རྩོམ་པ་པོ། ཏཱ་དབེན་ཤེར་དབང་།

༡-བྱ་རྒྱལ་ཁྱུང་ཞེས་པ་བྱུང་ཡོད་མེད།

སྤྱིར་ཁྱུང་ཞེས་པ་ཞིག་ལོ་རྒྱུས་ཁྲོད་ན་བྱུང་ཡོད་མེད་ཀྱི་རྩོད་པ་སྣ་ཚོགས་མཆིས་ཀྱང་དེང་དུས་མཐོང་བ་མངོན་སུམ་དུ་མ་གྱུར་བ་དེ་ཙམ་གྱིས་མེད་པར་བཤད་མི་ནུས༑ གང་ཞེ་ན་ཁོ་བོ་ཆུང་ཆུང་བྱིས་པ་ལོ་ལྔ་དྲུག་ཙམ་གྱི་སྐབས་དེར་བྱ་བྱིའུ་མང་པོ་བསོད་ནས་ཉི་མ་བསྐྱལ་བའི་དུས་ཤིག་ཡིན༑ སྐབས་དེའི་དུས་སུ་ཡོད་པའི་བྱིའུ་སྣ་ཚོགས་ཤིག་དེང་གི་དུས་འདིར་དབང་པོའི་ཡུལ་ལས་འདས་ནས་འདུག་པའང་ཇི་སྙེད་ཅིག་བདོག དེ་ལྟ་བུའི་སྣང་ཚུལ་ཁོ་བོ་ཙམ་མིན་པར་དེང་དུས་རི་སྐྱེས་སྲོག་ཆགས་འགའ་ཡི་རྒྱུད་ཆད་ལ་ཉེ་བ་དང་། ལ་ལ་ཆད་ཟིན་པའང་མང་དག་ཅིག་ཡོད་པ་ཆེད་ལས་རྟོགས་དཔྱོད་པ་དག་གིས་བཤད་པ་དེས་མཚོན་ཐུབ་བོ།།ཆེས་གནའ་བོའི་དུས་སུ་ཡང་སྲོག་ཆགས་གང་མང་ཞིག་གི་རྒྱུན་ནི་དེ་ལྟར་ཆད་ཡོད་སྲིད་པ་ནི་སུ་ཡིས་ཀྱང་བཟློག་པར་མི་ནུས་པའི་གནས་ལུགས་ཤིག་ཏུ་འཁུམས༑ མཁན་ཆེན་ཉི་མའི་རང་རྣམ«ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན།»བྱ་བ་ལས“ཡང་ཤ་བ། གླང་ཆེན་འཚོས་པའི་བུ་རུ། ཁ་གྲག་བསེའུ་རུ་གཅིག་བྱུང་བའོ།། ཡང་འདོད་ཆགས་ཅན་གྱི་འོད་ལྡན་དང་། ལྷ་མོ་གཙང་མཛེས་མ་གཉིས་བཤོས་པའི་བུ་གཉིས་ཏེ། ཆེ་བ་སྤྲེའུ་དང་ཆུང་བ་འདབ་ཆགས་མཁའ་ལྡིང་ངོ་།།”(1)ཞེས་སོགས་ནང་བཅུད་སེམས་ཅན་རྣམས་ཇི་ལྟར་གྲོལ་ཚུལ་བཤད་སྐབས། སྲོག་བཅས་མི་ལས་གཞན་པའི་རིགས་སྣ་ཚོགས་ཤིག་ཡོད་པ་རྣམས་ཀྱང་ཇི་ལྟར་གྲོལ་བའི་ཚུལ་གཞན་སུས་བཤད་མ་མྱོང་བའི་བྱུང་རབས་ངོ་མཚར་བ་འགའ་བཞུགས་པར། འདབ་ཆགས་མཁའ་ལྡིང་ཁྱུང་ཆེན་གྱི་གྲོལ་ཚུལ་དེ་ལྟར་བཤད་ཡོད་པ་མ་ཟད། འགྲོ་བ་ཐོག་མར་གྲོལ་སྐབས། ཤད་དེ། ཤད་བུ། ཤད་ལས་སྐྱེས་སོགས་འགའ་ཞིག་བྱུང་བར་བོན་གྱི་ཡིག་ཆ་ལས་གསལ་བ་ལྟར། ཤད་ལས་སྐྱེས་ཀྱི་རྒྱུད་ལས་གླང་པོ་ཆེ་རབ་བརྟན་ཞེས་པ་དེ་དང་སྤྱི་རྗེ་ཁྱུང་ཆེན་འཚོས་པ་ལས་ངོ་མཚར་བའི་བྱོལ་སོང་སྡེ་གསུམ་བྱུང་ཚུལ་སོགས། ཁྱུང་ཆེན་ལས་སེམས་ཅན་གཞན་གང་དག་བྱུང་བའི་ཚུལ་ཡང་འཁོད་ཡོད(2)ལ། སོག་པོའི་རྒྱལ་ཁབ་ཏུ་ཡོད་པར་གྲགས་པའི་ཁྱུང་གི་མགོ་རུས་ཡིན་སྐད་ཅིག་ཀྱང་དེང་དུས་མཐོང་དུ་འདུག་པས། འདབ་ཆགས་ཁྱུང་ཞེས་པ་ཞིག་དེང་དུས་མེད་སྲིད་ཀྱང་ལར་ནས་བྱུང་མ་མྱོང་བའི་གཏམ་སྨྲ་མི་རིགས་བར་འདོད།

༢-བྱ་རྒྱལ་ཁྱུང་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་ཡོད་མེད།

འདབ་ཆགས་ཀྱི་རིགས་སུ་གཏོགས་པའི་ཁྱུང་བྱ་བ་ཞིག་བྱུང་མྱོང་མིན་འདིར་བཤད་བྱ་གཙོ་བོ་མིན་མོད། ང་ཚོས་འདི་ནས་ངེས་པར་ཤེས་དགོས་པ་ཞིག་ནི་གནའ་བོའི་བོད་ཀྱི་ཤེས་རིག་ཁྲོད་དུ། ཁྱུང་ནི་གོ་གནས་ཆེན་པོ་ཟིན་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན་པ་ནི་ཅུང་རྙིང་གྲས་ཀྱི་དཔེ་ཆ་མང་པོའི་ནང་དུ། མཚོན་དོན་སྣ་ཚོགས་ཀྱིས་གྲུབ་ནས་ཡོད་པ་དེས་ར་སྤྲོད་ཐུབ་པ་ཡིན༑ དཔེར་ན། རྒྱ་གར་ནང་ཆོས་ཀྱི་ཤན་ལར་ནས་ཞུགས་མེད་པར་སྐད་པའི་དུས་རབས་ལྔ་པ་དང་དྲུག་པའི་གཡས་གཡོན་གྱི་དཔེ་རྙིང་། མདའ་ཚང་ཡུལ་ནས་ཐོན་པའི་བོན་དཔེ་དག་ལས«ཁྱུང་གིས་སྤྱན་འདྲེན་དབུ་ལགསྷོ།» «ཁྱུང་གིས་ཆེས་གསོལ་དབུ་ལགསྷོ།» «ཁྱུང་གི་བྱ་ཞན་དབུ་ལགསྷོ།»ཞེས་པ་སོགས་མཚོན་པའི་དཔེ་རྙིང་གང་མང་ཞིག་བྱུང་བ་དག་གིས་གསལ་བཤད་བྱེད་ནུས་ལ༑ ཁྱུང་འདི་ནི་གནའ་བོའི་ཞང་བོད་དུས་ནས་མཐུ་རྩལ་ཀུན་དང་ལྡན་པའི་གཟི་བརྗེད་ཅན་གྱི་སྲོག་ཆགས་ཀྱི་རིགས་ཤིག་སྟེ། དཔེར་ན། དཔེ་རྙིང་དེ་དག་གི་ཁྲོད་ལས«ཁྱུང་གིས་སྤྱན་འདྲེན།»ཞེས་པར“སྤྱི་འདུལ་ཁྱུང་ཡང་གཤེགས་སུ་གསོལ།”(3)ཞེས་པ་ལྟ་བུ། ཀུན་གྱིས་ཡི་རངས་ས་དང་བསྟོད་པའི་གནས་སམ། མཆོད་པའི་ཡུལ་དང་སྨོན་པ་འདེབས་སའི་གནས་མཆོག་ཏུ་བལྟས་ཡོད་པ་ལས་གསལ་ནུས༑ དེ་བས་ཡིག་རྙིང་དེ་དག་ཕལ་ཆེ་བའི་དབུ་ངོས་སུ་དུག་སྦྲུལ་ནག་པོ་མཆེ་བར་བཙེས་པའི་ཁྱུང་སོགས་ཏེ། ཁྱུང་གི་རིས་སྣ་ཚོགས་ཤིག་བྱུང་འདུག་པར་བསམ་ན་ཁྱུང་འདི་གནའ་བོའི་མེས་པོ་ཚོའི་སེམས་སུ་གོ་ས་ག་ཙམ་ཟིན་ཡོད་པ་ཅུང་ཟད་རྟོགས་ཐུབ༑

རང་ཅག་གི་མེས་པོའི་བྱུང་རབས་དག་ལའང་ཞིབ་འདང་རེ་རྒྱབ་ན་བྱ་རྒྱལ་ཁྱུང་དུ་སྤྲུལ་དེ་འགྲོ་དོན་མཛད་ཚུལ་ནི་ཇི་སྙེད་ཅིག་འཁོད་ཡོད་པ་རེད༑ བོན་གྱི་དཔེ་རྙིང་«སྲིད་པ་རྒྱུད་ཀྱི་ཁ་བྱང་།»ལས། “དེ་ནས་མེ་ཉག་ལྡོང་གི་ཡུལ་ན། བོན་དང་གཤེན་མ་མཆིས་ནས། མི་རྒྱུ་སྲིད་པའི་མིང་ནི་སྤྲོ་ན་སྤྲོ་གུ་ཡིས། གཤེན་རབ་བྱ་རྒོད་ཐང་དཀར་ལ་སྤྱན་དྲང་ནས།”(4)ཞེས་པ་ལྟ་བུའི་མཚོན་ཏེ། བོན་གྱི་མཁས་པ་ཆེན་མོ་ཀུན་མཁྱེན་ཉི་མའི་རང་རྣམ(5)ལས་སྟོན་པ་གཤེན་རབ་ཀྱི་མཛད་རིམ་བསྟན་སྐབས། ཁྱུང་ལ་བཅིབས་པ་དང་ཡང་ན་ཁྱུང་དང་བྱ་རྒོད་སོགས་སུ་སྤྲུལ་ཏེ་ལེ་བར་སྟོང་ཕྲག་གིས་བཅད་པའི་ཡུལ་ཕྱོགས་གང་སར་བོན་གྱི་འཁོར་ལོ་བསྐོར་བར་བཤད་ཡོད་པ་ལྟ་བུའི་སྣང་ཚུལ་དཔེ་གཞུང་གཞན་མང་པོ་ཞིག་ལས་བྱུང་༑ བཙན་པོའི་རྒྱལ་ཁབ་མ་ཚུགས་པའི་གོང་དུ་ཞང་ཞུང་ཡུལ་གྱི་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཅེས་པའི་དབུ་ཞྭར་བྱ་རུ་སྟེ། ཁྱུང་གི་རྭ་ཅོ་དང་ཁྱུང་རྭའི་མཚོན་བྱེད་གང་རུང་ཞིག་འདོགས་པའི་སྲོལ་བྱུང་བ་ལྟར། ཁྲི་སྲོང་སྐབས་སུ་བན་བོན་འཁྲུག་པའི་ལོ་རྒྱུས་དག་ལས་བོན་གཤེན་དང་བན་བློན་དབར་ཕན་ཚུན་ཤག་འདྲེན་རེས་བྱེད་སྐབས། བོན་གཤེན་སྙ་ལི་ཤུ་སྟག་རིང་གིས་ཤག་བཏབ་པ«སྲིད་པ་རྒྱུད་ཀྱི་ཁ་བྱང་།»(6)ལས་གསལ་བར་གཞིག་ན། བྱ་རྒྱལ་ཁྱུང་ནི་སུ་ཡིས་ཀྱང་གཉའ་གནོན་མི་ནུས་པའི་སྟོབས་པོ་ཆེ་ཞིག་ཡིན་པར་བསྟན་ཡོད་ལ། བོད་རྗེ་གཉའ་ཁྲི་བཙན་པོ་མིག་བྱ་མིག་ལྟར་ཡས་མར་འགེབ་པ་ཞིག་བྱུང་ཚུལ་སོགས་གཟུགས་བྱད་ལ་དཔྱད་པ་རྒྱག་སྐབས་ཕལ་ཆེར་ཁྱུང་གི་རྣམ་པར་བཞེངས་འབྲི་བྱེད་ཀྱི་ཡོད་པ་རེད༑

དམངས་ཁྲོད་ངག་རྩོམ«གེ་སར་རྒྱལ་པོའི་སྒྲུང་།»ནི་དུས་ཡུན་སྔ་མོ་ཞིག་ནས་རིམ་པས་རྒྱུད་ཡོང་བ་ཞིག་ཡིན་ལ། དེའི་ནང་གནའ་བོའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་བསམ་བློའི་འདུ་ཤེས་ཀྱང་གསལ་བོར་མཚོན་བཏུབ་པའི་ཆ་ཡང་ཡོད་པས། མཁས་པ་འགའ་ཡིས་གེ་སྒྲུང་ལས་གནའ་བོད་ཀྱི་གདོད་གཟུགས་མཐོང་ཐུབ་ཅེས་ཀྱང་བསྡོམ་བཀོད་མྱོང་བ་ལྟར། གནའ་བོའི་བོད་མིའི་འདུ་ཤེས་དང་རིག་གནས་སོགས་ལ་ཞིབ་འཇུག་བགྱིས་ཚེ་གེ་སར་སྒྲུང་ནི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་ཆགས་ཡོད༑ དེར་བརྟེན་གེ་སར་རྒྱལ་པོ་ཐོག་མར་འཁྲུངས་སྐབས་དང་འབྲེལ་བའི་སྒྲུང་དག་ལས་ཀྱང་། “མ་ཁྱོད་ཀྱི་བུ་སྐལ་དང་པོ་ཡིན། གཟུགས་རགས་པའི་འགྲོ་དོན་ང་ལ་མེད། མགོ་རྨོག་དཀར་སྟེང་གི་སྲུང་མ་ཡིན། ཕུ་བོ་དུང་ཁྱུང་དཀར་པོ་ཡིན། གླིང་སྐྱེས་བུའི་ལུས་དང་འབྲལ་མེད་ཡིན།”(7)ཞེས་ཁྱུང་ཞིག་གི་རྣམ་པས་བྱུང་བ་དང་། ཡང«བྱེ་རིའི་བྱུར་རྫོང་།» “དགྲ་ལྷའི་ཁྱུང་རྫོང་གོང་མ་ནས། ཕུ་བོ་དུང་སྐྱོང་དཀར་པོ་དེ། མི་ལུས་ཁྱུང་གི་གདོང་བ་ཅན། ཁྱུང་རྭ་ནོར་བུ་འབར་བས་བརྒྱན། ཉི་ཞགས་སྤུ་གྲི་ཐོགས་པའི་བུ། དར་དཀར་གསོལ་ཞིང་ཁྱུང་ནག་བཅིབས། འཁོར་དུ་ཁྱུང་གདོང་བྱ་བཞོན་འབུམ།”(8)ཞེས་པ་ལྟ་བུའི་མཚོན༑ གེ་སར་རྒྱལ་པོའི་དགྲ་བླ་བཅུ་གསུམ་གྱི་འགོ་མ་དེ་ཡང་ཁྱུང་ཡིན་པ་བཅས། གང་ལྟར་བོད་མི་རིགས་ཀྱི་རིག་པའི་གཞུང་ལུགས་གཏིང་ཟབ་ས་ནས་དམངས་ཁྲོད་ངག་རྩོམ་ཡན་ཆོད་དེ། གཏམ་དཔེར། “མཐོ་ནས་དམའ་མ་མྱོང་བའི་བྱ་རྒྱལ་གྱི་ཁྱུང་ཆེན་དང་།”ཞེས་སོགས་གླུ་གཞས་བྲོ་གསུམ་གྱི་ཁྲོད་ན་ཡང་ཐིམས་ནས་ཡོད་པ་ཞིག་ཡིན་འདུག་པས། ཁྱུང་ནི་གནའ་བོའི་དུས་ནས་བོད་མི་རིགས་ཀྱི་སེམས་པའི་ཟབ་སར་གནས་པའི་རིག་གནས་ཤིག་གམ་སྲོག་ཆགས་དམིགས་བསལ་བ་ཞིག་ཡིན་པར་གདོན་མི་ཟ་བར་རྟོགས་ཐུབ་པ་འདུག

དེ་ལྟར་ན་ཡང་ཁྱུང་ཞེས་པའི་ཐ་སྙད་ཀྱི་གོ་དོན་དང་ཐོག་མའི་བསམ་བློའི་རྒྱབ་ལྗོངས་གང་འདྲ་ཞིག་ལ་བརྟེན་ནས་འདི་ལྟར་བོད་མི་རིགས་ཀྱི་བསམ་པའི་རྟིང་རིམ་ན་ཟུགས་པ་སོགས་ལ་བསམ་གཞིག་བགྱིས་ཚེ། མག་མོག་དང་རབ་རིབ་ཅིག་ལས་གསལ་པོར་མཐོང་ཐུབ་པ་ཞིག་མིན་ལ་ད་ལྟའི་ཆར་བོད་རིག་པ་འགའ་ཡིས་ཁྱུང་ལ་མཚོན་དོན་བཅུ་ཐམས་པ་བགྲང་ནས་འགྲེལ་བཤད་བྱས་འདུག་ཀྱང་། དེ་ནི་ཕྱིས་སུ་དུས་རིམ་ངེས་ཅན་གྱི་ཁྲོད་ནས་རིམ་པས་བྱུང་བའི་ལྟ་བའམ་བཤད་སྟངས་མི་འདྲ་འགའ་ཡིན་པ་ལས་ཐོག་མའི་ཁྱུང་གི་རྣམ་པ་དེ་མིན་པར་སྣང་༑ དེས་ན་ཕྱིས་སུ་ཁྱུང་གི་ཤུགས་རྐྱེན་ནི་དམངས་ཁྲོད་རིག་གནས་ནས་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཇི་སྙེད་ཅིག་ལ་ཐིམས་ནས་ཡོད་པར་ང་ཚོས་གསལ་བར་མཐོང་ཐུབ་ཀྱང་། ཆེས་ཐོག་མའི་དུས་སུ་ཁྱུང་ལ་ཅིའི་ཕྱིར་དེ་ལྟ་བུའི་འགུག་ཤུགས་ཡོད་པ་དང་། ཡང་ན་བརྩིས་ཐང་སྤྲད་པའི་གསང་གནད་དཀྲོལ་བ་ལ་ཤིན་ཏུ་དཀའ་ཁག་ཅན་ཞིག་ཏུ་ལྷགས་ནས་ཡོད༑ འདིར་ང་ཚོས་དེའི་ཐད་ནས་དཔྱད་ཞིབ་རོབ་ཙམ་བགྱིས་ན་འོས་ཤིང་འཚམས་པ་ཞིག་ཏུ་སྣང་༑ རྒྱུ་མཚན་ནི་ལོ་རྒྱུས་ཉམས་ཞིབ་དང་དཔྱད་གཏམ་སྤེལ་བའི་དགོས་པ་ནི་སྔར་གསལ་ཆ་མ་བྱུང་བ་དག་ལ་ཞིབ་ཆ་དང་། མ་རྟོགས་པ་དག་ལ་གསར་རྟོགས་ཡོང་བར་འབད་པ་ལྷུར་ལེན་བྱ་རྒྱུ་ལས་སྐྱར་ཟློས་དང་ཡང་ཟློས་ནི་ནམ་ཡང་མཁོས་ཀ་སྐན་པས་སོ།།

༣-ཁྱུང་ཞེས་པའི་ཐ་སྙད་ཀྱི་གོ་དོན།

ཁྱུང་ཞེས་པའི་ཐ་སྙད་ནི་ཞང་སྐད་ལས་འགྱུར་ཡོང་བའི་བརྡ་ཆད་ཅིག་ཡིན་པར་བཤད་མཁན་ཚོས་ཁྱུང་ཞེས་པ་ནི། ཞང་སྐད་དུ“ཞུང”ཞེས་པའི་སྐད་དོད་ཡིན་ཅེས་ཡིག་རྙིང་དུ་མར་རྒྱབ་སྐྱོར་ནས་སྒྲུབ་བྱེད་འགོད་ཀྱི་འདུག དཔེར་ན། སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག(9)དང་ནམ་མཁའི་ནོར་བུ(10)ལྟ་བུ་ཡིན་ཅིང་། དེང་དུས་མང་པོ་ཞིག་དེ་གཉིས་ཀྱི་རྗེས་སུ་འབྲིངས་ཏེ་ཞང་བོད་ཚིག་མཛོད་ཁ་ཤས་བསྒྲིགས་ཡོད་པ་དག་ལས་ཀྱང་དེ་ལྟར་རང་བཤད་འདུག མཁས་པ་འགའ་རེས་དེ་ལ་མི་འཐད་པའི་རྣམ་པ་བསྟན་ན་ཡང་གཏམ་ཅ་ཅོ་ཙམ་ལས། ཆེད་དུ་རྒྱུས་ལོན་བྱས་ཏེ་སྒྲུབ་བྱེད་བཀོད་པ་རབ་ཏུ་དབུལ་བས་རྗེས་སུ་ད་དུང་དཔྱད་བྱ་ཉིད་དུ་ལུས་པས། ད་ལྟའི་ཆར་ང་ཚོས་གུས་པ་འདོད་པ་ལྟར་ན་ཁྱུང་ནི“ཞུང”ཞེས་པའི་བརྡ་སྐད་ཀྱི་འགྱུར་ཡིན་པར་བཤད་ཆོག་པར་སྙམ་མོ།། དེ་བཞིན་ཞང་ཞུང་ཞེས་པ་ནི་བོད་སྐད་དུ་ཁྱུང་ལུང་ངམ་ཁྱུང་ཡུལ་ཞེས་པའི་དོན་ཡིན་པར་བཤད་ཅིང་། ཞང་ཞུང་རྒྱལ་ཁབ་འཇིག་སྟོང་གི་རྣམ་ཐར་འཆང་བ་དང་འགྲོགས་ཏེ། སྔར་ཞང་ཞུང་གི་ཡུལ་ཁམས་ཡོད་ཚད་བོད་བཙན་པོའི་མངའ་འོག་ཏུ་ཚུད་པ་ནས། མི་རིགས་སྤྱི་ཡི་འཇིག་སྟོང་གི་གཤིས་ལུགས་ལྟར་རིམ་གྱིས་ཞང་སྐད་རྣམས་ཀྱང་ནུབ་རིའི་ཕྱོགས་སུ་བཞུད་དེ་བོད་སྐད་དུ་འགྱུར་བ་དང་། ཡང་ན་ཞང་བོད་དང་འདྲིས་མར་བྱུང་བ་སོགས་ནི་ཏུན་ཧོང་གཏེར་ཡིག་ལས་ཅུང་ཟད་གསལ་ཐུབ༑ དེ་ཡང་ཏུན་ཧོང་གཏེར་ཡིག་ཨང་རྟགས་ལས་P:T 1287གསལ(11)བའི་སད་མ་ཀའི་མགུར་ལས་རྟོགས་ཐུབ། མགུར་འདི་ལ་བལྟས་ན་སྲོང་བཙན་སྐབས་ནས་ཞང་ཞུང་སྒོ་ཕུག་བར་གསུམ་ཏེ། སྟོད་ཁྱུང་ལུང་དངུལ་མཁར། བར་དང་ར་ཁྱུང་རྫོང་། སྨད་ཁྱུང་པོ་རི་བོ་རྩེ་དྲུག་ཅེས་ཞང་ཞུང་གི་ས་སྐོར་གཙོ་བོ་རྣམས་ཀྱང་ས་མིང་བོད་སྐད་དུ་འགྱུར་ཟིན་པ་དང་། ཞང་ཞུང་ས་ཁུལ་ལྟེ་བ་གསུམ་ཀར། ཁྱུང་ཞེས་པའི་ཐ་སྙད་རེ་སྦྱར་འདུག་པ་འདིས་ཞུང་དང་ཁྱུང་གཉིས་དོན་གཅིག་ཡིན་པའི་ཚུལ་ཅུང་ཟད་དཔག་ནུས་སམ་སྙམ༑

ཡུལ་མིང་ལ་ཞང་ཞུང་ངམ་ཁྱུང་ལུང་དང་ཡང་ན་ཁྱུང་ཡུལ་ཞེས་ཐོགས་པའི་རྒྱུ་མཚན་ནི«ཁྱུང་པོའི་གདུང་རབས་གསེར་སྒམ་མ།»ལས། “ཞང་ཞུང་གི་ཁ་ཡུག་མེ་ཏོག་མཛེས་པའི་གླིང་ལ། ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ལས་སྤྲུལ་པའི་བྱ་རྒྱལ་ཁྱུང་ཆེན་གསུམ་ལྔ་དྲོ་དར་གཅིག་ལ་བབ་ནས། སླར་འཕུར་ཏེ་དགུང་ལ་གཤེགས་སོ། དེ་ལ་ཡུལ་མི་རྣམས་ཀྱི་ལྟད་མོ་བལྟས་པས། མེ་ཏོག་གླིང་ལ་འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་ཆེན། སྤྱན་མིག་དམར་བ། རྭ་ཅོ་དང་ལྡན་པ། སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་འབར་བས་བརྒྱན་པ་གསུམ་བབས་པ་འདི་ཅི་ཡིན་ལྟས་པས། ཆོ་འཕྲུལ་ཡིན་ཞེས་ཀུན་ལ་དྲིས་པས། ཤས་ཆེ་རྒན་པ་རྣམས་ཀྱི་ན་རེ། ཁྱུང་མོ་ལ་གནམ་རུ་མེད་ཅིང་ཁྱུང་ཕོ་ལ་གནམ་རུ་གནམ་རུ་སྔོ་ཟང་ངེ་བ་ཡོད་པ་དེ་ནོར་བུའི་རྒྱན་དེ། ཁྱུང་པོ་ཁྱད་པར་ཅན་ཞིག་རེད་ཟེར། ཡུལ་དེ་ཁྱུང་པོ་ཟེར་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་།”(12)ཞེས་པའི་གཏམ་རྒྱུད་ཅིག་འབྱུང་བར། ད་ལྟའི་བར་དུ་མཁས་བླུན་སྤྱི་མང་གིས་དེ་རང་ཡིན་པར་བཞེད་ནས་དོགས་པ་ཙམ་ཡང་བྱུང་མེད་པ་འདྲ་ཡང་། ཁོ་བོས་ནི་གཏམ་རྒྱུད་འདི་ཙམ་ནི་ཐོག་མའི་ཞང་ཞུང་ངམ་ཁྱུང་ཡུལ་ཞེས་པའི་ཡུལ་མིང་གི་འབྱུང་ཁུངས་ལ་གཏུགས་ཆོག་པར་མི་འདོད༑ རང་རེ་གནའ་བོའི་དུས་ནས་བྱ་རྒྱལ་ཁྱུང་ལ་དད་མོས་དང་ཡིད་སྨོན་ཆེན་པོ་ཤོར་བའི་བསམ་པའི་འདུ་ཤེས་དང་། རིག་གནས་རྒྱབ་ལྗོངས་ཟབ་ཙམ་ཡོད་པའི་ཚུལ་ནི་འོག་ནས་བཤད་འདང་ཡོད་པས་དེ་དང་འབྲེལ་ནས་རྗེས་སུ་བྱུང་བ་ཞིག་ཡིན་ངེས་པའི་ལྟ་ཚུལ་ཞིག་ཁོ་བོར་སྐྱེས༑ དེར་བརྟེན་གནའ་བོའི་དུས་སུ་ཁྱུང་ལ་དད་འདུན་ཆེན་པོ་བྱས་པའི་ལྟ་ཚུལ་དེ་ལས་འཕྲོས་ཏེ་ཡུལ་མིང་ལ་སྔར་ནས་ཞང་ཞུང་ངམ། ཁྱུང་ལུང་དུ་གྲགས་པ་དེ་ལ་ཕྱིས་སུ་རྒན་པོ་རྣམས་ཀྱིས་བྱ་རྒྱལ་ཁྱུང་ཆེན་ཞིག་མེ་ཏོག་མཛེས་པའི་ཚལ་དུ་བབས་པའི་གཏམ་རྒྱུད་དེ་དག་བཟོས་སམ་སྙམ་དེ་མུ་ནས་དཔྱད་གཞིར་ངེས་སོ།།

གཞན་ཡང་བྱ་གྷ་རུ་ཊ་ཞེས་པ་ནི་རྒྱ་གར་གྱི་སྐད་ཅིག་ཡིན་པ་དང་དེ་ནི་ཁྱུང་གི་སྐད་དོད་ཡིན་ཚུལ་སོགས་དེང་དུས་ཞིབ་འཇུག་པ་དག་ལ་ཡོངས་སུ་གྲགས་པ་ལྟ་བུར་སྣང་ཡང་། ཁོ་བོས་ནི་བཤད་ཚུལ་དེ་ལ་དོགས་པ་ཅུང་ཟད་མི་འབྱུང་ག་མེད་བྱུང་༑ རྒྱུ་མཚན་ནི་སྤྱིར་རྒྱ་གར་སྐད་ཡིན་ཅེས་བཤད་པ་དེ་ལེགས་སྦྱར་སྐད་ཡིན་པར་བསྙད་ཀྱིན་པ་འདྲ་བས་དེང་དུས་རྒྱ་གར་ནང་དུའང་ཕལ་ཆེར་ནུབ་ཟིན་པའི་སྐད་ཡིག་དེ་ཉིད་ང་ཚོས་སྟབས་བདེའི་སྒོ་ནས་ངོས་ཟིན་པ་ཞིག་མིན་ལ། བདག་གི་དཔྱད་ཞིབ་བྱས་པ་ལྟར་ན་བྱ་གྷ་རུ་ཊ་ཞེས་པ་ནི་བོད་རང་གི་མིང་ཚིག་ཟུར་ཆགས་པ་ཞིག་ཡིན་པར་འདོད༑ བོན་གྱི་དཔེ་གཞུང་དག་ལས“རི་དྭགས་ཤར་བྱང་ཁྱུང་ཀ་རུ་དང་། སེང་གེ་གཡུ་འབྲུག་ཤང་ཤང་རྨ་བྱ་མཛེས།”ཞེས། བྱ་ཁྱུང་ཀ་རུ་དང་སྐབས་རེར་ཀ་ར་ཞེས་འབྱུང་བ་ལས་གྷ་རུ་ཞེས་པའི་ཐ་སྙད་འདི་ཉུང་ངུ་ཙམ་ཡིན་པ་དང་། དམངས་ཁྲོད་ངག་རྒྱུན་དུ་དཀར་པོ་ལ་དཀར་རོ་དང་ཀ་རོ་ལྟ་བུ་འབོད་སྲོལ་མ་ཉམས་པར་གནས་འདུག་པ་སོགས་ལ་བརྟག་ན། བྱ་ཁྱུང་ཀ་རུ་ཞེས་པ་ནི་བྱ་དཀར་རོའམ་དཀར་པོ་ཞེས་པའི་དོན་ཨེ་ཡིན་བསམ༑ དཀར་པོ་ལ་ཀ་རུ་ཞེས་འབོད་པ་ནམ་རྒྱུན་དམངས་ཁྲོད་ཁ་རྒྱུན་ཙམ་དུ་མ་ཟད“རྒྱའི་མཆོད་རྟེན་ཀ་རུ་ནས་གོ་སྡེ་འཕགས་པས་གཏེར་ཞལ་ཕྱེས”(13)ཞེས་དཔེ་རྙིང་འགའ་ཡི་མཛད་བྱང་ལ་ཡང་འཁོད་ཡོད་པ་རེད༑ ད་དུང་ཁྱུང་དཀར་ནག་སེར་གསུམ་གྱི་རྒྱུད་པ་གྲོལ་སའི་ས་གནས་དག་ལས། ཁྱུང་དཀར་པོའི་གདུང་རྒྱུད་དར་སའི་ས་མིང་ལ་ཁྱུང་པོ་ཀ་རུ་ཞེས་དེང་དུས་ཀྱང་འབོད་བཞིན་པ་ལྟར་རོ།། དེ་ཡང་གནའ་བོའི་མི་རྣམས་ཀྱིས་དད་མདུན་དང་ངོ་མཚར་ཆེས་ཆེར་བལྟས་སའི་བྱ་ཁྱུང་དེ་ཡང་དཀར་པོ་ཞིག་ཡིན་པར་བསྟན(14)པ་ལྟར། “དུང་ཁྱུང་དགུང་དུ་འཕུར་ཙ་ན། །དུང་གི་བྱ་བུན་ཉི་ལི་ལི། །དེ་ལ་དུང་གི་དམག་མི་འབུམ། །ཤར་ཕྱོགས་སྲུང་བའི་ཝེར་མ་ཡིན། །”(15)ཞེས་དགྲ་བླ་ཝེར་མའི་གཙོ་བོ་ཁྱུང་གི་མགོ་བོ་ཅན་དེ་ཡང་། དུང་མདོག་གམ་དཀར་པོ་ཞིག་ཡིན་པར་ཡིག་རྙིང་དག་ལས་ནམ་རྒྱུན་འབྱུང་བ་ལས་ཅུང་ཟད་དཔག་ནུས་པར་སྣང་ངོ་།། གཞན་ཡང་གྷ་རུ་ཊའམ་གྷ་རུ་ན་ནི་རྒྱ་གར་གྱི་སྐད་ཅིག་མིན་པར་བོད་ཀྱི་སྐད་ལས་སྒྲས་ཟུར་ཆགས་པ་ཡིན་པའི་ཚུལ་འདི་ནི། ད་སྔ་སུས་ཀྱང་བཤད་མ་མྱོང་པར་ཁོ་བོའི་ལྟ་བ་གསར་པ་ཞིག་ཀྱང་ལར་ནས་མ་ཡིན་ཏེ། «ཀུན་མཁྱེན་ཉི་མའི་རང་རྣམ་ཉི་མ་འབུམ་གྱི་འོད་ཅན།»ཞེས་པ་ལས་ཀྱང“ཀ་དང་ག་གཉིས་རླུང་ཡིག་སྡེ་ཚན་གཅིག་ཏུ་སོང་བས། དཔེར་ན། ཀ་རུ་ཎ་དང་གྷ་རུ་ན་ནི་མཁའ་ལྡིང་སྟེ། དོན་གཅིག་ཀྱང་སྒྲ་སོ་སོར་འབོད་པ་ལྟ་བུའོ།།”(16)ཞེས་སྔར་ནས་བཤད་མྱོང་བ་ཞིག་ཡིན༑ ༼རྩོམ་འདི་གུས་པའི་དཔྱད་རྩོམ«བྱ་རྒྱལ་ཁྱུང་དང་འབྲེལ་བའི་གཡུང་དྲུང་གི་རིས་དང་ཨཱོྂ་ཡིག་གི་གསང་བ་འཚོལ་བ།»ཞེས་པའི་ཚན་པ་དང་པོའི་ཚན་ཆུང་ཞིག་ཡིན།༽

དཔྱད་གཞིའི་ཁུངས་དང་མཆན།

(1) «ཀུན་མཁྱེན་ཉི་མའི་རང་རྣམ་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན།» [M] ༢༠༡༢ལོའི་ཟླ༩པར། མི་རིགས་དཔེ་དཔེ་སྐྲུན། P:35

(2) «ཀུན་མཁྱེན་ཉི་མའི་རང་རྣམ་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན།» [M] ༢༠༡༢ལོའི་ཟླ༩པར། མི་རིགས་དཔེ་དཔེ་སྐྲུན། P:35 “ཡང་གོང་དུ་བཤད་པའི་ཤད་ལས་སྐྱེས་ཀྱི་བུ། གཏི་མུག་ཅན་གྱི་སྟོབས་ལྡན་ཞེས་པ། གླང་པོ་ཆེ་རབ་བརྟན་ཡིན་ཏེ། དེ་དང་སྤྱི་རྗེ་ཁྱུང་ཆེན་འཚོས་པ་ལ། ངོ་མཚར་བྱོལ་སོང་སྡེ་གསུམ་བྱུང་བ་ནི། རྭ་ཅོ་ཅན་དང་། ཐོར་ཚུགས་ཅན་དང་། རྣ་མཆོག་ཅན་དང་གསུམ་མོ།།”ཞེས་སོ།།

(3) «མདོ་སྨད་ཀན་སུའུ་མདའ་ཚང་ཡུལ་གྱི་བོན་ཁྱིམ་དུ་ཉར་བའི་བོན་པོའི་ཡིག་ཆ་འགངས་ཆེན།» [G] པོད་དྲུག་པ། ༢༠༡༢ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P:17 པར། “མགོ་ར་འབྲུ་ལ་སྐྱེས་པའི་ཁྱུང་། ཀླུ་འདུལ་ཆེན་པོ་གཤེགས་སུ་གསོལ། དུག་འདུལ་ཆེན་པོ་གཤེགས་སུ་གསོལ། བྱེད་ཁྲོ་ཆེན་པོ་གཤེགས་སུ་གསོལ། སྲིད་པ་ཆེན་པོ་གཤེགས་སུ་གསོལ། བྱ་ཁྱུང་དཀར་པོ་གཤེགས་སུ་གསོལ། བྱ་ཁྱུང་དཀར་འོད་མདང་གསལ་གཤེགས་སུ་གསོལ། ཚངས་འཁོར་ཀླུ་འདུལ་གཤེགས་སུ་གསོལ། ཟིལ་གནོན་ཁ་འབར་གཤེགས་སུ་གསོལ། རིས་ལྟིང་ཆེན་པོ་གཤེགས་སུ་གསོལ། རུ་བཞི་སྤྲུལ་པ་ཁྱུང་ཡང་གཤེགས་སུ་གསོལ། མཛེ་འདུལ་ནད་འདུལ་ཁྱུང་ཡང་གཤེགས་སུ་གསོལ། ཞི་རྒྱས་དབང་དྲག་ཁྱུང་ཡང་གཤེགས་སུ་གསོལ། སྤྱི་འདུལ་ཁྱུང་ཡང་གཤེགས་སུ་གསོལ།”

(4) «སྲིད་པ་རྒྱུད་ཀྱི་ཁ་བྱང་།» “ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས།” [G] པོད་གསུམ་པ། དབུ་མེད་ལག་བྲིས་མ། ༢༠༡༢ལོའི་ཟླ་༥པར་པར་ཐེངས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P:13

(5) «ཀུན་མཁྱེན་ཉི་མའི་རང་རྣམ་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན།» [M] ༢༠༡༢ལོའི་ཟླ༩པར། མི་རིགས་དཔེ་དཔེ་སྐྲུན། P:54 “བཅུ་པ་ཁྱུང་ལ་བཅིབས་ནས་རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩེ་ལ་སྐད་འགྱུར་སོ་སོའི་ལུང་བསྟན”ཞེས་པ་ལྟ་བུ།

(6) «སྲིད་པ་རྒྱུད་ཀྱི་ཁ་བྱང་།» “ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས།” [G] པོད་གསུམ་པ། དབུ་མེད་ལག་བྲིས་མ། ༢༠༡༢ལོའི་ཟླ་༥པར་པར་ཐེངས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། “དེ་ལ་ཡང་ལི་ཤུ་སྟག་རིང་ཡིས་ཤག་བཏབ་པ། ངེད་བོན་པོ་ཕ་ཚན་སྐྲ་བཞག་ན། ཞིག་སྐྲ་ལྷབ་ལྷབ་འཁྱིལ་བ་དེ། ཁམས་སུམ་དབང་དུ་བསྡུ་བའི་རྟག དབུ་ལ་གཡུ་ཞུ་སྟག་ཞུ་ལ། བྱ་རུ་རྒོད་ཕོད་བརྒྱན་པ་འདི། སྦྲ་རེ་ཁ་ལོ་བསྒྱུར་བའི་ཕྱིར། ཁྱུང་དང་བོན་ལ་གཉའ་ནོན་མེད། གོས་ཆས་སྟག་གཟིག་ཐུལ་བ་དང་། གཅན་ཟན་དབྱི་སྤྱང་གྱོན་པ་འདི། སྤ་བརྗེད་ཕུ་ནུ་ཚོགས་པ་ཡིན། ངས་ཁ་ནས་བསྭོ་ཆ་ཧ་ལའི་སྒྲ། ཡེ་ནས་བསྲིད་པའི་བོན་སྒྲ་སྒྲོག”ཞེས་གསལ།

(7) «གེ་སར་སྒྲུང་གི་རིག་མཛོད།» [G] པོད་དང་པོ། ༡༩༩༦ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P:451

(8) «བོད་སྔ་རབས་ཀྱི་སྒྲུང་གི་བྱུང་བ་བརྗོད་པ་དགྲ་ལྷའི་དཔངས་བསྟོད།» “མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཆེད་མཁས་རིག་གཞུང་དཔེ་ཚོགས།” [M] ༢༠༡༦ལོའི་ཟླ་བཞི་པར་པར་ཐེངས་དང་པོ་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། P:87

(9) «སྔ་རབས་བོད་ཀྱི་བྱུང་བ་བརྗོད་པ་འབེལ་གཏམ་ལུང་གི་སྙིང་པོ།» “སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།” པོད་གསུམ་པ། [G] ༢༠༠༥ལོར་བར་ཡུལ་ཁྲི་བརྟན་ནོར་རྩེའི་དཔེ་མཛོད་ཁང་། P:16

(10) «ཞང་བོད་ལོ་རྒྱུས་གཟི་ཡི་ཕྲེང་བ།» “ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ།” [G] པོད་གཉིས། ༢༠༡༥ལོའི་ཟླ་བཅུ་གཉིས་པར་པར་ཐེངས་དང་པོ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P:1

(11) «གནའ་རྩོམ་གཅེས་བཏུས།» སྟོད་ཆ། [G] ༢༠༡༢ལོའི་ཟླ་༤པར་པར་ཐེངས་དང་པོ་མི་རིགས་དཔེ་སྐྲུན་ཁང་། P:133 “ཡུལ་གྱི་ནི་སྐལ་པོག་པ། ཁྱུང་ལུང་ནི་རྔུལ་མཁར་ཞིག མུ་སུ་ནྀ་ངམ་ན་རེ། པྱི་བལྟས་ནྀ་ངམ་དང་བྲག ནང་བལྟས་ནི་གསེར་དང་དབྱིག”ཞེས་གསལ།

(12) «ཁྱུང་པོའི་གདུང་རབས་གསེར་སྒམ་མ།» [OL] ༢༠༡༤ལོའི་ཟླ་གསུམ་པར“ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས”སུ་གསལ།

(13) «ལེགས་བཤད་མཛོད།» [G] “ཀུན་མཁྱེན་ཤར་རྫའི་གསུང་འབུམ།—པོད་ལྔ་པ།” ༢༠༡༦ལོའི་ཟླ༤པར། གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་། P:306

(14) «བསང་མཆོད་ཕྱོགས་བསྒྲིགས།» [G] ༢༠༠༣ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། P:99 “དཔག་བསམ་ནམ་མཁའི་ཀློང་རུམ་དུ། །དུང་སྐྱོང(ཁྱུང་)དཀར་པོ་ཡེ་ནས་སྲིད། །ཞལ་གྱི་རླངས་པ་རླུང་ལྟར་འཕྱོ། །ནམ་མཁའི་མཐོང་ནས་སྤྲིན་ལྟར་འཕྲོ། །”ཞེས་པ་ལྟ་བུ།

(15) «བོད་སྔ་རབས་ཀྱི་སྒྲུང་གི་བྱུང་བ་བརྗོད་པ་དགྲ་ལྷའི་དཔངས་བསྟོད།» “མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཆེད་མཁས་རིག་གཞུང་དཔེ་ཚོགས།” [M] ༢༠༡༦ལོའི་ཟླ་བཞི་པར་པར་ཐེངས་དང་པོ་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། P:244

(16) «ཀུན་མཁྱེན་ཉི་མའི་རང་རྣམ་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན།» [M] ༢༠༡༢ལོའི་ཟླ༩པར། མི་རིགས་དཔེ་དཔེ་སྐྲུན། P:155

广告位招租