ནང་དོན་གནད་བསྡུས། རྩོམ་འདིར་རི་བོ་ཧི་མ་ལ་ཡའི་ནུབ་རྒྱུད་ཁུལ་དུ་ཡིག་རྙིང་གྲངས་མང་པོ་བྱུང་དང་འབྱུང་བཞིན་པ་ཁག་གི་རྒྱལ་སྤྱིའི་ཞིབ་འཇུག་གི་གནས་ཚུལ་དུས་ཀྱི་སྔ་ཕྱི་རིམ་པ་གཉིས་སུ་བགོས་ཏེ་ངོ་སྤྲོད་དང་། དེ་བཞིན་འབྲེལ་ཡོད་གནས་ཚུལ་གྱི་ལྟ་དགོངས། ཞིབ་འཇུག་གི་ཁྲོད་ལྷག་པའི་གནད་དོན་བཅས་མདོར་བསྡུས་སུ་བསྟན་ཡོད།


རྩོམ་འདིའི་རི་བོ་ཧི་མ་ལ་ཡའི་ནུབ་རྒྱུད་ཁུལ་ཅེས་སྤྱི་མིང་ཞིག་བཏགས་པ་ལས་གཙོ་བོ་བོད་བཙན་པོའི་མངའ་ཁོངས་ཀྱི་བྲུ་ཤ་ཆེ་ཆུང་གི་ས་ཆ་གཙོ་བྱས་ཉེ་འབྲེལ་གྱི་སའི་ཁོངས་གཏོགས་སམ་མངའ་རིས་རྒྱལ་རབས་སྐབས་སུ་ལ་དྭགས་དང་སྤལ་ཏི་ཟངས་དཀར་སོགས་ཀྱི་ས་ཁོངས་ཡིན་ལ།དེང་གི་རྒྱལ་ཁོངས་ལྟར་ཕྱེས་ན་ཕ་ཀི་སི་ཐན་གཙོ་བྱས། རྒྱ་གར། དེ་བཞིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་བྱང་ཤར་རམ་རང་རྒྱལ་གྱི་སྟོད་མངའ་རིས་དང་ཞིན་ཅང་ཁ་ཧྲི་སོགས་དང་འདབས་འབྲེལ་བའི་སའི་ཆ་ལ་གོ་དགོས(པར་དང་པོར་གཟིགས)།

ས་འདི་དག་ཏུ་བོད་ཡིག་གི་མཚན་བྱང་ཙམ་མ་ཟད། རྒྱ་གར། པར་ཟིག སོག་དག རྒྱ་ནག་སོགས་ཀྱི་ཡི་གེ་མི་འདྲ་བ་སྟོང་ཕྲག་བརྒལ་བ་ཡོད་ལ། ཡིག་རིགས་མི་འདྲ་མང་དག་ཅིག་མཉམ་གཅིག་ཏུ་གནས་པས་དུས་རབས་མི་འདྲ་བའི་ནང་ས་གནས་ཀྱི་དབང་བསྒྱུར་བདག་པོར་འགྱུར་བ་ཕྱིན་པ་ཙམ་མ་ཟད་ས་འདི་མི་རིགས་དང་རིག་གནས་མི་འདྲ་བའི་རྒྱུ་ལམ་གལ་ཆེན་ཞིག་ཡིན་པ་གསལ་བྱེད་བྱས་ཡོད། འདིར་སྐབས་སུ་བབས་པ་ད་དྲག་དང་མ་ལ་ཡ་བཏགས།གི་གུ་ཕྱིར་ལོག་སོགས་བརྡ་རྙིང་བའི་ཁྱད་ཆོས་མ་ཉམས་པའི་མཚན་བྱང་ཁག་ཅིག་གི་རྒྱལ་སྤྱིའི་ཞིབ་འཇུག་གི་གནས་ཚུལ་དུས་ཀྱི་རིམ་པ་སྔ་ཕྱི་རིམ་པ་གཉིས་སུ་བགོས་ནས་ངོ་སྤྲོད་དང་། འབྲེལ་ཡོད་ཀྱི་གནས་ཚུལ།དེ་བཞིན་ཞིབ་འཇུག་གི་ཁྲོད་ལྷག་པའི་གནད་དོན་གསུམ་གླེང་ཡོད་ལ། རྡོ་བརྐོས་ཁག་གི་གནས་ཡུལ་ཕལ་ཆེ་བ་གོང་གི་ས་ཁྲར་འཁོད་ཡོད།


དང་པོ། དུས་རབས་བཅུ་དགུའི་མཇུག་དང་ཉི་ཤུའི་མགོའི་གནས་ཚུལ།

འདིའི་ཕྱོགས་སུ་ཞིབ་འཇུག་གི་ལས་ཀ་ཐོག་མར་འཇུག་མཁན་ནི་འཇར་མན་གྱི་ཝེ་གུ་ནེ་G.Vigne་ཡིན་ལ། ཁོང་གིས་སྤྱི་ལོ་1836དང་སྤྱི་ལོ་1838ལོར་སྔ་ཕྱིར་བངྒ་ལའི་ཨེ་ཤ་ཡིའི་སྤྱི་ཚོགས་དུས་དེབ་སྟེང་དུ་སྐར་རྡོའི་ས་ཐི་པ་རའི་རྡོ་སྐུ་དང་དེའི་མཚན་བྱང་ཀ་བ་ངོ་བཤུས་ཀྱིས་སྔ་ཕྱི་ཐེངས་གཉིས་བཀོད་ཡོད་པ་དང་ཕྱི་མར་རྒྱལ་སྤྱིའི་བོད་རིག་པ་བ་ཆོ་མས་ཡིག་བསྒྱུར་གནང་ཡོད།1  ཡིན་ཡང་ས་ཁུལ་འདིའི་གནའ་དཔྱད་ཀྱི་དབུ་ཁྱུད་འབྲི་མཁན་དང་བྱས་རྗེས་ཆེས་འབུར་དུ་འཇོག་མཁན་ནི་འཇར་མན་པ་ཧྥུ་རན་ཁི་(1870-1930)ཡིན།

པར་གཉིས་པ།རྡོ་བརྐོས་ཡིག་རྙིང་ཕྱོགས་བསྒྲིགས་ཐོག་མའི་མདུན་ཤོག

ཁོང་ནི་སྤྱི་ལོ་18961909བར་ལ་དྭགས་ས་ཁུལ་ནས་ཡེ་ཤུའི་ཆོས་སྤེལ་བ་བྱས་ཤིང་། སྐབས་དེ་དུས་དང་བསྟུན་ནས་བོད་ཡིག་བོད་སྐད་སོགས་ལ་བྱང་བ་ཙམ་མ་ཟད། གནའ་དཔྱད་བསྔོགས་ཞིབ་དང་ཡིག་རྙིང་བསྡུ་སྒྲིག་གི་ལས་ལ་ཞུགས་ནས་གྲུབ་འབྲས་མངོན་གསལ་ཐོན་ཡོད་ཅིང་། ཕྱིས་སུ་འཇར་མན་སྤིར་ལན་སློད་གྲྭ་ཆེན་མོར་དགེ་རྒན་བྱས། ཁོང་ཆོས་སྤེལ་བ་ཞིག་ཡིན་པས་ཆ་ནས་ཉེ་འཁོར་གྱི་ལས་རོགས་རྣམས་ཡེ་ཤུའི་དད་མོས་མཁན་ལ་བསྒྱུར་བར་གདེངས་འཇོག་ཡག་པོ་མེད་མོད། སྤྱི་ལོ་1906ལོར་ལ་དྭགས་དང་སྤལ་ཏིའི་རྡོ་བརྐོས་མཚན་བྱང་བཙན་པོའི་དུས་སྐབས་ནས་ཉེ་རབས་བར་གྱི་རྡོ་དང་བྲག་གི་མཚན་བྱང་89བསྡུ་རུབ་ཀྱིས་འཇར་མན་ཡི་གེའི་སྟེང་ནས་བོད་ནུབ་རྒྱུད་ཀྱི་རྡོ་དང་བྲག་ལ་བརྐོས་པའི་བོད་ཡིག་གི་ལོ་རྒྱུས་ཡི་གེ་ཕྱོགས་བསྒྲིགས་ཐོག་མ་བྱ་བ་རྩོམ་སྒྲིག་མཛད་ཡོད་ཅིང་། 2པར་གཉིས་པར་གཟིགསདེའི་ནང་དུས་རབས་བཅུ་གཉིས་ཡར་སྔོན་གྱི་ཡིག་རྙིང་ཁག་35ཙམ་བསྡུ་རབས་གནང་ཡོད་ལ། དེ་དག་ལས་མང་ཆེ་ཤོས་རྡོ་དང་བྲག་ངོས་སུ་མཆོད་རྟེན་བཞེངས་མཁན་གྱི་མིའི་མཚན་བྱང་འཁོད་པ་ཙམ་ཡིན་མོད། ལོ་རྒྱུས་ཀྱི་གནས་ཚུལ་གལ་འགངས་ཆེ་བ་ཁག་དྲུག་ཀྱང་བསྡུ་རབས་གནང་ཡོད།

ཡིན་ཡང་གོང་གི་དེབ་གཉིས་ནས་ལག་བྲིས་ཡིན་པ་དང་གཉིས་ནས་འཇར་མན་ཡི་གེའི་ངོ་སྤྲོད་ཡིན་པ་ཀློག་པ་པོ་མང་ཆེ་ཤོས་ཤིག་ལ་མི་བདེ་བར་གཞིགས་ནས་རྒྱ་གར་བ་P.S.Jinaཅེ་ན་ཡིས་སྤྱི་ལོ་2013ལོར་དེབ་སྔ་མ་ཡང་བསྐྱར་དབྱིན་ཡིག་སྟེང་བསྒྱུར་སྒྲིག་གནང་འདུག་ཅིང་། ཁ་བྱང་ལ་ཧི་མ་ལ་ཡ་ལ་དྭགས་ཀྱི་རྡོ་དང་བྲག་ངོར་འཁོད་པའི་བོད་ཡིག་གི་ལོ་རྒྱུས་ཡི་གེ་ཕྱོགས་བསྒྲིགས་ཐོག་མ་ཞེས་ཁ་བྱང་ཅུང་ཟད་བཟོ་བཅོས་བྱས་འདུག3 སྤྱི་ལོ་1907ལོར་བོད་ནུབ་རྒྱུད་ཀྱི་རྡོ་དང་བྲག་ལ་བརྐོས་པའི་བོད་ཡིག་གི་ལོ་རྒྱུས་ཡི་གེ་ཕྱོགས་བསྒྲིགས་ཐེངས་གཉིས་པ་མཛད་ཡོད་ལ། དེར་རྡོ་བརྐོས་མཛན་བྱང་ཁག་55བསྡུས་འདུག་པ་དང་། དེར་དུས་རབས་བཅུ་གཉིས་ཡར་སྔོན་གྱི་ཡིག་རྙིང་ཁག་11ཙམ་བསྡུ་རབས་གནང་ཡོད།4 གལ་ཆེ་བ་ཁག་ལ་ཆེད་རྩོམ་བྲིས་ཡོད་པ་བོད་ནུབ་ཕྱོགས་ཀྱི་གནའ་དཔྱད་ཅེས་པའི་མུ་འབྲེལ་རྩོམ་ཡིག་གིས་གཙོ་བྱས་བསྟུད་མར་རྒྱ་གར་རིག་དངོས་སྟེང་བཀོད་ཡོད།5

སྤྱི་ལོ་1904ལོར་རྡུ་ཁནJ.Duncanབྱ་བ་ལ་དྭགས་ངོགས་སུ་རྟོག་ཞིབ་ཏུ་ཕེབས་པ་དང་སྔ་ས་ནས་དེ་གར་འབྱོར་ཟིན་པའི་ཧྥུ་རན་ཁི་ཡི་སྣེ་ཁྲིད་འོག་བ་ལི་མཁར་གྱི་བྲག་བརྐོས་ཁག་ལ་རྟོག་ཞིབ་གནང་ཞིང་། ཁོང་གཉིས་ཀྱི་ཕྱག་རོགས་ལ་དྭགས་པ་ཡེ་ཤེས་རིག་འཛིན་གྱིས་མཁར་དེའི་བྲག་ངོས་སུ་བརྐོས་པའི་ཡིག་རྙིང་ཁག་བཞི་ངོ་བཤུ་བྱས་པ་དང་ཧྥུ་རན་ཁུ་ཡིས་ནང་དོན་དབྱིན་བསྒྱུར་གྱིས་ཁོང་གི་སྤྱི་ལོ་1906ལོའི་དབྱར་ཁར་རི་བོ་ཧི་མ་ལ་ཡ་མྱུལ་བ་བྱ་བའི་དེབ་དང་ཧྥུ་རན་ཁུའི་དེབ་ནང་འཁོད་ཡོད་པ་མ་ཟད། དེ་མུར་ཁོང་སྤལ་ཏིའི་ཕྱོགས་སུ་སོང་བའི་ལམ་ཁ་ནས་མཐོང་བའི་སྐར་རྡོའི་མནྜལ་རྡོ་སྐུར་རྟོག་ཞིབ་དང་མཚན་བྱང་ངོ་བཤུས། དེ་བཞིན་བོད་ཡིག་མ་ཤེས་པར་དཀའ་ངལ་འཕྲད་པའི་གནས་ཚུལ་ཧྥུ་རན་ཁི་ལ་ཞུས་པ་བརྒྱུད་ཁ་ལ་རྩེ་ས་ཆ་ནས་བོད་ཡིག་ཤེས་པ་ཞིག་ཐད་ཀར་མངགས་ནས་མཚན་བྱང་གསུམ་བསྐྱར་བཤུས་དང་ཡིག་བསྒྱུར་གནང་བ་ཡང་ཕྱོགས་གཉིས་པོའི་དེབ་དུ་བཅུག་འདུག6

པར་གསུམཔ །མངའ་རིས་རུ་ཐོག་ས་ཆའི་རྡོ་བརྐོས་ཡིག་རྙིང་། པར་བ་John Vincent Bellezzaཡིན།

1909ལོར་ཧྥུ་རན་ཁིར་རྒྱ་གར་སྲིད་གཞུང་གི་བཀའ་བཀོད་འོག་ཧི་མ་ལ་ཡའི་ནུབ་རྒྱུད་ལ་གནའ་དཔྱད་རྟོག་ཞིབ་བྱེད་རིང་གླང་ཆེན་གཙང་པོའི་འབབ་རྒྱུད་ཀྱི་རང་རེའི་གུ་གེའི་ཏི་ཡ་དང་ཐག་ཉེ་བར་རྒྱ་གར་ཁུ་ནུ་ས་ཁུལ་གྱི་རོང་ཆུང་སྤུ་འམ་དཀོར་གྲོང་ཚོ་གཉིས་ཀྱི་བར་མཚམས་ནས་ལྷ་བླ་མ་ཡེ་ཤེས་འོད་དམ་སྲས་གཉིས་ཀྱི་རིང་ལ་བཙུགས་པའི་རྡོ་རིང་རྙེད་པ་སྤྱི་ལོ་1914ལོའི་རྒྱ་གར་བོད་ཁུལ་གྱི་རིག་དངོས་ཞེས་པའི་དེབ་དུ་འཁོད་ཡོད་ལ།7 སྐབས་འདི་ཤེད་ཞིག་ལ་ཨེ་ཤ་ཡ་ཤར་མ་དང་ནུབ་ལྗོངས་ཀྱི་གནའ་དཔྱད་རྟོག་ཞིབ་པ་སི་ཏན་(M.A.Stein)གྱིས་ཀྱང་དེང་གི་ཕ་གི་སི་ཐན་དར་གོ་ཐིDarkotའི་བཙན་པོའི་སྐབས་ཀྱི་རྡོ་བརྐོས་མཚན་བྱང་རྙེད་པ་ཧྥུ་རན་ཁིས་འགྲེལ་བརྗོད་བརྒྱུད་ 1928ལོའི་ཨེ་ཤ་ཡའི་ས་དཀྱིལ་ཞེས་པའི་དེབ་དུ་བཅུག་ཡོད།8

སྤྱི་ལོ་1930ནས་1935བར་དབྱི་ཏ་ལིས་ཐུའུ་ཆིས་ཡང་ཐེངས་བཞི་ཙམ་ལ་ཕྱོགས་འདིའི་རྒྱུད་དུ་རྟོག་ཞིབ་ལ་ཕེབས་ཡོད་མོད། གཙོ་བོ་ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐབས་ཀྱི་གཙུག་ལག་ཁང་དང་དེའི་ལྡེབས་རིས། ལྡེབས་རིས་ཀྱི་མཚན་བྱང་སོགས་གཙོ་གནད་དུ་བཟུང་ཡོད་ལ། རྡོ་བརྐོས་སྐོར་འཁོད་པ་སྤུའམ་དཀོར་གྱི་རྡོ་རིང་ཡིན།9

གོང་གི་སྐབས་འདི་སྤྱིའི་ཆ་ནས་རི་བོ་ཧི་མ་ལ་ནུབ་རྒྱུད་བོད་ཁུལ་གྱི་གནའ་དཔྱད་ལས་ཀ་དབུ་བརྩམས་པ་དང་རྨང་གདིངས་བའི་དུས་སྐབས་ཡིན་ལ། སྤྱི་ལོ་1940ལོའི་ཕྱིས་ཙམ་ནས་དབྱིན་ཇིའི་མི་སེར་སྤེལ་བའི་མ་ལག་ཐོར་བ་དང་རྒྱ་གར་དང་ཕ་ཀི་སི་ཐན་གཉིས་ཁེར་ཚུགས་བྱུང་བ་བརྒྱུད་ལ་དྭགས་ཀྱི་མངའ་ཁོངས་ཆབ་སྲིད་རྙོག་དྲའི་ནང་ཚུད་དེ་རིམ་པར་ཕྱི་ཕྱོགས་སུ་སྒོ་བཀག་བྱས་པ་སོགས་ཀྱི་རྐྱེན་བྱས་རིག་གཞུང་ཞིབ་འཇུག་གི་ལས་ཀ་ལོ་མང་པོར་ཆད་ནས་ལོ་རབས་བདུན་ཅུའི་ནང་ཡང་བསྐྱར་ཕྱི་ཕྱོགས་སུ་སྒོ་ཕྱེས་པ་ཞིག་དང་། བར་གྱི་ལོ་ངོ་སུམ་ཅུ་ཙམ་ལ་དེང་གི་རིག་གཞུང་ཞིབ་མཇུག་གི་ལས་ཀ་ཡང་མཚམས་འཇོག་བྱུང་འདུག

གཉིས་པ། དུས་རབས་ཉི་ཤུའི་མཇུག་དང་ཉེར་གཅིག་པའི་གནས་ཚུལ།

སྤྱི་ལོ་1975ལོར་དབྱིན་ཇིའི་གནའ་དཔྱད་པ་རྡིན་ཝི་རྡི་སེང་གེ་ཁ་འབབ་རྒྱུད་ཀྱི་ཨལ་ཅི་དགོན་པའི་ཉེ་སའི་རྡོ་བརྐོས་མཚན་བྱང་གནས་མི་འདྲ་བ་14དང་གྲངས་18་ཙམ་གྱི་ཡིག་རིས་བསྡུ་རབས་གནང་ནས་སྤྱི་ལོ་1980ལོར་དཔར་དུ་བཏབ་པའི་ལ་དྭགས་ཤུལ་བཞག་སྟེང་འཁོད་ཡོད་ཅིང་། ཞོར་ནས་ཉེ་འཁོར་གྱི་ཁ་ལ་རྩེ་དང་ཉེ་མོ།གླེ་སོགས་སུ་ཡང་རིགས་འདྲ་བའི་རི་མོ་དང་མཚན་བྱང་ཡོད་ཚུལ་བསྟན་འདུག10

རྩོམ་འདི་རྒྱ་གར་མངའ་ཁོངས་ཀྱི་ལ་དྭགས་ཕྱོགས་ཡང་བསྐྱར་ཕྱི་ལོག་ཏུ་སྒོ་ཕྱེ་བ་ནས་ཡིག་རྙིང་སྐོར་ལ་དཔྱད་ཞིབ་བྱས་པའི་འབྲས་བུ་དང་པོར་མཐོང་།1987ལོར་རྒྱ་ནག་པ་ཁྲིན་ཅན་གྱིས་གོང་དུ་བསྟན་པའི་རྡིན་ཝི་རྡི་ཡི་ལ་དྭགས་བྲག་བརྐོས་སྐོར་གྱི་རྩོམ་དེ་ཡིག་བསྒྱུར་གྱིས་རྒྱལ་ཕྱིའི་བོད་རིག་པ་ཞིབ་མཇུག་བསྒྱུར་རྩོམ་ཕྱོགས་བསྒྲིགས་སུ་འཁོད་ཡོད།11  1988ལོར་ཉི་ཧོང་བ་ཐ་ཁུའུ་ཆིས་T.Takeuchiཀྱིས་ལ་དྭགས་ཨལ་ཅི་དང་ཁ་ལ་རྩེ་ས་ཆར་ཞིབ་ཏུ་རྟོག་ཞིབ་བརྒྱུད་མཚན་བྱང་84ཙམ་གྱི་ཞིབ་ཕྲའི་གནས་ཚུལ་ཡིག་རིས་ཟུང་འབྲེལ་གྱིས་བསྡུ་རུབ་དང་འགྲེལ་བརྗོད་བྱས་ཡོད་མོད། རྩོམ་སྒྲིག་པའི་འགོར་འགྱངས་ཀྱིས་རྩོམ་ཡིག་ཕྱིས་ཀྱི་སྤྱི་ལོ་2013ལོར་དངོས་སུ་བཏོན་ཡོད་ལ། ཨལ་ཅི་དང་ཁ་ལ་རྩེ་ས་ཆའི་རྡོ་བརྐོས་མཚན་བྱང་ཁ་ཚང་ཤོས་ཤིག་ཆགས་ཡོད།12

སྤྱི་ལོ1990ལོར་ཇིས་ཁོ་མེ་ལO. Giacomella་ནས་ཨལ་ཅི་ཉེ་འགྲམ་གྱི་མཆོད་རྟེན་རི་མོའི་མཚན་བྱང་ཁག་40་ལྷག་ཕྱོགས་བསྒྲིགས་དང་ཡིག་བསྒྱུར་གནང་ཡོད་ལ།13 ལོ་འདིར་རྡིན་ཝི་རྡི་ནས་ལ་དྭགས་བ་ལི་མཁར་གྱི་ཡིག་རྙིང་ཁག་དེ་སྔའི་ཧྥུ་རན་ཁུ་ཡི་ཞིབ་འཇུག་རྨང་གཞི་བྱས་ནས་འགྲེལ་བརྗོད་གསར་བ་གནང་ཡོད།14 སྤྱི་ལོ་1981ནས་ཅེ་ཐི་མར་K.Jattmarགྱིས་སྣེ་ཁྲིད་པའི་ཕ་ཀི་སི་ཐན་དང་དང་འཇར་མན་རྟོག་ཞིབ་རུ་ཁག་གིས་ཕ་ཀི་སི་ཐན་བྱང་རྒྱུད་ལ་ལོ་མང་པོར་གནའ་དཔྱད་རྟོག་ཞིབ་བྱས་ཏེ་རྟོག་ཞིབ་སྙན་ཞུ་དེབ་ལྔ་སྤྱི་ལོ་1989ནས་2001རིམ་པར་དཔེ་སྐྲུན་གནང་ཡོད་ཅིང་། སྤྱི་ལོ་1990ལོར་ཅེ་ཐི་མར་ནས་སྤལ་ཏིའི་ཞི་སྒར་ཕྱོགས་ཀྱི་བོད་ཡིག་རྡོ་བརྐོས་ཀྱི་པར་རིས་ཤིག་བཏང་ཡོད་པ་མ་ཟད།15 1993ལོར་པར་སྐྲུན་བྱས་པའི་ཕ་ཀི་སི་ཐན་བྱང་རྒྱུད་ཀྱི་རིག་དངོས་དེབ་ཕྲེང་གསུམ་པར་ཅེ་ཐི་མར་(K.Jettmar)གྱིས་སྤལ་ཏིའི་ཕྱོགས་ཀྱི་ལོ་རྒྱུས་སྤྱི་དང་། བོད་བཙན་པོའི་དུས་རབས་ཀྱི་ལོ་རྒྱུས།དེ་བཞིན་བོད་འབྲེལ་གནའ་ཤུལ་ཁག་གི་ལོ་རྒྱུས་སྤྱི་བསྡུས་སུ་གསུངས་ཡོད་པ་མ་ཟད། གལ་གུད་ཆུ་བོའི་འགྲམ་གྱི་འཕན་ཡུལ་ས་ཆའི་མཆོད་རྟེན་འགྲམ་དུ་འཁོད་པའི་མཚན་བྱང་ཁག་བཅུ་གཅིག་བསྡུ་རུབ་ཀྱིས་འགྲེལ་བརྗོད་གནང་ཡོད།16

སྤྱི་ལོ་1994དང་1995ལོར་ཁུ་ནུ་སྤུ་འམ་དཀོར་ས་ཆའི་རྡོ་རིང་ལ་ཐ་ཁུར་(Thakur)དང་རས་ཆར་རྡི་སིང་(Rechardson)གིས་ཆེད་རྩོམ་སྤེལ་ཡོད་ལ།རྩོམ་པ་པོ་གཉིས་ཀྱི་ལྟ་བ་མི་འདྲ་བ་རྡོ་རིང་བཙུགས་པའི་ལོའི་སྒང་དུ་ཡོད།17 སྤྱི་ལོ་1996ལོར་སྟོབས་ལྡན་དང་རྡོ་རྗེ་(Tobdan&C.Dorje)གཉིས་ཀྱིས་བསྒྲིགས་པའི་ཧི་མ་ལ་ཡའི་ནུབ་བརྒྱུད་བརྒལ་སའི་ལ་ཧུར།ཟངས་དཀར།ལ་དྭགས་ས་ཁུལ་གྱི་ལོ་རྒྱུས་ཡིག་ཚང་ཞེས་པར་ས་ཁུལ་འདི་དག་གི་དམངས་གླུ་དང་རྡོ་བརྐོས།དེ་བཞིན་ས་གནས་ཡིག་ཚགས་སོགས་གྲངས་120བསྡུ་རབས་གནང་ནས་དབྱིན་བསྒྱུར་དང་ཚིག་འགྲེལ་གནང་ཡོད་ལ། དུས་རབས་བདུན་པ་ནས་བཅུ་གཉིས་བར་དུ་འདུ་བའི་ཡིག་རྙིང་ཁག་ཧྥུ་རན་ཁི་ཡི་དེབ་དང་གཅིག་མཚུངས་ཡིན།18

པར་བཞི་བ། པར་བ་John Vincent Bellezzaཡིན།

སྤྱི་ལོ་1998ལོར་རྒྱ་གར་བ་ཅིས་ན་P. S. jinaཡིས་ཧི་མ་ལ་ཡ་ལ་དྭགས་ཀྱི་བོད་ཡིག་བྲིས་མ་དང་རྡོ་བརྐོས་མཚན་བྱང་ཅེས་པར་རྡོ་དང་བྲག་བརྐོས།དེ་བཞིན་ཨལ་ལྕི་ལྷ་ཁང་སོགས་ཀྱི་ལྡེབས་རིས་མཚན་བྱང་སོགས་49ཙམ་རང་རང་གི་ས་གནས་ལྟར་ཕྱོགས་བསྒྲིགས་དང་འགྲེལ་བཤད་གནང་ཡོད།19 1999ལོར་ཝོ་ར(R.Vohra)ཡིས་ལ་དྭགས་ཐང་རྩེ་ས་ཆའི་ཡིག་རྙིང་ཁག་གཅིག་ལ་རྟོག་ཞིབ་དང་འགྲེལ་བརྗོད་གནང་ཡོད་པ་དང་།20 སྤྱི་ལོ་2007ལོར་རྡིན་ཝི་རྡི་ནས་དུས་རབས་བདུན་པ་ནས་བཅུ་གཅིག་པའི་ནང་ཧི་མ་ལ་ཡའི་ནུབ་ཕྱོགས་ཀ་ར་ཀོ་རུམ་ས་ཁུལ་གྱི་བོད་ཡིག་མཚན་བྱང་ཅེས་པའི་རྩོམ་ནང་སྤུ་རངས་རྡོ་རིང་ཐེ་བའི་ས་གནས་ཁག་དྲུག་གི་ཡིག་རྙིང་དང་མཚན་བྱང་གི་ཞིབ་འཇུག་གནས་ཚུལ་དང་ལོ་ཚིགས་ཀྱི་གནད་དོན་སོགས་ངོ་སྤྲོད་གནང་འདུག་ཅིང་།21 སྤྱི་ལོ་2008ལོར་སྟོབས་ལྡན་གྱིས་བརྩམས་པའི་ཧི་མ་ལ་ཡའི་ནུབ་རྒྱུད་བརྒལ་སའི་རིག་གནས་ལོ་རྒྱུས་སུ་སྤུ་འམ་དཀོར་གྱི་རྡོ་རིང་གི་ཡི་གེ་ཡང་བསྐྱར་ངོ་བཤུས་དང་ཡིག་བསྒྱུར་། ས་གནས་ཀྱི་བཤད་རྒྱུན་སོགས་བསྡུ་སྒྲིག་གནང་འདུག22

སྤྱི་ལོ་2010ལོར་འཇར་མན་གྱི་འབུམས་རམས་པ་བྷི་རོ་ནུའུ་Q. Debers,L. Bruneauཡི་འབུམ་རམས་དཔྱད་རྩོམ་ཡིག་འགོད་ལོ་རྒྱུས་མ་བྱུང་སྔོན་ནས་ལོ་རྒྱུས་དུས་རབས་བར་སྟེ་ཟངས་ཆས་དུས་སྐབས་ནས་དུས་རབས་བཅུ་གསུམ་པའི་བར་གྱི་བྲག་བརྐོས་རི་མོར་ཡང་ཨལ་ལྕི་མཁར་གོག་གཡས་གཡོན་གྱི་མཚན་བྱང་གསར་བ་ཁ་ཤས་ཚུད་འདུག་ལ།23 ལོ་འདིར་ཀྲུང་གོའི་རིག་གནས་རྟོག་ཞིབ་ཚོགས་པ་ཞིག་སྐར་རྡོ་ས་ཆར་ཕེབས་ནས་ས་དེ་གའི་རིག་གནས་པ་ཧ་སན་བྷེ་རྡིའི་ (M. Y. Hussainabadi)ཉར་བའི་རྡོ་བརྐོས་མཚན་བྱང་ཅན་ཞིག་དང་མནྜལ་རྡོ་བརྐོས་མཚན་བྱང་ཁག་དང་པོ་བཅས་ཁྲིན་ཆིན་དབྱིན་དང་མཉམ་དུ་ཀྲུང་གོའི་བོད་རིག་པ་རྒྱ་ཡིག་མར་བཏང་ཡོད་ཅིང་།24 རྡོ་བརྐོས་འདི་བཙན་པོའི་རྒྱལ་རབས་ཀྱི་རིག་དངོས་ལ་བཞག་སྟེ་ཕྱིས་ཀྱི་རྒན་པ་སངས་དབང་འདུས་དང་ཆབ་འགག་རྟ་མགྲིན་གྱིས་རྩོམ་སྒྲིག་མཛད་པའི་རྡོ་བརྐོས་སྐོར་གྱི་ཆེད་དེབ་དུ་ཡང་བསྡུས་ཡོད།25

སྤྱི་ལོ་2011ཨེ་ལོ་ཟ་དར་ A. Alexanderདང་བན་ཆ་ཁུ་Van Schaikགཉིས་ནས་གླེ་ས་ཆའི་མི་ཚང་ཞིག་གི་སྒོ་རྭའི་ནང་དུ་བཞུགས་ཅིང་དེ་སྔ་ཧྥུ་རན་ཁི་ཡིས་དོ་སྣང་བྱུང་ཞིང་དུས་རབས་བཅུ་གཅིག་པའི་རྒྱལ་བ་བྱམས་པའི་རྡོ་དང་མཚན་བྱང་སྐོར་ལ་དཔྱད་རྩོམ་གལ་ཆེན་ཞིག་བཏོན་ཡོད་ལ།ཞོར་ནས་ལ་དྭགས་རྒྱུད་ཀྱི་རྡོ་བརྐོས་མཚན་བྱང་ཁག་གི་ལོ་ཚིགས་ཀྱི་གནད་དོན་ཡང་གླེང་སློང་བྱས་ཡོད།26

སྤྱི་ལོ་2013ལོར་ཨ་རི་བ་མོ་ཁུ་ནས་དེང་གི་ཨ་ཧྥུ་ཀན་ནི་སི་ཐན་ཝ་ཁན་དོག་ལམ་Wakhan Corridorསར་ཧ་རྡི་ནས་སྔ་ཕྱིར་རྙེད་པའི་མཚན་བྱང་ཁག་མི་འདྲ་བ་གཉིས་ལ་ཆེད་རྩོམ་གཉིས་སྤེལ་ཡོད་ཅིང་།27 སྤྱི་ལོ་2015ལོར་ལྡེ་ཝིར་དང་བྷི་རོ་ནུའུ་Q. Devers,L. Bruneauགཉིས་ཀྱི་ལ་དྭགས་ནུབ་རའི་རྒྱུད་ཀྱི་གནའ་དཔྱད་རྟོག་ཞིབ་ནང་ནུབ་རའི་ཇོ་མོ་ལུང་དུ་མཚན་བྱང་ཁག་གཉིས་དང་། ཁུ་ཧྲུ་ཝར་ཐང་དུ་ཁག་བཅུ་བཞི། ལོ་པན་མཚོ་རུ་ཁག་གསུམ། ཕ་ན་མུག་ཏུ་ཁག་གཉིས་བཅས་གསར་རྙེད་བྱུང་འདུག་ཅིང་། ཕལ་ཆེ་བ་བར་གུ་གེ་ཕྱིར་ལོག་ད་དྲག མ་ལ་ཡ་བཏགས་བཞག་པའི་ཁྱད་ཆོས་ཚང་བར་བྲིས་འདུག་མོད་པར་དང་མཚན་བྱང་དངོས་ཕབ་བཤུ་བྱས་པའི་ཆེད་རྩོམ་བཏང་མི་འདུག28

སྤྱི་ལོ་ 2015ནས་2016་བར་ལ་རྩོམ་པ་པོས་ཀྱང་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་དང་བོད་ལྗོངས་ཞིབ་འཇུག དེ་བཞིན་དེང་གི་དྲ་བའི་སྟེང་ལྷ་བླ་མ་ཡེ་ཤེས་འོད་ཡབ་སྲང་རིང་བཙུགས་པའི་རོང་ཆུང་སྤུའམ་དཀོར་གྱི་རྡོ་རིང་དང་རི་བོ་ཧི་མ་ལ་ཡའི་ནུབ་བརྒྱུད་ཁུལ་དུ་གནས་པའི་བོད་བཙན་པོའི་སྐབས་ཀྱི་རྡོ་བརྐོས་ཡིག་རྙིང་། དེ་བཞིན་སྐར་རྡོའི་མཚན་བྱང་སྐོར་གླེང་བ་ཅེས་རྒྱུ་ཆ་མང་དག་ཅིག་པར་རིས་ཟུང་འབྲེལ་གྱིས་ངོ་སྤྲོད་བགྱིས་ཡོད་ལ། དེ་བཞིན་རྡོ་རྡོ་ལགས་ནས་ཀྱང་ལྷ་བླ་མ་ཡེ་ཤེས་འོད་ཡབ་སྲས་སྐུ་དུས་བཞེངས་པའི་སྤུའམ་དཀོར་གྱི་རྡོ་རིང་རགས་ཙམ་གླེང་བཞེས་པའི་ཆེད་རྩོམ་སྤེལ་ནས་དཀོར་གྱི་རྡོ་རིང་བསླངས་པའི་ལོ་ཚིགས་ལ་དཔྱད་པ་གནང་འདུག29 ལོ་འདིར་ལན་དེ་ཝིར་སོགས་ཀྱིས་བརྩམས་པའི་ཁ་རུལ་ས་ཆའི་བྲག་བརྐོས་རི་མོ་སྟེ་ལ་དྭགས་ཀྱི་ཨལ་ལྕི་གསར་བ་ཞེས་པའི་རྩོམ་དུ།ལ་དྭགས་ཀྱི་ནུབ་བྱང་རྒྱུད་ཀྱི་ཕ་ཀི་སི་ཐན་ས་ཁུལ་དང་ཐག་ཉེ་བའི་ལུང་གསུམ་གྱི་འདུས་མདོ་ནས་བོད་ཡིག་མཚན་བྱང་འཁོད་པའི་རྡོ་བརྐོས་ཁག་བདུན་རྙེད་ཡོད་ཅིང་། ཁག་གཅིག་ནང་དོན་གལ་ཆེ་ལ་ལོ་ཚིགས་ཁ་གསལ་བས་ལ་དྭགས་རྒྱུད་ཀྱི་རིགས་འདྲ་བའི་རྡོ་བརྐོས་ཀྱི་ལོ་ཚོགས་གཏན་འཁེལ་བར་དངོས་དཔང་གསར་བ་མཁོ་སྤྲོད་གནང་ཡོད།30

ལོ་མཇུག་ཏུ་ཨ་རི་མ་མོ་ཁུས་ཝ་ཁན་ས་ཆའི་བོད་པ་སྟེ་རྡོ་བརྐོས་མཚན་བྱང་གི་རྒྱུ་ཆ་གསར་བའི་སྐོར་ཞེས་པའི་ཝ་ཁན་ས་ཆའི་མཚན་བྱང་གསར་བ་ཁག་གསུམ་ངོ་སྤྲོད་བརྒྱུད་དེའི་ལོ་རྒྱུས་རྒྱབ་ལྗོངས་སྐོར་ལ་ཞིབ་འཇུག་དང་ས་དེ་རྒྱའི་ཐང་ཡིག་དང་བོད་ཀྱི་བཙན་པོའི་ཡིག་རྙིང་དུ་བྱུང་བའི་གོག་ས་ཆའི་ཡན་ལག ཐང་གི་དམག་དཔོན་ཀོ་ཞན་ཀྲི་ཡིས་བོད་ལ་དམག་རྒྱབ་སའི་ལན་ཡིན་མཁར་རྙིང་དུ་འཁེལ་ཡོད་པའི་སྐོར་ལ་དཔྱད་པ་བཏང་ཡོད་ལ།31 རྩོམ་འདིའི་འགྱུར་ཡིག་གསར་དུ་རྙེད་པའི་ཝ་ཁན་ས་ཆའི་བོད་ཀྱི་རྡོ་བརྐོས་ཡིག་རྙིང་དང་རི་མོའི་སྐོར་གླེང་བ་ཞེས་པ་སྤྱི་ལོ་2017ལོའི་ཟླ་གཉིས་པའི་ནང་དྲ་བར་བཏང་ཡོད།32

འདི་ལོའི་ཟླ་ལྔ་བར་སྐད་འཕྲིན་སྟེགས་བུ་བཙན་པོའི་ལོ་རྒྱུས་གླེང་སྟེགས་སུ་ཤེས་རབ་གོ་ཆ་ལགས་ཀྱིས་ལ་དྭགས་ནས་གསར་རྙེད་བྱུང་བའི་བཙན་པོའི་སྐབས་ཀྱི་བྲག་རྐོས་ཞེས་ལ་དྭགས་ཤེལ་དུ་ཡོད་པའི་རྡོ་བརྐོས་རི་མོ་ཁག་གཉིས་ངོ་སྤྲོད་གནང་ཡོད་པ་དང་རི་མོའི་འགྲོ་ལུགས་དང་མཚན་བྱང་གི་བརྡ་སྤྲོད་ཀྱི་ཆ་ལ་བཙན་པོའི་དུས་རབས་ཀྱི་ཁྱད་ཆོས་ཡོད་པ་དང་དུས་དེར་གཏོགས་པར་དཔྱད་པ་མདོར་བསྡུས་བྱས་འདུག

པར་ལྔ་བ། ཞིན་ཅང་ས་ཁུལ་གྱི་ཡིག་རྙིང་རྡོ་བརྐོས། དྲ་ངོས་ནས་བླངས།

མདོར་ན། ད་སྔའི་ཡན་ཧི་མ་ལ་ཡའི་ནུབ་རྒྱུད་ཁུལ་གྱི་དུས་རབས་བརྒྱད་པ་ནས་བཅུ་གཉིས་བར་གྱི་རྡོ་བརྐོས་མཚན་བྱང་ཁག་ཉི་ཤུར་ཉེ་བ་དང་། ས་གནས་མང་པོ་ཞིག་ཏུ་མཚན་བྱང་རིང་ཐུང་མང་པོ་མཉམ་རུབ་ཀྱིས་ཡོད་པས་རེ་རེ་བཞིན་བགྲངས་ན་ཉུང་མཐར་ཡང་བརྒྱ་ཕྲག་བརྒལ་ངེས་ཡིན་ལ། ཞིབ་མཇུག་གི་གྲངས་ཀ་ནས་བལྟས་ཚེ་དཔྱད་རྩོམ་སུམ་ཅུ་དང་། ཆེད་དེབ་ལྔ། དེ་བཞིན་དེབ་ནང་ཐོར་རེ་བཀོད་པ་ཡང་བཞི་ལྔ་ཙམ་འདུག

 

གསུམ་པ།  ཞོར་འཕྲོས་དང་མཇུག་སྡོམ།

བོད་ཀྱི་གནའ་དཔྱད་ཞིབ་འཇུག་གམ་ཡིག་རྙིང་ཞིབ་མཇུག་གི་ལས་ཀ་མང་པོ་ཞིག་རང་རེའི་བོད་ཀྱི་ནུབ་མཐའ་འདི་ནས་མགོ་བཙུགས་པ་མ་ཟད། ཧྥུ་རན་ཁི་ཡི་བོད་ནུབ་རྒྱུད་ཀྱི་རྡོ་དང་བྲག་ལ་བརྐོས་པའི་བོད་ཡིག་གི་ལོ་རྒྱུས་ཡི་གེ་ཕྱོགས་བསྒྲིགས་ཐོག་མ་དང་གཉིས་པརྒྱ་གར་བོད་ཁུལ་གྱི་རིག་དངོས་གསུམ་ནི་བོད་ཀྱི་གནའ་དཔྱད་ཕྱོགས་ཀྱི་ཆེད་དེབ་ཐོག་མའི་གྲས་སུ་གཏོགས་ཤིང་། ལྷག་པར་རྩོམ་འདིར་དམིགས་སུ་ངོ་སྤྲོད་བྱས་པ་དུས་རབས་ངེས་ཅན་གྱི་རྡོ་བརྐོས་ཡིག་རྙིང་ཡིན་གྱི། གལ་སྲིད་ལྡེབས་རིས་ཀྱི་མཚན་བྱང་ཡང་བསྡུ་དགོས་བྱུང་ཚེ་རྒྱུ་ཆ་འདི་ལས་མི་ཚད་ལ། ལྷག་པར་ཧི་མ་ལ་ཡའི་ནུབ་རྒྱུད་ཕྱོགས་སུ་ཞིབ་འཇུག་བྱེད་མཁན་ནུབ་གླིང་བ་མང་ཆེ་ཤོས་གཙོ་བོ་སྒྱུ་རྩལ་ལོ་རྒྱུས་སུ་གཞོལ་ཆེ་བས་མཛུགས་སྐྲུན་གྱི་བཟོ་བཀོད་དང་ལྡེབས་རིས། དེ་ལས་བྱུང་བའི་མཚན་བྱང་ཁག་གི་འགྲེལ་བཤད་ཧ་ཅང་ཤུགས་ཆེ་ལ། སྤྱི་ཏིའི་ཏ་པོ་གཙུག་ལག་ཁང་གཅིག་པོ་ལ་མཚོན་ཡང་དེབ་ཁ་ཤས་ཐོན་ཡོད་པ་དང་། ལ་དྭགས་གླེ་དང་ཐག་ཉེ་བའི་ཨལ་ལྕི་ལ་མཚོན་ཡང་དེ་བཞིན་ཡིན།

 

པར་དྲུག་པ། པར་བ་ Quentin Deversཡིན།

གཞན་ད་ལྟ་མིག་མཐོང་ལག་ཟིན་དུ་ཡོད་པའི་འབྲས་བུ་ནས་བལྟས་ཚེ། རྒྱ་གར་ས་ཁོངས་ཀྱི་གླང་ཆེན་ཁ་འབབ་རྒྱུད་དམ་ཁུ་ནུ་སྤྱི་ཏིའི་ཁུལ་གྱི་བོད་ཀྱི་རིག་གནས་དར་རྒྱས་ནི་སེང་གེའི་ཁ་འབབ་དང་སྤལ་ཏི་བརྒྱུད་དང་འདྲ་མོད། དུས་རབས་སྔ་མོའི་རིང་གི་རྡོ་བརྐོས་ཆེར་མི་འདུག་ཅིང་། ད་ལྟ་བསྟན་དུ་ཡོད་པ་ཡང་སྤུ་རམ་དཀོར་གྱི་རྡོ་རིང་གཅིག་པོ་ཡིན་ལ། འདི་ལས་བལྟས་ཚེ་སེང་གེའི་ཁ་འབབ་རྒྱུད་དམ་སྤལ་ཏའི་ཕྱོགས་དང་རྡོ་བརྐོས་རིག་གནས་ཀྱི་ཆ་ནས་ཁྱད་ཧ་ཅང་ཆེ་བ་མ་ཟད། ལག་རྩལ་གྱི་ཆ་ནས་ཀྱང་རྡོ་ངོས་སུ་རྩུབ་བརྡར་གྱིས་བརྐོས་པའི་རི་མོ་གཅིག་ཀྱང་མི་འདུག་ན་སྔ་མོའི་ཆབ་སྲིད་སྒྲིག་གཞིའི་ཁྱད་པར་དང་འབྲེལ་བ་འདྲ་ཨེ་ཡོད་བསམ་ལ། གཞན་རྡོ་བརྐོས་འདི་དག་གི་ཞིབ་ཕྲའི་དུས་ཚོད་གཏན་འཁེལ་བྱེད་པ་གནད་དོན་ཆེན་པོ་ཞིག་སྟེ། དཔེར་ན་སྤལ་ཏི་སྐར་རྡོའི་རྡོ་ནར་ཡི་གེ་ཅན་དང་མནྜལ་བྲག་བརྐོས་མཚན་བྱང་གཉིས་རྒྱལ་ནང་དུ་ཁྲིན་ཆིན་དབྱིན་ནས་མགོ་བཟུང་སྟེ་བཙན་པོའི་སྐབས་སུ་བཞག་ཡོད་མོད། ལ་དྭགས་ཤེལ་མཁར་གཤམ་གྱི་རྒྱལ་བ་རིགས་ལྔའི་མཚན་བྱང་དང་ཤེལ་སྨན་ལའི་རྒྱལ་བ་བྱམས་པའི་མཚན་བྱང་། དེ་བཞིན་ལོ་འདི་གར་གསར་དུ་རྙེད་པའི་ཁ་རུལ་ས་ཆའི་རྡོ་བརྐོས་མཚན་བྱང་པར་དྲུག་པར་གཟིགས།སོགས་ཀྱི་རི་མོ་དང་བརྡའི་ཆ་རྣམས་བསྡུར་བ་བྱས་ཚེ་དུས་ཚོད་ཅུང་ཙམ་ཕྱི་སྣུར་བྱ་དགོས་པ་དང་བོད་ཡུལ་དབུས་དང་བརྡ་སྤྲོད་ཀྱི་བརྗོད་པ་དུས་མཉམ་མ་ཡིན་པའི་རྒྱུ་མཚན་ཡང་ཡོད་པར་མཐོང་མོད་གཞན་དུ་ཞུ་རྒྱུ་ཡིན་ལ། གོང་གི་མཚན་བྱང་ཉུང་ཤས་ལ་ལྷ་བཙན་པོའི་སྐུ་ཡོན་དུ་བསྔ་བའི་ནང་དོན་ཐོན་ཡོད་པ་ལས་མང་ཆེ་ཤོས་ཤིག་ལ་མཆོད་རྟེན་གྱི་ཟུར་དུ་མཆོད་རྟེན་བཞེངས་པ་པོའི་མཚན་བརྐོས་པ་ཙམ་ཡིན་ལ། དམིགས་ཡུལ་ཡང་བསྔོ་སྨོན་ཕུལ་བའི་ལས་ཞིག་ཏུ་བརྩི་རུང་ལ། ལུགས་སྲོལ་འདིའི་ཁུངས་དེད་ན་སྔ་མོའི་རྒྱ་གར་གྱི་ཁུའུ་ཧྲན་རྒྱལ་རབས་སྐབས་དུ་འདེད་ཐུབ་པ་མ་ཟད། དེང་གི་ཕ་ཀི་སི་ཐན་བྱང་རྒྱུད་ན་རིགས་འདྲ་བའི་དཔེ་མཚོན་སྟོང་ཕྲག་ཁ་ཤས་བརྒལ་བ་མ་ཟད།ཡིག་རིགས་ཡང་མི་འདྲ་བ་དྲུག་ཙམ་ཡོད།33

གཞན་ལ་དྭགས་པའི་ནང་ས་གནས་རང་གི་ལོ་རྒྱུས་སྐོར་ལ་དེབ་ཁ་ཤས་པར་སྐྲུན་ཡོད་པ་མཐོང་མོད། དེ་དག་ལས་འཇམ་དབྱངས་རྒྱལ་མཚན་གྱིས་སྤྱི་ལོ་2008ལོར་པར་སྐྲུན་གནང་བའི་ལ་དྭགས་རྒྱལ་རབས་རྙིང་པ་དང་། དེ་དང་འབྲེལ་བའི་ཆེད་བརྗོད་དང་།བཀའ་ཤོག་ཀུན་བཏུས་ཆེད་ཀྱི་གློག་ཀླད་དུ་དུས་རབས་ཕྱིས་ཀྱི་གསུང་རབས་བྲིས་མའི་མཛད་བྱང་དང་རྡོ་བརྐོས་མཚན་བྱང་རེ་གཉིས་བསྡུས་ཡོད་ལ། བཀྲ་ཤིས་ཟླ་བ་ཞེས་པའི་ལ་དྭགས་པ་ཞིག་གིས་དེང་སང་རྡོ་བརྐོས་ཕྱོགས་ལ་དོ་སྣང་དང་ཞིབ་མཇུག་གི་ལས་སུ་འཇུག་བཞིན་པ་གོང་དུ་བསྟན་པའི་ཁ་རུལ་ས་ཆའི་བྲག་བརྐོས་རི་མོ་སྟེ་ལ་དྭགས་ཀྱི་ཨལ་ལྕི་གསར་བ་ཞེས་པའི་རྩོམ་པ་པོའི་གྲས་སུ་ཚུད་པས་རྟོག་པ་མ་ཟད། ཡིག་རྙིང་ཡང་དང་པོ་ཁོང་གིས་ཐོག་མར་དོ་སྣང་བྱུང་ཡོད།གཞན་ད་ལྟའི་རྒྱུ་ཆ་ཁག་གི་གནས་སྟངས་ཀྱི་ཆ་ནས་གོང་དུ་བསྟན་པའི་ཡིག་རྙིང་ཁ་ཅིག་ངོ་སྤྲོད་ཙམ་ལས་མ་གཞི་ཡིག་རྙིང་དངོས་ཕྱི་ལོག་ཏུ་བཏོན་མེད་ལ། ཧྥུ་རན་ཁིའི་སྤྱི་ལོ་1905ལོའི་དེབ་དུ་མཚན་བྱང་ཁག་ལག་བྲིས་དེབ་གཟུགས་དང་། 2013ལོར་བཏོན་པའི་ཐ་ཁུའུ་ཆིས་ཀྱི་རྩོམ་ཡིག་ལ་པར་རིས་ཟུང་འབྲེལ་གྱིས་ཕབ་བཤུ་ཚད་ལྡན་ཡིན་པ་ཙམ་ལས་རྩོམ་ཡིག་དང་དེབ་གཞན་ཕལ་ཆེ་བར་ཡིག་རྙིང་གི་རྒྱུ་ཆ་དབྱིན་ཡིག་གི་གསལ་བྱེད་ལ་ཕབ་པ་རྐྱང་མ་ཟད་གུ་གེ་ཕྱིར་ལོག་ཡིན་མིན་དང་ཏིང་ཀྱོག་དང་ཤད་ཀྱི་ཁྱད་སོགས་ཕྱེ་མེད་པའི་མི་འདང་ས་ཡོད་ལ། ཡིན་ཡང་དེབ་གོང་མའི་ཡིག་རྙིང་མང་པོ་ཞིག་གཅིག་ནས་མི་གཞན་མངགས་ནས་བཤུས་པ་དང་གཉིས་ནས་བསྡུ་སྒྲིག་དུས་ཚོད་སྔ་བའི་ཆ་ནས་བཤུ་ནོར་དང་ཕྱིས་ཀྱི་མཚན་བྱང་མང་པོ་ཚུད་མེད་པའི་ཆ་དང་།34 རྩོམ་ཡིག་ཕྱི་མ་པར་རིས་ཟུང་འབྲེལ་ལམ་བཤུ་སྟངས་ཚད་ལྡན་ཡིན་མོད་གནས་བྱེ་བྲག་པའི་མཚན་བྱང་བསྡུས་པ་ཙམ་ཡིན་ན། ས་གནས་འདི་དག་གི་བརྒྱུད་ལ་རྟོག་དཔྱོད་ཞིབ་འཇུག་ཡང་བསྐྱར་བྱས་ནས་པར་རིས་ཟུང་འབྲེལ་གྱི་དེབ་ཞིག་བཟོ་བ་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་ཞིག་ཡིན་ལ།དེ་མིན་རིགས་འདྲ་བའི་རྡོ་བརྐོས་རང་རེའི་ཞིན་ཅང་དུ་ཁག་གཅིག་35པར་ལྔ་བར་གཟིགསདང་མངའ་རིས་རུ་ཐོག་ས་ཆར་ཁག་གཉིས་36རྙེད་ཡོད་ནཔར་གསུམ་པ་དང་བཞི་བར་གཟིགས། ས་ཁུལ་འདིའི་རྒྱུད་དུ་མུ་མཐུད་དུ་རྟོག་ཞིབ་བྱ་རྒྱུ་གལ་ཆེ་བར་མཐོང་།

 

གསལ་བཤད།  རྩོམ་འདི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་དེབ་སྤྱི་ལོ་2017ལོའི་དེབ་4བའི་སྟེང་བཀོད་ཡོད་ལ། ནང་དོན་ལ་འཕྲི་སྣོན་གྱི་ཞོར་དུ་དབྱིན་ཡིག་གི་དཔྱད་གཞིའི་ཞབས་མཆན་འགོད་སྟངས་ཅུང་ཚད་ལྡན་དུ་བཅོས་ཡོད།གཞན་འདིར་བྱུང་བའི་ས་མིང་ཕལ་ཆེ་བ་སྒྲ་གདངས་ལྟར་ཕབ་པས་མ་དག་པའི་ཆ་མང་དུ་ཡོང་ངེས་ཡིན་ལ། དེའི་ཐད་འབྲེལ་ཡོད་མི་སྣས་རོགས་རམ་གནང་བའི་རེ་བ་ཡོད།

མཆན།

1  Godfrey Thomas Vigne.1836: “Iskardo Inscription,” Journal of the Asiatic Society of Bengal 5,p.348.

.1838:“Tibetan Inscription from Iskardo,” Journal of the Asiatic Society of Bengal 7,p 39.

2 August Hermann Francke. 1906: First Collection of Tibetan Historical Inscriptions on Rock and Stone from Western Tibet. Erste Sammlung tibetischer historischer Inschriften auf Felsen und Steinen in West Tibet (Leh, 1906).

3 August Hermann Francke and Prem Singh Jina.2003: First Collection of Tibetan Historical Inscriptions on Rock and Stone from Ladakh Himalaya, Delhi, Sri Satguru Publications.

4 August Hermann Francke. 1907: Second Collection of Tibetan Historical Inscriptions on Rock and Stone from Western Tibet, zweite Sammlung tibetischer historischer Inschriften auf Felsen und Steinen in West Tibet (Leh, 1907).

5 August Hermann Francke .1905: "Archaeological notes on Balu-mkhar in Western Tibet", Indian Antiquary [Bombay] 34, p. 203-210.

.1905: "The rock inscriptions at Mulbe", Indian Antiquary [Bombay] 34, p. 72-81.

.1906: "Archaeology in Western Tibet. Khalatse. (I-Inscriptions at Khalatse, II-Inscriptions at Saspola)", Indian Antiquary [Bombay] 35, p. 237/325-241/333.

.1907: "Archaeology in Western Tibet (III-Inscriptions at Basgo and Nyemo, IV-Inscriptions at Daru, V-The Rock inscriptions at Sheh, ppendix: The Age of the Buddhist Stone Images of Ladakh)", Indian Antiquary [Bombay] 36, p. 85-98.རྒྱ་གར་རིག་དངོས་ཞེས་པའི་དུས་དེབ་ཁག་ཤ་བོ་རྟ་མགྲིན་ནས་མཁོ་སྤྲོད་བྱས་པ་ལ་ཐུགས་རྗེ་ཆེ་ཞུ།

6 Jane E. Duncan. 1906:A Summer Ride through Western Tibet ,London: Collins, pp.297-303.གསལ་བཤད། སྐར་རྡོའི་གྲོང་དུ་གནས་པའི་བྲག་བརྐོས་འདི་ལ་དེ་སྔ་སྤལ་ཏིའི་སལ་ཏི་ཇིན་(Sadjun Baltistan)དང་ས་ཐི་པ་ར་(Satepara)བྲིས་པ་ཡང་འདུག་མོད། ཕ་ཀི་སི་ཐན་རིག་དངོས་ཚན་ཁག་གིས་མནྜལ་བེད་སྤྱོད་བཏང་ཡོད་པས་དེ་ལྟར་བཅོས་པ་ཡིན།

7 August Hermann Francke . 1914:Antiquities of Indian Tibet 1 (Calcutta:Superintendent Government Printing India.

8 August Hermann Francke . 1928: “A Tibetan Inscription on the Darkot Pass,”in Marc Aurel Stein, Innermost Asia ,Oxford: Clarendon Press, Appendix L, 1050-51.

9 Giuseppe Tucci. 1989:Indo-Tibetica 2, Aditya Prakashan, New Delhi,p.22, 68. 

10 Philip Denwood.1980b: “Temple and Rock Inscriptions of Alchi”, in D.L. Snellgrove &T. Skorupski, eds., The Cultural Heritage of Ladakh, vol. 2,Zangskar and the cave temples of Ladakh, Aris & Phillips,Warminster (England), pp. 117-164.

11 []邓伍德著 陈楠译.拉达克刻石录[C].国外藏学研究译文集(第二辑),西藏人民出版社,1987年。

12 Takeuchi Tsuguhito .2013b:“Old Tibetan Rock Inscriptions Near Alchi”, Journal of the Research Institute, no. 49, Kobe, Kobe City University of Foreign Studies, pp. 29-69.

13 Giacomella Orofino.1990: “A Note on Some Tibetan Petroglyphs of the Ladakh Area”, East and West, 40:1-4, pp. 173-200.

14 Philip Denwood and Howaed Neil. 1990: "Inscriptions at Balukhar and Char Zampa and Archaeological Observations on the Fort of Balukhar and its Environs", in: T. SKORUPSKI(éd.), Indo-Tibetan Studies: papers in honour and appreciation of Professor David L.Snellgrove's contribution to Indo-Tibetan studies, Tring, Institute of Buddhist Studies, Buddhica Britannica, p. 81-88.

15 Karl Jettmar.1990: "Exploration in Baltistan", in: M. TADDEI / P. CALLIERI (éd.), South Asian archaeology 1987 : proceedings of the ninth International Conference of the Association of South Asian Archaeologists in Western Europe (Venise), Serie orientale Roma 66, Rome, Istituto italiano per il Medio ed Estremo Oriente, p. 801-813.

16 Jettmar, Karl. and Klaus S.1993: “Ein Tibetisches Heiligtum in Punyal”,in K. Jettmar, ed., Antiquities of Northern Pakistan: Reports and Studies, vol. 2, Mainz, Philipp von Zabern, pp. 123-140.

17 Laxman S. Thakur. 1994:“A Tibetan Inscription by lHa Bla-ma Ye-shes-‘od from dKor (sPu) Rediscovered,” Journal of the Royal Asiatic Society Series3, 4/3: 369-75.Hugh Richardson. 1995:“The Tibetan InscriptionAttributed to Ye-shes-‘od: a Note,” Journal of the Royal Asiatic Society Series 3, 5/3:403-4.

18 Tobdan&C.Dorje.1996:Historical Documents from Western Trans-himalaya Kahul,Zangkar and Ladakh,Delhi:Book India Publication Co.

19 Prem Singh Jina.1998: Tibetan Manuscripts and Inscriptions of Ladakh Himalaya, Bibliotheca Indo-Buddhica,series no 189, Delhi:Sri Satguru Publications.

20 Rohit Vohra. 1999: "Tamgas and Inscriptions from Tangtse in Ladakh," in: H. EIMER / M. HAHN / M.SCHETELICH / P. WYZLIC (éd.), Studia Tibetica et Mongolica (Festschrift Manfred Taube)Redigenda curaverunt, Swisttal-Odendorf, Indica et Tibetica Verlag, p. 279-303

21 Philip Denwood.2007: "The Tibetans in the Western Himalayas and Karakoram, Seventh-Eleventh Centuries:Rock Art and Incriptions", Journal of Inner Asian Art and Archaeology [Turhout] 2, p. 49-58

22 Tobdan.2008:Cultural History of Western Trans-Himalatas Bashahar Kinnaur, New Delhi:Aryan Books Internatioal, 2008.P75-77;202.

23 Bruneau Laurianne. 2010: “Le Ladakh (état de Jammu et Cachemire, Inde) de l’Âge du Bronze à l’introduction du Bouddhisme : une étude de l’art rupestre, vols. 1, 2, 3. Répertoire des pétroglyphes du Ladakh”. Ph.D. dissertation, Université Paris I-Panthéon-Sorbonne.

24 陈庆英 马丽华 穆罕默德·尤素夫·侯赛因阿巴迪.巴基斯坦斯卡杜县发现的吐蕃王朝时期的藏文碑刻[J].中国藏学,20104.

25 པ་སངས་དབང་འདུས། སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིགས་འགྲེལ་དངས་སང་གངས་ཆུ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011 ཆབ་འགག་རྟ་མགྲིན། བོད་ཡིག་རྡོ་རིང་ཞིང་འཇུག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2012པ་སངས་དབང་འདུས་ཀྱི་རྡོ་ནར་སྟེང་གི་ཡིག་རྙིང་ལས་བསྡུས་མེད་ལ། རྒན་ཆབ་འགག་གིས་ཁག་གཉིས་པོ་བསྡུས་ཡོད།

26 André A lexander and Sam Van Schaik.2011.“The Stone of Leh:The Rediscovery and Recovery of an Early Tibetan Monument”,Journal of the Royal Asiatic Society, Vol.21(4), pp.421-439.

27 Mock, John, 2013a "A Tibetan Toponym from Afghanistan, "Revue d'Etudes Tibétaines no. 27, Oct. pp. 5-9.

.2013b “Darkot Revisited: New Information on a Tibetan Inscriptionand mchod-rten, ” Revue d'Etudes Tibétaines no. 27, Oct. p.11-19.

28 Quentin Devers, Laurianne Bruneau et Martin Vernier. 2015:“ An archaeological survey of the Nubra Region (Ladakh, Jammu and Kashmir, India), ”Études mongoles et sibériennes, centrasiatiques et tibétaines [Online], 46 .

29 རྡོ་རྡོ།ལྷ་བླ་མ་ཡེ་ཤེས་འོད་ཡབ་སྲང་སྐུ་དུས་བཞེངས་པའི་སྤུའམ་དཀོར་གྱི་རྡོ་རིང་རགས་ཙམ་གླེང་བ། མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ།20163

30 Quentin Devers,Nils Martin, Kacho Mumtaz Ali Khan, Tashi Ldawa.2016: “The Petroglyphs of Kharool: The New Alchi of Ladakhhttp://www.tibetarchaeology.com/october-2016.

31 John Mock.2016: “Tibetans in Wakhan: New Information on Inscriptions and Rock Art”, Revued’Etudes Tibétaines, no. 36, October, pp. 121-141.

32 http://www.tsanpo.com/debate/22473.html

33 Harald Hauptmann. 2007:Pre-Islamic Heritage in the Northern Areas of Pakistan. In Karakoram: Hidden Treasures in the Northern Areas of Pakistan, 2nd ed, edited by Stephano Bianca. Turin, Italy: Umberto Allemandi & Co.

34 Luciano Petech.1977:The Kingdom of Ladakh: C. 950-1842 A.D., Serie Orientale Roma ; 51 (Roma: Istituto italiano per il Medio ed Estremo Oriente).P3.

35 《新疆哈密发现疑似吐火罗文岩刻?专家:并非如此》《天山网》,2014.10.31.མཚན་བྱང་ཁྱུང་དགོ་ལི་འདྲ་བོ་ཞིག་འཁོད་འདུག

36 www.tibetarchaeology.com/june-2016/མཚན་བྱང་གཅིག་ནི། སྤྱྀ་ཏི་སྡེ་མྱང་རྨང་ལ་རྣང་གིས་བྲྀས། མཚན་བྱང་གཞན་ཞིག་ནི་ཁྱུང་ཕོ་མ་སླེབས་གྱིས་བྲྀས་ཞེས་བྱུང་འདུག