རྒྱལ་ལྷ་ཁང་ངམ་རྒྱལ་ལུག་ལྷས་ལྷ་ཁང་འདི་དེང་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་ལྷ་སྒང་གྲོང་ཚོའི་གྲོང་དཀྱིལ་ན་ཡོད་ཅིང་།པར་དང་པོར་གཟིགས།འགོས་ལོ་ཙཱ་བས་ཀླུ་མེས་ཀྱི་སློབ་མ་ཀ་བ་བཞིའི་ཡ་གྱལ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་སྤྱི་ལོ་1012ལོར་ཕྱག་བཏབ། སྤྱི་ལོ་1240ལོར་ཧོར་དམག་བྱུང་ནས་ལྷ་ཁང་བསྲེགས། བཙུན་པ་སོ་སྟོན་སོགས་ལྔ་བརྒྱ་ཙམ་བཀྲོངས། ཕྱིས་ཧོར་དོར་ཏོག་འགྱོད་ནས་ཉམས་གསོ་བྱས། ལྷ་ཁང་བར་བ་ཞང་ལྷས་གསོས། དར་གྱི་ལྷ་ཁང་གསོ་མ་ཐུབ།བྱ་གྲགས་ལྷ་ཁང་གསོས་པའི་རྟེན་གྱི་གཙོ་བོ་ཐུབ་པ་བཞེངས་ཞེས་དང་།དཔའ་བོ་གཙུག་ལག་ཕྲེང་བས་འདི་ལས་མཆེད་པ་ལ་ཞང་སྐོར་གྲགས་ཞེས2དེ་སྔ་དགོན་པ་འདི་ལ་གཏོར་བརླག་ཚབ་ཆེན་ཐེབས་མྱོང་ལ་དང་པོའི་བདག་པོ་ཁྱིམ་རྒྱུད་ཆེན་པོ་ཞང་སྣ་ནམ་ལ་ཐུག། དེ་བཞིན་རིག་གསར་སྐབས་ཡང་བསྐྱར་གནོད་འཚེ་ཕོག་ཡོད་ལ། འདིར་སྐབས་སུ་བབས་པ་རྒྱལ་ལྷ་ཁང་གི་རྡོ་རིང་སྐོར་ཡིན་མོད། གོང་གི་ཆགས་འཇིག་འཕེབ་འགྲིབ་ཀྱི་ལོ་རྒྱུས་དེ་གཤམ་གྱི་བརྗོད་བྱ་དངོས་སུ་འཛུལ་བར་གལ་ཆེ།

པར་དང་པོ། ལྷ་སྒང་གྲོང་ཚོ་དང་རྒྱལ་གྱི་ལྷ་ཁང་གསུམ།

དང་པོ།  དགེ་འདུན་ཆོས་འཕེལ་དང་རྒྱལ་ལྷ་ཁང་གི་རྡོ་རིང་།

རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་མཆོག་དགུང་ལོ་སོ་གཉིས་པ། བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱིའི་ལོ་སྟེ་སྤྱི་ལོ་1934ལོར་རྒྱ་གར་བ་ར་ཧུ་ལ་དང་མཉམ་དུ་འཕན་ཡུལ་དུ་སླེབས་ཡོད་ལ།  ཁོང་གི་གཏམ་རྒྱུད་གསེར་ཐང་དུ། འཕན་ཡུལ་དགོན་སྡེ་ཀུན་ལས་རྙིང་ཤོས་རྒྱལ་ལྷ་ཁང་བྱ་བ་འཕན་སྟོད་དུ་འདུག་པ་དང་། འདི་བླ་ཆེན་པོའི་དངོས་སློབ་ཀླུ་མེས་ཀྱི་མཁན་བུ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་(926-1060)གིས་བཞེངས་བ། དེ་མུར་རྒྱལ་ལྷ་ཁང་གི་གཙང་ཁང་གི་སྦུག་ཏུ་བྱམས་སྐུ་ཆེ་བ་བཞུགས་པ་དང་གསུང་རབ་མང་ཚུལ།  ཟུར་ཞིག་ན་ད་ལྟ་ཀུན་གྱི་མཐོང་ཡུལ་དུ་ཡོད་པའི་རྒྱལ་བ་བྱམས་པའི་རྡོ་སྐུ་ཡོད་ཚུལ་སོགས་དང་། དེ་མུར་རྒྱལ་ལྷ་ཁང་གི་སྒོར་རྡོ་རིང་གླིང་བཞི་མ་མི་འགྲེང་ལྷག་ཙམ་ཞིག་འདུག་པའི་སྐེད་པའི་ཕྱོགས་བཞིར་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱི་རི་མོ་དང་། ཤར་ངོས་ན་མར་ལ་ཞེས་སྐབས་དེར་མཐོང་བའི་ཡི་གེ་ཕབ་བཤུ་གནང་གནང་ཡོད་པ་ནི།  བཙུགས་པ་ལ། སྤྱི་དེང་སེང་གི་དུསུ་ནི།རྟགས་/འདིས་ཚིག་རྐང་གི་བར་མཚམས་མཚོནདགེ་བ་ལ་ཕྱོགས་གཅིག་པ་དང་། ལེགས་/པ་ལ་གྲོས་མཐུན་པ་ནི་ཉུང་ན་། འོ་ན་དཀོན་/མཆོག་གསུམ་ལ་སྐྱབས་སུ་གསོལ་བའི་མྱི་/རྣམས་ཀྱིས་ནི། ལྷར་སངས་རྒྱས་གཟུངས་། གྲོས་/ཕུག་ཆོས་ལ་། གཏད། གཙོར་ལྟ་བ་སྦྱང་། ཚིག་/སྤྱོད་རྣལ་དུ་དབབ་། འཚོ་བ་གཙང་མར་བསྒྲུབ་། /བྱེད་དགུ་ཆོས་དང་སྦྱར་། སྤྱི་གྲོས་གཅིག་དུ་/བཟླུམ། སྒོ་གཉེར་སོ་སོར་བླང་། ངན་གྲོས་དགོག་/དུ་དབྱུང་། བདེན་གཏམ་དང་དུ་བླང་།འདི་ལྟར་/བྱས་ན་ཚེ་འདི་དང་ཕྱི་མ་གཉི་གར་བདེ་བར་/འགྱུར་བྱས་/ཚིག་བཅུ་པོ་འདི་ཡལ་/བར་མ་བོར་ཞིང་གཟུངས་སུ་བཟུང་ན་ལེགས་སོ།3 ཞེས་པ་དང་།ཡང་གཤམ་དུ་ཐིག་ཕྲེང་འགའ་མཆིས་མོད། བཀླག་ཏུ་མི་བཏུབ། སྤྱི་དེང་སེང་ཞེས་པའི་སྤྱི་ལ་ཡང་ར་མཐའ་མེད་པ་དང་། ཆིག་སོགས་ཀྱང་འདི་ཁོ་ན་བཞིན་འདུག ཆེས་རྙིང་མའི་ཡི་གེ་འདི་རྣམས་ལ་གི་གུ་ཕྱིར་ལོག་ཤས་ཆེར་ཡོང་བ་འདི་ལ་དེ་འདྲ་ཡང་མི་འདུག རྡོ་རིང་འདི་བླ་མའམ་རྒྱལ་པོ་གང་གི་ཡིན་ཡང་མི་ཤེས་པ་སྣང་ཞིང་། བཙུགས་པ་ལ་ཞེས་པའི་རྔམ་ཟིལ་དང་། སྒོ་གཉེར་སོ་སོར་བླང་། ངན་གྲོས་དགག་ཏུ་དབྱུང་། སོགས་ལ་བལྟས་ན། རྒྱལ་པོའི་ཡིན་མདོག་ཁ་ཞིང་། དེ་ལྟར་ན་ཁྲི་དར་མའི་ཚ་བོ་བཀྲ་ཤིས་བརྩེགས་དང་། དེའི་སྲས་མངའ་བདག་འོད་ལྡེ་སོགས་ཀྱིས་ཡིན་སྲིད་པ་ཞིག་གོ་ཞེས་དགེ་ཆོས་ཀྱི་གསུངས་རྩོམ་དུ་བྲིས་པའི་རྒྱལ་ལྷ་ཁང་གི་དགོན་པ་ནི་དེང་རྒྱལ་སྟོད་དང་རྒྱལ་སྨད། བྱམས་ཁང་གསུམ་དབྱེ་བ་ལས་བྱམས་ཁང་སྟོན་གྱིན་པ་གཙང་ཁང་སྦུག་གི་གཙོ་སྐུ་དང་། མཚན་བྱང་འཁོད་པའི་རྒྱལ་བ་བྱམས་པའི་རྡོ་སྐུ་ལས་གསལ་བཤད་བྱས་ཡོད་ལ། ཁོང་གི་སྐད་ཆའི་འགྲོས་ལ་གཞིགས་ན་ཁོང་ཕྱིན་པའི་སྐབས་དེར་རྡོ་རིང་འདི་བྱམས་ཁང་གི་སྒོའི་ཕྱི་རོལ་ཏུ་བསླངས་ཡོད་ལ། རྒྱལ་ལྷ་ཁང་དང་རྡོ་རིང་དུས་རབས་གཅིག་ལ་བཞག་ཡོད་མོད།དགོན་པ་བཞེངས་མཁན་དང་རྡོ་རིང་སློང་མཁན་གཉིས་ཐ་དད་དུ་དགོངས་ཡོད།

པར་གཉིས་པ། སྤྱི་ལོ་1949ལོར་རིས་ཆར་རྡི་སིང་གིས་བསྐྱོན་པའི་རྡོ་རིང་གི་འདྲ་པར།

གཞན་ཡང་དེར་རྭ་བ་དེའི་ནང་ན་རྡོ་རིང་གཞན་ཞིག་ཡོད་ཀྱང་ཁང་བདག་གཞན་དུ་སོང་ནས་སྒོ་མ་ཕྱེས། འཕན་ཡུལ་ག་གེ་མོ་ཞིག་ན་ད་དུང་ཡང་རྡོ་རིང་གཅིག་གམ་གཉིས་ཡོད་ཟེར།གནས་སྐོར་བ་བྲེལ་བ་ཆུང་བ་འདྲ་བྱུང་ན་དེ་དག་ངོ་བཤུས་རེ་ཐུབ་ན་ཤིན་ཏུ་ལེགས་ཚུལ་སོགས་གདམས་ཡོད།4

གཉིས་པ།  རས་ཆར་རྡི་སིང་(Rechardson)དང་རྒྱལ་ལྷ་ཁང་གི་རྡོ་རིང་།

སྤྱི་ལོ་1949ལོའི་སྟོན་ཁར་རིས་ཆར་རྡི་སིང་གིས་གནས་འདིར་རྡོ་རིང་ཡོད་པ་གོ་ནས་ལྷ་ས་ནས་ཆེད་དུ་རྟོག་དཔྱོད་བྱ་བར་ཕེབས་ཡོད་ལ(པར་གཉིས་པར་གཟིགས།)། ཞིབ་ཕྲའི་གནས་ཚུལ་རྒྱལ་ལྷ་ཁང་གི་རྡོ་རིང་ཞེས་པ་1957ལོའི་དབྱིན་ཇིའི་ཨེ་ཞེ་ཡའི་སྐོར་གྱི་དུས་དེབ་(JRAS)སྟེང་བཀོད་འདུག5  རྩོམ་དེར་ཁོང་གི་ཐོག་མའི་འཆར་བཀོད་ལྟར་ན་རྒྱལ་ནས་མཚན་གཅིག་ཞག་མལ་བྱ་འཆར་ཡིན་མོད། ཡིན་ཡང་ཉིན་དང་པོར་མ་སླེབས་པར་ལམ་ནས་ལུས་པས་ཉིན་གཉིས་པར་རྒྱལ་དུ་འབྱོར་བ་དང་རྡོ་རིང་གི་ཡི་གེ་ངོ་བཤུ་སོགས་ཀྱིས་དུས་འདའ་བ་ལས་ལྷ་ཁང་སྐོར་ལ་དོ་སྣང་བྱ་རྒྱུ་མ་བྱུང་ལ་ལྡེབས་རིས་དང་སྐུ་འདྲ་དམིགས་གསལ་བ་མ་མཐོང་ཚུལ། རྒྱལ་འདིར་ལྷ་ཁང་གཉིས་དང་གྲྭ་བ་དྲུག་ཅུ་བཞུགས་ཚུལ་སོགས་བསྡུས་པར་འཁོད་པའི་ཞོར་ནས། སྐབས་སུ་བབས་པའི་རྒྱལ་གྱི་རྡོ་རིང་འདི་ལྷ་ཁང་གི་སྒོ་རྭའི་ཕྱི་ལོག་ཏུ་ཁ་ཤར་ཕྱོགས་སུ་འཁོར་ཡོད་པ་དང་། འཕྲོ་བརླག་ཐེབས་ཅིང་ཤར་ལྷོ་ནུབ་གསུམ་དུ་ཡི་གེ་བརྐོས་པ་ལས་ཤར་ངོས་ཀྱི་ཡི་གེ་ཅུང་ཆ་ཚང་བར་གནས་པ་དང་། སྟེང་གི་རི་མོ། ཆར་ཁེབས་ཀྱི་འོག་ཏུ་ལྕགས་ལེབ་མོ་ཞིག་གིས་སྐོར་བར་བཏུམ་ཡོད་པས་ཐིག་ཕྲེང་དང་པོ་མི་མཐོང་བ་དང་། དེའི་འོག་ཏུ་གཅིག་བྱས་ན་ལྷ་ཁང་བཞེངས་བའམ་རྡོ་རིང་གི་ལོ་ཚིགས་སྐོར་ཡོད་སྲིད་པར་ཚོད་དཔག་གནང་ཡོད།

ཁོང་གིས་རྡོ་རིང་འདི་ཐོག་མར་སློང་མཁན་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ཡིན་པར་ཚོད་དཔག་གནང་ཡོད་པ་སྟེ། རྒྱུ་མཚན་ཡང་ བརྗོད་བྱ་བསྟན་པ་རྒུད་པ་ནས་བསྐྱར་གསོ་བྱ་བའི་ནང་དོན་བསྟན་པ་ཕྱི་དར་གྱི་དུས་མགོའི་སྐབས་འདི་ཆ་མཐུན་པར་མ་ཟད། རྡོ་རིང་གི་སྐད་ཆའི་འགྲོས་དང་མ་ཡ་བཏགས་སྦྱར་བ་ལས་བརྡ་རྙིང་བའི་ཁྱད་ཆོས་ཆེར་མི་འདུག་པས་རྡོ་རིང་བསླངས་པའི་ལོ་ཡང་སྤྱིའི་ཆ་ནས་ལྷ་ཁང་བཞེངས་བའི་ལོ་སྤྱི་ལོ་1012ལོར་བཞག་ན་འོས་འཚམ་ཞིག་ཡིན་ཚུལ། ཞང་སྣ་ནམ་གྱིས་རྡོ་རིང་འདི་འདྲ་བསློངས་བའི་དམིགས་ཡུལ་ཀྱང་བོད་བཙན་པོའི་སྐབས་ཀྱི་རྡོ་རིང་འཛུགས་པའི་སྲོལ་འདི་བསྐྱར་གསོ་བྱས་བའི་ལས་ཤིག་ཏུ་མཐོང་ཚུལ་སོགས་ཞིབ་པར་བཀྲལ་ཡོད་ལ། དེ་མུར་དགེ་ཆོས་ཀྱིས་དེ་སྔ་བཤུས་པའི་ཡི་གེའི་བསྐྱར་བཤུ་ཕུད། དགེ་ཆོས་ཀྱིས་བཀླག་ཏུ་མ་བཏུབ་པའི་མཚམས་སུ་ཡི་གེ་བསམ་མྱི་ཁྱབ།×××རྣམ་པ་ཀུན་ཏུ་སྒྲུབ་སྦྱང་།×××ཀྱི་དགེ་བ་×××བཅས་དང་།  རྡོ་རིང་གི་ལྷོ་ངོས་སུ་འཕན་ཡུལ་ཀླུང་སྐྱེས་ངོ་མཚར་ཆེ། བྱ་བ་ཁག་གཉིས་གསར་དུ་ངོ་བཤུས་བྱས་ཡོད།

མདོར་ན་རས་ཆར་རྡི་སིང་ཡང་རྒྱལ་གྱི་ལྷ་ཁང་བཞེངས་བའི་ལོ་དང་རྡོ་རིང་གི་གནས་ཡུལ།  བསླངས་བའི་དུས་རབས་སོགས་དགེ་ཆོས་དང་ལྟ་བ་མཐུན་མོད།  རྡོ་རིང་སློང་མཁན་གྱི་ཆ་ནས་དགེ་ཆོས་དང་མི་འདྲ་བར་ཞང་སྣ་ནམ་རྡོ་རྗེ་ལ་ཚོད་དཔག་གནང་ཡོད་མོད་སྒྲུབ་བྱེད་ཁུངས་བཙན་མ་རྙེད་པའི་ཕངས་སེམས་ཤིག་ཤུགས་བསྟན་གནང་འདུག

 

གསུམ་པ། རྡོ་རིང་གི་ད་ལྟའི་གནས་སྟངས་དང་དེ་ལས་འཕྲོས་པའི་གནད་དོན་བསྟན་པ།

པར་གསུམ་པ། དེང་གི་རྡོ་རིང་།

དེང་རྡོ་རིང་འདི་རྒྱལ་གྱི་རྒྱལ་སྟོད་འདུ་ཁང་གི་ཁྱམས་རྭར་ཤར་ངོས་སུ་ཁ་འཁོར་འདུག་ཅིང་།(པར་གསུམ་པར་གཟིགས།)སྔ་མོའི་སྒོ་རྭ་ལ་བསྒྱུར་བཀོད་ཀྱིས་ད་ནི་ལྷས་དཀྱིལ་འདྲ་བོ་ཞིག་ཏུ་སླེབས་པའི་སྣང་བ་སྟེར་མོད། རྩོམ་པ་པོ་སྤྱི་ལོ་2011ལོའི་ཡར་སྔོན་དུ་ཐེངས་ཁ་ཤས་སླེབས་སྐབས་ཕྱི་སྒོ་ནས་ནང་དུ་འཛུལ་མ་ཐག་གི་གཡོན་ཟུར་ན་བསླངས་འདུག་མོད། ད་ལྟའི་འགྱུར་བ་འདི་གཙོ་བོ་སྒོ་རྭ་ལ་བསྒྱུར་བཀོད་ཐེབས་པ་ཙམ་ལས་རྡོ་རིང་མ་གཞི་ལ་གནས་སྤོར་བྱས་པའི་གནས་ཚུལ་མིན་པར་སྣང་།

དེང་རྡོ་རིང་འོག་སྟེགས་བུ་ཉིས་བརྩེགས་ཨར་འདམ་བྱུག་པ་རྨིད་0.60སྟེང་བསླངས་ཡོད་ཅིང་། རྡོ་རིང་གི་མཐོ་ཚད་ལ་རྨིད་2དང་ཞེང་ཚད་ལ་འོག་ནས་སྟེང་དུ་རྨིད་0.47ནས་0.38བར་བསྐུམས་ཡོད་པ་དང་། ཕྱེད་ཀའི་མན་ཨར་འདམ་བྱུག་པས་གནས་སྟངས་གསལ་བོ་མི་ཤེས་ལ། ཤར་ངོས་ཀྱི་ཨར་འདམ་སྟེང་ཡི་གེ་བསྐྱར་བརྐོ་བྱས་པའི་ཤུལ་ཞིག་ཀྱང་ལྷག་འདུག་ཅིང་། ཏན་ཏན་འདིའི་འོག་ཏུ་དགེ་ཆོས་ཀྱིས་བཀླག་ཏུ་མ་བཏུབ་པ་དང་རས་ཆར་རྡི་སིང་གིས་ཚིག་ཁ་ཤས་བཤུས་ཡོད་པའི་ཤུལ་དུ་འཁེལ།  སྟེང་དུ་ཆར་ཁེབས་དང་ཏོག་སྤྲད་པ་མཐོ་ཚད་ལ་ལིས་རྨིད་0.62དང་། ཆར་ཁེབས་ཟུར་བཞི་རྒྱའི་ཁང་ཐོག་བཟོ་བཀོད་ལ་དཔེ་བླངས་པའི་རིང་ཚད་ལ་རྨིད་1.1འདུག་ཅིང་།  སྔ་མོའི་པར་ལ་གཞིགས་ན་སྟེང་གི་ཏོག་དང་ཞབས་ཀྱི་རྡོ་སྟེགས་གཉིས་མི་འདུག

དེང་གི་རྡོ་རིང་གི་ཡི་གེའི་གནས་སྟངས་ཀྱི་ཆ་ནས་བལྟས་ཚེ་དང་པོ་དགེ་ཆོས་ཀྱི་སྐབས་ནས་གཉིས་པ་རས་ཆར་རྡི་སིང་གི་སྐབས་དང་འགྱུར་བ་ཆེན་པོ་ཕྱིན་མི་འདུག་ལ།  ཅུང་ཟད་མི་འདྲ་བ་ནི་དེ་སྔ་རྡོ་རིང་གི་རྐེད་ལ་ཆག་སྐྱོན་ཤོར་བ་དེང་ཨར་འདམ་གྱིས་བཏུམ་ཡོད་པ་དང་། རིས་ཆར་རྡི་སིང་གིས་བསྟན་པའི་ཆར་ཁེབས་འོག་གི་ཐིག་ཕྲེང་དང་པོ་ལྕགས་ལེབ་མོས་སྐོར་བ་ཕྱིས་འདུག་པ། དེ་བཞིན་རྡོ་རིང་གི་གནས་ཡུལ་སྔ་མོའི་བྱམས་ཁང་དང་ཐག་རིང་དུ་གྱུར་ཡོད་པ་བཅས་དང་།  རྒྱལ་གྱི་གྲྭ་བས་བཤད་ན་བཅོས་བསྒྱུར་སྒོ་དབྱེའི་རྗེས་སུ་དེང་རྒྱལ་སྟོད་དུ་འབོད་པའི་ལྷ་ཁང་ཉམས་གསོ་ཞུས་པ་དང་རྡོ་རིང་སྔ་མོའི་བྱམས་ཁང་གི་གནས་ནས་ས་འདིར་དབོར་བར་བཤད།  སྔ་མོའི་ལྕགས་ལེབ་ཀྱིས་བཏུམ་ཤུལ་ནས་དེང་རྡོ་རིང་གི་ངོས་ཐིག་ཕྲེང་གསར་བ་འགའ་རེ་ཕྱི་རུ་མངོན་ཡོད་ལ།  ཤར་ངོས་ནས་མཐོང་བ་ནི་གཉིས་ཀྱིས་×ལ་ཀྱི་རྡོ་རིང་ཞེས་བྱུང་ཡོད་པ་དང་(པར་བཞི་བར་གཟིགས།)དེང་མཇལ་དུ་ཡོད་པའི་ཐིག་ཕྲེང་གཉིས་པ་བཙུགས་པ་ལ། སྤྱི་དེང་སེང་གི་དུསུ་ནི། ཞེས་པར་སྔ་ཕྱིའི་འབྲེལ་བ་ཡག་པོ་ཆགས་ཐུབ། ནུབ་ངོས་སུ་××སྐྱེས།སྟའུ་×/གཡུ་སྤིང་།ས×ཅེས་ཡི་གེ་མི་གསལ་བ་ཡང་རེ་འགའ་མཆིས།(པར་ལྔ་བར་གཟིགས།)རྡོ་རིང་གི་ཤར་ལྷོ་ནུབ་གསུམ་གྱི་ཡི་གེ་མགོ་བོ་ཆད་པའི་ཚིག་གི་བརྗོད་པའི་སྔ་ཕྱི་ལས་རྡོ་རིང་འདིར་དགེ་ཆོས་དང་རིས་ཆར་རྡི་སིང་མ་སླེབས་གོང་ནས་དབུ་ལུས་ཁ་ཕྲལ་བྱུང་བའི་གནས་ཚུལ་ཤོར་ཡོད་པ་ཞོར་ནས་ཤེས་ཐུབ།

པར་བཞི་བ། རྡོ་རིང་ཤར་གྱི་ཐིག་ཕྲེང་གསར་བ་དང་པོ།

 

བཞི་བ། རྡོ་རིང་ཆགས་རོ་མའི་གསར་རྙེད་དང་ལོ་རྒྱུས་ཀྱི་གནས་ཚུལ་ཁ་གསབ།

ད་ལོའི་སྤྱི་ཟླ་11པོའི་ཚེས་9་ཉིན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དེང་རབས་སྐད་བརྡ་རིག་པའི་འབུམ་རམས་པ་དང་སློབ་དཔོན་ཆེན་མོ། དེང་གཞིས་རྩེའི་ས་ཁུལ་གྱི་དྲུང་ཡིག་གཞོན་པའི་འགན་བཞེས་པའི་དགེ་རྒན་རྡོ་རྗེ་དོན་གྲུབ་མཆོག་ལྷ་སའི་ཚོགས་འདུའི་བར་གསེང་དང་བསྟུན་སྒེར་ནས་རྒྱལ་ལྷ་ཁང་ལ་ཆེད་དུ་རྟོག་ཞིབ་ཏུ་ཕེབས་པ་དང་། ད་ལྟའི་རྡོ་རིང་བསླངས་པའི་ཟུར་ནས་རྡོ་རིང་གི་ཆག་རོ་གླིང་བཞི་མ་ཡི་གེ་ཡོད་པ་ཅན་འདི་མཐོང་བ་མ་ཟད། (པར་དྲུག་པར་གཟིགས།ངོས་གཅིག་ན་ཞང་སྣ་ནམ་རྡོ་ཞེས་པའི་ཡི་གེ་བཞི་ཡོད་པ་དང་ཆེ་ཆུང་བཟོ་དབྱིབས་སོགས་ལ་གཞིགས་ན་དེང་གི་རྡོ་རིང་འདིའི་ཡ་གྱལ་ཡིན་ཚུལ་དང་། ངེད་ཀྱང་ཁོམ་སྐབས་བྱུང་ཚེ་ས་གནས་དངོས་བསྐྱོད་ཀྱི་རྟོག་ཞིབ་བྱ་རྒྱུ་གལ་ཆེ་ཚུལ་གྱི་གསུང་འབྱོར་ན། ཚེས་11ཉིན་གྱི་ཞོགས་པར་ངེད་དང་རང་སློབ་ཀྱི་གྲོགས་དཔལ་མཁར་རྒྱལ་གཉིས་ཐད་ཀར་རྒྱལ་ལ་ཕྱིན་པ་དང་ཞིབ་ཕྲའི་རྟོག་ཞིབ་བྱས་པའི་གནས་ཚུལ་གཤམ་གསལ་ལྟར་ཡིན།

པར་ལྔ་བ། རྡོ་རིང་ནུབ་ཀྱི་ཐིག་ཕྲེང་གསར་བ་གཉིས།

རྡོ་རིང་ཆག་རོ་མ་དེང་རྡོ་རིང་གི་འགྲམ་དང་མཆོད་མེ་འབུལ་སའི་སྒོའི་ཕྱི་རོལ་དུ་འདུག་ཅིང་། དགོན་པའི་གྲྭ་བས་བཤད་ན་ཉེ་འགྲམ་ཁྱིམ་ཚང་ཞིག་གི་རྩིག་རྨང་ནས་ཚུར་བསྡུས་པར་བཤད། གླིང་བཞིའི་དབྱིབས་ལ་སྤྱིའི་མཐོ་ཚད་ལ་རྨིད་62དང་། ཞབས་མཐིལ་ངོས་མཉམ་དུ་ཆག་མི་འདུག་པའི་ཕྱི་ངོས་མི་འདྲ་བའི་མཐོ་དམའ་རིང་ཐུང་མི་འདྲ། ཞེང་ཚད་ལ་རྨིད་0.35ནས་0.30བར་འདུག་ཅིང་། སྟེང་དུ་རྨིད་0.5ཅན་གྱི་ཆར་ཁེབས་ཁ་སྤྲོད་སའི་འབུར་དབྱིབས་གྲུབ་བཞི་མ་ཆུང་ངུ་ཞིག་འདུག་པ་དང་།ངོས་གོང་རོལ་སྟོང་པར་གནས་པ་དང་བར་མཚམས་ཞིག་ནས་ཀྱོག་དང་བཅས་ངོས་གསུམ་དུ་ཐིག་ཕྲེང་གཉིས་རེའི་ཤུལ་ཡོད་པ་སྟེ། ངོས་དང་པོར།×××པའི/×××ས་པ་ཞང་སྣ་ནམ་རྡོ×(པར་བདུན་པར་གཟིགས།)ངོས་གཉིས་པར།༇རྩེའུ×××/×××།ངོས་གསུམ་པར།×××/××སོགས་བརྐོས་ཡོད་ལ། རྡོ་རིང་ཆག་རོ་མའི་རྒྱུ་ཆ་དང་བཟོ། ཞེང་ཚད་ཆེ་ཆུང་། ངོས་སུ་ཡི་གེ་ཕབ་ས། ཡིག་གཟུགས་སོགས་ཀྱི་ཆ་ནས་དེང་གི་རྡོ་རིང་འདི་དང་ཐུན་མོང་གི་ཁྱད་ཆོས་ལྡན་པ་ཕུད། རྡོ་རིང་བསླངས་ཡོད་པ་འདིའི་དབུར་སྤྲད་ན་འཕྲོད་པར་བསམ་ཤིང་། ད་ལྟ་བསླངས་ཡོད་པའི་རྡོ་རིང་འདིའི་ཡི་གེར་ཡང་དབུ་མི་ཚང་བ་ཤར་ངོས་ཀྱི་ཐིག་ཕྲེང་དང་པོར། ×གཉིས་ཀྱིས་×ལ་ཀྱི་རྡོ་རིང་ཞེས་པའི་ཚིག་དེས་དེའི་གོང་དུ་ཡང་མིའི་མཚན་ཡོད་པ་ཚོད་དཔག་བྱས་ཆོག་ཅིང་། ལྷོ་ངོས་ཀྱི་འཕན་ཡུལ་ཀླུང་སྐྱེས་ངོ་མཚར་ཆེ་ཞེས་པ་དང་ནུབ་ངོས་ཀྱི་ཐིག་ཕྲེང་གོང་འོག××སྐྱེས།སྟའུ་×/གཡུ་སྤིང་།ས×ཞེས་པའི་སྟེང་དུ་ཡང་ཡི་གེ་ཡོད་པ་ཚིག་གི་སྔ་ཕྱི་དང་ཀྱོག་ཡོད་མེད་ཀྱིས་ཤེས་ནུས་ཤིང་། གང་ལྟར་རྡོ་རིང་ཆག་རོ་མ་འདི་དགེ་ཆོས་དང་རས་ཆར་རྡི་སིང་རྟོག་ཞིབ་ཕེབས་སྐབས་ཀུན་གྱི་མཐོང་ལམ་ན་ཡོད་པ་ཞིག་མིན་པར་བལྟས་ཚེ་གཅིག་བྱས་ན་དགེ་ཆོས་གསུངས་པའི་གཞན་རྭ་བ་དེའི་ནང་ན་རྡོ་རིང་གཞན་ཞིག་ཡོད་ཀྱང་སྒོ་ཟ་རྒྱབ་ཡོད་པ་དེ་ཡིན་སྲིད་ལ། གཉིས་ནས་རྡོ་རིང་ཆག་རོ་མ་དང་ད་ལྟ་ཀུན་གྱི་མཐོང་ལམ་ན་ཡོད་པ་གཉིས་སྔ་ས་ནས་ཁ་ཕྲལ་ཤོར་ཡོད་པ་གཏན་འཁེལ་བྱས་ཆོག་ཅིང་། ཆགས་འཇིག་འདི་ཡང་ལོ་རྒྱུས་ལ་གཞིགས་ན་གོང་གི་རས་ཆར་རྡི་སིང་གིས་བསྟན་པ་ལྟར་སོག་པོའི་དམག་གིས་རྒྱལ་ལྷ་ཁང་བསྲེགས། གྲྭ་བ་མང་པོ་བསད་པའི་དུས་སུ་འཇོག་དགོས་པར་མཐོང་ལ། དེ་སྔ་རྡོ་རིང་གི་ཡི་གེའི་གོ་དོན་དང་བརྡ་སྤྲོད་ཀྱི་འགྲོས། རྒྱལ་ལྷ་ཁང་དུ་ཡོད་པའི་མཉམ་གནས་ཀྱི་འབྲེལ་བས་རྡོ་རིང་ཡང་ཞང་སྣ་ 

པར་དྲུག་པ། གསར་རྙེད་རྡོ་རིང་ཆག་རོ་མ།

ནམ་རྡོ་རྗེ་དབང་ཕྱུག་གི་བཞེངས་པར་ཚོད་དཔག་གནང་བ་ཙམ་ཡིན་མོད། ད་ནི་ཞང་སྣ་ནམ་རྡོ་བྱ་བ་དང་གཉིས་ཀྱིས་རྡོ་རིང་བཙུགས་བྱ་བ་དངོས་སུ་བྱུང་བས་ཁོང་གི་དུས་སྐབས་སུ་བཙུགས་པ་འམ་ཁོང་དང་འབྲེལ་བ་ཡོད་པའི་སྒྲུབ་བྱེད་ཁུངས་བཙན་པོ་ཞིག་རྙེད་པ་ཡིན་ལ། འོ་ན་ད་ནི་དགེ་ཆོས་ཀྱིས་ཁྲི་དར་མའི་ཚ་བོ་བཀྲ་ཤིས་བརྩེགས་དང་། དེའི་སྲས་མངའ་བདག་འོད་ལྡེ་སོགས་ཀྱིས་ཡིན་སྲིད་པ་ཞིག་གོ་ཞེས་པ་མཐའ་གཅིག་ཏུ་འདོར་ཆོག་པ་ཞིག་རེད་དམ་ཞེ་ན་འདི་ཡང་ཚིག་ཐག་རྦད་བཅད་བྱས་ཆོག་པ་ཞིག་ཀྱང་མིན་ཏེ། གཅིག་ནས་རྡོ་རིང་ཆག་རོ་མ་དང་ད་ལྟ་བསླངས་ཡོད་པའི་རྡོ་རིང་བར་ཐིག་ཕྲེང་ཆད་ཡོད་མེད་དང་ཞིབ་ཕྲའི་ཆག་སྟངས་ག་འདྲ་ཡིན་མིན་སོགས་ཞིབ་དུ་ཚད་འཇལ་དང་དེང་གི་ཆར་ཁེབས་བཀོག་ནས་རྟོག་ཞིབ་བྱ་དགོས་པ་དང་། གཉིས་ནས་སྟོད་ལུང་ར་ཚག་དགོན་པར་ཆ་བཞག་ན་རྒྱལ་ལྷ་ཁང་དང་བཞེངས་མཁན་ཆ་ལ་དུས་རབས་མཐུན་པའི་རྡོ་རིང་ཡང་ཐུན་མོང་དུ་བཙུགས་ཡོད་མོད། ར་ཚག་དགོན་པའི་རྡོ་རིང་ཞང་སྣ་ནམ་དང་ཐད་ཀར་འབྲེལ་བ་མེད་པ་ལྟ་བུ་ཞིག་ཏུ་སྣང་ན། 6 ང་ཚོས་མུ་མཐུད་ནས་ཞིབ་འཇུག་བྱ་དགོས་པའི་གནད་མང་དུ་མཐོང་ལ། དེ་བཞིན་དེང་གི་དགོན་པའི་གྲུབ་སྟངས་ཀྱི་ཆ་ནས་བཤད་ཀྱང་རྒྱལ་སྟོད་དང་རྒྱལ་སྨད། བྱམས་ཁང་གསུམ་གྱིས་གྲུབ་པའི་བཤད་སྲོལ་དང་རྒྱལ་སྟོད་དང་བྱམས་ཁང་ཁག་གཅིག་དང་རྒྱལ་སྨད་ལྷ་ཁང་ལོགས་ཀྱི་དགོན་པ་ཞིག་ཡིན་པའི་བཤད་སྲོལ་དང་། རས་ཆར་རྡི་སིང་གིས་དགོན་པ་འདི་ལ་ལྷ་ཁང་གཉིས་ཞེས་དང་།དགེ་ཆོས་ཀྱི་ལྷ་ཁང་ལོགས་སུ་ཡོད་ཚུལ་བསྟན་མི་འདུག  གང་ལྟར་ལོ་རྒྱུས་སྟེང་གི་ལྷ་ཁང་བར་བ། དར་གྱི་ལྷ་ཁང་། བྱ་གྲགས་ལྷ་ཁང་གསུམ་གྱི་འབྲེལ་བ་ག་འདྲ་ཡིན་མིན་མི་ཤེས་པ་མ་ཟད། རྡོ་རིང་ངོས་སུ་གཉིས་ཀྱིས་རྡོ་རིང་བཙུགས་པ་ཞེས་ཞང་སྣ་ནམ་ལས་མི་སྣ་གཞན་ཞིག་ཀྱང་ཡོད་སྲིད་ན་སུ་ཡིན་མིན་སོགས་ལོ་རྒྱུས་ཀྱི་ཁ་མི་གསལ་བ་བ་ཕར་ཞོག  རྒྱལ་ལ་ལུག་ལྷས་ལྷ་ཁང་ཐོག་དོན་སོགས་ཀྱང་ལྟ་བ་མི་འདྲ་བ་མཆིས་ན་ང་ཚོས་མུ་མཐུད་རྟོག་དཔྱོད་ཞིབ་འཇུག་བྱ་བའི་གནས་མང་དུ་མཆིས་སོ་ཞེས་རེ་ཞིག་རྩོམ་ཐུང་འདིའི་མཇུག་བསྡུ་བར་བྱའོ། 

པར་བདུན་པ། ཞང་སྣ་ནམ་རྡོ་འཁོད་པའི་ཡིག་རྙིང་།

 

སྤྱི་ལོ་2017ལོའི་ཟླ་11པའི་ཚེས་17ཉིན་བྲིས་པ་དགེའོ།།

 

ཞར་བཀོད།  རྡོ་རིང་གི་ཡིག་རྙིང་ཁག་ཆ་ཚང་བར་བསྒྲིགས་ན་གཤམ་གསལ།

རྡོ་རིང་ཤར་ངོས།  ×××པའི/×××ས་པ་ཞང་སྣ་ནམ་རྡོ×××/གཉིས་ཀྱིས་×ལ་ཀྱི་རྡོ་རིང་བཙུགས་པ་ལ། སྤྱི་དེང་སེང་གི་དུསུ་ནི།དགེ་བ་ལ་ཕྱོགས་གཅིག་པ་དང་།ལེགས་/པ་ལ་གྲོས་མཐུན་པ་ནི་ཉུང་ན་། འོ་ན་དཀོན་/མཆོག་གསུམ་ལ་སྐྱབས་སུ་གསོལ་བའི་མྱི་/རྣམས་ཀྱིས་ནི།ལྷར་སངས་རྒྱས་གཟུངས་།གྲོས་/ཕུག་ཆོས་ལ་། གཏད། གཙོར་ལྟ་བ་སྦྱང་། ཚིག་/སྤྱོད་རྣལ་དུ་དབབ་། འཚོ་བ་གཙང་མར་བསྒྲུབ་།བྱེད་དགུ་ཆོས་དང་སྦྱར་། སྤྱི་གྲོས་གཅིག་དུ་/བཟླུམ། སྒོ་གཉེར་སོ་སོར་བླང་། ངན་གྲོས་དགོག་/དུ་དབྱུང་། བདེན་གཏམ་དང་དུ་བླང་། འདི་ལྟར་/བྱས་ན་ཚེ་འདི་དང་ཕྱི་མ་གཉི་གར་བདེ་བར་/འགྱུར་བྱས་/ཚིག་བཅུ་པོ་འདི་ཡལ་/བར་མ་བོར་ཞིང་གཟུངས་སུ་བཟུང་ན་ལེགས་སོ།

བསམ་མྱི་ཁྱབ།×××རྣམ་པ་ཀུན་ཏུ་སྒྲུབ་སྦྱང་།×××ཀྱི་དགེ་བ་×××

རྡོ་རིང་ལྷོ་ངོས།×××/××(བར་འདིར་ཐིག་ཕྲེང་གཅིག་ནས་གཉིས་ཙམ་ཆད། འཕན་ཡུལ་ཀླུང་སྐྱེས་ངོ་མཚར་ཆེ།།

རྡོ་རིང་ནུབ་ངོས།༇རྩེའུ×××/××(བར་འདིར་ཐིག་ཕྲེང་གཅིག་ནས་གཉིས་ཙམ་ཆད།)××སྐྱེས།སྟའུ་×/གཡུ་སྤིང་།ས×

 

———————-

1 འགོས་ལོ་གཞོན་ནུ་དཔལ།དེབ་སྔོན།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1984:117-20.

2 དཔའ་བོ་གཙུག་ལག་ཕྲེང་བ།ཆོས་འབྱུང་མཁས་པའི་དགའ་སྟོན།མི་རིགས་དཔེ་སྐྲུན་ཁང་།2006:246-47

3 འདིར་མ་ཡིག་རྡོ་རིང་དངོས་ཀྱི་ཡི་གེ་ལྟར་བཤུས་ཡོད།

4 དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།དེབ་དང་པོ།བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་།1990:69.

5 Rechardson,H.E.(1957). A Tibetan Inscription from Rgyal Lha-khang”,Journal of the Royal Asiatic Society London: 57-78.

6 པ་སངས་དབང་འདུས།སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིགས་འགྲེལ་དངས་སང་གངས་ཆུ།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2011:226-28.