིངས་ཡིག་སྔ་ཕྱིར་མང་པོ་ཞིག་བཞག་ནས་ཀྲུང་གོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ལ་གོ་སྐབས་ཅུང་ཟད་ཀྱང་མི་ལྷོད་པར་བཙན་འཛུལ་བྱས་པ་དང། “༡༨༩༥ལོར《མ་ཀོན་ཆིངས་ཡིག》བཞག་རྗེས། དེ་དག་གིས་ལྷག་པར་ཁེ་ཕན་མཉམ་བགོ་ཡི་མིང་གཡར་ནས། གཅིག་རྗེས་གཉིས་མཐུད་ཀྱི་སྒོ་ནས་ཀྲུང་གོར་བཟོ་གྲྭ་འཛུགས་པ་དང་། ལྕགས་ལམ་བཟོ་བ། གཏེར་ཁ་འདོན་པ། དངུལ་ཁང་འཛུགས་པ། དངུལ་བུན་གཏོང་བ་བཅས་འཕྲོག་རྩོད་བྱས་ཏེ། མ་རྩ་མང་པོ་ཕྱིར་དྲངས་ནས། ཀྲུང་གོའི་སྤྱི་ཚོགས་དཔལ་འབྱོར་གྱི་རགས་ཁ་རྣམས་རེ་རེ་ནས་གཏོར་བརླག་བྱས་ཤིང་། ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྲོག་རྩ་སྔར་ལས་ལྷག་པར་ཚོད་འཛིན་བྱས་པར་མ་ཟད། ད་དུང“གླས་པའི་ས་ཆ”བཙན་འཕྲོག་དང་། སྟོབས་ཤུགས་ཁྱབ་ཁོངས་ཀྱི་དབྱེ་མཚམས་བཀར་ནས། ཀྲུང་གོ་དུམ་བུར་བགོ་རྒྱུའི་གྲ་སྒྲིག་ལང་ལོང་དུ་བྱས་པ་རེད” ཅེས་པ་ཕྱིའི་རྐྱེན་དང་། དེ་ནས་ཅུང་ཡར་དེད་ན། ལོ་རབས་ལྔ་བཅུ་བར་ཞི་བདེ་ལྷ་རྒྱལ་གྱི་གསར་བརྗེ་ཞེས་དམངས་རང་བཞིན་གྱི་ལས་འགུལ་ཞིག་བསླངས་པ་དེ་སྐབས་དེའི་རྒྱལ་པོའི་སྲིད་གཞུང་དང་བཙན་འཛུལ་བ་ངན་འབྲེལ་བྱས་ནས་དྲག་གནོན་བྱས་པ་ཡིན་མཆི་ལ། དྲག་མནོན་དེ་དང་འབྲེལ་ནས། ཕྱིའི་བཙན་འཛུལ་བ། ཕྱིའི་ཆོས་ལུགས་ལ་རྒོལ་རྡུང་དང་། རྒྱལ་པོའི་སྲིད་གཞུང་ལ་ཡིད་མ་ཚིམ་པར་ཞིང་པ་རྣམས་ཀྱིས་ཁྲལ་དང་འུ་ལག་མི་འཇལ་བའི་འཐབ་རྩོད་ཀྱང་ངང་གིས་བྱུང་བ་རེད། འཐབ་རྩོད་དེ་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་བཅུ་ལ་ཁྱབ་པར་སྨྲ་ལ། འཐབ་རྩོད་དེ་ཆེ་རུ་སོང་ནས་ཀྲུང་གོའི་ནང་ཁུལ་གྱི་གྲལ་རིམ་གྱི་འགལ་བ་རྣོ་ངར་ཅན་དུ་གྱུར་འདུག དེ་ནི་ལུགས་སྒྱུར་ལས་འགུལ་དེའི་ནང་རྐྱེན་དུ་གྲུབ་འདུག

མཚམས་འདིར་སྐད་ཆ་འགའ་བཤད་ན། ཉེ་རབས་ཀྱི་འཛམ་གླིང་གི་བཙན་འཛུལ་བ་སུ་དང་གང་ཡིན་ཀྱང་ཐོག་མར་དམངས་དོན་དུ་སློབ་གྲྭ་འཛུགས་པ་དང་། བཟོ་གྲྭ་འཛུགས་པ། མི་དམངས་མང་ཚོགས་ཁ་ལ་ཁྱེར་ནས། ཕུགས་བསམ་རླབས་པོ་ཆེ་ཞིག་བཤད་པ། འབྱོར་ལྡན་པ་དག་ལ་ཁེ་ཅུང་ཟད་བྱིན་ནས། ཡིད་ཆེས་ཉོ་བ། དུས་ཚོད་ལ་རན་ན་ད་གཟོད་ཆིངས་ཡིག་དང་སྒྲིག་ལམ་བཟོས་ནས“གླས་པའི་ས་ཆ”བཙན་འཕྲོག་དང་། ཡུལ་ལུང་དང་མིའི་བར་དུ་འགལ་བ་བཟོ་བ། དེ་ནས་རིམ་གྱིས་ཁ་དང་སེམས་ལ་དབང་སྒྱུར་དང་ཚོད་འཛིན་གྱི་སྟོབས་ཤུགས་སྣ་སྒོར་མོ་ནས་སྤེལ་བ་དེ་རེད། དེ་ནི་གནའ་བོའི་བཙན་འཛུལ་བ་དང་མི་འདྲ་ས་རེད་ལ། འགྲོ་སོང་མེད་པར་ཡོང་སྒོ་རྐྱང་རྐྱང་སྒྲུབ་པའི་ཚོང་ལས་ཆེན་པོ་ཞིག་ཀྱང་རེད་དོ། །ཏག་ཏག་སྐབས་འདི་ལ་བཙན་འཛུལ་བྱེད་སའི་ཡུལ་དེ་ལ་ཐུན་མོང་གི་ཆ་རྐྱེན་འགའ་ཚང་ཡོད་པ་ནི། གཞུང་དེ་སྐྱག་གཟན་ཡིན་པ་དང་། དབང་སྒྱུར་གྱི་ནུས་པ་ཞན་པ། དམངས་དེ་ཉམ་ཞན་ཡིན་པ། གང་འདོད་དུ་བརྙས་བཅོས་བྱེད་ཆོག་པ། ཁོ་ཚོ་སུས་ཀྱང་སྤྱི་མི་སེམས་པར་རང་ཁེ་ཁོ་ན་བསམ་པ་བཅས་སོ།།

འོན་ཀྱང་། ལུགས་སྒྱུར་སློང་མཁན་གྱི་མི་སྣ་གཙོ་བོ་ཁང་ཡིའུ་ཝེ་ནི་རླབས་པོ་ཆེ་ཞིག་ལ་ངོས་བཟུང་ཆོག་ལ། ཁོ་ནི་ཀོང་ཏུང་ཞིང་ཆེན་གྱི་ནན་ཧེ་ཞན་གྱི་མི་ཡིན་ཞིང་། ཆུང་དུས་སུ་རུའུ་ལུགས་ཀྱི་སློབ་གསོའི་ཤན་ཟབ་མོ་ཡོད་པ་ཞིག་རེད། ཁོ་རང་ཞང་ཀང་དང་ཧྲང་ཧེ་སོགས་སུ་སོང་ནས་ནུབ་ཕྱོགས་ཀྱི་བྱ་དངོས་ཁ་ཤས་ལ་འཕྲད་མྱོང་ཞིང་། ནུབ་ཕྱོགས་ཀྱི་རིག་གཞུང་ངོ་སྤྲོད་པའི་དཔེ་ཆ་འགའ་ཡང་བཀླག་མྱོང་བ་རེད། ཁོའི་སེམས་སུ་ཕྱི་རྒྱལ་གྱི་རྒྱལ་ཁབ་ལ་རྒྱལ་ཁབ་སྐྱོང་བའི་ཐབས་ཆ་ཚང་བ་རེ་འདུག་ལ། “ཕྱིི་རྒྱལ་དམུ་རྒོད”ཡིན་པའི་ལྟ་བ་ཐུང་ཐུང་དེ་བཟུང་ནས་ཁོ་ཚོར་ལྟ་མི་རུང་སྙམ་པ་རེད། ཆིན་སྲིད་གཞུང་གིས་དབང་སྒྱུར་བའི་ཀྲུང་གོ་ནི་རྙིང་བ་དང་འགོག་སྡོམ་ཤུགས་ཆེ་ལ། དེ་ལྟར་ཡིན་པས་ད་གཟོད་ཕྱིའི་བཙན་འཛུལ་བས་བརྙས་བཅོས་བྱེད་སླ་བ་རེད། ཕྱི་རྒྱལ་ལ་སློབ་སྦྱོང་བྱས་ནས་ལེགས་བཅོས་བྱེད་རྒྱུ་ནི་རྒྱལ་ཁབ་སྐྱོབ་བྱེད་ཀྱི་བདེན་དོན་ཉག་གཅིག་ཡིན་པའི་འདོད་བློ་འཁྲུངས་པ་རེད།

༡༨༨༨ལོར་ཁང་ཡིའུ་ཝེ་པེ་ཅིན་ལ་སོང་ནས་ཧྲུན་ཐེན་ཤང(ཅུས་རིན)རྒྱུགས་སྤྲོད་དུ་ཞུགས། སྐབས་དེར་ཁང་ཡིའུ་ཝེ་ཡིས་ཡི་གེ་ལྔ་སྟོང་ཡོད་པའི་གོང་མ་རྒྱལ་པོར་འབུལ་བའི་ཞུ་ཡིག་དང་པོ་དེ་བྲིས་ནས་ཙི་ཅིན་མཁར་གྱི་སྒོ་ཆེན་བརྡུངས་པ་རེད། ཞུ་ཡིག་གི་ནང་དོན་ནི། “ཕྱི་རྒྱལ་གྱི་བཙན་འཛུལ་དེ་ཁྱིམ་མཚེས་ལ་བཙན་འཛུལ་བྱས་ནས་མཐའ་མཚམས་སུ་བསླེབས་ཡོད་པ་དང་། དམངས་ཀྱི་འདོད་པ་དང་ཡིད་མི་ཚིམ་པའི་རྣམ་འགྱུར་ཉིན་རེ་ནས་ཇེ་ཆེ་ཡིན་ཚུལ། གང་ས་གང་དུ་ཟིང་ཆ་བསླངས་ནས་ཞི་བདེ་ལྷ་རྒྱལ་ལྟ་བུའི་གསར་བརྗེ་དེ་ཡང་བསྐྱར་གློ་བུར་དུ་ལངས་སྲིད་པ། གལ་སྲིད་སྐབས་འདིར་མགྱོགས་མྱུར་གྱིས་ལུགས་སྒྱུར་ལེགས་བཅོས་བྱས་ན་ཉེན་ཁའི་གནས་ལས་སྐྱོབ་ཐུབ་ཚུལ་སོགས་བྲིས་ཡོད་པ་རེད།” འོན་ཀྱང་གོ་གནས་ཅི་ཡང་མེད་པའི་དཔེ་ཆ་བ་ཞིག་གིས་གོང་མ་རྒྱལ་པོར་གྲོས་གླེང་བྱེད་ཕོད་པ་ནི་ཚུལ་མིན་གྱི་ལས་ཤིག་རེད་སྙམ་ནས་ཞུ་ཡིག་དེ་བཀག་པ་རེད་ལ། དཔེ་ཆ་བ་སྨྱོན་པ་ཞེས་རྒྱུགས་སྤྲོད་ལའང་ཞུགས་སུ་མ་བཅུག

དེ་ནས་ཁོ་རང་ཕྱིར་ཀོང་ཏུང་ལ་ལོག་ནས་སློབ་མ་བསྡུས་པ་དང་། ཝན་མུའུ་ཚོ་ཐང་ཟེར་བའི་དཔེ་ཁྲིད་ཁང་བཙུགས་ནས་ཁོའི་ལེགས་བཅོས་ཀྱི་བསམ་བློའི་སློབ་གསོ་གཞན་ལ་སྤེལ་མགོ་བརྩམས། སྐབས་དེར་ལིང་ཆི་ཁྲོ་ཡོང་ནས་སློབ་མའི་གཙོ་བོར་གྱུར་ལ་སློབ་སྦྱོང་གི་ཁྱབ་ཁོངས་ཆེ་རུ་བཏང་ནས། རིག་གཞུང་དང་། དངོས་ལུགས་རིག་པ། ལོ་རྒྱུས་རིག་པ། ནུབ་ཕྱོགས་ཀྱི་རིག་གནས་བཅས་སུ་རྒྱ་བསྐྱེད། ༡༨༩༡ལོར་ཁང་ཡིའུ་ཝེ་ཡིས《དཔེ་གཞུང་རྣམ་དག་ཡིན་མིན་ལ་བརྟག་དཔྱད་བྱས་པ》དང་། དེའི་རྗེས་ཀྱི་ལོ་འགའི་ནང《ཁུང་ཙིའི་ལུགས་སྒྱུར་བྱེད་ཚུལ་བརྟག་དཔྱད་བྱས་པ》གཉིས་བརྩམས་ནས་ཁོའི་ལུགས་སྒྱུར་གྱི་བསམ་བློ་དེ་ཁུང་ཙིའི་དགོངས་པ་དང་མཐུན་ལུགས་བསྒྲུབས་ཤིང་། “ཕ་མེས་ཀྱི་ཁྱིམ་ཁྲིམས”ལ་ཤི་སྤར་དུ་འཐམས་མཁན་རིགས་ལ་རྡུང་རྡེག་ཅིག་བཏང་བ་རེད། ཡང་དེའི་རྗེས་སུ《སྤྱི་སྙོམ་ཆེན་པོའི་གཞུང》ཞེས་པ་ཞིག་བྲིས་ནས། “རྒྱལ་ཁབ་མེད་པ་དང་། གོང་མ་རྒྱལ་པོ་མེད་པ། མི་རྣམས་ཕན་ཚུན་ལ་བྱམས་པ། མི་རྣམས་འདྲ་མཉམ་ཡིན་པ”བཅས་ཀྱི་འཇིག་རྟེན་ཞིག་ཏུ་བསྒྱུར་དགོས་པར་བཤད་པ་རེད། འོན་ཀྱང་མའོ་ཙེ་ཏུང་གིས་ཁོའི་སྤྱི་སྙོམ་ཆེན་པོའི་ལྟ་བ་ལ་གདེང་འཇོག་བྱས་པ་དཔེ་ཆ་འདི་རུ་དྲངས་པ་ནི་འདི་ལྟ་སྟེ། “ཁང་ཡིའུ་ཝེས《སྤྱི་སྙོམ་ཆེན་པོའི་གཞུང》ཞེས་པའི་དེབ་གཅིག་བརྩམས་ཡོད་ཀྱང་། ཁོས་སྤྱི་སྙོམ་ཆེན་པོར་སླེབས་ཐུབ་པའི་ལམ་ཞིག་རྙེད་མེད་ལ་རྙེད་ཀྱང་མི་ཐུབ”ཅེས་བཤད་ཡོད་པ་རེད།

གང་ལྟར་ངེད་ཅག་གི་མིག་གིས་མཐོང་བའི་ཁང་ཡིའུ་ཝེ་ནི་ལྷག་བསམ་དཀར་ཞིང་ཞུམ་པ་མེད་པའི་མི་ཞིག་ཡིན་ངེས་མཆི་ལ། ལྕགས་རྟ་ལོའི་དམག་འཁྲུག་ཕམ་ནས་ཀྲུང་གོས་འཇར་པན་ལ《མ་ཀོན་ཆིངས་ཡིག》བཞག་རྗེས། ཆིང་སྲིད་གཞུང་སྔར་བས་ཀྱང་ཉམས་དམས་དང་རུལ་སུངས་སུ་གྱུར་ལ། ཐེ་ཝན་ཞིང་ཆེན་འཇར་པན་ལ་སྤྲོད་དགོས་པ་དང་། ཆིངས་དངུལ་དངུལ་སྲང་དུང་ཕྱུར་གཉིས་འཇལ་བ། འཇར་པན་གྱིས་ཀྲུང་གོ་ནས་གང་འདོད་དུ་བཟོ་གྲྭ་བརྒྱབ་ཆོག་པ་སོགས་ཁས་ལེན་བྱས་པ་རེད། ༡༨༩༥ལོའི་དཔྱིད་ཀ་ནི་ཅུས་རིན་ལ་རྒྱུགས་སྤྲོད་པའི་དུས་ཚིགས་ཡིན་ལ། ཁང་ཡིའུ་ཝེ་ཡིས་གཏམ་དེ་དག་ཐོས་རྗེས་མྱུར་ཏུ་མི་མངགས་ནས་ཀོང་ཏུང་གི་ཅུས་རིན་རྣམས་ལ་སྐུལ་ནས་ཆིང་སྲིད་གཞུང་གིས《མ་ཀོན་ཆིངས་ཡིག》སྟེང་མིང་རྟགས་མི་འགོད་པའི་རེ་བ་ཞུས་པ་དང་། དེ་ནས་རིམ་གྱིས་ཧུ་ནན་དང་། ཧྥུ་ཅན། སི་ཁྲོན། ཅང་ཞི། ཀོས་ཀྲིག ཅང་སུའུ། ཧུ་པེ། ཧྲན་ཀན། ཀོང་ཞི། ཀྲི་ལི། ཧྲན་ཏུང་། ཧྲན་ཞི། ཧོ་ནན། ཡུན་ནན་ཐེ་ཝན་སོགས་ཀྱི་ཅུས་རིན་རྣམས་ལ་སྐུལ་ནས་མིག་ཆུ་དང་བཅས་ཆིངས་ཡིག་དེ་ལ་ངོ་རྒོལ་བྱས།

ཞུ་ཡིག་དེ་ལ་ཞུ་ཡིག་གཉིས་པ་རུ་འབོད་ཅིང་། དེ་ལ་ཡིག་འབྲུ་ཆིག་ཁྲི་བཞི་སྟོང་ལྷག་ཡོད། ནང་དོན་འདི་ལྟ་སྟེ། 《མ་ཀོན་ཆིངས་ཡིག》གིས་ས་ཆ་བཅད་ནས་བྱིན་པ་དང་ཆིངས་དངུལ་འཇལ་བའི་འབྲས་བུ་ཚབས་ཆེན་དང་། ཐེ་ཝན་བཅད་ནས་དོར་ན་སང་ཕྱིན་རྒྱལ་ཡོངས་ཀྱི་འབངས་ཀུན་རེ་བ་ཆད་འགྲོ་སྟབས། ཞི་གྲོས་ཁས་ལེན་མི་བྱེད་པ་དང་། ཐབས་ཇུས་གསལ་བོའི་སྒོ་ནས་ཐག་གཅོད་རྒྱུ་བྱས་ནས། གྲོས་གཞི་ཚར་དུ་དངར་བ་བཏོན་པ་གཤམ་གསལ་ལྟར། དང་པོ། གོང་མ་རྒྱལ་པོས་མྱུར་ཏུ་རང་ཉིད་ལ་སྐྱོན་ཡོད་པའི་བཀའ་བསྒྲག་རྒྱུ་དང་། བྱ་དགའ་སྟེར་བ་དང་ཆད་པ་གཅོད་པའི་ལམ་ལུགས་སྤེལ་ནས་དམག་དོན་ལ་མཁས་ཤིང་འཐབ་འཛིང་བྱེད་ཐུབ་པའི་དམག་དཔོན་ཡར་འཐེན་བྱེད་རྒྱུ། རྒྱལ་ཁབ་ཀྱི་ལ་རྒྱ་ཤོར་ནས་དགྲ་ཡར་མཐུན་ཐབས་བྱེད་པའི་བློན་པོ་དང་དམག་གྲབས་མི་བྱེད་པའི་ས་གནས་ཀྱི་དཔོན་པོར་ཆད་པ་གཅོད་རྒྱུ། གཉིས་པ། པེ་ཅིན་ནི་དགྲ་བོས་བཙིར་སླ་བའི་ས་ཞིག་ཡིན་པས་འཐབ་པར་ཕན་ཆེད་རྒྱལ་ས་ཞི་ཨན་དུ་སྤོར་རྒྱུ། གསུམ་པ། མགྱོགས་པོར་དམག་རྩལ་སྦྱོང་བརྡར་དང་། འཇར་པན་ལ་འཇལ་རྒྱུའི་དངུལ་སྲང་དུང་ཕྱུར་གཉིས་ནི་དམག་གི་འགྲོ་གྲོན་དུ་བསྒྱུར་རྒྱུ། བཞི་བ། ལུགས་སྒྱུར་ལ་སྙིང་རུས་ཆེར་བསྐྱེད་དང་། རྒྱལ་ཕྱུག་དམངས་སྐྱོང་། དམངས་སློབ་སྟེ་བཟོ་ལས། ཞིང་ལས། ཚོང་ལས། དངུལ་ལོར་སློབ་གསོ་སོགས་ལེགས་བཅོས་བྱེད་པའི་ཐད་ཀྱི་སྲིད་ཇུས་སྤེལ་བ། ཆབ་སྲིད་ཀྱི་འཚོ་བའི་ནང་དུ་གོང་འོག་གི་གནས་ཚུལ་ཞུ་མི་ཐུབ་པའི་སྣང་ཚུལ་བསྒྱུར་ཆེད། དཔོན་དམངས་ཚོས་ལྷན་དུ་ཤེས་ཡོན་ཡོད་ལ། ནུས་རྩལ་ཡོད་པའི“གྲོས་དཔོན”བདམས་རྒྱུ་དང་། དེ་དཔོན་གནས་འཁུར་ཡོད་པ་དང་མེད་པའི་ཤེས་ཡོན་ཅན་སུ་ཡང་བདམས་ཆོག་པ། དེ་ལ་གོང་མ་རྒྱལ་པོས་བློ་འདྲི་ས་བྱས་ཆོག་ལ། གོང་མར་བསམ་ཚུལ་མི་མཐུན་པ་འདོན་དབང་ཡོད་པ། སྲིད་ཀྱི་དོན་དག་ཆ་ཚང་གྲོས་བྱས་ནས་བསྒྲུབ་དགོས་པ་སོགས་བྲིས་ཡོད་ཅིང་། དེ་ལྟ་ན་སྔ་མའི་ལུགས་སྲོལ་ལ་ཕོག་ཐུག་གཏོང་མི་དགོས་ལ། ནུབ་ཕྱོགས་ཀྱི་སྲིད་ཀྱི་ལམ་ལུགས་ཡང་ལག་བསྟར་བྱས་ཡོད་པར་འདོད་དོ།།

གང་ལྟར་རྒྱལ་ཁབ་འཆི་གསོན་གྱི་གནད་འགག་ལ་ཐོན་དུས་རྒྱ་ནག་གི་དཔེ་ཆ་བ་དག་གིས་རང་ས་ནས་སེམས་ཁུར་བྱས་ཏེ་ཆིག་སྒྲིལ་གྱི་སྟེང་ནས་གོང་ལ་ཞུ་ཡིག་འབུལ་བའི་སྙིང་སྟོབས་དེ་ནི་ཧ་ལས་པ་ཞིག་རེད་ལ། སྤྱིའི་ཆ་ནས་ཆབ་སྲིད་ཀྱི་གོ་རྟོགས་ཡག་པོ་ཡིན་པ་ཚུལ་འདི་ལས་ཀྱང་གསལ་བོར་རྟོགས་ངེས། འདི་དང་བསྡུར་ན་རང་རེའི་རྒྱལ་དབང་བཅུ་གསུམ་པ་ཆེན་མོའི་ལུགས་སྒྱུར་བྱ་གཞག་དེ་སྟོབས་ཤུགས་ཅི་ཡང་མེད་ལ། ཆ་ཚང་དེ་ཁོ་རང་དང་ཁོའི་ཕྱོགས་གཏོགས་ཀྱི་མི་ཁ་ཤས་ཀྱིས་བསྒྲུབས་པ་རེད་མ་གཏོགས། དམངས་བྱིངས་དང་སྤྱི་ཚོགས་སྟེང་གི་མཁས་པ་ཚོར་འབྲེལ་བ་གཅིག་ཀྱང་མེད་པ་ལྟ་བུ་ཆགས་ཡོད། མཐར་སེ་འབྲས་དགེ་གསུམ་གཙོས་རང་ཁེ་རིང་ལུགས་པའི་སྐུ་དྲག་འགའ་ཡིས་དོན་དག་ཡོད་ཚད་སྐྱག་པས་བཏང་བ་མ་རེད་དམ།

ཞུ་ཡིག་གསུམ་པ་དེ་ནི་ཞུ་ཡིག་གཉིས་པ་དང་ཕལ་ཆེར་འདྲ་ཞིང་། ཏག་ཏག་གོང་མ་ཀོང་ཞུའི་ཕྱག་ཏུ་འབྱོར་ཞིང་། ལུགས་སྒྱུར་གྱི་འདོད་པ་དེ་དག་ཆིན་སྲིད་གཞུང་སྲ་བརྟན་དང་སྟོབས་ཤུགས་ཇེ་མཐོར་སྤེལ་བའི་བགྲོད་ལམ་ཡིན་པ་མཐོང་ནས་མཐོང་ཆེན་བྱས་པ་དང་། ཚར་བཞི་བཤུ་རུ་བཅུག་ནས་གཅིག་རྒྱལ་མོ་ཚི་ཞི་ལ་ཕུལ་བ་དང་། གཅིག་དམག་དོན་ཁྲུའུ་ལ་སྤྲད། གཅིག་ཆིན་ཕོ་བྲང་གི་གོང་མའི་ཡིག་སྒམ་ལ་བཞག་པ་དང་། ཚར་གཅིག་སྲིད་སྐྱོང་ཕོ་བྲང་དུ་བཞག་ནས་ཀུན་གྱིས་ལྟ་དགོས་པ་བཟོས།

ཁང་ཡིའུ་ཝེ་ཡིས་གོང་མ་ཀོང་ཞི་ལ་ཞུ་ཡིག་བཞི་བ་ཡང་བསྟུད་མར་ཕུལ་ཅིང་། ནང་དོན་ནི། གཅིག དཔོན་འབངས་ཐམས་ཅད་སྐུལ་སློང་བྱས་ནས་ཆབ་སྲིད་ཀྱི་ལྟ་ཚུལ་འཚང་ཁ་རྒྱག་བཞིན་བཤད་དུ་འཇུག་རྒྱུའི་བཀའ་གནང་རྒྱུ། གཉིས། མི་ཡོན་ཏན་ཅན་ལ་རྒྱལ་ཁབ་ཀྱི་དོན་ཆེན་གྲོས་གླེང་བྱེད་དུ་འཇུག་རྒྱུ། གསུམ། བློ་འདྲི་ཁང་བཙུགས་ནས་གོང་མ་རྒྱལ་པོའི་ཐབས་ཇུས་འདྲི་ས་བྱེད་དགོས། བཞི། ཚགས་པར་ཁང་བཙུགས་ནས་གནས་ཚུལ་རྣམས་ཕན་ཚུན་ལ་ཤེས་སུ་འཇུག་རྒྱུ། ལྔ། ཆེད་གཉེར་སྡེ་ཁག་བཙུགས་ནས་བཟང་མཁས་ཉིས་འཛོམས་ཀྱི་མི་སྣ་བསྡུས་ཏེ་སྲིད་གཞུང་གི་གོ་གནས་འཁུར་དུ་འཇུག་རྒྱུ་སོགས་ཕུལ། འོན་ཀྱང་གོང་མའི་ཕྱག་ཏུ་མ་འབྱོར།

འདི་ནས་མི་སྣ་གཙོ་གྲས་རྒྱལ་མོ་ཚི་ཞི་གླེང་དགོས་པ་བྱུང་ལ། ཚི་ཞི་ནི་གོང་མ་ཞན་ཧྥུན་གྱི་བཙུན་མོ་རེད། ༡༨༦༠ལོར་དབྱིན་ཧྥ་མཉམ་འབྲེལ་དམག་གིས་པེ་ཅིན་ལ་ཚུར་རྒོལ་བྱེད་སྐབས་གོང་མ་རེ་ཧི་ས་ཆར་བྲོས་པ་དང་། དེའི་ཕྱི་ལོར་ནད་ཀྱིས་མནར་ནས་ཤི། ཐུང་ཀྲི་ན་སོ་ཕྲ་དུས་རྒྱལ་སར་བཀོད། ཐུང་ཀྲི་ནི་ཚི་ཞིའི་བུ་ཡིན་ལ། ཁོ་མོ་ཡང་རང་བཞིན་གྱི་རྒྱལ་ཡུམ་དུ་གྱུར་སྟབས། སྲིད་དབང་ལ་སྤྲོ་བར་གྱུར། ཐུང་ཀྲི་ཚེ་མ་རིང་བར་ཤི་བར་གྱུར་པས། མོས་རང་གི་སྲིད་དབང་འཛིན་ཆེད་ཁྱིམ་སྲོལ་ལ་གཟུར་ནས་ཐུང་ཀྲི་རྒྱལ་པོའི་ཕ་སྤུན་གྱི་བུ་ཀོང་ཞི་ལོ་ན་བཞི་སོན་པ་ཞིག་སྲིད་ལ་དབང་སྐུར། དེ་ལྟར་ན་མོས་སྔར་བཞིན་དབང་ཆ་ཆེན་པོ་བཟུང་ཆོག་པ་ཡིན། ཡིན་ཡང་རིམ་གྱིས་ཀོང་ཞི་ལོ་ན་བཅུ་དྲུག་ཏུ་སོན་པས་སྲིད་དོན་སྒྲུབ་འགོ་བརྩམས་ལ། སྲིད་དབང་དེ་ཁོ་ལ་མི་སྤྲོད་ཐབས་མེད་གྱུར། འོན་ཀྱང་། སྔར་བཞིན་སྲིད་དབང་ལ་ཚོད་འཛིན་དང་ཐེ་གཏོགས་བྱེད་པར་སྤྲོ་བས་ཕྱོགས་གཉིས་ཀྱི་བར་ལ་མི་མངོན་པའི་འགལ་བ་ཛ་དྲག་པོ་ཞིག་རིམ་གྱིས་ཆགས།

ཁང་ཡིའུ་ཝེ་ཡི་སྙན་པ་ཆེ་རུ་རྒྱས་པ་དང་། ཁོའི་ལུགས་སྒྱུར་གྱི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་པའི་མི་མང་དུ་ཕྱིན།  ཚོགས་པ་སྣ་ཚོགས་བཙུགས་པ་དང་། དེ་རུ་བསམ་བློའི་བགྲོ་གླེང་དང་སློབ་ཁྲིད་སྤེལ་ཅིང་། ཚགས་པར་སྣ་ཚོགས་སུ་རྣོ་ངར་ལྡན་པའི་རྩོམ་ཡིག་སྤེལ་ནས། ལུགས་སྒྱུར་ཀྱི་དགོངས་པ་ཡང་དག་ཡིན་ཚུལ་དགོས་པ་ཆེ་ཚུལ་ཕྱོགས་དང་ཕྱོགས་སུ་བཀྲལ། དངོས་པོ་གསར་བ་ཞིག་དང་ལྟ་བ་གསར་བ་ཞིག་ཕྱོགས་ཡོངས་སུ་སྤེལ་དུས། དེའི་རྒྱབ་ན་དགག་པ་གཏོང་ས་ཞིག་དང་ཁེ་ཕན་ལ་གནོད་པའི་རུ་ཚོགས་ཤིག་ཡོད་པ་སྨྲ་མི་དགོས་པ་ནང་བཞིན། ཁོ་ཚོ་ཡང་དཔོན་ཐོབ་ཅན་དང་དམག་ཐོབ་ཅན་མང་པོ་ཞིག་གི་མིག་ནང་གི་ཚེར་མར་གྱུར་ལ། དེ་སྣུབ་པའི་སྦྱོར་བ་མང་པོ་ཡང་ལྐོག་དངོས་མང་པོ་ནས་སྤེལ་བ་རེད།

ཡིན་ཡང་ལྟ་བ་གསར་བ་དེ་དང་ལུགས་གསར་བ་དེས་གཞན་ཞིག་ལ་ཕན་པ་ངེས་ཅན་ཞིག་ཡོད་ལ། དེ་ནི་གོང་མ་ཀོང་ཞིའི་ཕྱོགས་ཁག་རེད། ༡༨༩༧ལོར་ཁང་ཡིའུ་ཝེ་ཡིས་ཞུ་ཡིག་ཐེངས་ལྔ་བ་དེ་བྲིས་པ་དང་། དེ་རུ“འཇར་པན་སོགས་བཙན་འཛུལ་བས་ཕྱོགས་ཡོངས་ནས་ཀྲུང་གོ་བགོ་བཤའ་བྱེད་པའི་གྲོས་སྡུར་བྱེད་ལ། “ས་འོག་འབར་མདེལ་ཕྱོགས་ཀུན་ཏུ་སྦས་ཤིང་། མེ་རྟའི་སྐུད་པ་ཁྱབ་གདལ་དུ་འཐེན་ཡོད་སྟབས། ཕྱོགས་གཅིག་ནས་མེ་སྒྲོན་ཚེ་ཕྱོགས་ཡོངས་ནས་འགས་ཡོང་བ་ལྟ་བུ་རེད”ཅེས་དང་། ཨོ་རུ་སུའི་གོང་མ་རྒྱལ་པོ་པེ་ཏེ་ཏ་ཏི་དང་། འཇར་པན་གྱི་གོང་མ་རྒྱལ་པོ་མེན་ཀྲི་ཐེན་ཧོང་ལ་མིག་དཔེ་བྱས་ཏེ། རང་ཉིད་དངོས་ཀྱིས་རྒྱལ་ཁབ་ཀྱི་ཇུས་ཆེན་བྱེད་ཕྱོགས་བཙུགས་ནས། ལུགས་སྒྱུར་བྱེད་རྒྱུ་ཁྱབ་བསྒྲགས་བྱེད་དགོས། འཇར་པན་དང་ཀྲུང་གོ་གཉིས་ཀྱི་སའི་ཆགས་ཚུལ་ཧ་ཅང་ཉེ་ཞིང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ལམ་སྲོལ་ཀྱི་སྲོལ་ཡང་ཧ་ལམ་འདྲ་བས། གལ་ཏེ་འཇར་པན་ལ་ལད་མོ་བྱས་ན་བྱེད་སླ་བ་མ་ཟད། བྱེད་ནུས་ཀྱང་ཐོབ་སླ། འདི་བྱེད་ཐབས་མཆོག་ཡིན། དཔོན་རིགས་རྣམ་དཔྱོད་ཅན་བསྡུས་ཏེ་ལུགས་སྒྱུར་གྱི་བཀོད་པ་འཐེན་པ་དང་། ཉིན་རེ་བཞིན་དུ་དཔོན་རིགས་འདི་དག་ཁག་བྱས་ནས་མཇལ་འཕྲད་གནང་ནས། ལུགས་སྒྱུར་གྱི་ཐབས་ཚུལ་ཕྲ་ཞིབ་དང་གོ་རིམ་གྲོས་བསྡུར་བྱས་ཏེ། ཡང་ལྕི་དང་དལ་མྱུར་ལ་བསམ་བློ་བཏང་ནས། རིམ་བཞིན་དར་སྤེལ་བྱེད་དགོས། འདི་བྱེད་ཐབས་འབྲིང་ཡིན། ཞིང་ཆེན་སོ་སོའི་བློན་ཆེན་ལ་སྐུལ་འདེད་བྱས་ནས། རང་རང་གི་ཞིང་ཆེན་དུ་སྲིད་སྲོལ་གསར་བ་ལག་བསྟར་བྱེད་པ་དང་། ཞིང་ཆེན་སོ་སོའི་ཙུང་ཏུ་དང་། ཞུང་ཧྥུ་ཚོས་ལོ་གསུམ་ནང་དུ་སྲིད་སྲོལ་གསར་བ་ལ་བྱས་འབྲས་གསར་བ་འཇོག་པ། གལ་ཏེ་སྔར་བཞིན་ཁྲལ་ལས་སླ་བཅོས་བྱས་ན། ཁོ་ཚོའི་གོ་གནས་ལེན་པ་ཡིན། འདི་བྱེད་ཐབས་གསུམ་པ་ཡིན།  གོང་གསལ་གྱི་བྱེད་ཐབས་གསུམ་ལས་བྱེད་ཐབས་མཆོག་དེ་ལག་བསྟར་བྱས་ན་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་ཐུབ། བར་མ་དེ་ལག་བསྟར་བྱས་ན་རྒྱལ་ཁབ་ཉམ་ཆུང་གི་གོ་གནས་སྲུང་ཐུབ། ཐ་མ་དེ་ལག་བསྟར་བྱས་ན་རྒྱལ་ཁབ་མི་ཤོར་བ་ཙམ་བྱེད་ཐུབ་སོགས་བྲིས་ནས་ཕུལ།

དུས་དེ་ནས་བཟུང་ཁང་ཡིའུ་ཝེ་ཡིས་ཐད་ཀར་གོང་མ་ཀོང་ཞི་ལ་ཤུགས་རྐྱེན་ཐེབས་ཅིང་། ལོ་འདིར《གོང་མ་རྒྱལ་པོའི་བཀའ་ལྟར་ཁྱོན་ཡོངས་ལ་གཅིག་གྱུར་གྱི་འཆར་བཀོད་བྲིས་པ》ཅེས་པའི་ཞུ་ཡིག་དྲུག་པ་དེ་བྲིས་པ་ཡིན་འདུག་ཅིང་། ཁོ་རང་གིས་རྩོམ་སྒྲིག་བྱས་པའི《འཇར་པན་མེན་ཀྲི་སྲིད་སྒྱུར་ལ་བརྟག་ཞིབ་བྱས་པ》དང་། 《ཨོ་རུ་སུའི་ཏ་པེ་ཏི་སྲིད་སྒྱུར་ལ་བརྟག་ཞིབ་བྱས་པ》སོགས་ཀྱི་དཔེ་ཆ་ཡང་ཐད་ཀར་གོང་མ་ཀོང་ཞི་ལ་ཕུལ་བ་རེད། གོང་མ་འདི་བས་ཞུ་ཡིག་དང་དཔེ་དེབ་འདི་དག་ལ་བལྟས་རྗེས་ཕྱོགས་ཡོངས་ནས་འཕག་འཚག་ཞིག་བྱ་རྒྱུའི་སེམས་ཐག་བཅད་པ་རེད་ལ། དེ་ལྟར་བྱས་ན་རང་ཉིད་ཀྱི་ཕྱོགས་ཁག་ཡོངས་སུ་རྒྱལ་འགྲོ་བའི་ཚོད་དཔག་བྱས་པ་རེད།

༡༨༩༨ལོའི་དབྱར་ཁ་ནི་ཆིན་སྲིད་གཞུང་བྲེལ་འཚུབ་ཆེ་བའི་དུས་ཤིག་རེད་ལ། རྒྱལ་ཡུམ་ཚི་ཞི་ཕྱོགས་ཁག་གིས་ལུགས་སྒྱུར་ནི་ཁོ་ཚོའི་གོ་གནས་དང་ལམ་ལུགས་ལ་གཡོ་འགུལ་གཏོང་བྱེད་ཅིག་རེད་འདོད་ནས་སྐྲག་ཅིང་། ཚི་ཞི་ལ་རྒྱབ་རྟེན་བྱས་ནས་སྲོག་དང་བསྡོས་དེ་མགོ་གནོན་ཐབས་བྱེད་ཅིང་། གོང་མ་ཀོང་ཞུའི་ཕྱོགས་ཁག་གིས་ལུགས་སྒྱུར་ནི་ཚི་ཞིའི་ལག་འོག་དང་ཚོད་འཛིན་ནས་ཐར་ཏེ། གོང་མ་ཀོང་ཞི་ནི་དབང་ཆ་ངོ་མ་ཡོད་པའི་རྒྱལ་པོར་འགྱུར་རྒྱུ་ནི་དམིགས་ཡུལ་དུ་བཟུང་ཡོད། གང་ལྟར། ལུགས་སྒྱུར་ནི་ཁོ་ཚོའི་བར་གྱི་སྤོ་ལོ་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། བློ་སེམས་དཀར་བའི་མི་དེ་དག་ནི་ཁོ་ཚོའི་ལག་གི་འགྱིག་རྡེའུ་ཙམ་ལས་ཅི་ཞིག་ཡིན་ཨང་།

མཐའ་མཇུག ལོ་རྒྱུས་ཡོངས་གྲགས་བཞིན་དབང་ཆ་དེ་ཙམ་མེད་པའི་གོང་མ་ཀོང་ཞི་ལ་རྒྱབ་རྟེན་བྱས་ནས་ཉིན་བརྒྱ་དང་གསུམ་གྱི་རིང་གི་ལུགས་སྒྱུར་དེ་བྲེལ་བྲེལ་འཚུབ་འཚུབ་ངང་སྤེལ་ཅིང་། རིམ་གྱིས་གོང་མ་ཀོང་ཞི་ལ་ཚི་ཞི་ཕྱོགས་ཁག་གི་ཕྱོགས་ཡོངས་ཀྱི་ཚོད་འཛིན་ཕོག ཡོན་ཧྲི་ཁེ་ཡི་སྐད་ཆ་གཅིག་ལུང་དྲངས་ན། “གསར་དུ་འོངས་པའི་མི་རྣམས་ནི། ཡོན་ཏན་ཆེ་ཞིང་དཔའ་ངར་ཡོད་པའི་དཔོན་རིགས་ཤ་སྟག་ཡིན་མོད། འོན་ཀྱང་ལས་ཀ་བསྒྲུབ་པའི་ཉམས་མྱོང་མེད་པ་དང་། བྱ་བ་བྱེད་པར་གཟབ་ནན་དང་གསང་ཐུབ་ཅིག་བྱེད་མི་ཐུབ་པས། གལ་ཏེ་གསང་བ་ཕྱི་ལ་ཤོར་ན། གོང་མའི་སྐུ་ལ་ཉེན་ཁ་ཆེ་བས་མཉམ་འཇོག་རྒྱུ་ནི་ཧ་ཅང་གལ་ཆེ”ཞེས་གབ་ཚིག་ལྟ་བུའི་སྐད་ཆ་དེ་བཤད་པ་རེད། དེ་ནས་ཚི་ཞིས་ཕྱོགས་ཁག་གིས་གོང་མ་ཀོང་ཞི་ཀྲུང་ནན་ཧེའི་དབྱིན་ཐེ་ནས་བཙོན་དུ་བཟུང་ཞིང་། ཚེས་ཉེར་བརྒྱད་ཉིན་ལུགས་སྒྱུར་ཕྱོགས་ཁག་གི་ཁང་རིན་ཀོང་། དབྱང་ཧྲིག་ཞུག དབྱང་རོས། ལིན་ཞུ། ཐན་སི་ཐུང་། ལིག་ཀོང་ཏིས་སོགས་མི་དྲུག་སྔོ་ཚལ་ཚོང་ར་ནས་དམར་གསོད་བཏང་བ་རེད་ལ། ལོ་རྒྱུས་སྟེང་ཁོ་ཚོ་ལ“ས་ཁྱི་ལོའི་སྐྱེས་ཆེན་དྲུག”ཅེས་བསྔགས་བརྗོད་མཛད་ཡོད་པ་རེད།

གོང་དུ་བདག་གི་དཔེ་ཆའི་ངོས་ཀྱི་ནང་དོན་རྩོམ་འདི་རུ་བཤུ་དོན། བློ་དཀར་གཞུང་དྲང་གི་མཁས་པ་ཞིག་གིས་འགོ་མཇུག་བར་གསུམ་དུ་བློ་དང་སྤོབས་པས་ཞུ་ཡིག་རབ་དང་རིམ་པ་ཕུལ་བའི་ནང་དོན་རྣམས་ཡིན་ལ། འདི་ནི་འཇིག་ལ་ཉེ་བའི་རྒྱལ་ཁབ་ཅིག་སྐྱོབ་པའི་ལྷག་བསམ་ཡིན་འདུག་ཅིང་། རྒྱལ་ཁབ་ཅིག་སྐྱོབ་པའི་མན་ངག་ཀྱང་ཡིན་མཆི་ལ། ས་ཁྱི་ལོའི་ལུགས་སྒྱུར་གྱི་སྐོར་དེ་མཐོ་འབྲིང་གི་ལོ་རྒྱུས་བསླབ་ཚན་དུ་འཁོད་ཡོད་ཀྱང་། འདིའི་ཞུ་ཡིག་གི་རིམ་པ་རྣམས་བོད་ཡིག་ཏུ་བྲིས་པ་ངས་མཐོང་མ་སོང་ལ། ཞུ་ཡིག་འདི་དག་གིས་ཡིད་འཕྲོག་པས་ཁྱེད་ཅག་གི་སྤྱན་གཟིགས་སུ་རགས་ཙམ་ཕུལ་ནས་ཐོན་ཁུངས་མཉམ་བགོ་བྱས་པ་ལགས།

སྤྱིར་བཏང་ལོ་རྒྱུས་ནི་ཕྱོགས་གཅིག་གི་སྐད་ཆ་ལ་ཡིད་ཆེས་ན་ཁྱོད་རང་ཕྱོགས་དེའི་བསླུ་བྲིད་ཐེབས་པ་ཡིན་ལ། ཕྱོགས་མང་པོ་དང་ཕྱོགས་བརྒྱ་ཕྲག་གི་སྐད་ཆར་ཉན་ན་ད་གཟོད་རང་བཞིན་གསལ་བའི་དོན་དག་ངོ་མ་ཞིག་ཡིད་ལ་འབབ་པ་ཡིན། འདི་བདེན་དང་གན་སྟོབས་ཅེས་པའི་སྐད་ཆའི་ཕྱིར་དུ་ཅལ་ཅོལ་སྨྲས་ན་དེ་ནི་མཁས་པའི་ལམ་དེ་དམིགས་ཡུལ་བྱེད་པའི་མི་ཞིག་གི་ལས་མ་ཡིན་ནོ།།

གང་ལྟར་ང་ནི་ལོ་རབས་བདུན་ཅུ་བའི་ནང་དུ་ཕུད་པའི་གསར་བརྗེའི་དཔེ་དེབ་འདིའི་ནང་དུ་བཟི་ཡོད་ལ། བཟི་སྟངས་ཀྱང་ཚིག་སྦྱོར་གྱི་བབ་ཆགས་དང་། གནད་ལ་ཁེལ་བའི་སྒྱུར་སྟངས། འབུར་སྙོམས་དོད་པའི་འབྲི་སྟངས་བཅས་ཀྱིས་གསར་བརྗེའི་དེབ་འདི་ཡང་བསྟན་བཅོས་ཤིག་ཡིན་སྣང་འཆར་ལ། དུས་རབས་གོང་མའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུ་པའི་སློབ་གཉེར་བ་དག་ལ་ད་ལྟ་ནང་བཞིན་ཕུན་སུམ་ཚོགས་པའི་རྒྱུ་ཆ་མང་པོ་མེད་ཀྱང་། ཡིད་བདེ་རུ་བབ་ནས་ཀློག་ཆོག་པའི་དཔེ་ཆ་ཡོད་པ་ལ་ཡིད་སྨོན་སྐྱེས་ཤིང་། ད་ལྟའི་དཔེ་ཆ་དག་ནི་སྙིགས་མའི་དུས་ཀྱི་དཔེ་ཆ་ཡིན་མཆི་སྟེ། གཟབ་གཟབ་ཀྱིས་མ་བཀླགས་ན་ཚིག་སྦྱོར་རྒྱ་མ་བོད་ཀྱི་དྲི་མ་ངན་པ་དང་། ནང་དོན་ཡ་མ་བརླ་ཡིས་ནད་གཞི་ངན་པ་བསྐྱེད་པ་ཡིན་པས་གཟབ་གཟབ་གཟབ་གཟབ་གྱིས་ཞེས་གྲོགས་པོ་ལས་དང་པོ་པ་དག་ལ་བསྐུལ་བ་ཡིན་ནོ།།

 

རོང་བོ་གངས་དཀར་གྱིས།

༢༠༡༧ ༡༡ ༠༨ཉིན།