___བན་ཆ་ཁུ་(Van Schalk S.)ལགས་ཀྱིས་སྤྱི་ལོ་2007ལོའི་ཟླ12པའི་ཚེས2ཉིན་སྤེལ་བའི་དྲ་ངོས་ཟིན་ཐོ།

བོད་འདི་ནང་བའི་ས་ཁུལ་ཞིག་ཏུ་གྱུར་བར་རྒྱ་གར་དང་། རྒྱ་ནག། ཨེ་ཤ་ཡ་དཀྱིལ་མ་སོགས་ཀྱི་ནང་བའི་རྒྱལ་ཁབ་ཀྱིས་བསྐོར་ཡོད་པ་རྒྱུ་རྐྱེན་གཙོ་བོར་བརྩི་མོད། ཡིན་ཡང་དུས་ཐོག་མའི་གནས་སྐབས་སུ་ཆོས་ལུགས་གཞན་གྱི་ཤུགས་རྐྱེན་ཡང་ཐེབས་མྱོང་ལ། དེའི་ནང་ཡེ་ཤུ་བ་ཡང་ཚུད་ཡོད།

བོད་བཙན་པོའི་སྐབས་ཡེ་ཤུའི་ཆོས་བོད་ལ་སྤེལ་བའི་བདེན་དཔང་གཙོ་བོ་ཞིག་ནི་སྤྱི་ལོ་780ནས་སྤྱི་ལོ་823ལོའི་བར་ཡེ་ཤུའི་ཆོས་ལུགས་ཀྱི་ནང་གསེས་ནེ་སི་ཐོ་རན་ཆོས་ཚོགས་ཀྱི་མགོ་གཙོའི(Patriarch of the Nestorian Church)འགན་བཞེས་པའི་ཐི་མོ་ཟེ་(Timothy )སྐུ་ཕྲེང་དང་པོའི་ཡིག་བསྐུར་ཁག་ཡིན་ལ། དུས་ཚོད་འདི་བོད་དུ་ནང་བའི་ཆོས་ལ་བློ་བཀར་བའི་བཙན་པོ་ཁྲི་སྲོང་ལྡེ་བཙན། སད་ན་ལེགས། རལ་བ་ཅན་གསུམ་གྱི་སྐབས་སུ་འཁེལ་ཡོད། ཁོང་གི་ཡིག་བསྐུར་གཅིག་ཏུ་ཡེ་ཤུའི་ཆོས་ཀྱི་ཁྲི་རེ་སད་ཧྲིན་(Trisagion)ཞེས་པའི་བསྟོད་གླུ་རྙིང་བ་འདི་ཁྱབ་སའི་ས་མིང་ནང་བོད་བྱུང་ཡོད་པ་དང་། ཡིག་བསྐུར་གཞན་ཞིག་ཏུ་ཁོང་གིས་གྲུ་གུའི་ཆོས་ཚོགས་ཞིག་ལ་ཚོགས་གཙོ་བསྐོས་བ་བཞིན་བོད་ཁུལ་གྱི་ཆོས་ཚོགས་ལ་ཡང་ཚོགས་གཙོ་བསྐོས་བ་བཅས་བོད་ཀྱི་གནས་ཚུལ་བྱུང་ཡོད།

དངོས་དཔང་གཞན་ནི་བོད་ཀྱི་ནུབ་ཕྱོགས་དང་དེའི་ཉེ་འཁོར་ས་ཆར་རྡོ་ལ་ཡེ་ཤུའི་རྒྱ་གྲམ་རི་མོ་མང་པོ་བརྐོས་ཡོད་པ་མ་ཟད། དུས་རབས་ཉི་ཤུའི་དུས་འགོར་ཧྥུ་རན་ཁིས་(A.H. Francke )ཐོ་བརྒྱབ་ཡོད་ལ།(པར་དང་པོར་གཟིགས)དེའི་ནང་གི་རྒྱ་གྲམ་གཅིག་ལ་གཤམ་དུ་ཕག་གི་ལོ་ལ་ཞེས་པའི་མཚན་བྱང་བྱུང་ཡོད། ངེད་ཀྱིས་ཤེས་གསལ་ལྟར་ན་བོད་ཡིག་གི་མཚན་བྱང་འཁོད་པ་འདི་གཅིག་པོ་ཡིན། དེ་བཞིན་ཐུའུ་ཆིས(tucci)ཀྱིས་ས་འདི་ནས་ཟངས་ལྕགས་ལས་གྲུབ་པའི་རྒྱ་གྲམ་ཞིག་རྙེད་ཡོད་ལ། དེ་ལུས་ཀྱི་འདོགས་ཆས་ཞིག་ཡིན་པ་གསལ་བོ་རེད།

 

པར་གཉིས་པ།

མཚམས་འདི་ནས་ང་ཚོས་ཨེ་ཤེ་ཡ་དཀྱིལ་མའི་ཕྱོགས་སུ་བལྟ་བར་བྱ་སྟེ། ས་དེར་རྒྱ་གྲམ་གྱི་རི་མོ་མང་བར་མ་ཟད། བོད་ཡིག་གིས་ཨི་ཤི་མྱི་ཤི་ཧ་(Jesus The Messiah)བྲིས་པ་ཡང་བྱུང་ཡོད། གཞན་ཏུན་ཧོང་ས་ཆ་ནས་ལྷ་སྐུའི་རི་མོ་ཁྱད་པར་བ་ཞིག་རྙེད་ཡོད་པར་བལྟས་བ་ཙམ་གྱིས་བྱང་སེམས་ཞིག་དང་འདྲ་མོད། ཞིབ་ཏུ་བལྟ་དུས་དབུ་རྒྱན་དང་སྐེ་རྒྱན་སོགས་ལ་རྒྱ་གྲམ་གྱིས་བརྒྱན་པར་མ་ཟད། ང་ཚོས་བལྟས་ན་རི་མོ་འདི་ཡེ་ཤུའམ་ཡང་ན་ནེ་སི་ཐོ་རན་སྐྱེས་ཆེན་གྱི་སྣང་བརྙན་དང་འདྲ་ཆེ་ལ། རི་མོ་བ་རྒྱ་ནག་རི་མོར་བྱང་བ་ཞིག་རེད། རོ་དྷི་རེ་ཁི·ཝེ་ཐི་ཧྥེ་དྷི་(Roderick Whitfield )ནས་རི་མོ་འདིའི་ལོ་ཚིགས་དུས་རབས་དགུ་བར་བཞག་ཡོད་ལ། དུས་ཚོད་འདི་ཏན་ཏན་བོད་ཀྱིས་ཏུན་ཧོང་བཟུང་བའི་ཕྱི་ཙམ་རེད(པར་གཉིས་པར་གཟིགས)།

བོད་ལ་ཡེ་ཤུའི་ཆོས་ལུགས་དར་བའི་སྒྲུབ་བྱེད་གཞན་ཞིག་ནི་ཏུན་ཧོང་ཡིག་རྙིང་ཁྲོད་ཡོད་ལ། དེ་ནི་ཧྥ་རན་སིར་ཉར་བའི་ཡིག་ཆ་P.T.351སྟེ། མོ་ཡིག་ཞིག་ཡིན་ལ། མོ་ཡིག་འདིར་ནང་བའི་ཁྱད་ཆོས་ཡོད་ལ། ནང་དོན་མཚར་བོ་འདི་འདྲ་བྱུང་ཡོད།

མྱི་ཁྱོད་གི་རོགས་ནི་ལྷ་ཨི་ཤི་མྱི་ཞི་ཧ་ཞེས་བྱ་སྟེ་། །ཕྱག་ན་རྡོ་རྗེ་དཔལ་ཤག་ཀྱ་ཐུབ་པ་བྱེད་དེ་། །གནམ་རིམ་པ་བདུན་གི་སྒོ་ཕྱེས་ནས་། །ལྷ་འི་ཕྱག་གཡས་པའི་ཁྲིམ་པ་ནས་བསྣམས་པའི་རྣལ་འབྱོར་དུ་དགྲུབ་ཡོང་གྱིས་། །ཅི་བསམས་རྣམས་མ་མཛེམ་མ་འཇིགས་མ་སྐྲག་བར་བྱོས་ཤིག །ཁྱོད་རྒྱལ་བར་འོང་། གདོན་བགེགས་ཅི་ཡང་མྱེད་ཏེ། །མྱོ་འདི་ཅི་ལ་བཏབ་ཀྱང་བཟང་། རབ་བོ་། །

སྒེ་ཙ·ཝི་རེ(Géza Uray)ནས་གོང་གི་ཡེ་ཤུའི་རྒྱུ་ཆའི་ཡིག་ཆ་འདི་ནེ་སི་ཏོ་རན་གྲུབ་མཐའ་ནས་བྱུང་བར་འདོད་ཅིང་། ལྷག་པར་དུ་ཡེ་ཤུའི་ལྷའི་ཕྱག་གཡས་པ་ནས་བདེན་ཐག་གཅོད་པའི་སྣང་ཚུལ་འདི་ནེ་སི་ཐོ་རན་གྲུབ་མཐའི་ནེ་ཟན་གྱི་ཆོས་གཞུང་(Nicene Creed of the Nestorians)དུ་ཡོད་པ་མ་ཟད། དུས་རབས་དགུ་བ་ནས་བཅུ་བའི་རིང་གི་ཕྱི་མོ་བྲིས་མ་ཞིག་ཏུན་ཧོང་ས་ཁུལ་དང་ཐག་ཉེ་བའི་ཐུར་ཧྥན་ས་ཆའི་སོག་དག་(Sogdian)གི་ཡིག་ཆར་བྱུང་ཡོད་པར་བཤད། ཡིན་ཡང་རོ་ཧྥུ·སི་ཏན་(Rolf Stein)གྱིས་མ་ནིའི་ཆོས་(Manichaean)ལས་བྱུང་བར་ཡང་སྒྲུབ་བྱེད་བཏང་འདུག ཡང་གཅིག་བཤད་ན་སྐབས་འདིའི་ཡིག་ཚགས་ཀྱི་འབྱུང་ཁུངས་གལ་ཆེན་པོ་དེ་འདྲ་ཡང་མ་ཡིན་ལ། ཡིན་ཡང་སྐབས་འདིར་ཡེ་ཤུ་ས་གནས་རང་བཞིན་ནམ་ནང་བའི་ལྷ་ཚོགས་སུ་ཞུགས་ཡོད་པ་དེ་རེད།

པར་གསུམ་པ། P.T. 1182 བསྒྱུར་བ་བོས་བསྣན།

ཝི་རེ་ནས་ཧྥ་རན་སིར་ཉར་བའི་ཡིག་ཆ་གཉིས་སུ་རྒྱ་གྲམ་གྱི་རི་མོ་བྱུང་ཡོད་པར་བསྟན་ཡོད་ལ། དེ་གཉིས་ནི་ཡིག་ཆ་ཨང་ P.T. 1182དང་ P.T. 1676ཡིན་ལ། ཡིན་ཡང་ཡིག་ཆའི་སྟེང་ཡེ་ཤུའི་ཆོས་ཀྱི་ནང་དོན་མེད་ལ། ཡིག་ཆ་དང་པོར་ཡི་གེ་སྦྱོང་བརྡར་བྱས་པ་དང་རང་འགར་སྨྱུ་གུ་ཁྱུད་པའི་རྗེས་དང། ཕྱི་མར་ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་བྲིས་འདུག(པར་གསུམ་པ་དང་བཞི་བར་གཟིགས)

གཞན་ངེད་ཀྱིས་ཀྱང་གཞན་གྱིས་མ་བསྟན་པའི་རྒྱ་གྲམ་གྱི་ཡིག་ཆ་གཞན་ཞིག་འདྲེན་རྒྱུ་ཡིན་ལ། དེ་ནི་ཝན་ལེ·ཕུ་སིན་(Vallée Poussin)གྱི་དཀར་ཆག་ནས་ཁོལ་དུ་ཕྱུང་བ་ཡིན་ལ། ད་ལྟའི་བར་ཡང་ཡིག་ཆའི་ཨང་གྲངས་བརྒྱབ་མེད། དེ་བཞིན་འདིར་བར་བཅུག་བྱས་པའི་དབྱིན་ཇིར་ཉར་བའི་ཏུན་ཧོང་ཡིག་ཆ་ཨང་གྲངས་IOL Tib J 766དུ་ཡང་རྒྱ་གྲམ་རི་མོ་ཞིག་ཡོད་ལ།(པར་ལྔ་བར་གཟིགས) ཡིག་ཆ་འདི་ཤོག་ལྷེ་ཞེང་ཆུང་བ་ཞིག་རེད་ལ། གཅིག་བྱས་ན་ཤོག་ལྷེ་ཧྲིལ་བོ་རལ་ཏེ་ཆོས་བཤུ་མཁན་གྱིས་རི་མོ་གང་བྱུང་འབྲི་བྱེད་ལ་བེད་སྦྱད་པ་ཞིག་དང་། འདིའི་སྟེང་བོད་ཡིག་དང་། སོག་དག་གམ་ཡུ་གུར་ཡི་གེ་བྲིས་འདུག་ཅིང་། ཡིག་གཟུགས་འདྲ་ཆེ་ལ། འབྲི་མཁན་པ་བོད་ཡིག་འབྲི་ཤེས་པའི་ཡུ་གུར་གྲུ་གུ་བ་ (Uighur Turk)ཞིག་ཡིན་སྲིད་དེ། ཡུ་གུར་བའི་ཁྲོད་ནེ་སན་ཐོ་རན་ཆོས་ལུགས་འདི་དར་ཆེ་བ་ང་ཚོས་ཤེས་ལ་འདི་འདྲ་ཡིན་སྲིད་པ་ཞིག་ཀྱང་རེད།

པར་བཞི་བ། P.T. 1676 བསྒྱུར་བ་བོས་བསྣན།

རྒྱ་གྲམ་གྱི་རི་མོ་ཁྱད་པར་བ་འདིའི་ཡལ་གའི་རྩེ་ལ་སྒོར་ཐིག་གསུམ་རེ་འདུག་པ་དང་། སྣང་ཚུལ་འདི་ཏུན་ཧོང་ཡིག་ཆ་ཨང་ P.T. 1182སྟེང་གི་རི་མོ་དང་འདྲ་ཆེ་ལ། དེའི་སྟེང་གི་ཡལ་ག་རེ་རེར་ཐིག་གསུམ་རེ་བྲིས་འདུག་ལ། གོང་གི་སྐྱེས་ཆེན་གྱི་རི་མོའི་དབུ་རྒྱན་དུ་རྒྱ་གྲམ་གྱི་ཡལ་གར་ཕྲེང་རིལ་གཉིས་རེ་སྣར་འདུག

པར་ལྔ་བ།

གོང་དུ་འཁོད་པའི་ལོ་རྒྱུས་ཀྱི་དངོས་དཔང་ལ་བལྟས་ཚེ། བོད་བཙན་པོའི་དུས་ནང་བའི་ཆོས་ལ་ཡེ་ཤུ་བས་ཚབ་བྱས་འོང་བའི་འཇིགས་སྣང་རྩ་བ་ནས་བྱུང་མ་མྱོང་མོད། ཐི་མོ་ཟེའི་ཡིག་བསྐུར་ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་བོད་དུ་ཡང་ཆོས་དཔོན་ཞིག་བསྐོས་པ་དང་། ཏུན་ཧོང་ཡིག་ཚང་དུ་བོད་ཡིག་རྒྱ་གྲམ་རི་མོས་བསྐོར་བ་སོགས་མཐོང་ཚེ་ལོ་རྒྱུས་ཀྱི་གནས་སྟངས་གཞན་ཞིག་ཀྱང་ང་ཚོའི་སྣང་ངོར་འཆར་ལ། སྣང་ཚུལ་གསལ་བོ་འདིས་ང་ཚོས་ནང་བའི་བསྟན་པ་འདི་བོད་ལ་མཇུག་མཐའི་རྒྱལ་ཁ་ཆེན་པོ་ཐོབ་པའི་རྒྱུ་རྐྱེན་ལ་བསམ་བློ་ཡང་བསྐྱར་གཏོང་དགོས་པ་ཞིག་ཀྱང་རེད།

 

མ་ཡིག་དངོས་ལ་གཟིགས་ན་གཤམ་དུ་དྲ་འབྲེལ་བྱོས།

https://earlytibet.com/2007/12/02/christianity-in-early-tibet/

 

དཔྱད་གཞིའི་ཡིག་ཆ།

1. Francke, A.H. 1925. ‘Felseninschriften in Ladakh’. In Sitzungsberichte der Preussischen Akademie der Wissenschaften. Philosophisch-Historische Klasse. Jahrgang 1925: 366-371.

2. Klimkeit, H.J. 1979. ‘Das Kreuzessymbol in der zentralasiatischen Religionsbegegnung’. In Zeitschrift für Religions-und Geistesgeschichte 31.1: 99-116.

3. Stein, R.A. ‘Une mention du manichéisme dans le choix du bouddhisme comme religion d’état par le roi tibétain Khri-sroṅ lde-bcan. In Indianisme et bouddhisme: Mélanges offerts á Mgr Étienne Lamotte. Louvain-la-Neuve. 329–337.

4. Tucci, Guiseppe. 1973. Transhimalaya. London: Barrie & Jenkins. [Translated from the French by James Hogarth.]

5. Uray Géza. ‘Tibet’s Connections with Nestorianism and Manicheism in the 8th–10th Centuries’. In Steinkellner and Tauscher (eds), Contributions on Tibetan Language, History and Culture. Vienna: Arbeitskries für Tibetische und Buddhistische studien Universität Wien.