སྤྱིར་བཤད་པ།

བོད་ལ་རིག་གཞུང་སྤུས་དག་པོ་ཞིག་ཡོད་ལ། རིག་གཞུང་རེ་རེ་ནི་ཐ་སྙད་རེ་རེས་ཉེ་བར་མཚོན་ཡོད། ཐ་སྙད་རེ་རེའི་མཚོན་སྟོབས་ཧ་ཅང་ཆེ་བས་བོད་ཀྱི་ཐ་སྙད་ཙམ་བཀོལ་སྤྱོད་བྱེད་པར་ངེས་པར་གཟབ་ནན་བྱེད་དགོས་ངེས་ཤིག་ཏུ་མཐོང་།

བོད་ཀྱི་ཐ་སྙད་རེ་འགའ་དོན་གཅིག་ཡིན་ནའང་འདོགས་ཚུལ་གྱི་ཁྱད་པར་མི་འདྲ་བ་འགའ་ཞིག་ཡོང་ངེས་ལ། ཐ་སྙད་དེ་དག་འདོགས་ཐབས་དང་བཏགས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཀྱང་ཕལ་ཆེར་མི་འདྲ་ཞེས་སྨྲ་ཆོག་པ་ཡིན།

དཔེར་ན། ངས་འདིར་འབྲི་བཞིན་པའི་སྔོན་འཇུག་དང་འཕུལ་བྱེད་གཉིས་དོན་གཅིག་ཀྱང་གདག་གཞིར་བཏགས་པའི་དགོས་པ་མི་འདྲ་ལ། བཏགས་པའི་བྱུང་རིམ་ཡང་མི་འདྲ། རྗེས་འཇུག་དང་མཐའ་རྟེན་ཡང་དེ་བཞིན་རེད།

དེ་ལྟར་ད་སྐབས་བོད་ཀྱི་སྤྱི་ཚོགས་ཁྲོད་སྤྱོད་སྒོ་ཆེས་ཆེ་བ་ནི། སྔོན་འཇུག་དང་རྗེས་འཇུག་ཅེས་པ་དེ་ཡིན་མོད། འཕུལ་རྟེན་ཞེས་པ་ནི་བསྟན་བཅོས་སུ་མཐོང་རྒྱུ་ཡོད་པ་ཙམ་ལས་མང་ཚོགས་སྤྱིའི་ངག་ཐོག་ཏུ་ཡོད་པའི་ཐ་སྙད་ཅིག་མ་རེད།
དེའི་ཕྱིར་ཐ་སྙད་འདི་ག་དུས་ཤིག་ལ་བྱུང་བ་དང་། ཅིའི་ཕྱིར་བཏགས་པ། བཏགས་པའི་རྣམ་གྲངས་ཅི་ཡོད་སོགས་ཀྱི་དབྱེ་ཞིབ་བྱས་པའི་བརྩམས་ཆོས་ཤིག་ཕལ་ཆེར་མེད་ཚོད་གདའ། དེ་ལྟར་ཕྲན་གྱིས་འདིའི་སྐོར་གྱི་དཔྱད་གཏམ་ཐུང་ངུ་ཞིག་སྤེལ་འདོད་ཀྱི་འདུན་པ་རབ་ཏུ་ཆེ་མོད། གཟུར་གནས་མཁས་པ་ལ་ཕན་ཐོགས་པའི་ལེགས་བཤད་མེད་ལ། བླུན་པོའི་སྣེ་ཁྲིད་ཐུབ་པའི་གཏམ་རྡོག་པོ་ཞིག་ཀྱང་མེད་ངེས། འོན་ཀྱང་རང་གི་ཐོས་པ་རྒྱ་བསྐྱེད་ཡོང་སླད་འདིའི་སྐོར་ཉུང་ཟད་ཅིག་གླེང་འདོད་པའོ།།

 

གཅིག སྔོན་རྗེས་ཞེས་པའི་ཐ་སྙད་ཀྱི་སྐོར།

སྔོན་འཇུག་དང་རྗེས་འཇུག་ཅེས་པའི་ཐ་སྙད་འདི་སྤྱོད་སྒོ་ཧ་ཅང་ཆེ་མོད། ཐ་སྙད་དེ་གཉིས་ག་དུས་ཤིག་ལ་བྱུང་མིན་གྱི་ཁ་ཚོན་ནི་ཧ་ཅང་གཅོད་དཀའ། སུམ་ཅུ་པའི་གཞུང་དུ་དེ་ལས་རྗེས་འཇུག་བཅུ་ཡིན་ཏེ།། དེ་ལས་ལྔ་ནི་སྔོན་དུའང་འཇུག།། ཅེས་པའི་སྔོན་རྗེས་ཀྱི་མིང་གི་ཐ་སྙད་གསལ་པོ་ཡོད་མོད། ད་ཡོད་ཀྱི་སུམ་ཅུ་པའི་ཚིག་རིས་དེ་ཐོན་མིའི་སྐབས་ཀྱི་ཚིག་རིས་ངོ་མ་ཡིན་མིན་བཤད་དཀའ། རྒྱུ་མཚན་ནི། སུམ་ཅུ་པ་ནི་སྐད་གསར་བཅད་ཆེན་པོ་གསུམ་གྱི་རིམ་པའི་འོག་ནས་བྱུང་ཡོད་ངེས་པས། སྐད་གསར་བཅད་ཀྱི་ཤན་ཤུགས་རྩ་བ་ནས་མེད་ཅེས་འཆད་ཐུབ་རྒྱུ་ཁག་པོ་རེད།

རྒྱུ་མཚན། སྐད་གསར་བཅད་ཅེས་པ་ནི། རྒྱུན་སྤྱོད་ཀྱི་སྐད་ཆ་སྟེ། ཡུལ་མི་རང་བཞིན་པའི་སྐད་ལ་གསར་བཅད་བྱས་པ་མ་ཡིན་པར་གཞུང་ལུགས་ཀྱི་རྣམ་པའི་གྲུབ་ཆའི་ཐ་སྙད་དག་ལ་གསར་བཅད་ཀྱི་བགྱི་བ་སྤེལ་བ་ཡིན་ཙ་ན། སུམ་ཅུ་པ་ལའང་སྐད་གསར་བཅད་ཀྱི་ཤན་ཡོད་དགོས་ངེས་ཤིག་ཏུ་མཐོང་། དེའི་ཕྱིར་སུམ་ཅུ་པའི་སྔོན་རྗེས་ཀྱི་ཐ་སྙད་དེ་ཐོན་མིའི་སྐབས་ནས་ཡོད་པ་ཞིག་ཡིན་མིན་མི་ཤེས། འོན་ཀྱང་བརྡ་དག་རྙིང་པ་དག་ལ་བལྟས་ན་ནི། འཕུལ་རྟེན་གྱི་ཐ་སྙད་འདི་གསལ་པ་ལས། སྔོན་རྗེས་ཀྱི་ཐ་སྙད་སྤྱོད་པ་ཉུང་མོད། འཕུལ་རྟེན་གྱི་སྐོར་འོག་ཏུ་དཔྱད།

གཉིས། སྔོན་རྗེས་ཞེས་པའི་མིང་ཇི་ལྟར་བཏགས་པ།

བོད་ཀྱི་རིག་པའི་གཞུང་ལུགས་ལ་འགྲེལ་བཤད་ཀྱི་བསྟན་བཅོས་ཆེས་མང་བ་ནི། སུམ་རྟགས་གཉིས་ཡིན་ཞེས་ཀུན་ཀྱིས་སྨྲ་མོད། སྔོན་རྗེས་ཞེས་མིང་བཏགས་དོན་འཚོལ་མཁན་ནི་ཕལ་ཆེར་མེད་ཚོད་དུ་གྱུར་ཡོད། ཡིན་ཡང་གོ་དོན་དང་སྒྲ་བཤད་འདྲེས་མའི་ཚུལ་གྱིས་སྔོན་རྗེས་ལ་འགྲེལ་བཤད་བསྐྱོན་མཁན་ཧ་ཅང་མང་མོད། སྒྲ་བཤད་རྐྱང་པའི་ལམ་ནས་མིང་དེ་ལྟར་བཏགས་པའི་དགོས་པ་གསུངས་པ་ཞིག་སྔོན་རབས་བརྡ་འགྲེལ་བསྟན་བཅོས་ཁག་ཏུ་ཕྲན་གྱི་མིག་གི་སྤྱོད་ཡུལ་དུ་མ་གྱུར།

ཡིན་ཡང་དེང་གི་བརྡ་སྤྲོད་སྨྲ་བའི་དབང་པོ་ལྕགས་ཐར་རྒྱལ་གྱིས་ག་ད་བ་མ་འ་རྣམས་ལ་གང་ལ་འཇུག་པའི་གནས་ཀྱི་སྒོ་ནས་སྔོན་འཇུག་[1]ཅེས་དང་། ཡང་ག་ང་ད་ན་བ་མ་འ་ར་ལ་ས་བཅུ་ལ་རྗེས་འཇུག་ཟེར་བ་བ་ནི་འཇུག་ཡུལ་གྱི་ཆ་ནས་བཏགས་[2]ཞེས་སྔོན་རྗེས་ཀྱི་མིང་ཇི་ལྟར་བཏགས་པའི་རྒྱུ་མཚན་འཆད་པ་ནི་ཁ་གསལ་ཤོས་རེད་སྙམ། གང་ལྟར་སྔོན་རྗེས་ཞེས་པའི་ཐ་སྙད་བེད་སྤྱོད་རྒྱུགས་ཤོས་ནི། བརྡ་སྤྲོད་སུམ་ཅུ་པའི་འགྲེལ་བ་དག་ཡིན་ལ། སུམ་ཅུ་པའི་འགྲེལ་བཤད་སྔ་བ་དབུས་པ་བློ་གསལ་གྱི་སུམ་འགྲེལ་དུ་ཡང་སྔོན་རྗེས་ཐ་སྙད་བཀོལ་སྤྱོད་བྱས་ཡོད། སུམ་འགྲེལ་ཏུ་མ་གཏོགས་པའི་བོད་ཀྱི་བརྡ་དག་གི་གཞུང་སྔ་མ་འགའ་ཞིག་ཏུ་སྔོན་རྗེས་ཀྱི་ཐ་སྙད་རྩ་བ་ནས་མ་སྤྱད་པར། དེའི་ཚབ་ཏུ་འཕེལ་རྟེན་གྱི་ཐ་སྙད་བཀོལ་ཡོད།

 

གསུམ་པ། འཕུལ་རྟེན་གྱི་སྐོར་བཤད་པ།

འཕུལ་རྟེན་ཞེས་པའི་མིང་བརྡ་ལ་འགྲེལ་བཤད་མ་ཤེས་པའི་སྔོན་དུ་འདི་ག་དུས་ཤིག་ནས་བེད་སྤྱོད་བྱས་ཡོད་མེད་ངོས་འཛིན་རྒྱུ་གལ་ཆེན་ཡིན། དེའི་ཕྱིར་ན། བདག་གི་མཐོང་ཡུལ་དུ་གྱུར་པའི་བརྡ་དག་གཞུང་གི་ཆེས་སྔ་པ་ནི། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་དག་ཡིག་ཉེར་མཁོ་བསྡུས་པ་ཞེས་པའི་གཞུང་འདི་ཡིན། གཞུང་དེར་སྔོན་རྗེས་ཞེས་པའི་ཚབ་ཏུ་འཕུལ་རྟེན་གྱི་ཐ་སྙད་བེད་བྱས་ཡོད། འཕུལ་དང་རྟེན་གྱི་སྤངས་བླང་དང་། ། ཞེས་དང་། སྔོན་འཇུག་ལྔ་ལ་འཕུལ་ཡིག་ལྔ་དང་།  རྗེས་འཇུག་བཅུ་ལ་མཐའ་རྟེན་བཅུ[3]།།ཞེས་སོགས་རྒྱ་ཆེར་བཀོལ་སྤྱོད་བྱས་ཡོད། དེ་བཞིན་འཕུལ་ཡིག་དང་མཐའ་རྟེན་སྦྱར་རུང་བ་དང་མི་རུང་བ་རྣམ་པར་དབྱེ་བ་བསྟན་པའི་ཕྱིར་སྨྲས་པ་[4]ཞེས་སོགས་གསུངས་པ་ལས་སྔོན་རྗེས་ཀྱི་ཐ་སྙད་ཕལ་ཆེར་བེད་སྤྱོད་བྱས་མེད་པར་སྣང། རྔོག་ལོ་ནི་སུམ་རྟགས་ཀྱི་འགྲེལ་མཛད་དག་ལས་ཀྱང་སྔ་བར་སོང་། ཁོང་གིས་སྔོན་རྗེས་ཞེས་ཟུར་ཙམ་ཡང་མ་གླེང་བར་འཕུལ་རྟེན་ཞེས་པ་རྒྱ་ཆེར་སྤྱོད་པར་ངེས་པ་བསམ་གཞིག་དགོས་ངེས་ཤིག་ཏུ་མཐོང་།

དེའི་རྗེས་ཀྱི་བརྡ་དག་གི་སྔ་ཤོས་ནི། ས་སྐྱ་བསོད་ནམས་རྩེ་མོའི་བྱིས་པ་བདེ་འཇུག་ཡིན་ལ། གཞུང་དེ་རུ་ཡང་སྔོན་རྗེས་ཀྱི་ཐ་སྙད་ཙམ་ཡང་མ་བཀོལ་བར་འཕུལ་རྟེན་གྱི་མིང་རྒྱ་ཆེར་བེད་སྤྱོད་བྱས་ཡོད། སྔོན་འཇུག་ལ་འཕུལ་བར་བྱེད་པའི་ཡི་གེ་ལྔ་[5]ཞེས་དང་། ག་ང་ད་ན་བ་མ་ར།། ལ་ས་ཞེས་བྱ་བའི་ཡི་གེ་དགུ་པོ་དེ་ཡི་གེ་ཐམས་ཅད་ལ་འཇུག་པའི་མཐའ་རྟེན་[6]ཞེས་གསུངས་ཡོད། སྔོན་འཇུག་ར་ལ་གཉིས་ལ་འཇུག་པའི་སྐབས་སུ་ར་ལ་གཉིས་ལ་རྐྱང་པའི་མི་འཇུག་ཀྱང་བརྩེགས་མའི་འཇུག་པའི་ཚུལ་ལ། རྐྱང་བ་མི་འཕུལ་བརྩེགས་མ་འཕུལ[7]ཞེས་དང་། མཐའ་རྟེན་ཟུར་ཕྱིན་རབ་ཏུ་བསླབ།།[8] ཞེས་སོགས་འཕུལ་རྟེན་གྱི་ཐ་སྙད་མཐའ་ཡས་པ་ཞིག་བྱུང་ཡོད་ནའང་སྔོན་རྗེས་ཀྱི་མིང་ཟུར་ཙམ་ཡང་བཀོལ་སྤྱོད་བྱས་མེད།

ཐ་ན་གཞུང་འདིར་སྔོན་རྗེས་ཀྱི་ཐ་སྙད་མ་ཟད། ཡང་འཇུག་ལའང་རྒྱུན་ལྟར་ཡང་འཇུག་ཅེས་བེད་སྤྱོད་བྱས་མེད་དེ། ཡང་འཇུག་སའི་རྗེས་ཡུལ་གྱི་རྗེས་འཇུག་ངོས་འཛིན་པའི་སྐབས་ས་ནི་ག་ང་བ་མ་སྟེ། །བཞི་ལ་མཐའ་རྟེན་གཉིས་པ་འཇུག་[9]ཅེས་ཡང་འཇུག་ལ་མཐའ་རྟེན་གཉིས་པ་ཞེས་གསུངས་པ་ལས་ཡང་འཇུག་ཅེས་མ་གསུངས་པ་ངེས་དགོས།

དེ་བཞིན་དུ་ས་སྐྱ་པཎ་ཆེན་གྱིས་བརྩམས་པའི་དག་ཡིག་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་རྒྱས་བསྡུས་གཉིས་ཡོད་པ་ལས། བསྡུས་པའི་ནང་དུ་ག་ད་བ་མ་འ་རྣམས་ལ་འཕུལ་བྱེད་ལྔ་རུ་གྲགས་[10]པར་གསུངས་ཡོད་ལ། དེ་བཞིན་རྗེས་འཇུག་གི་ག་ང་ད་ན་བ་མ་ར་ལ་ས་བཅས་ལ་མཐའ་རྟེན་དགུ་དང་། འ་མཐའ་རྟེན་ཕྱེད་དུ་འདོད་[11]ཚུལ་བཅས་གསུངས་ཡོད། གཞུང་འདིར་སྔོན་རྗེས་ཀྱི་འཇུག་ཚུལ་མང་དུ་གསུངས་ཡོད་ནའང་འཕུལ་རྟེན་ཞེས་གསུངས་ཡོད་པ་ལས་སྔོན་རྗེས་གསུངས་མེད།  ཡིན་ཡང་སྔོན་འཇུག་ལྔ་དང་མཐའ་རྟེན་བརྒྱད།།ཅེས་སྔོན་འཇུག་ཐ་སྙད་འདི་བཀོལ་ཡོད་པ་ཡིན།

དེ་བཞིན་ཁོང་གིས་མཛད་པར་གྲགས་པའི་དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ་ཞེས་པ་ནི་ཚིག་རིས་མང་ཆེ་བ་ཞིག་རྔོག་ལོ་ཙཱ་བའི་དག་ཡིག་ཉེར་མཁོ་དང་ཧ་ཅང་འདྲ་ཆེ་མོད། རྔོག་ལོའི་དག་ཡིག་པར་བཤུས་བྱས་པ་རེད་ཅེས་སྨྲ་མི་སྤོབས།  གང་ལྟར་གཞུང་དེར་ཡང་སྔོན་འཇུག་ལ་འཕུལ་ཡིག་ལྔ་དང་རྗེས་འཇུག་བཅུ་ལ་མཐའ་བརྟེན་བཅུ་[12]ཞེས་སོགས་རྒྱ་ཆེར་གསུངས་ཡོད་མོད། སྔོན་རྗེས་ཀྱི་ཐ་སྙད་བེད་སྤྱོད་བྱས་མེད། འདི་དག་ནི་སུམ་རྟགས་ཀྱི་འགྲེལ་བ་ལ་སྔ་བ་དབུས་པ་བློ་གསལ་སོགས་ཀྱི་སུམ་འགྲེལ་ལས་སྔ་བའི་བརྡ་དག་གི་གཞུང་ཡིན་པ་དང་། བོད་སིལ་བུ་ནས་གཅིག་གྱུར་མ་ཆགས་བར་གྱི་བརྡ་དག་གི་གཞུང་གཙིགས་ཆེན་རེ་ཡིན་པས་འདི་དག་ཏུ་སྔོན་རྗེས་ཀྱི་ཐ་སྙད་མ་བྱུང་བར། འཕུལ་རྟེན་གྱི་ཐ་སྙད་རྒྱ་ཆེར་བེད་སྤྱོད་གནང་བ་ལ་ངེས་པར་ཐུགས་བསམ་དགོས།

 

བཞི་པ།  འཕུལ་རྟེན་ནས་སྔོན་རྗེས་སུ་འགྱུར་མཚམས།

སུམ་རྟགས་ཀྱི་འགྲེལ་བཤད་ཕལ་ཆེ་བ་སུམ་ཅུ་བའི་སྐབས་ཀྱི་དེ་ལ་རྗེས་འཇུག་བཅུ་ཡིན་ཏེ།། ཞེས་པ་དང་། དེ་ལས་ལྔ་ནི་སྔོན་དུའང་འཇུག།། ཅེས་པ་དང་། རྟགས་འཇུག་སྐབས་ཀྱི་སྔོན་འཇུག་ཡི་གེ་ལྔ་བོ་ལ།། ཞེས་པ་དང་། རྗེས་འཇུག་ཡི་གེ་བཅུ་པོ་ལ།། ཞེས་སོགས་ཀྱི་ཚིག་ལ་འགྲེལ་བཤད་བསྐྱོན་ཏེ། སྔོན་རྗེས་ཀྱི་ཐ་སྙད་ཕོན་ཆེར་བེད་སྤྱོད་བྱས་ཡོད། ཡིན་ཡང་འགྲེལ་བཤད་དེ་དག་མ་བྱུང་གོང་གི་བརྡ་དག་གི་ཁྲོད་དུ་ཡང་སྔོན་རྗེས་ཞེས་པའི་ཐ་སྙད་མེད་པ་མིན་ཏེ།བོད་སིལ་བུའི་སྐབས་སུ་ཡང་མཐའ་རྟེན་བཅུ་ལ་རྗེས་འཇུག་ཡི་གེ་བཅུ་དང་། འཕུལ་བྱེད་ལྔ་ལ་སྔོན་འཇུག་ལྔ་[13]ཞེས་གསལ་པོ་གསུངས་ཡོད་མོད། ཡང་དེ་དག་མིང་གཞི་ལ་བཀོལ་སྤྱོད་བྱེད་པའི་ཚེ་འཕུལ་རྟེན་གྱི་ཐ་སྙད་བཀོལ་ཡོད།

གང་ལྟར་ཡང་དག་ཡིག་སྡེབ་སྦྱོར་རྒྱ་མཚོ་རྒྱས་པ་ཞེས་པའི་གཞུང་འདིར་གོང་དུ་དྲངས་པའི་བརྡ་དག་གཞན་དང་མི་འདྲ་བར་སྔོན་རྗེས་དང་འཕུལ་རྟེན་གྱི་ཐ་སྙད་སྤེལ་མར་བྱུང་ཡོད་པས་ཐ་སྙད་འདི་དག་རེས་མོས་ཀྱིས་བཀོལ་ཚུལ་འདི་ནས་འགོ་ཚུགས་པ་རེད་ཅེས་བཤད་ན་ཆོག་པར་སྙམ། རྒྱུ་མཚན་ནི། བཙན་པོའི་སྐབས་ཀྱི་སུམ་རྟགས་ཀྱི་གཞུང་དུ་སྔོན་རྗེས་ཀྱི་ཐ་སྙད་རྐྱང་པ་བེད་སྤྱོད་བྱས་པ་ལས་འཕུལ་རྟེན་གྱི་སྒྲ་ཟུར་ཙམ་ཡང་མེད་པ་དང་། སིལ་བུའི་སྐབས་ཀྱི་བརྡ་དག་གི་གཞུང་གྲགས་ཆེ་བ་སྟེ། རྔོག་ལོའི་བརྡ་དག་ཉེར་མཁོ་བསྡུས་པ་དང་། ས་སྐྱ་བསོད་ནམས་རྩེ་མོའི་བྱིས་འཇུག་རྣམས་སུ་འཕུལ་རྟེན་གྱི་སྒྲ་གསལ་པ་ལས་སྔོན་རྗེས་ཀྱི་ཐ་སྙད་ཟུར་ཙམ་ཡང་བྱུང་མེད་པས་སོ།།

 

ལྔ་པ། འཕུལ་རྟེན་གྱི་མིང་གི་རྣམ་གྲངས།

སྔོན་འཇུག་ལ་འཕུལ་ཞེས་འབྲི་ཚུལ་དེ་ཕལ་ཆེར་གཅིག་མཐུན་ཡིན་མོད། རྗེས་འཇུག་ལ་རྟེན་ཞེས་པའི་སྐབས་སུ་རྟེན་ལ་འཕུལ་བྱེད་བ་འབྲི་མཁན་ཡོད། རྔོག་ལོའི་བརྡ་དག་ཉེར་མཁོ་ལག་བྲིས་མ་ཞིག་ཏུ་རྟེན་ཞེས་པ་ལ་འཕུལ་བྱེད་བ་བྲིས་ཏེ། བརྟེན་ཞེས་བྲིས་ཡོད་ནའང་རྔོག་ལོའི་དག་ཡིག་ཚང་མ་དེ་འདྲ་མ་མིན་པར་ངེས། རྟེན་དང་བརྟེན་[14]གཉིས་སྤེལ་མར་བྲིས་པ་དེ་འདྲ་ཡང་ཡོད།

གང་ལྟར་སྔོན་འཇུག་ལ་འཕུལ་[15]དང་། འཕུལ་ཡིག[16]  འཕུལ་བྱེད།[17] འཕུལ་བ་[18]བཅས་སུ་བེད་སྤྱོད་བྱས་ཡོད་ལ། རྗེས་འཇུག་ལ་ཡང་རྟེན་[19]དང་། མཐའ[20]། མཐའ་རྟེན། [21]མིང་མཐའ[22]། འཇུག་པ་[23]རྣམས་སུ་བཀོལ་ཡོད།

གང་ལྟར་བརྡ་སྤྲོད་ཀྱི་འགྲེལ་མཛད་ཕྱི་མ་དག་གིས་སྔོན་རྗེས་ཀྱི་གྲངས་འདྲེན་བྱེད་སྐབས་སྔོན་རྗེས་ཞེས་བེད་སྤྱོད་གནང་བཞིན་ཡོད་པ་དང་། སྔོན་རྗེས་མིང་གཞི་གང་རུང་གི་སྔ་རྗེས་སུ་འཇུག་སྐབས་འཕུལ་རྟེན་ཞེས་བཀོལ་མེད་དམ་སྙམ་པའི་སྣང་ཚུལ་བྱུང་།

 

དྲུག་པ། འཕུལ་རྟེན་གྱི་སྒྲ་བཤད།

སྤྱིར་སྔོན་འཇུག་དང་རྗེས་འཇུག་ཅེས་སྨྲ་ཚེ་ལམ་སང་རང་འཇུག་གཞིའི་ཡི་གེ་རྣམས་ཀྱི་སྔ་རྗེས་སུ་འཇུག་པའི་ཆ་ནས་མིང་དེ་ལྟར་བཏགས་པ་ངེས་ལ། བརྡ་སྤྲོད་སྨྲ་བའི་དབང་པོ་ལྕགས་ཐར་རྒྱལ་མཆོག་གིས་ཀྱང་སྔོན་རྗེས་ཞེས་པ་ནི་འཇུག་ཡུལ་ལམ་འཇུག་གནས་[24]ཀྱི་ཆ་ནས་བཏགས་ཞེས་ཁ་གསལ་ངང་གསུངས་ཡོད་ལ། དེ་བཞིན་འཕུལ་རྟེན་ཞེས་པ་ལ་ཡང་མཁས་པའི་དབང་པོ་ཁོང་གིས་སྔོན་རྗེས་ཀྱི་ནུས་པའི་ཆ་ནས་བཏགས་པའི་མིང་ཡིན་[25]ཞེས་གསུངས་ཡོད། གསུང་མོལ་འདིས་ང་ཚོའམ་ཡང་ན་བརྡ་སྤྲོད་སྨྲ་བའི་ཁྲོད་དུ་བསམ་གཞིགས་ཀྱི་སྒོ་མོ་ཆེས་ཆེར་བྱས་ཡོད།

ནམ་རྒྱུན་འུ་ཚོའི་སྒྲ་རིག་སྨྲ་བ་དང་། བརྡ་སྤྲོད་འཆད་ཁྲིད་བྱེད་པའི་དགེ་རྒན་མང་པོ་ཞིག་གིས་སྔོན་འཇུག་དང་འཕུལ་བྱེད་དང་། རྗེས་འཇུག་དང་མཐའ་རྟེན་ཕན་ཚུན་མིང་གི་རྣམ་གྲངས་ཡིན་པ་ཙམ་ལས། མིང་རེ་རེའི་ཁྱད་པར་དང་སྒྲ་བཤད་སོགས་ཕལ་ཆེར་མེད་ཚོད་རེད་སྙམ་ཡོད། དེའི་ཕྱིར་ན་སྔོན་འཇུག་ལ་འཕུལ་བྱེད་དང་། རྗེས་འཇུག་ལ་མཐའ་རྟེན་ཞེས་པའི་ཐ་སྙད་དག་ཕན་ཚུན་གདག་གཞིའི་དོན་གྱི་ཆ་ནས་གཅིག་པ་ཡིན་ནའང་། འདོགས་ཚུལ་གྱི་ཆ་ནས་ཁྱད་པར་ཆེན་པོ་ཡོད་པ་ངེས་དགོས།

སྨོན་ལམ་ཚིག་མཛོད་དུ་འཕུལ་ཞེས་པ་གཟུགས་མི་འགྱུར་བའི་བྱ་ཚིག་གཅིག་སྟེ། ཕྱོགས་ངོས་གཅིག་ནས་ཕར་གཏད་པའི་དོན་ཞེས་འཆད་ཡོད། དེ་ལྟར་ན་སྤྱིར་བྱ་ཚིག་གི་རྣམ་གཞག་འཕོ་འགྱུར་གཏོང་བྱེད་གཙོ་བོ་ནི། སྔོན་འཇུག་གམ་འཕུལ་བྱེད་ལྔ་ཡིན་ཏེ། རྟགས་འཇུག་རྩ་བ་ལས། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར།། ཞེས་རྗེས་འཇུག་དེ་ཉིད་རང་གི་འཇུག་གཞིར་སྦྱར་རྗེས། དེས་དུས་གསུམ་དང་བདག་གཞན་གང་སྟོན་གྱི་ནུས་པ་འདོན་བྱེད་སྔོན་འཇུག་ལ་ལྟོས་དགོས་པར་གསུངས་པས། སྔོན་འཇུག་དག་ལ་འཕུལ་བྱེད་ཅེས་བཏགས་ན་འོས་ཤིང་འཚམས།

དེ་བཞིན་རྟེན་ཞེས་པ་ནི་རྟེན་དང་བརྟེན་པའི་རྟེན་སྟེ། ཚེག་ཁྱིམ་གཅིག་གི་མཐའ་མའི་རྟེན་བྱེད་པས་མཐའ་རྟེན་[26]ཞེས་འདོད་པ་ཡོད་ལ། དེ་བཞིན་དུ་ཡི་གེ་དུ་མ་ཚེག་ཁྱིམ་གཅིག་ཏུ་འདུས་པའི་སྒྲ་དང་དོན་གྱི་རྟེན་ནི་རྗེས་འཇུག་གིས་བྱེད་[27]པས་མཐའ་རྟེན་དུ་འདོད་པ་ཡང་ཡོད།

མདོར་ན། སྔོན་འཇུག་ལ་འཕུལ་བྱེད་དང་། རྗེས་འཇུག་ལ་མཐའ་རྟེན་ཞེས་གསུངས་པ་ནི། ནུས་པའམ་བྱེད་ལས་ཀྱི་ཆ་ནས་བཏགས་ནི་གསལ་པོ་རེད་སྙམ། ཡིན་ཡང་སྔོན་འཇུག་ལ་འཕུལ་བྱེད་ཅེས་བཏགས་པ་ནི། སྔོན་འཇུག་རྣམས་མིང་གཞིར་སྦྱར་བའི་ཚེ། མིང་གཞིའི་སྒྲ་ལ་འགྱུར་བའི་ཆ[28]་ཙམ་ལ་གོ་རྒྱུ་མ་ཡིན་པར་སྔོན་འཇུག་ལྔ་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་སྔོན་དུ་འཇུག་པའི་ཚེ་མིང་གཞི་དེའི་སྒྲ་ལ་འགྱུར་བ་གཏོང་བར་མ་ཟད། རང་ཉིད་གང་ལ་ཞུགས་པའི་མིང་དེས་བདག་གཞན་དུས་གསུམ་གྱི་ངོ་བོ་གང་ཞིག་ཏུ་འཕོ་འགྱུར་འགྲོ་མིན་བལྟ་སའི་གཞི་གཙོ་བོ་ཡང་སྔོན་འཇུག་ཡིན་པས་དེ་ལ་འཕུལ་བྱེད་ཅེས་མིང་བཏགས་པར་འདོད།

མིང་གཞིའི་སྒྲ་ལ་འགྱུར་བ་གཏོང་བ་དང་། བྱ་ཚིག་དེས་བདག་གཞག་དུས་གསུམ་གང་ཞིག་སྟོན་མིན་གྱི་ལས་འགན་ནི་སྔོན་འཇུག་ལ་ཡོད་པས་རྟགས་འཇུག་རྩ་བར་སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར།། ཞེས་པའི་ཚིག་འདི་བྱུང་བར་འདོད། དེ་བཞིན་རྗེས་འཇུག་ལ་ཡང་མཐའ་རྟེན་ཞེས་པ་ཚེག་ཁྱིམ་གཅིག་གི་མཐའ་མའི་རྟེན་བྱེད་པ་ཙམ་ལ་གོ་རྒྱུ་ལས། ཡི་གེ་དུ་མ་ཚེག་ཁྱིམ་གཅིག་ཏུ་འདུས་པའི་སྒྲ་དང་དོན་གྱི་རྟེན་ནི་རྗེས་འཇུག་གིས་བྱེད་པས་མཐའ་རྟེན་གསུངས་པའི་དགོངས་ཚུལ་འདི་གོ་རྒྱུ་ཆེའོ་སྙམ། གང་ལ་ཞེ་ན། ཚེག་ཁྱིམ་གཅིག་ཏུ་འདུས་པའི་སྒྲ་དང་དོན་ཞེས་པའི་སྒྲ་དོན་གཉིས་ལ་གོ་རྒྱུ་ཆེན་པོ་མེད་དམ་སྙམ་པས་ཡིན།

སྒྲ་ཞེས་པ་ནི་རྗེས་འཇུག་རྣམས་རང་ཉིད་གང་ལ་ཞུགས་པའི་མིང་གཞིའི་སྒྲ་གདངས་གང་དུ་འགྱུར་ཚུལ་ལ་གོ་དགོས་ཤིང་། དོན་ཞེས་པ་ནི་རྗེས་འཇུག་དེ་ཉིད་ཚེག་ཁྱིམ་གཅིག་གི་མཐར་ཞུགས་ཚེ། ཚེག་ཁྱིམ་གཅིག་ཏུ་གྱུར་པའི་མིང་དེས་དོན་གྱི་ངོ་བོའམ་ཁྱད་པར་གང་ཞིག་སྟོན་པར་བྱེད་པ་ལ་གོ་དགོས་པས་མཐའ་རྟེན་ཞེས་པ་ནི་ཚེག་ཁྱིམ་གཅིག་གིས་དོན་ཅི་ཞིག་སྟོན་མིན་གྱི་གཞི་འཛིན་ས་དེ་རྗེས་འཇུག་རྣམས་ཡིན་པས་དེ་དག་ལ་མཐའ་རྟེན་ཞེས་བཏགས་པར་སེམས།

 

མཆན།

[1] བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག ཤོག་ངོས་ ༣༧༢ལྕགས་ཐར་རྒྱལ། མི་རིགས་དཔེར་བསྐྲུན་ཁང་།
[2] བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག ཤོག་ངོས ༣༧༢ ལྕགས་ཐར་རྒྱལ། མི་རིགས་དཔེར་བསྐྲུན་ཁང་།
[3] དག་ཡིག་ཉེར་མཁོ་བསྡུས་པ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་༡ བོད་གཞུང་ཤེས་རིག་ལས་ཁུངས།
[4] དག་ཡིག་ཉེར་མཁོ་བསྡུས་པ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། གངས་ལྗོངས་བརྡ་དག་ཀུནབཏུས། ཤོག་ངོས་ ༥ བོད་གཞུང་ཤེས་རིག་ལས་ཁུངས།
[5] ཡི་གེ་བཀླགས་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ། ས་སྐྱ་བསོད་ནམས་རྩེ་མོ། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་ ༡༢ བོད་གཞུང་ཤེས་རིག་ལས་ཁུངས།
[6] ཡི་གེ་བཀླགས་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ། ས་སྐྱ་བསོད་ནམས་རྩེ་མོ། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་ ༡༣ བོད་གཞུང་ཤེས་རིག་ལས་ཁུངས།
[7] ཡི་གེ་བཀླགས་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ། ས་སྐྱ་བསོད་ནམས་རྩེ་མོ། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་ ༡༢ བོད་གཞུང་ཤེས་རིག་ལས་ཁུངས།
[8] ཡི་གེ་བཀླགས་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ། ས་སྐྱ་བསོད་ནམས་རྩེ་མོ། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་ ༡༥ བོད་གཞུང་ཤེས་རིག་ལས་ཁུངས།
[9] ཡི་གེ་བཀླགས་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ། ས་སྐྱ་བསོད་ནམས་རྩེ་མོ། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་ ༡༣ བོད་གཞུང་ཤེས་རིག་ལས་ཁུངས།
[10] དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། ས་སྐྱ་པཎ་ཆེན་ཀུན་དགའ་དགའ་རྒྱལ་མཚན། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་ ༢༣ བོད་གཞུང་ཤེས་རིག་ལས་ཁུངས།
[11] དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། ས་སྐྱ་པཎ་ཆེན་ཀུན་དགའ་དགའ་རྒྱལ་མཚན། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་ ༢༣ བོད་གཞུང་ཤེས་རིག་ལས་ཁུངས།
[12] དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་ ༣༢ བོད་གཞུང་ཤེས་རིག་ལས་ཁུང་།
[13] སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་རྒྱས་པ། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་ ༢༧  བོད་གཞུང་ཤེས་རིག་ལས་ཁུངས།
[14] དག་ཡིག་ཉེར་མཁོ་བསྡུས་པ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་༡ བོད་གཞུང་ཤེས་རིག་ལས་ཁུངས།
[15] དག་ཡིག་ཉེར་མཁོ་བསྡུས་པ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་༡ བོད་གཞུང་ཤེས་རིག་ལས་ཁུངས།

[16] དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་ ༣༢ བོད་གཞུང་ཤེས་རིག་ལས་ཁུང་།

[17] དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། ས་སྐྱ་པཎ་ཆེན་ཀུན་དགའ་དགའ་རྒྱལ་མཚན། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་ ༢༣ བོད་གཞུང་ཤེས་རིག་ལས་ཁུངས།

[18]  ཡི་གེ་བཀླགས་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ། ས་སྐྱ་བསོད་ནམས་རྩེ་མོ། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་ ༡༢ བོད་གཞུང་ཤེས་རིག་ལས་ཁུངས།
[19] དག་ཡིག་ཉེར་མཁོ་བསྡུས་པ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་༡ བོད་གཞུང་ཤེས་རིག་ལས་ཁུངས།
[20] ལེགས་བཤད་ལྗོན་པོ་དབང་པོར་འ་དང་མཐའ་མེད་འི་དང་ཡི།། ཞེས་པའི་མཐའ་མེད་ཅེས་པའི་མཐའ་ནི་རྗེས་འཇུག་ལ་གོ་དགོས།
[21] སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་རྒྱས་པ། ས་སྐྱ་པཎ་ཆེན་ཀུནདགའ་རྒྱལ་མཚན། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་ ༢༧ བོད་གཞུང་ཤེས་རིག་ལས་ཁུངས།
[22] རྟགས་འཇུག་ལས། མིང་མཐའ་དེ་དག་ཉིད་ནི།། ཞེས་པའི་སྐབས་ཀྱི་མིང་མཐའ་ཞེས་པ་ནི་རྗེས་འཇུག་ལ་གོ་རྒྱུ་ལས་འོས་མེད།
[23] རྟགས་འཇུག་ཏུ་འཇུག་པར་བཅས་པ་མེད་ན་ནི།། ཞེས་པའི་འཇུག་པ་ཞེས་པའང་རྗེས་འཇུག་ལ་གོ་དགོས།
[24] བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག ལྕགས་ཐར་རྒྱལ། ཤོག་ངོས་ ༣༧༢ མི་རིགས་དཔེ་སྐྲུན་ཁང་།
[25] བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག ལྕགས་ཐར་རྒྱལ། ཤོག་ངོས་ ༣༧༢ མི་རིགས་དཔེ་སྐྲུན་ཁང་།

[26] བརྡ་སྤྲོད་ནག་པོ་འགྲོ་ཤེས། ཤེས་ཚང་མཁྱེན་རབ་རྒྱ་མཚོ། ཤོག་ངོས་ ༢༡ ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དཔེ་སྐྲུན་ཁང་།
[27] བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག ལྕགས་ཐར་རྒྱལ། ཤོག་ངོས་ ༣༧༣ མི་རིགས་དཔེ་སྐྲུན་ཁང་།

[28] བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག ལྕགས་ཐར་རྒྱལ། ཤོག་ངོས་ ༣༧༢ མི་རིགས་དཔེ་སྐྲུན་ཁང་།