འཇད་པ་དཔལ་ལྡན་ཚེ་རིང་།


ནང་དོན་གནད་བསྡུས།
རྩེ་དགུ་གཏོར་ནི་དེ་སྔ་ཕོ་བྲང་པོ་ཏཱ་ལའི་མཛད་སྒོ་ཆེས་གལ་ཆེན་ཞིག་དང་རྙིང་སྐྱེལ་གསར་བསུ་བྱེད་པའི་བྱ་རིམ་ཞིག་ཀྱང་ཡིན། དེ་ལྟ་བུའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་དངོས་མིན་གྱི་རིག་གནས་ཤུལ་བཞག་འདི་དག་དེང་ཆར་་མི་སྣ་རེ་གཉིས་ཀྱི་དྲན་འཆར་ཙམ་ལ་སྐྱབས་བཅོལ་བའི་གནས་སུ་གྱར་ཡོད། འདིར་རང་ཉིད་ཕོ་བྲང་པོ་ཏ་ལར་རིག་དངོས་བདག་གཉེར་དང་ཞིབ་འཇུག་བྱེད་པའི་གོ་སྐབས་བཟང་པོ་འདི་དང་བསྟུན་ནས། དེ་སྔ་རྩེ་དགུ་གཏོར་ནང་དངོས་སུ་བཞུགས་མྱོང་དགེ་འདུན་བགྲེས་སོང་གཉིས་ལ་བཅའ་འདྲི་དང་། ཕོ་བྲང་འདིར་ལོ་མང་ཉར་ཚགས་གནང་བའི་རྩེ་དགུ་གཏོར་སྐབས་ཀྱི་འཆམ་ཡིག་དང་། འཆམ་ཆས་དང་། དེ་བཞིན་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ལ་གཞི་བཅོལ་ནས་དེའི་བྱུང་རིམ་དང་འཁྲབ་གཞི་དངོས་ཀྱི་རིམ་པ་རགས་རིམ་ཙམ་གླེང་ཁུལ་བྱས་ཡོད།

བརྡ་ཆད་གཙོ་བོ། རྩེ་དགུ་གཏོར། གར་འཆམ། ཆོ་ག ཕོ་བྲང་པོ་ཏ་ལ།


དང་པོ། གླེང་གཞི།

སྤྱིར་མིའི་རིགས་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ཁྲོད་ཆོས་ལུགས་ཀྱི་ཆོ་ག་ནི་ཆེས་རྒྱུན་མཐོང་ཅན་ཞིག་ཆགས་ཡོད་ལ། ཆོས་ལུགས་གང་དེར་བཅངས་པའི་དད་སེམས་དང་དེས་ནང་སེམས་ལ་འཆར་བའི་རྟོག་པ་དང་ཉམས་མྱོང་སོགས་ཅི་བྱུང་བ་དེ་ཆོ་ག་ཕྱག་ལེན་གྱི་ལམ་ནས་མཚོན་ཐབས་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་མི་རྣམས་ལ་ཆོས་ལུགས་དེའི་དགོངས་དོན་བརྒྱུད་བསྒྲགས་དང་། མི་ཚེའི་དོན་སྙིང་། འཆི་བ་མི་རྟག་པ་སོགས་ལ་དྲན་སྐུལ་གཏོང་བའི་ནུས་པ་ཡང་ལྡན་ཡོད། རང་ཅག་ཁ་བའི་ལྗོངས་ཀྱི་དགོན་སྡེ་ཁག་ནང་དར་འཕེལ་བྱུང་བའི་གར་འཆམ་ལ་མཚོན་ན་ཡང་འཆམ་པ་རང་ཉིད་ཀྱི་རྙེད་གྲགས་དང་། སྐྱེ་བོ་གཞན་གྱི་ལྟད་མོ་དང་རྩེད་མོ་ཙམ་གྱི་ཆེད་དུ་བྱས་བའི་སྤྱོད་ཚུལ་ཡེ་ནས་མ་ཡིན་པར་དོན་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལྷའི་ལུས་ཀྱི་རྣལ་འབྱོར་གྱི་སྒོ་ནས་ངག་གི་གསང་སྔགས་ཟབ་མོའི་བརྡ་ཚིག་སྒྲོགས་པ། ཡིད་ཀྱི་ཡི་དམ་གང་དེའི་ང་རྒྱལ་བརྟན་པོར་བཟུང་བའི་སྟོད་ལམ་བྱང་ཆུབ་སྒྲུབ་པ་དང་སྨད་ལས་དགྲ་བགེགས་སྒྲོལ་བའི་ཚུལ་གྱིས་རང་གཞན་སེམས་ཅན་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་སར་སྒྲོལ་བར་བྱེད་པའི་དམིགས་བསལ་གྱི་ཐབས་ལམ་ཟབ་མོ་ཞིག་ཡིན་ལ། དེ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དོན་སྙིང་གཏིང་ཟབ་ལ་ཆོས་འདོན་དང་། རོལ་དབྱངས། བྲོ་གར་བཅས་གཅིག་འདུས་ཅན་གྱི་གཞི་རྒྱ་ཆེ་བའི་སྒྱུ་རྩལ་གྱི་རང་བཞིན་ཡང་ཆེར་ལྡན་པའི་ཆོ་གའམ་མཛད་སྒོ་གལ་ཆེན་ཞིག་ཏུ་གྲུབ་ཡོད།

དེ་ཡང་གར་འཆམ་ལ་ལུས་ཀྱི་རྣམ་འགྱུར་སྟོན་པ་གར་ཞེས་དང་། ཁྲོ་བོའི་ཆས་སུ་ཞུགས་ཏེ་རྐང་ལག་མགོ་ལུས་ཀྱི་རྣམ་འགྱུར་ཐམས་ཅད་མཉམ་དུ་སྟོན་པ་ལ་འཆམ ། འདི་གཉིས་འདྲེས་པར་སྟོན་པ་སྟངས་སྟབས་ཞེས་གྲགས། གར་འཆམ་གྱི་ཐོག་མའི་འབྱུང་ཁུངས་ལ་བཤད་སྲོལ་མི་འདྲ་མང་པོ་བྱུང་ཡང་། ཡོངས་གྲགས་སུ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་དུ་དར་བའི་བླ་མེད་ཡོ་གའི་རྒྱུད་སྡེའི་ནང་གི་བྲོ་གར་གྱི་རིགས་ཤིག་ལ་དཔེར་བཟུང་ནས་བོད་བཙན་པོའི་དུས་ཀྱི་དམངས་ཁྲོད་ཀྱི་ཟློས་གར་དང་། བོན་ཆོས་ཀྱི་ཆོ་ག་སོགས་ཟུང་དུ་འབྲེལ་ནས་གར་འཆམ་ཐོག་མ་དེ་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་གསར་འཛུགས་ཀྱི་རབ་གནས་དགའ་སྟོན་ཉིན་མོར་གར་འཆམ་དང་འབག་འཆམ། བྲོ་གར། གཞས་སོགས་གཙོ་བོར་བྱས་པའི་ཟློས་གར་གྱི་བསྟོད་པ་བཤམས་པ་ནས་བཟུང་བོད་དུ་དར་འཕེལ་བྱུང་བ་ལོ་རྒྱུས་ཐེབ་དེར་ཁག་ཏུ་ཡང་གསལ། དེ་ནི་ཡང་མ་དག་པའི་ཆ་ཞིག་ཡིན་པར་སེམས། དེ་ཡང་གར་འཆམ་ཐོག་མ་དར་ཚུལ་སྐོར་ལ་ང་ཚོའི་མིག་ལམ་དུ་རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་དཔལ་ཀུན་དུ་བཟང་པོའི་འཆམ་ཀྱི་བརྗེད་བྱང་ལྷའི་རོལ་གར་ཞེས་པར་རིག་འཛིན་སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་ཀྱིས། དཔལ་བསམ་ཡས་ཀྱི་ས་འདུལ་འཕྲིན་ལས་ཀྱི་དཀྱིལ་འཁོར་ཆེན་པོ་འདི་ཉིད་ལ་བརྟེན་ནས་གར་འཆམ་མཛད་པས། ལྷ་སྲིན་གྱིས་གདུག་རྩུབ་ཞི་བ་སོགས་དགོས་པ་ཁྱད་པར་ཅན་བྱུང་ ཞེས་འཁོད་པས་དེས་ཀྱང་ངེས་ཤེས་ཕྲན་བུ་སྐྱེས་ཐུབ། དེ་ཡང་སྔགས་རྙིང་མ་ལ་ཁྲག་འཐུང་རྩ་བའི་འཆམ་ལ་སོགས་པ་དང་། ཞི་ཁྲོ་སྒྱུ་འཕྲུལ། བསྒྲུབ་ཆེན་བཀའ་བརྒྱད། རིག་འཛིན་བླ་མའི་དཀྱིལ་འཁོར། བསྟན་སྲུང་ཆོས་སྐྱོང་རྣམས་ཀྱི་འཆམ་ལ་སོགས་རྒྱག་སྲོལ་རྣམ་གྲངས་མང་ཞིང་། བསྐྱེད་རིམ་ལྷའི་ང་རྒྱལ་འཛིན་པ་ལ་རྡེ་རྗེའི་འཆམ་། ཞི་བ་སྒེགས་པའི་འཆམ། དྲག་པོ་སྒྲོལ་བའི་འཆམ། སྟང་སྟབས་འགྲོས་ཀྱི་འཆམ། དབང་ཕྱུག་ཟོར་གྱི་འཆམ། མ་མོ་འདུར་གྱི་འཆམ་སོགས་མང་དུ་ཡོད། ཅེས་གསལ། སྔགས་གསར་མ་ནས་བཤད་པའི་གར་གྱི་རིགས་ལ་མཁའ་འགྲོ་རྡོ་རྗེ་གར་དང་ཡོ་ག་ནས་བཤད་པའི་གར། དཔལ་ས་སྐྱའི་གུར་གྱི་མགོན་པོའི་མདོས་ཆེན་གར་འཆམ། བུ་སྟོན་རིན་ཆེན་གྲུབ་ཀྱིས་ཞྭ་ལུའི་རྣམ་སྲས་མཆོད་པའི་གར་འཆམ། ཚར་པ་བློ་གསལ་རྒྱ་མཚོས་ཞྭ་ལུའི་མ་ཧེ་མཆོད་པའི་གར་འཆམ། བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུན་ཁང་དུ་མདོ་སྡེ་མཆོད་པའི་གར་འཆམ། རྡོ་བྲག་སོགས་སུ་ཚེས་བཅུ་མཆོད་པའི་གར་འཆམ་སོགས་རྒྱ་ཁྱབ་ཏུ་སོང་། བསྟན་པ་སྔ་དར་གྱི་དུས་སུ་རྣམ་འབྱོར་པ་རྣམས་ཀྱིས་གསང་བ་ཤིན་ཏུ་དམ་པར་མཛད་དེ་སོ་སོའི་སྒྲུབ་ཁང་ནང་དུ་ཕྱག་ལེན་བསྟར་རྒྱུ་ལས་གཞན་དུ་མི་མངོན་པར་མཛད་དོ། དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་སུ་མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་སྐུ་མཆེད་ཀྱིས་མཐོ་ལྡིང་གཙུག་ལག་ཁང་བཞེངས་ཤིང་གསང་སྔགས་ཀྱི་གཞུང་ལུགས་མང་པོ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་རྗེས། ལོ་ཙཱ་བ་རིན་ཆེན་བཟང་པོས་རྒྱུད་སྡེའི་དགོངས་པ་དང་མཐུན་པའི་རྡོ་རྗེའི་གར་གྱི་རིགས་རྣམས་དར་སྤེལ་མཛད།


གཉིས་པ། རི་བོ་དགའ་ལྡན་པའི་གར་འཆམ་ཀྱི་བྱུང་བ།

བསྟན་པ་ཕྱི་དར་དུས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་བྱོན་ནས་བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་གི་རྒྱུན་སྤེལ་ཞིང་། སླར་ཡང་བཀའ་གདམས་པའི་རིང་ལུགས་འདི་ཉིད་ལ་དག་ཐེར་མཛད་པས་ལུགས་འདི་ཉིད་དར་རྒྱས་ཤུགས་ཆེན་བྱུང་བས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའི་ཁྲོད་དུ་མཚན་སྙན་ཆེ་བའི་བཀའ་གདམས་གསར་མའམ་དགའ་ལྡན་རིང་ལུགས་ཞེས་པ་འདི་ཉིད་བྱུང་། རིང་ལུགས་དེ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཚུལ་ཁྲིམས་ཡིན་པས་སྲུང་སྡོམ་དག་པ་ལ་ལག་ལེན་གཙོ་བོར་བྱེད་ཅིང་། གཞུང་ལུགས་ཕྱོགས་རེ་བ་དང་ཉེ་ཚེ་བ་ཙམ་མ་ཡིན་པར་མདོ་སྔགས་ཡོངས་སུ་རྫོགས་པའི་གནས་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པས་གྲུབ་བརྒྱུད་རང་རྐྱ་ཐུབ་པ་ཞིག་ཆགས་ཡོད། ལུགས་དེར་གར་འཆམ་དར་བའི་དུས་ཚོད་ཞིབ་ཕྲའི་ཡིག་ཆ་ཞིག་རྙེད་ལོན་དཀའ་ཡང་དུས་ཡུན་རིང་པོ་སོན་པ་ཞིག་མ་ཡིན་པར་མངོན། གང་ལགས་ཟེར་ན་དེ་ནི་རིང་ལུགས་འདི་ཉིད་བོད་དུ་དར་ནས་དུས་ཡུན་རིང་པོ་སོང་མེད་པ་དང་། ཕྱི་ལོ་1645ལོ་ཙམ་ལ་པན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཆོས་སྡེ་བཀྲ་ཤིས་ལྷུན་པོའི་གསང་སྔགས་གླིང་དུ་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུའི་ཉིན་དགུ་འཆམ་དབུ་གཙུགས་པ་སོགས་ལ་བཞིགས་པས་ཀྱང་རྟོགས་ནུས། པན་ཆེན་བློ་བཟང་ཆོས་རྒྱན་དང་དུས་མཚུངས་བའི་རྒྱལ་དབང་ལྔ་པ་ཆེན་པོ་ཡང་གསང་སྔགས་ཉམས་ལེན་ལ་ཐུགས་མོས་ཤིན་ཏུ་ཆེ་བས་སྐབས་དེར་ཕོ་བྲང་པོ་ཏཱ་ལའི་རྣམ་རྒྱལ་གྲྭ་ཚང་། འབྲས་སྤུངས་སྔགས་ཁང་། དབུས་ཁུལ་གྱི་རྨེ་རུ་དགོན་དང་། བསྟན་རྒྱས་གླིང་སོགས་གསང་སྔགས་ཀྱི་ཉམས་བཞེས་ཅུང་དར་སོ་ཆེ་བའི་དགོན་སྡེ་ཁག་ཏུ་ཡང་གར་འཆམ་གྱི་དབུ་ཡང་འཚུགས་པར་མངོན།


གསུམ་པ། རྩེ་དགུ་གཏོར་གྱི་བྱུང་བ་བརྗོད་པ།

རྩེ་དགུ་གཏོར་ཆེན་མོ་དུས་ཚོད་གང་ཙམ་ཞིག་ལ་དར་མིན་སྐོར་ལ་ཞིབ་འཇུག་པ་ཚོའི་ཁྲོད་དུ་བཤད་སྟངས་མི་འདྲ་བ་འགའ་བྱུང་ཡོད་ཀྱང་། སྨྱུག་ཐོགས་པ་རང་ཉིད་ཀྱིས་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པའི་ཕོ་བྲང་པོ་ཏཱ་ལར་བཞུགས་པའི་ཡིག་ཆ་ཁག་ལ་དཔྱད་ཞིབ་དང་དེ་སྔ་རྩེ་དགུ་གཏོར་ནང་དངོས་སུ་བཞུགས་མྱོང་བའི་བགྲེས་སོང་གཉིས་ཀྱི་ཟིན་བྲིས་བརྗེད་བྱང་ཁག་ལ་བརྟག་ན། རྩེ་དགུ་གཏོར་འདི་ཉིད་ཐོག་མར་དབུ་བཙུགས་པའི་དུས་ཚོད་ནི་ཐོག་མར་རྒྱལ་དབང་ལྔ་པ་དགུང་ལོ་ཉེར་བདུན་ལ་ཕེབས་པའི་དུས་ཕྱི་ལོ་༡༦༤༤ལོར་དཔལ་སྐྱའི་ལུགས་ཀྱི་ཕུར་སྒྲུབ་འབྲུབ་འཆམ་གསར་འཛུགས་གནང་བ་དང་། ཕྱིས་རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་ཁྱི་ལོ་སྟེ་ཕྱི་ལོ་༡༦༧༠ལོར་་རྙིང་ལུགས་ཀྱི་གསང་བ་འདུས་པའི་གར་འཆམ་དབུ་བརྙེས་པ་དང་། རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་དུས་སུ་རི་བོ་དགེ་ལྡན་པའི་ཕྱག་བཞེས་དམ་ཅན་ཆོས་རྒྱལ་གྱི་གར་འཆམ་དར་རྒྱས་ཤུགས་ཆེ། དེ་ཡང་རྣམ་རྒྱལ་གྲ་ཚང་གི་འཆམས་ཆས་སྐོར་གྱི་དེབ་ ནང་གསལ་བར་གངས་ཅན་ལྗོངས་སུ་འཆམ་སྲོལ་ཇི་སྙིད་གཅིག་དར་རྒྱས་ཆེ་བ་ནས། བཀྲ་ཤིས་ལྷུན་པོའི་སྔགས་པ་གྲ་ཚང་གི་འཆམས་སྲོལ་ཇི་བཞིན་ལ་ལེགས་ཆས་སུ་ཅུང་ཟད་བརྒྱན་དང་བཅས། དྲག་པོ་ཞེས་པ་ལྕགས་སྤྲེའེ་ལོ་མཇུག་དགུ་གཏོར་ནས་འཆམ་སྲོལ་ལེགས་པར་ཚུགས་ཞེས་འཁོད་པའི་རྩེ་དགུ་གཏོར་གྱི་ཐོག་མའི་བྱུང་བ་གཙང་བཀྲ་ཤིས་ལྷུན་པོ་ཡིན་པ་གསལ་པོར་བསྟན་ཡོད། དེ་ནས་བཟུང་ལོ་རེའི་ནང་གནོད་འགོག་གདོན་སྐྲོད་དང་།རྙིང་སྐྱེལ་གསར་བསུ་བྱེད་པའི་གལ་ཆེའི་མཛད་སྒོ་ཞིག་ཏུ་གྲུབ་ཡོད།

ཕྱི་ལོ་༡༦༤༥ལོར་ཕོ་བྲབ་པོ་ཏ་ལའི་རྣམ་རྒྱལ་གྲྭ་ཚང་ནས་ཕུར་ཆ་གདན་དྲངས་ཤིང་ས་འདུལ་གྱི་སྐུ་འཆམས་དང་ཚེ་བདག་གི་གཏོར་བཟློག་གནང་བ།

དེ་ཡང་རྒྱལ་དབང་ལྔ་པའི་གསུང་འབུམ་པོད་ལྔ་པ་པའི་ལེའུ་ཉེར་ལྔ་པར་དབུ་མཛད་མདོ་སྔགས་གླིང་པ། སྣང་རྩེ་བ། ནམ་མཁའ་ཕུན་ཚོགས། བློ་བཟང་དོན་གྲུབ། བློ་བཟང་ཡོན་ཏན། བྱམས་པ་བློ་བཟང་། བློ་བཟང་རབ་བརྟན་རྣམས་གོང་དཀར་དུ་འཆམ་བསླབ་པར་བཏང། ཕུར་སྒྲུབ་འཛུགས་རྩིས་ཀྱིས་ལྕགས་ཁང་མའི་ལས་བྱང་ཞིག་གསར་བསྒྲིགས་བྱས། ཞེས་གསལ་བས་ལོ་དེ་ནི་རྒྱལ་དབང་ལྔ་པ་མཆོག་དགུང་གྲངས་ཉེར་བདུན་ཕེབས་པའི་སྐབས་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་བརྩམས་གནང་བའི་ལོ་དེ་ཡིན་པས་སྐབས་དེར་ཕོ་བྲང་པོ་ཏཱ་ལའི་རྣམ་རྒྱལ་གྲྭ་ཚང་དུ་ཕུར་སྒྲུབ་ཀྱི་གར་འཆམ་དངོས་སུ་དབུ་འཚུགས་པ་ནི་སྨོས་མེད་རེད། གཞན་ཡང་ཡང་རྒྱལ་དབང་ལྔ་པས་མཛད་པའི་ལས་བྱང་ལེའུ་བརྒྱད་མའི་འཆམ་ཡིག་ངོ་མཚར་འཕྲུལ་སྣང་དབྱངས་ཡིག་མཁས་པའི་མགུལ་རྒྱན་དང་བཅས་པ་རྩེ་ལུགས་ཕྱག་ལེན་འཁྲུལ་མེད་དུ་བཀོད་པ་ཞེས་པའི་ནང་དུ་གསང་ཆེན་གདམས་པའི་ཉིང་ཁུ་གནམ་སྐས་ནས། ཀླུ་བདུད་ལྟོ་བའི་ཟབ་གཏེར་ཐོད་ཕྲེང་རྩལ། དངོས་མཇལ་ལུང་སྟོན་བྱེད་ནུས་གསང་བ་འདུས། འདྲེན་བྱེད་གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག་རྒྱལ། དཔའ་བོ་མཁའ་འགྲོའི་དགའ་སྟོན་ཡར་ཚེས་བཅུར། ཕྲིན་ལས་བྱང་བུ་དང་འབྲེལ་གར་འཆམ་དབྱངས། །འཛམ་གླིང་རྒྱན་གཅིག་ཕོ་བྲང་སྣེའུ་སྡོང་༼གདོང༽རྩེའི། །ཕྱག་བཞེས་སྙན་གྲགས་དབྱར་རྔའི་རྗེས་སུ་འགྲོ །དེའི་ཚུལ་དཔྱད་གསུམ་ཡོངས་དག་ཤིང་རྟ་ཆེ། །སྔགས་འཆང་ཡོངས་ཀྱི་འཁོར་ལོས་སྒྱུར་རྒྱལ་གཙོ། །ཀུན་བཟང་རྩེ་པའི་དགོངས་བཞེད་མ་ཉམས་འདི། །རྣམ་དག་བརྒྱུད་སྲོལ་བྱེད་པོས་འཛིན་པ་བཞིན།་་་་་ཞེས་དང་། གཞུང་དེའི་མཇུག་ཏུ་དེ་ཡང་སངས་རྒྱས་གཉིས་པ་པདྨ་ཐོད་འཕྲེང་རྩལ་གྱིས་ཡར་ངོའི་ཚེས་བཅུ་ལ་དངོས་སུ་འབྱོན་༼ བྱོན ༽པར་ཞལ་གྱིས་བཞེས་པའི་དུས་ཆེན་ལ་ཉམས་སུ་བྱང་བྱའི་བླ་མ་ཞི་དྲག་གིས་ལས་བྱང་ཆེས་མང་བའི་ནང་ནས་གསང་འདུས་བླ་མ་སྒྲུབ་པ་དང་འབྲེལ་བ་ལས་བྱང་ལེའུ་བརྒྱད་མར་སྨན་ལུང་ཆོས་ལྡན་པས་ཆོག་ཁྲིགས་མཛད་པ་འདི་ཉིད་ཁུངས་བཙུན་ཞིང་ཆོ་ཁའི་ཁྲིགས་དང་བསྟུན་གར་འཆམས་དབྱངས་རོལ་རིགས་༼ རིག ༽འཛིན་བརྒྱུད་པའི་ཕྱག་བཞེས་དར་རྒྱས་ཆེའང་སྒར་སྐོར་བ་རྣམས་ཀྱིས་སྐྱོན་ཁྱད་སོགས་ཁྲོམ་པ་མགོ་སྐོར་གྱི་ལྷད་ཆེ་བར། ཕོ་བྲང་ཆེན་པོ་སྣེའུ་༼གདོང༽སྡོང་རྩེར་གོང་མ་ཆེན་པོ་ཆོས་གཉིས་རིན་པོ་ཆེ་ངག་གི་དབང་ཕྱུག་གི་དུས་ཁྱད་ལེན་གནང་བར་དཔལ་ཟི་ན་ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚན་དང་། ཆོས་ཀྱི་དབང་ཕྱུག་སོགས་ཀྱི་རྣམ་པར་དག་པས་གཏན་ལ་ཕབ་རྒྱུན་མ་ཉམས་པར་ལས་རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་ཁྱིའི་ལོ་དབུ་མཛད་རིན་ཆེན་བཟང་པོ་ཅན་ལ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་གྲྭ་ཚོགས་ཀྱིས་ཞིབ་ཏུ་སྦྱངས་ནས་ཕྱག་ལེན་གྱི་རྒྱུན་བཙུགས་ ་་་་་་་།

ད་དུང་ཡང་དཔལ་ཀུན་དུ་བཟང་པོའི་འཆམ་ཀྱི་བརྗེད་བྱང་ལྷའི་རོལ་གར་ཞེས་པར་གནམ་སྐོར་རྒྱལ་པོ་ཕོ་བྲང་སྣེའུ་སྡོང་རྩེར་ས་སྐྱོང་ཐམས་ཅད་མཁྱེན་པ་གྲགས་པ་འབྱུང་གནས། དཀོན་གཉེར་དཔོན་རིན་པོ་ཆེ་ཀུན་བཟང་རྩེ་པ་རྣམས་ཀྱི་ཕྱག་བཞེས་སུ་མཛད་པ་དག་རང་ཉིད་ཀྱིས་སྦྱངས་ཤིང་ཉམས་སུ་མྱོང་བ་ཡི་གེར་བཀོད་པ་ཡིན། ཞེས་གསུངས་པ་ལས་རྩེ་དགུ་གཏོར་ཆེན་མོའི་གར་འཆམ་འདི་ཡང་རྒྱལ་དབང་སྐུ་ཕྲེང་ལྔ་པའི་ཡང་སྲིད་གོང་མ་སྔ་འགྱུར་སྙིང་མའི་གཏེར་སྟོན་རྒྱལ་པོ་ལྔའི་ནང་ཚན་འཇིགས་བྲལ་སློབ་དཔོན་ཆེན་པོའི་གསུང་གི་སྤྲུལ་པར་ལུང་བསྟན་པའི་གསུང་སྤྲུལ་གུ་རུ་ཆོས་དབང་གི་ལྷོ་བྲག་མཁར་ཆུ་གནམ་སྐས་ཅན་ནས་གཏེར་ནས་བཞེས་པའི་གཏེར་ཁ་འོག་མ་བླ་མ་གསང་བ་འདུས་པའི་གཞུང་ལས་བྱང་ལེའུ་བརྒྱད་པའི་སྒོ་ནས་གར་འཆམ་རྒྱག་པའི་སྲོལ་འདི་ཡང་ཕོ་བྲང་སྣེའུ་སྡོང་རྩེའི་དཀོན་གཉེར་དཔོན་ཀུན་བཟང་རྩེ་པའི་ལུགས་ཡིན་པ་གསལ་པོར་རྟོགས་ཐུབ་ལ། དཔོན་རིན་པོ་ཆེ་ཀུན་བཟང་རྩེ་པ་ཞེས་པ་ནི་གསང་སྔགས་སྔ་འགྱུར་བའི་སྒྲུབ་འཕྲིན་འཕྲིན་ལས་ལ་མངའ་བརྙེས་པ་ཞིག་དང་། རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་ཞང་པོ་དང་སྐུའི་སློབ་དཔོན་ཡང་གནང་འདུག རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་ཆོས་སྲིད་མཛད་རྣམ་ཞེས་པར་སྐུ་ཞང་རིན་པོ་ཆེ་བསོད་ནམས་རྩེ་པ་ལ་དཔལ་མགོན་ཞལ་གྱི་དབང་ལུང་མན་ངག་ཁ་ཡར་དང་། རྙིང་ལུགས་ཀྱི་དྲག་སྔགས་འགའ་ཞིག་གསན་ ཞེས་ཀྱང་རྟོགས་ནུས།

ཕྱི་ལོ་༡༦༧༠ལོའི་གཡས་གཡོན་དུ་ཕོ་བྲང་པོ་ཏ་ལའི་ཕན་བདེ་ལེགས་བཤད་གླིང་བས་བླ་མའི་དཀྱིལ་འཁོར་ཞལ་དབྱེ་བའི་ཚེས་བཅུ་ཆེན་མོའི་གར་འཆམ་གནང་བ།

ཕོ་བྲང་པོ་ཏཱ་ལའི་དགུ་གཏོར་ཆེན་མོ་ནི་རྒྱལ་དབང་ལྔ་པ་ནས་བཟུང་ལོ་རེའི་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུ་ཉིན་ལ་རྩེ་ཕོ་བྲང་གི་བདེ་ཡངས་ཤར་དུ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམས་ནས་ཁྲབ་སྟོན་གནང་གི་ཡོད་པས་དེ་ནི་ དེ་སྔའི་བོད་ས་གནས་སྲིད་གཞུང་གི་གལ་ཆེའི་མཛད་སྒོ་ཞིག་ཀྱང་ཡིན། མཛད་སྒོ་དེར་བཞུགས་མཁན་གྱི་འཆམ་པ་རྣམས་ཀྱང་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཆ་རྐྱེན་མང་དག་ཞིག་དགོས་ངེས་ཐོག ལམ་ཐུན་མོང་བའི་སྒོ་ནས་བླ་མེད་རྒྱུད་སྡེ་གང་རུང་གི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་མུས་ཐོག་ཡིད་དམ་ལྷའི་བསྙེན་སྒྲུབ་ཚད་དུ་འཁྱོལ་བ་ཞིག་དང་། མ་མཐར་ཡང་ལས་རུང་གི་བསྙེན་པ་རེ་སྔོན་དུ་འགྲོ་དགོས་པ། གར་འཆམ་དངོས་གཞིའི་སྐབས་སུའང་ལྷ་གང་འཆམ་རྒྱུའི་ལྷ་དེའི་ང་རྒྱལ་བརྟན་ཅིང་ངག་ཏུ་སྔགས་ཀྱི་རང་སྒྲ་དང་ཡིད་ཀྱི་ལྷའི་གསལ་སྣང་དང་མི་འབྲལ་བའི་སྒོ་ནས། ལུས་ཀྱི་ཉམས་འགྱུར་ཐམས་ཅད་སྒེག་པ། དཔའ་བ། མི་སྡུག་པ་བཅས་གར་དགུའི་ཉམས་སུ་ཡོངས་སུ་རྫོགས་པ་མདོར་ན་འཁྱེར་སོ་གསུམ་གྱི་རྣལ་འབྱོར་ལ་གནས་ནས་གང་སྣང་ལྷའི་རྣམ་རོལ་ཏུ་ཤར་བ་ཞིག་ངེས་པར་དུ་དགོས།

ཕྱི་ལོ་༡༩༥༧ལོར་ཕོ་བྲང་པོ་ཏཱ་ལའི་བདེ་ཡངས་ཤར་དུ་དགུ་འཆམ་ཁྲབ་པ། ཁྲེན་ཙུང་ལའེ་陈宗烈ཡིས་པར་བརྒྱབ།

བཞི་པ། རྩེ་དགུ་འཆམ་ཆེན་མོའི་དངོས་གཞིའི་ཁྲབ་སྟོན།

རྩེ་དགུ་གཏོར་ཆེན་མོའི་དངོས་གཞིའི་འཆམ་པ་ནི་རྩེ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམས་ཡིན་པ་དང་། གྲྭ་ཚང་འདི་ནི་བོད་རབ་བྱུང་བཅུ་པའི་ཤིང་ཁྱི་ལོ་སྤྱི་ལོ་༡༥༧༤ལོར་སོག་པོའི་རྒྱལ་པོ་ཨལ་ཏན་གྱིས་ཏཱ་ལའི་བླ་མ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་གདན་དྲངས་སྐབས་ཆུ་ཤུལ་དུ་ཡོད་པའི་སྔགས་པ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་པ་ཟེར་བའི་དགོན་པ་དེ་ནས་གྲྭ་པ་ཉི་ཤུ་ཙམ་མཉམ་དུ་འཁྲིད་དེ་ཁོ་ཚོར་ཉིན་ལྟར་ལྷ་མོ་རྣམ་རྒྱལ་མའི་ཚེ་ཆོག་འདོན་དུ་བཅུག་ཐོག་མིང་ལ་རྣམ་རྒྱལ་གྲྭ་ཚང་ཞེས་བཏགས། ཞེས་དང་གཞན་ཡང་དེ་སྔའི་རྩེ་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་བགྲེས་སྲོང་གཉིས་ལ་བཅར་འདྲི་ཞུས་པར་གཞིགས་ན། གྲྭ་ཚང་འདི་ནི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་གསུང་ཞབས་པ་ཞིག་ཡིན་པ་མ་ཟད། དགོན་བདག་ཀྱང་རྩེ་ཡིག་ཚགས་ནས་བྱེད་ཀྱི་ཡོད་པས་གྲྭ་ཚང་འདིའི་མཁན་པོ་དང་རྡོ་རྗེ་སློབ་དཔོན་ལ་སོགས་པར་དགོན་གཞན་དང་མི་འདྲ་བར་གཞུང་གི་དཔོན་རིགས་སྐྱ་སེར་གཉིས་ལས་རྩེ་དྲུང་རིམ་པ་སྤྲོད་སྲོལ་ཡོད། འདི་གར་གཞུགས་མཁན་གྱི་དགེ་འདུན་རྣམས་ཀྱང་བྱད་བཞིན་ལེགས་ལ། གཟུགས་སྟོབས་ཆེ་བ། རྗིག་ཉམས་དོད་པ། འཛིན་རིག་ཡག་པ་སོགས་ཀྱི་ཆ་རྐྱེན་དམིགས་བསལ་ལྡན་དགོས་ཀྱི་ཡོད་ལ། ཆེ་བསྟོད་དུ་གྲྭ་ཚང་འདིའི་མཚན་ལ་སྐུ་ཞབས་གྲྭ་ཚང་དང་།འདི་གའི་དགེ་འདུན་རྣམས་ལ་ཡང་སྐུ་ཞབས་ཞེས་འབོད་ལ། དགོན་སྡེ་གཞན་དང་མི་འདྲ་བར་འདི་གའི་དགེ་འདུན་རྣམ་པས་ཀྱང་སྟོད་འགག་སེར་པོ་བཞེས་སྲོལ་ཡོད་པ་དེ་ནི་དམིགས་བསལ་གྱི་བདག་རྐྱེན་ལས་བྱུང་བ་ཞིག་ཡིན། ཕྱིས་སྐུ་ཞབས་ཞེས་པའི་མཚན་དེ་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་རྗེས། དགོན་སྡེ་གཞན་པའི་དགེ་འདུན་པ་ལ་ཡང་སྐུ་ཞབས་ཞེས་པའི་མཚན་འབོད་སྲོལ་ཡོད་པ་དེང་གི་དུས་སུ་ཡང་མཆིས། དུས་རབས་འདིའི་ལོ་རབས་བཞི་བཅུ་ལྔ་བཅུའི་གཡས་གཡོན་དུ་གྲྭ་ཚང་འདིར་སྐུ་ཞབས་ཞལ་གྲངས་༡༧༠ཙམ་བཞུགས་ངོས་ནས་སྐུ་ཞབས་ཞལ་གྲངས་བརྒྱད་བཅུ་ཙམ་གྱིས་ལོ་རེའི་བོད་ཟླ་དགུ་པའི་ཚེས་དགུ་ནས་བཅུ་གཅིག་པའི་ཚེས་ཉེར་གཉིས་བར་རི་བོ་དགའ་ལྡན་པའི་ཡི་དམ་གཙོ་བོ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་ཆོ་ག་ཕྱག་ལེན་དང་། བོད་ཟླ་བཅུ་པའི་ཚེས་བཅུ་གཅིག་ནས་བཅུ་གཉིས་པའི་ཚེས་བཅུ་བདུན་བར་སྒེར་གཞིས་ཞིག་ཏུ་འཆམ་སྦྱོང་གནང་བ། དེ་ནས་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ནས་ཚེས་ཉེར་བརྒྱད་བར་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་ཤར་ནང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྟོད་ལས་བྱང་ཆུབ་སྒྲུབ་པའི་སྒོ་ནས་སྒྲུབ་མཆོད་ཉིན་བདུན་འཚུགས་པ་དང་འབྲེལ་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་སྨད་ལས་དགྲ་བགེགས་སྒྲོལ་བའི་ལས་མཐར་བསྙེན་སྒྲུབ་ཚད་དུ་ཁྱོལ་ཞིང་ལྟ་བའི་གདེངས་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱིས་གསང་སྔགས་ཀྱི་རྒྱུད་སྡེའི་དགོངས་པ་དང་མཐུན་པའི་རྒྱན་ཆས་དག་གིས་ཟབ་མཆོར་ལེགས་པར་སྤྲས་སྟེ་བདེ་ཡངས་ཤར་དུ་འཆམ་འདོན་གྱི་གོ་རིམ་རྣམས་ལེགས་པར་གྲུབ་ཀྱི་ཡོད།

ཞྭ་ནག་འཆམ་གོས་ཀྱི་དཔེ་རིས།

དེ་ཉིན་བླ་མ་དང་། སྐུ་དྲག སྐྱ་སེར་དཔོན་རིགས་སོགས་འཆམ་གཟིགས་སུ་ཕེབས་སྐབས་བཞུགས་གནས་ཀྱང་རང་རང་སོ་སོའི་གོ་བབས་ལ་གཞིགས་པའི་རིམ་པ་ལྟར་བཞུགས་སྲོལ་ཡོད་པའི་སྐོར་ལ་གསུང་སྲོལ་མི་འདྲ་བ་དུ་མ་ཡོད་ཀྱང་། འདིར་སྐབས་སུ་བབས་པ་མིན་གོ་བོད་སོག་ཨུ་ཡོན་ཚོགས་པའི་དབུ་ཁྲིད་ཏའེ་ཤིན་སན་(戴新三)གྱིས་ བོད་དུ་བཞུགས་རིང་(1940-1944)བྲིས་པའི་ཟིན་ཐོ་ཕོ་བྲང་པོ་ཏཱ་ལའི་གར་འཆམ་ཆེན་མོ་ ཞེས་པའི་ནང་གསལ་བར་གཞིགས་ན། ཕོ་བྲང་དཀར་པོའི་ཐོག་བརྩེགས་ལྔ་པའི་སྒེའུ་ཁུང་རས་ཡོལ་སེར་པོ་གཡོག་པའི་གཟིམ་ཆུང་ནང་ཏཱ་ལའི་བླ་མ་དང་། དེའི་གཡོན་གྱི་སྒེའུ་ཁུང་ནང་ཏཱ་ལའི་བླ་མ་ཁྱིམ་མི་འཁོར་དང་བཅས་པ། ཐོག་བརྩེགས་བཞི་པའི་དབུས་སུ་བཀའ་བློན་དང་། ཛ་སག ཐའི་ཇི་ སོགས་དེ་སྔའི་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་ཁག དེའི་གཡོན་གྱི་གཟིམ་ཆུང་རས་ཡོལ་དཀར་པོའི་ནང་སྲིད་སྐྱོང་ངམ་རྒྱལ་ཚབ། ཐོག་བརྩེགས་གསུམ་པར་ཡིག་ཚང་དྲུང་ཡིག་ཆེན་མོ། ཕོ་བྲང་དཀར་པོའི་ཁ་སྤྲོད་ཀྱི་རྩེ་སློབ་གྲྭའི་ཐོག་བརྩེགས་གསུམ་པ་དེར་མིན་གོ་བོད་སོག་ཨུ་ཡོན་ཚོགས་པའི་སྐུ་ཚབ་དང་། ཐོག་བརྩེགས་གཉིས་པར་དབྱིན་ཇིའི་བོད་སྡོད་སྐུ་ཚབ། བདེ་ཡངས་ཤར་གྱི་གཡས་ཕྱོགས་སུ་རྒྱ་ཁྱོན་དེ་དང་འཚམ་པའི་འཆམ་གུར་རྒྱབ་པའི་ནང་རོལ་མོ་བ་དང་བོད་རིགས་དཔོན་རིགས་རྣམས། ཐང་ཆེན་དེའི་གཡོན་ངོས་ཀྱི་ཐོག་བརྩེགས་གཉིས་ཅན་གྱི་ཁང་པ་དེའི་ཐོག་བརྩེགས་གཉིས་པའི་དཀར་ཕིབས་ནང་སྐྱ་སེར་དཔོན་རིགས་འཁོར་དང་བཅས་པ། ནུབ་ངོས་ཀྱི་ཐོག་བརྩེགས་གཉིས་ཅན་གྱི་ཁང་པ་དེའི་སྟེང་གི་གུར་ནང་བལ་ཡུལ་གྱི་བོད་སྡོད་སྐུ་ཚབ། གཞན་ཡང་གཡས་གཡོན་གྱི་ཐོག་ཁའི་སྟེང་དང་བདེ་ཡངས་ཤར་གྱི་ཕྱོགས་བཞིར་སེར་སྐྱ་མང་ཚོགས་བྱིངས་རྣམས་སྐྱིལ་ཀྲུང་གི་ཚུལ་དུ་བསྡད་ཡོད་པ་བཤད་འདུག་པས། དེ་ནི་ཕྱི་ལོ་༡༩༥༧ལོར་ཁྲེན་ཙུང་ལེའི་ཡིས་རྒྱབ་པའི་ཕོ་བྲང་པོ་ཏཱ་ལའི་བདེ་ཡངས་ཤར་དུ་དགུ་འཆམ་ཁྲབ་པའི་པར་རིས་དེ་དང་སྤྱིར་ན་གཅིག་མཚུངས་ལྟར་དུ་གནས་འདུག

དམ་ཅན་ཆོས་རྒྱལ་གྱི་ཞལ་འབག

རྩེ་དགུ་གཏོར་གྱི་འཆམ་ར་བདེ་ཡངས་ཤར་དང་ཕོ་བྲང་དཀར་པོ། རྩེ་སློབ་གྲྭ་ཁང་།

རྩེ་དགུ་གཏོར་གྱི་བཞུགས་གྲལ་རིམ་པ།

རྩེ་དགུ་གཏོར་གྱི་དངོས་གཞིའི་ཉིན་མོར་འཆམ་འདོན་གྱི་གོ་རིམ་བཀོད་སྒྲིག་བྱེད་མིན་ཐད་དེ་སྔ་༧རྒྱལ་མཆོག་བདུན་པ་ནས་བཟུང་གྲྭ་ཚང་འདིའི་ཐུན་མོང་མ་ཡིན་པའི་ཕྱག་བཞེས་དམ་ཅན་ཆོས་ཀྱི་རྒྱལ་པོའི་གར་འཆམ་དང་ལྕགས་མཁར་གྱི་ཟུར་འདེབས་གཞུང་བཞིན་བརྗེད་བྱང་དུ་བཀོད་པ་ཞེས་པའི་ནང་དུ་གསལ་བར་བཞིགས། གཏོར་སྒྲུབ་ཀྱི་ཉིན་བདུན་པ་སྟེ་བོད་ཟླ་༡༢ཚེས་༢༩ཉིན་དགེ་འདུན་པ་རྣམས་ཚོམས་ཆེན་ནས་ཞོགས་ཚོགས་གྲོལ་རྗེས་ཆུ་ཚོད་དགུ་པ་ཙམ་ལ་རང་ཤག་ནས་ཟླ་གམ་དང་སྒྲོག་གདན་སྒྲོག་ལུ་ཨ་ལོང་དང་བཅས་གཟབ་མཆོད་ལེགས་པར་སྤྲད་དེ་(སྤྲས་ཏེ)སླར་ཡང་ཚོམས་ཆེན་དུ་ཕེབས། དེ་ནས་ཕོ་བྲང་དཀར་པོའི་གསུམ་སྐས་མགོར་སྙན་གསན་དང་པོ་དང་། གཉིས་པ། གསུམ་པ་བཅས་ཕུལ་རྗེས། དགེ་བཀོས་(བསྐོས)དང་སྡེ་པ་ཁྲི་པས་སྤོས་སྣེ། དབུ་མཛད་ཀྱི་གཡས་གྲལ་དང་པོར་སྐུ་ཞབས་བརྒྱད་དང་དུང་པ་གཉིས། གཡོན་གྲལ་དང་པོར་སྐུ་ཞབས་བརྒྱད་དང་རྐང་གླིང་པ་གཉིས། གཟན་རྐྱང་སྤོས་ཕོར་བ་གཉིས་བཅས་ཚོམས་ཆེན་ནས་བདེ་ཡངས་ཤར་དུ་ཕེབས། གསུམ་སྐས་མགོར་ཕྱག་བྲེལ་ (སྦྲེལ་)ཞུ་མི་ཨ་ཙ་ར་གཅིག་དང་སྐས་མཇུག་ཏུ་ཨ་ཙ་ར་གཅིག་ཡོད། གྲལ་སྟར་རྡོ་སྐས་སྟེང་ཕེབས་འཚམས་གཟིམ་ཆུང་ནས་རབ་གནས་ཀྱི་མེ་ཏོག་ཐོར་ (འཐོར) བདེ་ཡངས་ཤར་དུ་ཕེབས་པ་དང་ཐོག་མར་ཞལ་གཟིམ་ཆུང་ལ་ཕྱོགས་ཏེ་གོམ་གསུམ་ཕྱི་འགྲོས་དང་བཅས་ཞྭ་ཕུད་ཞུས། དེ་རྗེས་རང་རང་ཚོགས་གྲལ་དུ་འཁོད་པ་དང་དབུ་མཛད་ཀྱིས་ཐོག་མར་རོལ་མོ་འབྱིན་(བྱིན)འབེབས་ལན་གསུམ་ཆིམས་བརྡུང་གཅོད། འཆམ་མགོ་(མགོར)ཡོན་བདག་ཧ་ཤང་དང་ཧ་ཕྲུག་གཉིས། ཨ་ཙ་ར་གཉིས། ཐོད་གོག་(ཁོག)དཀར་རིལ་གཉིས་བཅས་༼བདུན་ནི་མི་རབས་བདུན་མཚོན། ༽གོམ་འགྲོས་དང་མཐུན་པའི་འབེར་གྲངས་སོགས(བསོག) ཕྱག་གསུམ་འཚལ་མཇུག་འཆམ་བརྡུང་གཅོད། ༼རྐང་དུང་།༽ ས་འདུལ་ཤ་གཡག རོལ་མོ་ལམ་འགྲོས་སོགས་གོ་རིམ་གྲྭ་ཚང་གི་འཆམ་ཚིག་ལྟར་རོ་ ཞེས་གསལ་བ་ལྟར་འདི་ལོ་དགུང་གྲངས་གྱ་བདུན་ལ་སོན་པའི་དེ་སྔའི་རྩེ་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་བགྲེས་སྲོང་བྱམས་པ་སྐལ་བཟང་ལགས་སུ་བཅར་འདྲི་ ཞུས་པར། ཁོང་གིས་གསུང་གསལ་ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཞོགས་པ་ཉི་ཤར་ཙམ་ནས་བདེ་ཡངས་ཤར་གྱི་གསུམ་སྐས་སྟེང་ནས་དགུ་འཆམ་དབུ་ཚུགས་པའི་སྙན་གསན་དང་པོ་བཏང་། གཟིམ་ཆུང་བ་༼གཟིམ་འགག ༽ཚོས་གོ་རྩེད་རྩེ། དེ་ནས་སྙན་གསན་གཉིས་པ་དང་གསུམ་པ་ཕུལ་ཚར་རྗེས་དགེ་བསྐོས་ནས་སྤོས་སྣེ་འདྲེན། དབུ་མཛད་ཀྱིས་གཙོ་བོར་རོལ་ཆ་བ་སོགས་གྲལ་སྟར་ཉིས་སྒྲིག་ཐོག་བདེ་ཡངས་ཤར་གྱི་དཀྱིལ་ནས་གཟིམ་ཆུང་ལ་ཁ་གཏད་དེ་ཞྭ་ཕུད་ཞུས། དེའི་སྐབས་གོམ་གསུམ་ཕྱི་འགྲོས་ཀྱི་འཆམ་གུར་འོག་ཀྱི་བཞུགས་གྲལ་དུ་འཁོད། རོལ་མོ་བྱིན་འབེབས་སྒྲོན་གྱི་གཙོ་བོ་ཡོན་བདག་ཧ་ཤང་། ཧ་ཕྲུག ཨ་ཛ་ར། ཐོད་པ་སྐྱ་རིལ། ཞལ་ཡར་སློག་ཕྱག་འཚལ་ལན་གསུམ་འཚལ་ནས་ཞབས་སྟེགས་ལ་འཁོད། གར་འཆམ་དངོས་ཀྱི་གོ་རིམ་ནི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་འཆམ་ཚིག་དང་དུང་ཚིག་ཅེས་པར་ལོ་མཇུག་དགུ་གཏོར་ཆེན་མོའི་འཆམ་གྱི་རིམ་པ་རྣམས་འདི་ལྟར་ལགས། ཐོག་མར་རོལ་མོ་བྱིན་འབེབས་ལན་གསུམ་ཆིམས་བརྡུང་གཅོད། ཡོན་བདག་ཧ་ཤང་གོམ་འགྲོས་དང་མཐུན་པའི་འབེར་གྲངས་བསོགས། དང་པོ་ས་འདུལ་ཤ་གཡག་ཐོན། དེ་ནས་ལྔ་ཕགས། ཀླུ་པ་དགུ་རྐྱང་། རླུང་འཚུབ། བཞི་འགྲོས། དུར་བདག་བཅས་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་ཐོན་ཞེས་འཁོད་ཡོད་ལ། གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་ཡར་ལོག་ཚར་རྗེས། དུར་བདག་ཀྱིས་བདེ་ཡངས་ཤར་གྱི་གསུམ་སྐས་གཡས་གཡོན་ནས་ཤུ་རྒྱབ། སྐས་རྩེའི་སྟེང་དུ་ཐོད་ཁོག་དཀར་རིལ་གཉིས་ནས་དུར་བདག་ལ་རྩམ་པ་སྤྲད་ནས། ཕྱོགས་མཚམས་སུ་རྩམ་པ་གཏོར། བདེ་ཡངས་ཤར་དུ་གདན་ལྤགས་གཏིང་སྟེ། འཆམ་རྒྱབ་ནས་ལིང་ག་གྲལ་ཚར་རྗེས་རེ་རེ་བཞིན་ཡར་ལོག དེ་ནས་དྲང་སྲོང་མགོན་པོ་ཚེ་རིང་ཕེབས་པ་དང་སྦྲགས། ཨ་ཙ་ར་གཉིས་དང་བཅས་བདེ་ཡངས་ཤར་གྱི་དཀྱིལ་དུ་གདན་དྲངས་འཆམ་རྒྱབ་ཚར་རྗེས། ས་གདན་གཏིང་བའི་ཐོག་ཏུ་རིལ་ཁུལ་བྱས། ཨ་ཙ་ར་གཉིས་ཀྱི་ཤིང་ཏོག་བསྐྱལ་བ་དེ། ཕྱོགས་ཕྱོགས་སུ་གཏོར་བས་ལྟད་མོ་བ་རྣམས་ནས་། ཕྱོགས་ནས་ཧབ་ཐོབ་རྒྱབ་སྲོལ་ཡོད། སྟག་བསད་ནས་སྟག་ལྤགས་སྟེང་ཁ་བཏགས་དང་བཅས་ཡར་གཟིམ་ཆུང་དུ་སྤྱན་ཕུལ་ཞུ་གྱི་ཡོད་ ཞེས་འཁོད། རྩེ་དགུ་འཆམ་ཆེན་མོ་གཟིགས་པར་ཕེབས་མྱོང་བ་ཕོ་བྲང་པོ་ཏཱ་ལའི་སྐུ་ཞབས་ཐུབ་བསྟན་བྱམས་པ་ལགས་ཀྱིས་སྐབས་དེའི་གནས་ཚུལ་སྐབས་གསུངས་པར་དྲང་སྲོང་ཚེ་རིང་མགོན་པོ་ཐོག་མར་ཕེབས་སྐབས་སྐུའི་བཞིན་གདངས་གཉེར་མས་ཁེངས་ལ་ཨ་ར་དཀར་པོ་འཕྱང་པའི་ཞལ་འབག་གྱོན་ནས་ལུས་པོ་ཁྱར་འཁྱོར་དུ་འགྲོ་མཁན་གྱི་རྒན་པོ་ལུས་རིད་པ་ཞིག་རེད་འདུག་ལ། ལག་ཐོག་གི་མཁར་བས་སྟག་ལྤགས་གཏིང་ནས་སྟག་དེ་གསོད་ཁུལ་བྱས་ནས། སྟག་བསད་ཚར་རྗེས་གློ་བུར་དུ་དྲང་སྲོང་ཁོང་གི་ལུས་པོ་ཡང་སྔར་གྱི་གོག་པོ་དེ་འདྲ་མ་ཡིན་པར་བདེ་ཅག་འཁྱུག་ལ་ལུས་སྟོབས་རྒྱས་པའི་དར་མའི་གསོན་ཤུགས་ལྡན་པ་ལྟར་འགྱུར་གྱི་འདུག་གསུངས། མགོན་པོ་ཚེ་རིང་གིས་སྟག་གསོད་པའི་གར་འཆམ་སྐོར་དེའི་སྐོར་ལ་སྤྱི་ཚོགས་ཐོག་བཤད་རྒྱུན་ལྟར་ན་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་སོག་པོའི་དགོན་སྡེ་༼ལ་ལས་རྒྱ་ནག་རི་བོ་རྩེ་ལྔ་ཡིན་པ་ཡང་བཤད་༽ག་གེ་མོ་ཞིག་ལ་ཕེབས་སྐབས་གཟིགས་སྣང་འདི་འདྲ་ཞིག་བྱུང་རྗེས་སུ་བརྟེན་འབྲེལ་བཟང་པོ་མཚོན་པར་དགོངས་ཏེ། རྩེ་དགུ་འཆམ་ཆེན་མོའི་ནང་ཁ་བསབ་གནང་བ་རེད་ཅེས་བརྗོད་སྲོལ་འདུག

གཟིམ་འགག་པ་ཚོས་གོ་རྩེད་རྩེད་བཞིན་པ། ༼ཕྱི་ལོ་༡༩༤༠ལོར་དབྱིན་ཇིའི་མྱུལ་དཔྱད་པ་ཁྲལ་ཕུ་སྨན་Frederick Spencer Chapmanལྷ་སར་སྡོད་རིང་གི་པར་ ༽

ཕོ་བྲང་པོ་ཏ་ལར་ཉར་ཚགས་གནང་བའི་ཧ་ཤང་དང་། ཤྭ་བའི་ཞལ་འབག

གར་འཆམ་ཀྱི་མཇུག་མཐར་དུར་བདག་གིས་ལིངྒ་འཆམ་རའི་དབུས་སུ་བཞག་རྗེས། ཞྭ་ནག་ཉེ་ཤུ་ལྷག་ཙམ་གྱིས་ལྕགས་སྐུད་ཞིག་གིས་ལིངྒ་བསྡམས་ནས་དེར་མདའ་གྲི་བཙུགས་པའི་ཚུལ་བྱེད། གཞན་ཡང་སྔོན་ནས་གྲ་སྒྲིག་བྱས་ཟིན་པའི་ཀ་པ་ལའི་སྣོད་ཞིག་གིས་ལིངྒའི་སྟེང་ལ་ཆུ་དང་ཁྲག་གཏོར་ནས། དམིགས་བྱའི་གདོན་བགེགས་ཀྱི་གཟུགས་ལིངྒར་འཕོ་བའི་ཚུལ་གྱིས་ལིངྒར་དྲག་པོའི་ལས་སྦྱོར་བྱེད་སྟངས་འདིར་མཚོན་དོན་མི་འདྲ་ཁ་ཤས་ཀྱང་ཡོད་འདུག དེ་ཡང་སངས་རྒྱས་ཆོས་ལུགས་པ་ཞིག་གི་ངོས་ནས་བཤད་ན་དེ་ནི་གསང་སྔགས་རྒྱུད་སྡེའི་དགོངས་དོན་ལྟར་འཆམ་རྒྱག་པ་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཆོས་ལ་ཉམས་ལེན་བྱེད་པའི་ཆོ་ག་ཞིག་ཏུ་ངོས་འཛིན་གྱི་ཡོད། དེར་བརྟེན་ལིངྒའི་མཚོན་དོན་ཡང་ནང་སེམས་ཀྱི་ཉོན་མོངས་དུག་གསུམ་ལས་བསྐྱེད་པའི་ལས་ངན་བག་ཆགས་དང་བཅས་པའི་བདག་འཛིན་གྱི་ལྟ་བ་དེ་རྩ་མེད་དུ་བཟོ་བ་མཚོན་བྱེད་ཡིན། དེ་ནས་ཤྭ་བ་ཐོན་ནས་གར་འཆམ་རྒྱབ་བཞིན་རྭ་ཅོས་ལིངྒ་གང་སར་སྟོར་བ། དེས་ཕུང་པོ་བྱ་སོགས་སྲོག་ཆགས་གཞན་ལ་སྦྱིན་པ་གཏོང་བ་དང་གཏོར་མས་ལྷ་འདྲེ་ཀུན་ལ་མཆོད་པ་འབུལ་བ་མཚོན། རིམ་པས་ལས་འདི་ནི་དགུ་འཆམ་ནང་གལ་ཆེའི་ཆོ་ག་ཞིག་ཀྱང་ཡིན། ལིངྒ་སྟོར་ཚར་རྗེས་བདེ་ཡངས་ཤར་གྱི་ཟུར་ཞིག་ཏུ་རྐང་གསུམ་གྱི་སྒྲོམ་གཞིའི་སྟེངསྣུམ་བླུགས་ཡོད་པའི་ཀ་པ་ལི་ཞིག་བཞག་ནས་དེར་འོག་ནས་མེ་སྤར། ལྕགས་སྐུད་ཞིག་ལ་དཀྲིས་པའི་གདོན་འདྲེ་མཚོན་པའི་ཤོག་བུ་ཞིག་དེའི་ནང་བཞག འཆམ་དཔོན་ཡོང་ནས་ཀ་ལའི་ནང་གི་སྣུམ་ཁོལ་མའི་སྟེང་ཨ་རག་དཀར་པོ་ཅུང་ཟད་གཏོར་བས་མེ་ལྩེ་གནམ་ལ་འབར་བ་དེས། ལོ་གཅིག་གི་ལས་དོན་ཁག་ལ་བར་ཆད་ལ་དགྲ་བགེགས་སོགས་འཁོར་བའི་རྒྱ་མཚོའི་ཕ་མཐར་བསྐྲད་ནས་ཚར་གཅོད་པ་མཚོན། སླར་ཡང་གཟིམ་ཆུང་བ་རྣམས་ཡོང་ནས་ཀྱི་གོ་རྩེད་ རྩེད་བཞིན་མི་ཚོགས་དང་མཉམ་དུ་རྡོ་རིང་ཕྱི་མར་གཏོར་རྒྱག་རྒྱབ་ཀྱི་ཡོད། བདེ་ཡངས་ཤར་དང་ཚོམས་ཆེན་དུ་བཀྲ་ཤིས་དབྱངས་ཆགས་མཚོན་བྱེད་དུ་རོལ་མོ་བ་རྣམས་ཀྱིས་ནམ་ཕྱེད་བར་དུ་དབྱང་སྙན་སྒྲོན་ནས་རྩེ་དགུ་གཏོར་ཆེན་མོ་ཞེས་པའི་མཇུག་རྣམས་སྒྲིལ་བར་བྱེད།

རྡོ་རིང་ཕྱི་མར་གཏོར་རྒྱག་རྒྱབ་བཞིན་པ།

མདོར་ན་གར་འཆམ་གཙོ་བོར་མཚོན་པའི་ཞལ་འབག་དང་འབྲེལ་བའི་བྲོ་གར་ནི་བོད་མི་རིགས་ཙམ་མ་ཟད་ཡ་གླིང་ཁུལ་དུ་ཡོད་པའི་རྩ་ཆེའི་རིག་གནས་ཤུལ་བཞག་ཞིག་ཡིན་པ་ནི་ཡོངས་གྲགས་ལྟར་ལ་ཡིན། རྩེ་དགུ་གཏོར་ནི་བོད་བརྒྱུད་ནང་བསྟན་གྱི་རི་བོ་དགའ་ལྡན་པ་ཙམ་མ་ཡིན་པར་བོད་ཀྱི་ལོ་རྒྱུས་ནང་དུ་ཡང་གལ་ཆེའི་རང་བཞིན་ལྡན་པའི་གནས་བབ་ཞིག་བཟུང་ཡོད། དེས་ད་ཕན་་ལོ་ངོ་གསུམ་བརྒྱ་ཡན་གྱི་ལོ་རྒྱུས་ལྡན་ཡོད་ཁར་དེ་ཉིད་ཕུན་གསུམ་ཚོགས་པའི་སྒྱུ་རྩལ་གྱི་ལམ་ནས་རྟོགས་དཀའ་ཞིང་གཏིང་ཟབ་པའི་ནང་ཆོས་ཀྱི་དགོངས་དོན་རྣམས་མཚོན་པར་བྱེད་པའི་ཆོ་ག་ཐུན་མོང་མ་ཡིན་པ་ཞིག་ཀྱང་ཡིན། བློ་ཕམ་པ་ཞིག་ལ་རྒྱལ་ཡོངས་དང་འདྲ་བར་བོད་དམངས་གཙོ་བཅོས་བསྒྱུར་བཏང་བ་ནས་བཟུང་རྩེ་དགུ་གཏོར་སྐབས་སྤྱོད་པའི་རོལ་ཆ་དང་། ཆོས་ལུགས་ཀྱི་གླུ་གར་སྒྱུ་རྩལ་སོགས་རྒྱུན་ཆད་ལ་ཉེ་བའི་གནས་སུ་གྱར་ཡོད་པས། རྩེ་དགུ་གཏོར་གྱི་རིག་གནས་ཤུལ་བཞག་སྐོར་ལ་མྱུར་སྐྱོབ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དངོས་ཞིག་ཡིན།

ལྔ་པ། དཔྱད་གཞིའི་ཡིག་ཆ།

1、གར་འཆམ་ཀྱི་ལོ་རྒྱུུས། དཀོན་མཆོག་ངག་དབང་། བྲིས་མ། ཕོ་བྲང་པོ་ཏ་ལའི་དཔེ་མཛོད་ཁང་དུ་བཞུགས།
2、རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ངག་དབང་བློ་བཟང་རྒྱ་མཚོས། ཀྲུང་གོའི་བོད་རིག་པ་དཔེ་བསྐྲུན་ཁང་། ༢༠༠༩ལོར་དཔར།
3、ལས་བྱང་ལིའུ་བརྒྱད་མའི་འཆམ་ཡིག་ངོ་མཚར་འཕྲུལ་སྣང་དབྱངས་ཡིག་མཁས་པའི་མགུར་རྒྱན་དང་བཅས་པ་རྩེ་
ལུགས་ཕྱག་ལེན་འཁྲུལ་མེད་དུ་བཀོད་པ། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། བྲིས་མ་མདའ་ཚད་མ། ཕོ་
བྲང་པོ་ཏ་ལའི་དཔེ་མཛོད་ཁང་དུ་བཞུགས།
4、རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ། ལྷ་སའི་ཤིང་པར།
5、རྒྱལ་མཆོག་བདུན་པ་ནས་བཟུང་གྲྭ་ཚང་འདིའི་ཐུན་མོང་མ་ཡིན་པའི་ཕྱག་བཞེས་དམ་ཅན་ཆོས་ཀྱི་རྒྱལ་པོའི་གར་འཆམ་དང་ལྕགས་མཁར་གྱི་ཟུར་འདེབས་གཞུང་བཞིན་བརྗེད་བྱང་དུ་བཀོད་པ་བཞུགས་སོ། སྤར་མ།
6、དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད། ཀྲུང་གོའི་བོད་རིག་པ་དཔེ་བསྐྲུན་ཁང་། ༢༠༠༢ལོར་དཔར།
7、戴新三, 藏事论文(宗教集)下卷,布达拉宫跳神大会,西藏人民出版社, 1985年8月版 。