ཀ༽ ཡི་གེའི་སྐོར་ནས་བཤད་པ།

གཅིག  དབྱངས་ཡིག་དངོས་ཤུགས་སུ་སྟོན་ཚུལ་མི་འདྲ་བས་གཞུང་སྔ་ཕྱིར་ངེས་པ། 

སི་ཏུ་པན་ཆེན་གཙུག་ལག་ཆོས་ཀྱི་སྣང་བས་སུམ་ཅུ་པ་གཞུང་སྔ་མ་དང་།  རྟགས་ཀྱི་འཇུག་པ་གཞུང་ཕྱི་མར་ཞལ་བཞེས་གནང་[1]གི་ཡོད། དེ་ཡང་རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་རེད། གང་ལ་ཞེ་ན། བརྡ་སྤྲོད་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་སོ་སོའི་རྩ་བས་ཡི་གེ་སྟེ། དབྱངས་གསལ་གཉིས་བསྟན་ཡོད་པ་འདྲ་ན་ཡང་། དེ་ཉིད་སྟོན་ཚུལ་ཙམ་གྱིས་ཀྱང་གཞུང་སྔ་ཕྱི་ཡིན་པ་གསལ་བོ་ཡིན།

 

དཔེར་ན། སུམ་ཅུ་པའི་སྐབས་སུ་རྩ་བ་སུམ་ཅུ་པ་དེ་ཉིད་གཞུང་དང་པོའི་ཚུལ་དུ་དབྱངས་གསལ་གཉིས་རྩ་བའི་ཚིག་ཟིན་ལ་གསལ་ཞིབ་བྱས་ཏེ་བསྟན་ཡོད་ནའང་། རྟགས་འཇུག་གི་སྐབས་སུ་གཞུང་གཉིས་པའི་ཚུལ་དུ་གསལ་བྱེད་རྣམས་དངོས་བསྟན་བྱས་པའི་ཤུགས་ལ་དབྱངས་རྣམས་བསྟན་ཡོད་པ[2]་ཤེས་དགོས་པའི་ཚུལ་དུ་བསྟན་ཡོད།

 

ཡང་མང་པོ་ཞིག་གིས་སུམ་ཅུ་པའི་མཚན་དོན་སྐབས་སུ་ལེགས་སྦྱར་སྐད་དུ་མཱུ་ལ་ཞེས་པ་བོད་སྐད་དུ་བསྒྱུར་ཚེ་རྩ་བ་ཞེས་པ་རྩ་འགྲེལ་གྱི་རྩ་བར་འདོད་བཞིན་འདུག་མོད། བརྡ་སྤྲོད་སུམ་ཅུ་པ་རྩ་འགྲེལ་གྱི་རྩ་བ་ཡིན་ཚེ་རྟགས་འཇུག་ལ་དེའི་འགྲེལ་བ་ཡིན་པའི་ཁྱད་ཆོས་གང་ཡང་ཐོན་མེད། དེའི་ཕྱིར་ན། རྩ་བ་དང་ཡན་ལག་ཅེས་པའི་རྩ་བ་ལ་ངོས་འཛིན་བྱས་ན་ལེགས་པར་སེམས། དེ་ལྟར་ན་བརྡ་སྤྲོད་སུམ་ཅུ་པ་རྩ་བ་དང་། རྟགས་འཇུག་དེའི་ཡན་ལག་གི་བསྟན་བཅོས་སུ་བརྩིས་ན་ཧ་ཅང་འཚམས་པར་འདོད།

 

གཉིས། སྡེ་བ་དང་སྡེ་ཚུན་དུ་བགོ་སྟངས་མི་འདྲ་བས་གཞུང་སྔ་ཕྱིར་ངེས་པ། 

བརྡ་སྤྲོད་སུམ་ཅུ་པའི་སྐབས་སུ་གསལ་བྱེད་སུམ་ཅུ་པོ་དེ་ཉིད་སྡེ་བ་ཕྱེད་དང་བརྒྱད་དུ་བགོས་ཤིང་། རྟགས་འཇུག་གི་སྐབས་སུ་དེ་ཉིད་རྟགས་ལྔ་རུ་བགོས་ཡོད། དེ་ཡང་ཕོ་ཡི་ཡི་གེའི་འབའ་ཞིག་སྟེ། སུམ་ཅུ་པའི་སྐབས་ནས་བསྟན་པའི་སྡེ་བ་ཕྱེད་དང་བརྒྱད་ཡིན་པ་ཤེས་པ་སྔོན་སོང་ཡིན་དགོས་པའི་ཚུལ་གྱིས་གསུངས་ཡོད་དེ། རྟགས་འཇུག་ལས། ཕོ་ཡི་ཡི་གེ་འབའ་ཞིག་ལ།། སྡེ་བ་ཕྱེད་དང་བརྒྱད་གནས་པའང་།། ཞེས་གསུངས་པས་ཀྱང་ཤེས་ངེས། ཡང་རྟགས་འཇུག་སྐབས་ཀྱི་སྡེ་ཚན་ལྔ་ཞེས་པ་ནི། སུམ་ཅུ་པའི་སྐབས་ཀྱི་སྡེ་བ་ཕྱེད་དང་བརྒྱད་ཉིད་སྡེ་ཚན་དུ་དྲིལ་བ་ཞིག་ཡིན།

 

གསུམ། སྐྱེ་གནས་དང་བྱེད་རྩལ་གྱི་ཆ་ནས་ཀྱང་གཞུང་སྔ་ཕྱིར་ངེས་པ། 

སྤྱིར་ཡི་གེའི་རྒྱུ་བདུན་གྱི་དང་པོ་གཞིའི་རྒྱུ་སྟེ། ཡི་གེའི་སྒྲ་ཉིད་གང་ལ་ལྡན་པའི་གནས་དེ་ཉིད་ཡིན་ལ། སུམ་ཅུ་པའི་སྐབས་སུ་གསལ་བྱེད་སུམ་ཅུ་པོ་སྡེ་བ་ཕྱེད་དང་བརྒྱད་དུ་དབྱེ་བ་ནི་སྐྱེ་གནས་གཅིག་པའི་ཆ་ནས་ཕྱེས་པ་ཡིན་ལ། རྟགས་འཇུག་གི་སྐབས་སུ་གསལ་བྱེད་དེ་དག་སྡེ་ཚན་ལྔ་རུ་བགོས་པ་ནི་བྱེད་རྩོལ་གཅིག་པའི་ཆ་ནས་སྟེ། བྱེད་པ་ནི་རྒྱུ་བདུན་གྱི་གཉིས་པ་དང་། རྩོལ་པ་ནི་དེའི་གསུམ་པ་ཡིན་པས་སུམ་ཅུ་པ་ནི་གཞིའི་རྒྱུ་ལ་བརྟེན་ནས་ཀ་མད་སུམ་ཅུ་སྡེ་བར་བསྒྲིགས་ཏེ་བསྟན་ཡོད་པས་གཞུང་སྔ་མ་དང་། རྟགས་འཇུག་ནི་གསལ་བྱེད་རྣམས་བྱེད་རྩོལ་ལ་ལྟོས་ནས་སྡེ་ཚན་དུ་བགོས་ཏེ་བསྟན་ཡོད་པས་གཞུང་ཕྱི་མ་ཡིན་པ་རིགས་པས་གྲུབ།

 

བཞི། ཡི་གེ་སྟོན་ཚུལ་མི་འདྲ་བའི་དབང་གིས་ཟློས་སྐྱོན་དུ་མ་སོང་བ།

གཞུང་སྔ་མ་བརྡ་སྤྲོད་སུམ་ཅུ་པ་དང་། གཞུང་ཕྱི་མ་བརྡ་སྤྲོད་རྟགས་ཀྱི་འཇུག་པ་གཉིས་ཡིན་ཚེ། དེ་གཉིས་ཀྱིས་ཡི་གེའི་ཚོགས་སྟོན་བཞིན་པ་འདྲ་བས་གཞུང་སྔ་ཕྱི་ཟློས་སྐྱོན་དུ་ཐལ་བའི་སྐྱོན་འདུག་གོ་སྙམ་ན། གཞུང་སྔ་ཕྱི་དེ་གཉིས་ཟློས་སྐྱོན་དུ་ཐལ་པའི་སྐྱོན་མེད་དེ། གཞུང་སྔ་མ་བརྡ་སྤྲོད་སུམ་ཅུ་པས་ཡི་གེ་རྣམས་ཀྱི་ངོ་བོའམ་རང་བཞིན་ངོས་འཛིན་པའི་ཚུལ་གྱིས་བསྟན་ཅིང་། གཞུང་ཕྱི་མ་བརྡ་སྤྲོད་རྟགས་ཀྱི་འཇུག་པས་ཡི་གེ་དེ་དག་གི་སྒྲ་གདངས་སམ་རྟགས་ངོས་འཛིན་པའི་ཚུལ་གྱིས་བསྟན་ཡོད་པས་གཞུང་དེ་གཉིས་ཀྱིས་ཡི་གེ་རྣམས་ཚུལ་མི་འདྲ་བའི་སྒོ་ནས་བསྟན་ཡོད་དོ།།

 

སྤྱིར་ཡི་གེའི་སྒྲ་གདངས་སམ་རྟགས་ངོས་འཛིན་པའི་དགོས་པ་ནི་མིང་གཞིའི་ཡི་གེ་དེ་དག་ཐ་དད་པར་ཤེས་པའི་ཆེད[3]་དུ་ཡིན་ནོ།།  བརྡ་སྤྲོད་སུམ་ཅུ་པ་དང་། ལུང་སྟོན་པ་རྟགས་ཀྱི་འཇུག་པ་གཉིས་ཀྱིས་ཡི་གེའི་རྣམ་གཞག་བསྟན་པ་འདྲ་ན་ཡང་།  བསྟན་ཚུལ་མི་འདྲ་བའི་དབང་གིས་གཞུང་གཉིས་ཀྱིས་ཡི་གེ་བསྟན་པའི་དགོས་པ་སོ་སོར་ཡོད་པ་ཤེས་གལ།

 

ཁ༽   སྔོན་རྗེས་ཀྱི་དབྱུང་བྱ་འབྱུང་ཚུལ་མི་འདྲ་བས་ཀྱང་གཞུང་སྔ་ཕྱིར་ངེས་པ། 

དང་པོ།  སུམ་ཅུ་པའི་སྐབས་སུ་རྗེས་འཇུག་རྣམས་གསལ་བྱེད་སུམ་ཅུ་སྟེ། སྡེ་ཚན་དུ་མ་བགོས་པའི་སྡེ་བ་ཕྱེད་དང་བརྒྱད་དམ་གསལ་བྱེད་སུམ་ཅུ་ལས་བྱུང་ཞིང་། རྟགས་འཇུག་གི་སྐབས་སུ་སྡེ་བ་ཕྱེད་དང་བརྒྱད་སྡེ་ཚན་དུ་བགོས་པའི་རྗེས་ཏེ། མོ་ཡིག་ཉི་ཤུ་ལས་བྱུང་བས་སོ། །

 

གཉིས་པ། དེ་ཡང་སུ་ཅུ་པའི་སྐབས་སུ་རྗེས་འཇུག་དེ་དག་གི་ངོ་བོའམ་རང་བཞིན་ངོས་འཛིན་མ་བྱས་པར་རྟགས་འཇུག་གི་སྐབས་སུ་རྟགས་སམ་སྒྲ་གདངས་ངོས་འཛིན་བྱེད་མི་ཐུབ་བོ།།

 

ག༽  བསྟན་བྱ་ལ་སྔ་ཕྱི་ཡོད་པས་གཞུང་ལ་ཡང་སྔ་ཕྱི་བྱུང་བ།

༡༽   བོད་ཀྱི་སྐད་ཆའི་མགོ་རྐང་སྒྲིག་པའི་གྲུབ་ཆ་གཙོ་བོ་ནི་གསུམ་སྟེ། མིང་དང་། ཚིག་ཕྲད། བྱ་ཚིག་[4]བཅས་ཡིན་ལ། དམིགས་བསལ་ཡིན་ན་མ་གཏོགས་རྒྱུན་སྤྱོད་སྐད་ཆའི་ཁྲོད་དུ་བྱ་ཚིག་དང་ཕྲད་ཕྱི་མར་མ་བཞག་པ་གང་ཡང་མེད།

 

༢༽   རྒྱུ་མཚན་དེའི་ཕྱིར་ན། སུམ་ཅུ་པའི་སྐབས་སུ་སྐད་ཆའི་གྲུབ་ཆའི་གཉིས་པ་ཕྲད་དང་རྣམ་དབྱེ་བརྗོད་བྱ་[5]བྱས་ཤིང་། རྟགས་འཇུག་གི་སྐབས་སུ་སྐད་ཆའི་གྲུབ་ཆ་གསུམ་པ་བྱ་ཚིག་གི་ཚོགས་བརྗོད་བྱ[6]་བྱས་པའི་རྟེན་འབྲེལ་གྱི་ཆོས་ཉིད་ལ་བལྟས་ཀྱང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་སྔ་ཕྱིར་གསལ་བར་སྙམ།

 

ང་།༽   ཕྲད་དང་རྣམ་དབྱེ་སྟོན་ཚུལ་མ་འདྲ་བས་གཞུང་སྔ་ཕྱི་བྱུང་བ།

ཚིག་ཕྲད་རྐྱང་པ་དང་རྣམ་དབྱེའི་ཕྲད་གང་ཡིན་པ་དང་། དེ་དག་གི་འཇུག་དོན་ངོ་སྤྲོད་མ་བྱས་པའི་སྔོན་དུ་ངེས་པར་ཤེས་དགོས་པ་ནི། ཚིག་ཕྲད་རེ་རེ་ཇི་ལྟར་གྲུབ་པའི་རྣམ་གཞག་ཡིན་ལ། ཕྲད་རེ་རེའི་གྲུབ་ཚུལ་གྱི་རྣམ་གཞག་ཤེས་པ་ལ་རྟགས་འཇུག་ཕར་ཟད་སུམ་ཅུ་པའི་འགྲེལ་བ་ལེགས་བཤད་ལྗོན་དབང་སྦྱངས་པ་ལས་ཀྱང་སུམ་ཅུ་པ་སྦྱངས་ན་ཁ་གསལ་ཞིང་གོ་བདེ་བ་ཡོད།

རྟགས་འཇུག་སྐབས་ཀྱི་ཕྲད་ཀྱི་འཇུག་དོན་དེ་དག་ཤེས་པ་ལ་དེ་དག་གི་སྐོར་བཤད་པའི་བསྟན་བཅོས་ཤིག་ལ་སྦྱངས་པ་སྔོན་དུ་འགྲོ་དགོས་ངེས། དེའི་སྐོར་བཤད་པ་ལ་སུམ་ཅུ་པ་ལས་ལྷག་པའི་བསྟན་བཅོས་གཞན་མེད་པས་སུམ་རྟགས་གཉིས་ལས་གང་ཞིག་གཞུང་སྔ་ཕྱི་ཡིན་པ་གསལ་བ་ཡིན།

སུམ་ཅུ་པའི་སྐབས་སུ་ཕྲད་རེ་རེའི་གྲུབ་ཚུལ་དང་དེའི་འཇུག་དོན་གཙོ་བོ་བྱས་ནས་བསྟན་ཡོད་ལ། ཕྲད་ཀྱི་གྲུབ་ཚུལ་ནི་ཕྲད་དེ་ཉིད་ཀྱི་འཇུག་ཚུལ་མ་ཤེས་པའི་སྔོན་དུ་མ་ཤེས་ཐབས་མེད་ཀྱི་གནས་སུ་སོང་། སུམ་ཅུ་པའི་སྐབས་སུ་ཕྲད་ཀྱི་གྲུབ་ཚུལ་གསུངས་ཡོད་པ་ལས་རྟགས་འཇུག་ཏུ་གསུངས་མེད་པའི་ངེས་ཤེས་འདྲོངས་དགོས།

རྟགས་འཇུག་གི་སྐབས་སུ་ཕྲད་རེ་རེའི་འཇུག་ཚུལ་དང་། ཕྲད་དེ་དག་འདྲེན་ཚུལ་གྱི་རྣམ་པ་གཙོ་བོར་བཤད་པ་ལས། དེ་དག་ཇི་ལྟར་གྲུབ་ལུགས་ཀྱི་རྣམ་པ་གསུངས་མེད། ཕྲད་ཀྱི་འཇུག་དོན་དང་ཕྲད་དག་འདྲེན་ཚུལ་ཤེས་པ་ལ་ངེས་པར་ཕྲད་ཀྱི་གྲུབ་ཚུལ་ཤེས་དགོས། དེ་ཤེས་པ་ལ་ངེས་པར་བསྟན་བཅོས་སུམ་ཅུ་པ་ལ་བརྟེན་དགོས་པས་བསྟན་བཅོས་སུམ་ཅུ་པ་ནི། བརྡ་སྤྲོད་པ་རྟགས་ཀྱི་འཇུག་པའི་ཕྱི་མོ་ཡིན་པ་རིགས་པས་གྲུབ།

སུམ་ཅུ་པའི་སྐབས་སུ་ཕྲད་ཀྱི་སྦྱོར་ཚུལ་དཔེར་མཚོན་ཙམ་ལས་མ་བསྟན་ན་ཡང་། དེ་དག་ངག་ནས་བརྗོད་པའི་ཚེ་རྟགས་མཚུངས་དང་བརྗོད་བདེ་སྟེ། སྒྲ་མཐུན་མིན་གྱི་ཞིབ་དཔྱོད་བྱེད་པའི་སྐད་ཆའི་གཞུང་ལུགས་ཏེ། རྟགས་འཇུག་ལ་བརྟེན་ནས་གསལ་འདོན་བྱེད་དགོས་པས་གཞུང་སྔ་མ་སུམ་ཅུ་པ་དང་། གཞུང་ཕྱི་མ་རྟགས་ཀྱི་འཇུག་པ་ཡིན་པ་གྲུབ་བོ་སྙམ།

ཅ༽  བོད་ཀྱི་བརྡ་སྤྲོད་པའི་འགྲེལ་མཛད་ལ་སྔ་བ[7]་དབུས་བློ་གསལ་གྱི་ལུང་དྲངས་པ།

གཅིག  རྟགས་འཇུག་འགྲེལ་བ་ལས། མིང་གཞིའི་ཡི་གེ་རྣམས་ཐ་དད་པར་ཤེས་པར་བྱ་བའི་ཕྱིར། སུམ་ཅུ་པའི་ཡན་ལག་གི་བསྟན་བཅོས་རྟགས་ཀྱི་འཇུག་པ་མཛད་[8]ཅེས་གསུངས་པས་ཀྱང་གཞུང་སྔ་མ་སུམ་ཅུ་པ་དང་། གཞུང་ཕྱི་མ་རྟགས་ཀྱི་འཇུག་པ་ཡིན་པ་ཤེས་ངེས། ངས་གོང་དུ་བཤད་པའི་གཞུང་སྔ་ཕྱིའི་སྐོར་གྱི་བསམ་བློའི་གཞི་འཛིན་ས་དང་། སྐད་ཆ་དེ་དག་གི་མཐའ་མའི་གཟེར་ལྟ་བུ་ནི། ལུང་འདི་ཉིད་ཡིན་ཞེས་སྨྲའོ།།

 

རྩོམ་ཡིག་འདིའི་ཞབས་མཆན།

[1] བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག ཤོག་གྲངས་ ༣༣༥  ལྕགས་ཐར་རྒྱལ།  མི་རིགས་དཔེ་སྐྲུན་ཁང་།

[2] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་དེབ་དང་པོ། ཤོག་གྲངས་༧༡ ཞྭ་ལའི་རྟགས་འགྲེལ་རྣམ་གསལ་ལེགས་བཤད། སི་ཁྲོན་བོད་ཡིག་དགེ་རྙིང་བསྡུ་སྒྲིག་ཁང་།

[3] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་དེབ་དང་པོ། ཤོག་གྲངས་ ༣༤  དབུས་པ་བློ་གསལ་གྱི་རྟག་འཇུག་འགྲེལ་པ། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་།

[4] བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག ཤོག་གྲངས་ ༢༤  ལྕགས་ཐར་རྒྱལ། མི་རིགས་དཔེ་སྐྲུན་ཁང་།

[5] རྟགས་འཇུག་གི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ།  ཤོག་གྲངས་ ༡༢༩ ཉན་ཤུལ་མཁྱེན་རབ་འོད་གསལ། བོད་ཀྱི་དཔེ་མཛོད་ཁང་། སྐད་ཡིག་དེབ་ཕྲེང་། ༢༢

[6] རྟགས་འཇུག་གི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ།  ཤོག་གྲངས་ ༡༢༩ ཉན་ཤུལ་མཁྱེན་རབ་འོད་གསལ། བོད་ཀྱི་དཔེ་མཛོད་ཁང་། སྐད་ཡིག་དེབ་ཕྲེང་། ༢༢

[7] འདི་ལ་འགྲེལ་མཛད་ལ་སྔ་པ་ཞེས་པའི་དོན་ནི་དེང་སྐབས་ལག་ཏུ་རག་པའི་སུམ་རྟགས་ཀྱི་འགྲེལ་སྔ་ཤོས་ཡིན་པས་དེ་ལྟར་བྲིས་པ་ཤེས་དགོས།

[8] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་དེབ་དང་པོ། ཤོག་གྲངས་ ༣༤  དབུས་པ་བློ་གསལ་གྱི་རྟག་འཇུག་འགྲེལ་པ། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་།