ཉིན་ཤས་ཀྱི་སྔོན་ལ་བདག་གིས‘‘«དཔལ་ལེགས་ལྡན་ནག་པོའི་གླུ»ཡི་ཚིགས་བཅད་ཅིག་བཙལ་བའི་གོ་རིམ་གླེང་བ’’ཞེས་པའི་རྩོམ་ཡིག་ཅིག་བྲིས་ཏེ་བཙན་པོ་དྲ་བར་སྤེལ་རྗེས། རྩོམ་ཡིག་དེའི་བརྗོད་གཞི་ཞིག་གི་སྐོར་ལ་ཡང་བསྐྱར་བསམ་བློ་བཏང་བ་ཡིན།  དེ་ནི‘‘༡༩༤༡ལོར་མཁས་དབང་དགེ་འདུན་ཆོས་འཕེལ་ལ་གྲོགས་པོ་རྒྱ་གར་པ་ཞིག་གིས་གྲོགས་མཛད་དེ«དཔལ་ལེགས་ལྡན་ནག་པོའི་གླུ»བོད་ཡིག་ཏུ་བསྒྱུར་བ་དང་། སྐབས་དེར«ལེགས་ལྡན་ནག་པོའི་གླུ»ཡི་ཚོགས་པའམ་ཆོས་ཚོགས་གང་རུང་ཞིག་གིས་བསྟན་བཅོས་དེ་སྐད་གཉིས་ཤན་སྦྱར་བྱས་ཏེ་རྒྱ་གར་དུ་པར་སྐྲུན་བྱས’’པའི་སྐོར་ཡིན། བདག་གིས་གོང་གི་ཚིག་ཕྲེང་འདི་དག་འབྲི་སྐབས་དྲན་སྣང་ཙམ་ཞིག་བཤད་ནས་ཆོག་པར་བྱས་པ་ཡིན་མོད། བསམ་བློ་བཏང་ན་ང་ཚོས«དཔལ་ལེགས་ལྡན་ནག་པོའི་གླུ»ཡི་བོད་འགྱུར་མའི་སྐོར་གླེང་གིན་ཡོད་སྟབས། བརྗོད་གཞི་འདི་དྲན་སྣང་ཙམ་དང་རབ་རིབ་ཅིག་བཤད་པ་ཡིན་ན་དོན་དག་ངོ་མ་དེ་བོར་སོང་བ་དང་འདྲ་བས། བདག་གིས་ཡང་བསྐྱར་བརྗོད་གཞི་འདི་འབྲེལ་གྱི་གནས་ཚུལ་རེ་ཟུང་ཞུ་རྒྱུ་ཡིན།

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས«དཔལ་ལེགས་ལྡན་ནག་པོའི་གླུ»ཡི་སྐོར་ལ«ལེགས་སྦྱར་བང་མཛོད»དུ‘‘མུ་སྟེགས་ཀྱི་ལྟ་བུའི་གཞུང་དག་གི་ཁྲོད་ན་ལེགས་ལྡན་ནག་པོའི་གླུ་དེ་རབ་དང་ཕུད་དུ་བྱེད་ཅིང་། ཛོ་ཀི་དང་དགེ་སྦྱོང་ཐམས་ཅད་ཀྱིས་དེའི་གླེགས་བམ་རེ་འབྲལ་སྤང་དུ་འཆང་། འདི་ནི་ཀུན་མཁྱེན་བླ་མས། གླུའི་ཆོས་ཞེས་གསུངས་ཞེས་པ་དེར་གསུངས་འདུག ལེགས་ལྡན་གྱི་གླུའི་ལེའུ་གཉིས་ཀུན་མཁྱེན་ཇོ་ནང་ཏཱ་ར་ནཱ་ཐས་པཎྚི་ཏ་ཀྲྀཥྞ་དང་ལྷན་དུ་བསྒྱུར་ཡོད་པ་གསུངས་འདུག་ཀྱང་། དཔེ་རྒྱུན་ཆད་པར་མངོན། ཕྲན་རང་ནས་མ་བཅོལ་ཁུར་བླངས་ཀྱི་ལུགས་སུ་བྱས་ཏེ། ཀླུའི་(གླུའི)ལེའུ་བཅོ་བརྒྱད་པོ་ཐམས་ཅད་འགྲན་ཟླ་མེད་པ་ཞིག་བསྒྱུར་ཟིན་ཏེ་འོན་ཀྱང་དཔེ་འདི་བོད་ཀྱི་མཁས་པ་ཚོའི་སྤྱན་ལམ་དུ་འགྲིམ་པའི་དུས་ཞིག་ཤིན་ཏུ་ཡང་འབྱུང་དཀའ་བར་མངོན།” [1]ཞེས་གསུངས་ཡོད། ད་དུང་ལེགས་ལྡན་ནག་པོ་ཞེས་པ་ཇི་ཞིག་ཡིན་ཚུལ་དང་། ལེགས་ལྡན་གྱི་གླུ་ནི་བྷ་ར་ཏའི་གཞུང་གི་ཆ་ཤས་ཤིག་ཡིན་པ། རིག་བྱེད་མཐའི་བསྟན་བཅོས་སུ་གཏོགས་ཚུལ་སོགས་ཀྱང་གསུངས་མོད། རེ་ཞིག་དེ་དག་གི་སྐོར་ཞུ་རྒྱུ་མིན།

དགེ་འདུན་ཆོས་འཕེལ་གྱིས«དཔལ་ལེགས་ལྡན་ནག་པོའི་གླུ»ཡི་ལེའུ་ཆ་ཚང་བ་ཞིག་བོད་ཡིག་ཏུ་བསྒྱུར་ཡོད་ན་ང་ཚོའི་མིག་ལམ་དུ«དཔལ་ལེགས་ལྡན་ནག་པོའི་གླུ»ཡི་ལེའུ་བཞི་ཙམ་མ་གཏོགས་ལེའུ་གཞན་དག་ཅིའི་ཕྱིར་མངོན་རྒྱུ་མེད་པ་དེ་རེད། འདི་ནི་གོང་གི་དགེ་ཆོས་ཀྱི་གསུང་དེ་མཐོང་མ་ཐག་སེམས་ལ་འཁོར་ཡོང་བའི་དྲི་བ་ཞིག་ཡིན། སྔར་ཀ་སྦུག་ཏུ་བཞུགས་པ་དགེ་སློང་རིག་འཛིན་དབང་པོ་ལ་བཅར་འདྲི་བྱས་པ་ཞིག«དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ»ཞེས་པར་འཁོད་པ་དེའི་ནང་། ‘‘རྒྱ་གར་གྱི་བྷ་ག་ཝ་ཏི་གྷི་ཏི་ཟེར་བ་བཅོམ་ལྡན་གྱི་གླུ་ཟེར་བ་དེ། ཤྲཱི་ཀྲིཥྞ་འི་ཁུངས་གཏུགས་པ་ཡོད་ཚོད་མེད་ཚོད་གཅིག་རེད། དེའི་ནང་ནས་དད་པའི་རྣལ་འབྱོར་ཟེར་བ་ཞིག་དང་ལས་ཀྱི་རྣལ་འབྱོར་ཟེར་བ་སོགས་ལེ་ཚན་འགའ་ཤས་ཤིག་བསྒྱུར་གནང་བ་རེད།” [2]ཅེས་གསལ་ལ། ཁོང་ལྟར་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས«དཔལ་ལེགས་ལྡན་ནག་པོའི་གླུ»ཡི་ལེའུ་ཆ་ཚང་བསྒྱུར་མེད་པ་རེད། དེ་བཞིན་དུ་དགེ་ཆོས་ཀྱི་སྐོར་ལ་གློག་བརྙན་ཕབ་སྐྲུན་གནང་མཁན་སུད་སི་བ་སྐུ་ཞབས་ལཱུག་ལགས་ཀྱིས་ཀྱང་ལེའུ་ཆ་ཚང་བསྒྱུར་བར་ཁས་ལེན་བྱས་མི་འདུག[3] འོན་ཀྱང་། བཀྲས་མཐོང་རཀ་ར་རིན་པོ་ཆེའི«དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས»སུ‘‘བྷགཝཏགཱིཏའམ་ལེགས་ལྡན་ནག་པོའི་གླུ་ཆ་ཚང་མིག་སྟོན་གནང་བྱུང་བས། དེའི་གོང་ནས་ཕྱི་རོལ་པའི་བསྟན་བཅོས་རེད་ཅེས་གསུངས་ཟིན་པ་མ་གཏོགས། རང་འགར་དཔེ་ཆ་དེ་འདྲ་ཞིག་མཐོང་ན། ད་ལྟ་བུས་ནི་ཕྱི་རོལ་བའི་བསྟན་བཅོས་ཡིན་པ་ཤེས་ཐུབ་པ་མི་འདུག ཐོག་མར་ལས་འབྲས་དང་སྐྱེ་བ་སྔ་ཕྱིའི་སྐོར་དང་། སྐྱེ་བ་སྔ་ཕྱིའི་དཔེ་ཡང་གོས་གསར་རྙིང་བརྗེ་བ་ལ་དཔེ་བྱས་ཏེ། རིག་པ་རྒྱུན་ཆད་དུ་མི་འགྲོ་བའི་ཚུལ་གསལ་བར་བཀོད་འདུག དེ་སྐོར་ཚིགས་བཅད་དེ་ནི་རང་རེའི་བཀའ་བསྟན་ནང་དུ་འདུག་པས། ཁོང་ཚོས་བརྐུས་པ་འདྲ་ཞེས་གསུངས་ཤིང་། དེའི་ལེའུ་བརྒྱད་པ་བསམ་གཏན་གྱི་ལེའུ་དེ་ནི་དཔེ་མི་སྲིད་པའི་གཏིང་ཟབ་པོ་འདུག་པས་ཁོང་ཚོའི་ལྟ་བུའི་ཉིང་ཁུ་བསྡུས་པ་ལྟ་བུ་དེ་རེད་ཅེས་གསུངས།” [4]ཞེས་འབྱུང་བས། དགེ་འདུན་ཆོས་འཕེལ་གྱིས་རང་གི་སློབ་མ་རཀ་ར་ཚང་ལ་ལེགས་ལྡན་ནག་པོའི་གླུ་ཡི་ལེའུ་ཆ་ཚང་མིག་སྟོན་གནང་བ་མ་ཟད། ལེའུ་བརྒྱད་པ་བསམ་གཏན་གྱི་ལེའུ་འགྲེལ་བཤད་བསྐྱོན་སྟངས་སོགས་ལ་གཞིགས་ན། མཁས་དབང་དམ་པ་དེས་གསུངས་པ་ཇི་བཞིན་ལེགས་ལྡན་གྱི་གླུ་ཆ་ཚང་བསྒྱུར་ཡོད་མེད་ལ་དོགས་པ་བྱེད་མི་དགོས་པར་སྣང་། གལ་སྲིད་ལེགས་ལྡན་གྱི་གླུ་ཆ་ཚང་བ་ཞིག་བསྒྱུར་མེད་ན་ལེའུ་བརྒྱད་པ་བསམ་གཏན་གྱི་ལེའུ་གླེང་མི་སྲིད། རྒྱུ་མཚན་ནི་ད་ལྟ་མཇལ་དུ་ཡོད་པའི་དགེ་ཆོས་ཀྱི་གསུང་འབུམ་ཁྲོད་དུ་ལེགས་ལྡན་གྱི་གླུའི་ལེའུ་བརྒྱད་པ་མི་གསལ་བས་རེད། ཡང་གཅིག་བཤད་ན། བདེ་སྦྱིན་བཟང་མོས་(Heather Stoddard) བྲིས་པའི་«ཨ་མདོའི་སྤྲང་ཀོག»ཅེས་པའི་དེབ་དེའི་མཆན་ཞིག་ཏུའང་ལེགས་ལྡན་གྱི་གླུའི་བོད་འགྱུར་མའི་ལེའུ་བདུན་པ་མཐོང་བའི་གསལ་བཤད་ཅིག་ཀྱང་གནང་འདུག[5]

ད་དུང་། «དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ»འི་ནང་དུ།  མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རཀ་ར་རིན་པོ་ཆེ་ལ་ལེགས་ལྡན་ནག་པོ་གླུ་ཡི་སྐོར་བསྒྱུར་བ་དང་། མུ་སྟེགས་པ་ཚོས་སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་ཡོད་པའི་སྐོར«དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས»སུ་གསལ་བ་ཇི་བཞིན་དུ་གསུངས་འདུག་མོད། བསམ་གཏན་གྱི་ལེའུ་དེ་ཕྱི་རོལ་བའི་ལྟ་བ་སྡུག་ཤོས་ཡིན་ཅིང་། དེའི་ནང་གི་ཁྱབ་འཇུག་གི་ལྟ་བ་དེ་མཁྲེགས་ཐག་ཆོད་ཡོད་པ་དང་། ཤཾ་ཀར་ཨཱཙརྱས་ལྟ་བ་དེ་བེད་སྤྱོད་བཏང་ནས་ནང་པ་ལ་བཟོ་ལྟ་སྤྲད་ཚུལ་ཞིག་ཀྱང་གསུངས་ཡོད་པ་རེད།

བདག་གིས་རྩོམ་ཡིག་སྔ་མའི་ནང་ཞུས་པ་བཞིན། དགེ་འདུན་ཆོས་འཕེལ་གྱིས«དཔལ་ལེགས་ལྡན་ནག་པོའི་གླུ»འདི་༡༩༤༡ལོར་བྲིས་པའི་སྐོར་ལ་མཁས་པ་རྣམས་ལ་བཞེད་པ་མི་མཐུན་པ་མེད། དགེ་ཆོས་ཀྱིས་རྒྱ་གར་དུ་ཕྱག་ལས་གང་དང་གང་གནང་བ་སོགས་ལ་བསམ་བློ་བཏང་ན། ཁོང་གིས་ལེགས་ལྡན་གྱི་གླུ་དང་། རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད། བྱ་ལེན་མའི་ཟློས་གར་སོགས་སྔ་གཞུག་ཏུ་བསྒྱུར་ཡོད་པར་སྙམ། བདག་གི་གྲོགས་པོ་ཞོ་ར་བསྟན་པ་དར་རྒྱས་ཀྱིས‘‘ལྕགས་སྤྲུལ་(ཕྱི་ལོ་༡༩༤༡)ལོར་«ལས་ཀྱི་རྣལ་འབྱོར»ཞེས་པ་དང་། «དཔལ་ནག་པོའི་གླུ་དད་པའི་རྣལ་འབྱོར»ཞེས་བྱ་བ་སྟེ། ལེའུ་བཅུ་གཉིས་པ། སཱ་མཱི་པ་བུངྔཧ་ནནད་ཞེས་པས་གྲོགས་མཛད་དེ་སཾསྐྲིཏ་ལས་བོད་སྐད་དུ་བསྒྱུར།” [6]ཞེས་གསུངས་ཤིང་། ཚེ་རིང་རྣམ་རྒྱལ་གྱིས་ཨིན་ཡིག་ཏུ་བྲིས་པའི«ལྷ་ས་ཆུང་བ»ཞེས་པའི་དེབ་དེའི་ནང་དུ་དགེ་ཆོས་དང་རྒྱ་གར་གྱི་མཁས་པ་ Swami Prabhavananda གཉིས་ཀྱིས«དཔལ་ལེགས་ལྡན་ནག་པོའི་གླུ»བོད་ཡིག་ཏུ་བསྒྱུར་པའི་ཚིག་ཕྲེང་ཞིག་བྲིས་ཡོད་[7]པ་མཐོང་། Swami Prabhavananda ཞུ་བ་འདི་མུ་སྟེགས་པའི་སློབ་དཔོན་ཞིག་རེད་ལ། «དཔལ་ལེགས་ལྡན་ནག་པོའི་གླུ»ལ་ཧ་ཅང་མཁས་པར་གྱུར་པ་ཞིག་ཡིན་པ་རེད། ཁོང་དང་ཨ་རི་བ་ Christopher Isherwood གཉིས་ཀྱིས«དཔལ་ལེགས་ལྡན་ནག་པོའི་གླུ»ཨིན་ཡིག་ཏུ་བསྒྱུར་པའི་ལོ་རྒྱུས་ཡོད་པ་མཐོང་ནའང་། མུ་སྟེགས་པའི་སློབ་དཔོན་འདི་དང་མཁས་དབང་དགེ་འདུན་ཆོས་འཕེལ་གཉིས་ཀྱི་བར་ལ་འབྲེལ་བ་བྱུང་བའི་ལོ་རྒྱུས་རེ་ཞིག་མཇལ་ཡུལ་དུ་མ་མངོན་པར་གྱུར།

«དཔལ་ལེགས་ལྡན་ནག་པོའི་གླུ»གང་དུ་པར་སྐྲུན་བྱས་པའི་སྐོར་ལ་རག་ར་རིན་པོ་ཆེས‘‘གང་ལྟར་ལེགས་ལྡན་ནག་པོའི་གླུ་དེ། རམ་ཀྲིཥྞའི་ཆོས་ཚོགས་ནས་སྐད་གཉིས་ཤན་སྦྱར་བྱས་ཏེ་སྤར་ལ་བཀོད་འདུག་པ་ཞིག་རྒྱ་གར་ལ་མཐོང་བྱུང་། ངོས་ནས་དགེ་ཆོས་རིན་པོ་ཆེས་བསྒྱུར་གནང་བའི་རཱམཡཱཎ་ཆ་ཚང་བཤུས་བཅུག་ཏེ་དེའི་མཇུག་ཏུ། ལེགས་ལྡན་ནག་པོའི་གླུ་དེ་ཡང་བཤུས་ཡོད་པས། དེ་ནི་ཕྱིས་སུ་བོས་རང་སུ་སི་ལ་འབྱོར་འཕྲལ་སྔོན་ལས་སམ། ཡང་ན་བསྟན་མ་བཅུ་གཉིས་ཀྱིས་བཏང་བའི་ལས་གྲོགས་ཞིག་གིས། དཔེ་དེབ་མང་པོ་ཆུད་ཟོས་བཏང་གནང་སོང་བས།” [8]ཞེས་གསུངས་ཡོད་པས། དོ་དགོང་བསམ་བློ་བཏང་ན། ཉིན་ཤས་ཀྱི་སྔོན་ལ་བདག་གིས་ལེགས་ལྡན་གྱི་གླུ་འདི་སྔར་སྐད་གཉིས་ཤན་སྦྱར་བྱས་ཏེ་རྒྱ་གར་དུ་པར་སྐྲུན་བྱས་པའི་བཤད་རྒྱུན་ཞིག་བྲིས་པའི་དེབ་ཅིག་མཐོང་མྱོང་ཚུལ་ཞིག་བཤད་པ་དེ་ཕལ་ཆེར«དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས»འདི་མིན་ནམ་སྙམ་དུ་བསམས་མོད། «ཨ་མདོའི་སྤྲང་ཀོག»ཅེས་པའི་དེབ་ཏུའང་རྡོ་རྗེ་གླིང་དུ་ཡོད་པའི་ཆོས་ཚོགས་ Rama Krishna Vedanta ཞེས་པས་ལེགས་ལྡན་གྱི་གླུ་སྐད་གཉིས་ཤན་སྦྱར་བྱས་ཏེ་པར་སྐྲུན་བྱས་སྐོར་ཞིག་ཀྱང་བྲིས་ཡོད་པ་མཐོང་བྱུང་།

གང་ལྟར། དགེ་འདུན་ཆོས་འཕེལ་གྱིས་ལེགས་ལྡན་ནག་པོའི‘‘ཀླུའི་ལེའུ་བཅོ་བརྒྱད་པོ་ཐམས་ཅད་འགྲན་ཟླ་མེད་པ་ཞིག་བསྒྱུར་ཟིན་ཏེ་འོན་ཀྱང་དཔེ་འདི་བོད་ཀྱི་མཁས་པ་ཚོའི་སྤྱན་ལམ་དུ་འགྲིམ་པའི་དུས་ཞིག་ཤིན་ཏུ་ཡང་འབྱུང་དཀའ་བར་མངོན།”ཞེས་གསུངས་པ་ལྟར། ཧོར་ཁང་བསོད་ནམས་དཔལ་འབར་གྱིས་༡༩༩༠ལོར་པར་དུ་བསྐྲུན་པའི«དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ»དུ«ལེགས་སྦྱར་བང་མཛོད»དང་། «དཔལ་ནག་པོའི་གླུ་དད་པའི་རྣལ་འབྱོར»ཞེས་བྱ་བ་བཞུགས་ནའང་། «དཔལ་ལེགས་ལྡན་ནག་པོའི་གླུ»ཡི་ལེའུ་ཆ་ཚང་མི་གསལ་བར་བལྟས་ན། མཁས་དབང་དམ་པ་དེས་ཧོར་ཁང་བསོད་ནམས་དཔལ་འབར་ལ་གཏམ་རྒྱུད་གསེར་ཐང་གི་མ་ཡིག་དེ་གནང་སྐབས་ནས་བཟུང་ལེའུ་ཆ་ཚང་མེད་པ་འདྲ་བར་མངོན། འོན་ཀྱང་། རཀརས་མ་ཡིག་ཆ་ཚང་ལ་མཇལ་བ་དང་། སྐད་གཉིས་ཤན་སྦྱར་བྱས་ཏེ་པར་དུ་བཏབ་པ་སོགས་གསུངས་ཡོད་པས། ད་ནི་དེབ་དེ་མ་རག་ན་གནས་སྐབས་སུ་ཚོད་དཔག་བྱེད་རྒྱུ་ལས་མ་འདས་ནའང་། སྐབས་དེར་རྒྱ་གར་དུ་དེབ་ཅིག་པར་སྐྲུན་བྱེད་སྐབས་དཔར་གྲངས་རེ་ཟུང་ལས་དཔར་རྒྱུ་མེད་པ་འདྲ་བས། དེང་སང་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་ནང་གི་གོང་གི་དེབ་རྙིང་དེ་ལྟ་བུ་ཞིག་རག་ཐབས་བྱེད་པ་འདི་ལས་སླ་པོ་ཞིག་ག་ལ་ཡིན།

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས«དཔལ་ལེགས་ལྡན་ནག་པོའི་གླུ»བསྒྱུར་པར་བརྟེན་ནས། ཁོང་ལ་རྣམ་རྟོག་ཅིག་ཏན་ཏན་སྐྱེས་ཡོད་པའི་སྣང་ཚུལ་མཆིས། ཁོང་གིས“བོད་སྐྱོང་བསྟན་མ་རྣམས་ཀྱིས་འདི་འདྲའི་ལས་ལ་འཁུ་ལྡོག་བྱེད་ཟེར་ནས་ཞེད་སྐྲག་སློང་པ་ཡང་འདུག་སྟེ། དྲུག་སྡེ་དག་གིས་གང་བསམ་པ་བཅུ་གཉིས་སྡེ་རྣམས་ཀྱིས་ལེགས་པར་གོ་བས་ཐུགས་ནང་ཤིན་ཏུ་གཤིན་པར་འོས་མཆི། ” [9]ཞེས་གསུངས་ཤིང་། གཞན་ཡང་། ཁོང་གིས་རཀ་ར་རིན་པོ་ཆེར‘‘ང་རང་གིས་ཞིབ་ཏུ་དཔྱད་སྐབས། ངས་ཕྱི་རོལ་བའི་ལེགས་ལྡན་ནག་པོའི་གླུའམ། བྷགཝཏགཱིཏཱ་ཟེར་བ་འདི་བསྒྱུར་བ་ཡིན་པས། འདི་ནི་ནང་པའི་བསྟན་པ་ལ་ཤིན་ཏུ་སྡང་བའི་ཕྱི་རོལ་པའི་སློབ་དཔོན་ཤངྐརཨཱཅརྱ་ཟེར་བ་དེས། ནང་པའི་མཁས་པ་རྩོད་པས་ཕམ་པར་བྱེད་དུས་ནག་པོའི་གླུ་འདི་རང་ལ་གཞི་བྱས་ཤིང་། གླུ་འདིའི་རྩོམ་པ་པོ་ནི། ཁྱབ་འཇུག་གི་འཇུག་པ་བཅུའི་ནང་ཙན་གྱི་སྤྲུལ་པ་ནག་པོའམ། ཀྲིཥྞ་ཞེས་ཕྱི་རོལ་པ་རྣམས་ཀྱི་སྐྱབས་མཆོག་ཏུ་བརྩི་སའི་སྟོན་པ་དེ་རེད། ང་རང་ནས་ཞིབ་ཏུ་བལྟ་དུས། ས་སྐྱ་པཎ་ས་སྐྱ་པཎྜི་ཏས། འཕྲོག་བྱེད་དགའ་བོ་རྩོད་པས་བརྟུལ་རྗེས་སུ། བོད་སྐྱོང་བསྟན་མ་བཅུ་གཉིས་ལ་བཀའ་བསྒོས་ནས། ཕྱི་རོལ་པའི་བསྟན་བཅོས་ཤོག་གྱར་གཅིག་ཀྱང་བོད་དུ་བཏང་མི་ཆོག་པ་དམ་ཚིག་ལ་བཀའ་བཏགས་འདུག་པས། ད་ཆ་བསམས་སྐབས་ང་ལ་བསྟན་མ་བཅུ་གཉིས་ཀྱིས་བཀའ་ཆད་བྱུང་བ་འདྲ།” [10]ཞེས་གསུངས་པ་སོགས་ལ་བལྟས་ན་ཤེས་ནུས་ཤིང་། དགོས་སར་སྐལ་ཆད་མི་དགོས་སར་ལྕགས་ལྷམ་ཟད་པའི་བསྟན་མ་བཅུ་གཉིས་ལ་ནུས་མཐུ་དེ་འདྲ་ཞིག་ཡོད་པ་ཆ་མ་འཚལ་མོད། ཁོང་བཙོན་དུ་འགྲོ་དགོས་དོན་ནི་བོད་སྐྱོང་སྲུང་མ་ཚོའི་བཀའ་ཆད་ཕོག་པས་ལན་ཚུལ་གསུངས་ཡོད། འོན་ཀྱང་། མཁས་དབང་དམ་པ་འདི་ལ་དོགས་པ་གཞན་དག་མཆིས་པའི་ལོ་རྒྱུས་ཀྱང་མཇལ་རྒྱུ་ཡོད།

དགེ་འདུན་ཆོས་འཕེལ་གྱིས«དཔལ་ལེགས་ལྡན་ནག་པོའི་གླུ»ལྟ་བུ་བོད་ཡིག་ཏུ་བསྒྱུར་དགོས་དོན་ནི་མདོར་བསྡུས་ན་ཁོང་གིས“རང་རེ་བོད་ཀྱི་མཁས་པ་དག་ཀྱང་ཕྱི་རོལ་པའི་གཞུང་དངོས་སུ་བལྟ་བ་ཞིག་བྱུང་ན་ཅི་མ་རུང་སྙམས། དེ་མིན་ཕྲ་ས་ཉག་ས་བཙོག་ས་ཐམས་ཅད་ནན་གྱིས་བཙལ་ནས་ཕྱོགས་སྔར་དྲངས་པའི་གཞུང་དུམ་བུ་རྣམས་ལ་བལྟས་ནས། འདི་ལྟར་ཁས་ལེན་པའི་མུ་སྟེགས་དེ་ཅི་ལྟ་བུའི་གླེན་པ་ཞིག་ཡིན་ཨང་སྙམས་པ་ནི་ཤིན་ཏུ་ཡང་ཐལ་ཆེ། ཆག་ལ་ཁད་བྱས་ནས་བསྒྲིགས་ཏེ་བཞག་ཡོད་པའི་ཕྱོགས་སྔ་དེ་ཚོ་ལྷག་མེད་དུ་བཅག་པ་ལ། དཔའ་རྟགས་གང་ཡང་མི་འདུག”[11]ཅེས་གསུངས་ཡོད་ཅིང་། «བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར»ལྟ་བུ་ནི་སྙན་ཚིག་འདྲེས་པའི་ཟློས་གར་ཡིན་པས། མི་སྤྱིར་བཏང་བ་ཞིག་གིས་དེ་ལྟ་བུའི་ཟློས་གར་བསྒྱུར་མི་ནུས་པས། ཁོང་གིས་བོད་ཡིག་ཏུ་བསྒྱུར་ཏེ་རང་རེའི་མདུན་ལ་བཞག་ཚུལ་གསུངས་པ་སོགས་ལ་བསམ་བློ་བཏང་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་གྱི་ནང་པའི་བསྟན་བཅོས་དང་བསྟན་བཅོས་མ་ཡིན་པའི་ལྗགས་རྩོམ་མང་པོ་ཞིག་རང་རེའི་སྐད་དུ་བསྒྱུར་དགོས་པའི་དགོངས་བཞེད་ཀྱི་ཟུར་ངོས་ཤིག་ང་ཚོས་མཐོང་ཐུབ་པ་འདུག་སྙམ་མོ། །

༢༠༡༧/༡༡/༠༩ ཉིན་བྲིས།

 

དཔྱད་ཡིག

[1] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༡༩༩༠ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་གྲངས་ ༤༨༨

[2] དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ། གསུང་རྩོམ་ཕྱོགས་བསྒྲིགས་དེབ་ཕྲེང་གཉིས་པ། མཛད་པ་པོ། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན། ༢༠༠༣ ཀིརྟི་བྱེས་པ་གྲྭ་ཚང་། ཤོག་གྲངས་ ༦༩

[3] http://www.gobetweenfilms.com/wp-content/uploads/2010/09/PhD_Angry_Monk_07.pdf

[4] དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས། བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་བྲིས་པའོ། བོད་ཀྱི་དཔེ་མཛོད་ཁང་། ༡༩༨༠ ཤོག་གྲངས་ ༢༢༦-༢༢༧

[5] Le mendiant de l’Amdo Heather Stoddard Publications de la Société d’ethnologie, Nanterre 1985 P 310

[6] དགེ་འདུན་ཆོས་འཕེལ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། ༢༠༠༢ རྒྱ་གར། ཤོག་གྲངས་༡༥

[7] Little Lhasa: Reflections on Exiled Tibet.  By Tsering Namgyal . Indus Source Book. p, 159

[8] དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས། བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་བྲིས་པའོ། བོད་ཀྱི་དཔེ་མཛོད་ཁང་། ༡༩༨༠ ཤོག་གྲངས་ ༢༢7-༢༢༨

[9] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༡༩༩༠ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་གྲངས་ ༤༨༨

[10] དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས། བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་བྲིས་པའོ། བོད་ཀྱི་དཔེ་མཛོད་ཁང་། ༡༩༨༠ ཤོག་གྲངས་ ༢༢༥

[11] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༡༩༩༠ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་གྲངས་ ༤༨༧