༡། བོད་ཀྱི་སྐད་ཡིག་སྤྱིའི་སྐོར།

འཛམ་གླིང་ཡུལ་གྲུ་ཀུན་ཏུ་བྲིས་སུ་རུང་བའི་སྐད་ཡིག་ཡོད་དོ་ཅོག་གསར་བཟོ་དར་སྤེལ་བྱུང་སྟངས་ནི། ཐོག་མར་མི་རིགས་སོ་སོར་ཡོད་པའི་སྐད་ལ་བརྟེན་ནས་ཡི་གེ་བཟོས་ཤིང་སྐད་ཀྱི་ཆེད་དུ་ཡི་གེ་བཟོས་པ་ཤིག་ཡིན་པས། ཡི་གེས་སྐད་ལ་རོགས་འདེགས་བྱེད་དགོས་པ་སྨོས་མེད་ཅིག་རེད་སྙམ། དེར་བརྟེན་རང་རེ་བོད་ཀྱི་སྐད་ཡིག་ཀྱང་དེ་རང་ལས་མ་འདས།

བོད་ཀྱི་སྐད་ཡིག་དེ་འཛམ་གླིང་གི་སྐད་རིགས་གང་གི་ཁྱབ་ཁོངས་ཡིན་མིན་བལྟ་སྐབས།  སྐད་རིགས་སྨྲ་བ་ཚོས་སྐད་གདངས་དང་ཐ་སྙད། ཚིག་གྲུབ་ཆགས་སྟངས་སོགས་ཀྱི་ཆ་ནས་བོད་ཀྱི་སྐད་ཡིག་དེ་བོད་དང་འབར་མའི་སྐད་རིགས་ཁྱབ་ཁོངས་སུ་དབྱེ་བགོས་བྱས་ཡོད།  ཁྱབ་ཁོངས་དེའི་ནང་ད་ལྟ་ཡོངས་གྲགས་ལྟར་ན་སྐད་རིགས་མི་འདྲ་བ་བརྒྱ་དང་ལྔ་བཅུ་ཡོད་པར་བཤད་ལ། དེ་དག་གཙོ་བོ་ཧི་མ་ལ་ཡའི་རི་རྒྱུད་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། དེ་ཡང་ནུབ་པ་ཀི་སི་ཐན་གྱི་སྦལ་ཏི་སི་ཐན་ནས་ཤར་གྱི་ཁམས། བྱང་མཚོ་སྔོན་པོ་ནས་ལྷོ་གར་ཞྭ་དང་སྤྱི་ཏི་བར་དུ་བེད་སྤྱོད་བྱེད་ཀྱི་ཡོད། ཡིན་ནའང་སྐད་རིགས་ཀྱི་ཁྱབ་ཁོངས་དེའི་ནང་ཡི་གེའི་ལོ་རྒྱུས་རིང་པོ་ཡོད་པ་ནི་འབར་མ་དང་བོད་ཀྱི་སྐདཡིག་གཉིས་ཡིན་ལ། སྐད་ཡིག་འདི་གཉིས་ཀྱི་འབྲི་སྲོལ་དང་སྐད་གདངས།  ཚིག་གྲུབ་ཆགས་སྟངས།  མིང་ཚིག་གྲུབ་སྟངས་ཀྱི་ཆ་ནས་ཉེ་འབྲེལ་མི་རིགས་ཀྱི་རྒྱ་ནག་དང་རྒྱ་གར། བལ་བོ། སོག་པོ། ཊུར་ཀིའམ་ཡུ་གུར་སྐད་ཡིག་ལས་ཐ་དད་ཡིན་པས་མི་རིགས་དེ་གཉིས་ཀྱི་ཁམས་དང་མོས་པ། ཡུལ་སྲོལ་གོམས་གཤིས། ངོ་བོ་བཅས་མཚོན་པར་བྱེད་ཐུབ་ཀྱི་ཡོད།

ལུང་པ་རེ་ལ་སྐད་རེ་ཞེས་བཤད་སྲོལ་ཡོད་པ་བཞིན་བོད་ཀྱི་སྐད་ཡིག་ལ་དབྱེ་ན།

ཕྱི་མི་བོད་རིག་པ་སྨྲ་བ་ཁག་ཅིག་གིས་བོད་ཀྱི་སྐད་ཡིག་དེ་དུས་རབས་ ༡༡ ཡར་སྔོན་ལ་བརྡ་རྙིངདང། དུས་རབས་ ༡༢ ནས་ ༡༩ བར་སྔ་རབས་classicalབོད་སྐད། དུས་རབས་ ༢༠ ནས་དེང་རབས་བོད་སྐད་བཅས་དབྱེ་བགོས་བྱེད་སྲོལ་ཡང་འདུག

༢། སྐྱེ་དངོས་ཚན་རིག་གི་གལ་ཆེན་རང་བཞིན་དང་བོད་ཀྱི་སྐྱེ་དངོས་རིག་པའི་གཞུངལུགས།

མིའི་རིགས་ཀྱིས་རང་ཉིད་འཚོ་གནས་བྱེད་ཆེད་སྔོ་ལྡུམ་དང་ཤིང་འབྲས། སྲོག་ཆགས།  གཏེར་བཅུད་སོགས་རང་བྱུང་ཁམས་ཀྱི་སྐྱེ་དངོས་མང་དག་ཅིག་བཀོལ་སྤྱོད་བྱེད་པའི་རིག་པ་རྙེད་ཅིང་དེ་དག་རང་ཉིད་འཚོ་གནས་བྱེད་པར་ཕན་ཐོགས་ཡོད་པ་ཤེས་རྟོགས་བྱུང་སྟེ་དེའི་སྐོར་གྱི་ཤེས་བྱ་གང་མང་རིམ་གསོག་བྱས་ཡོད་པ་ལྟར། བོད་རིགས་མི་དམངས་ཀྱིས་ཀྱང་འཛམ་གླིང་ས་མཐོའི་ཡུལ་དུ་འཚོ་སྡོད་བྱས་པའི་ཉམས་མྱོང་དང་ཉེ་འབྲེལ་རྒྱལ་ཁབ་དང་མི་རིགས་བར་འབྲེལ་འདྲིས་བྱུང་བའི་ཉེར་ལེན་ལ་བརྟེན་ནས་ཉེར་མཁོའི་བཟའ་བཅའ་དང་དངོས་ཆས་ཡོ་བྱད།  སྐྱེ་དངོས། སྨན་རྫས་སོགས་མང་པོ་ཞིག་བོད་དུ་ནང་འདྲེན་གྱིས་བེད་སྤྱོད་བྱས་དང་བྱེད་མུས་ཡིནཔ་དེ་ལྟར་ཡང་།  ཉེར་མཁོའི་དངོས་རིགས་མང་པོའི་ཁྲོད་ནས་སྐྱེ་ལྡན་དངོས་རིགས་ནི་མིའི་རིགས་ལ་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་ཆེ་ཞིང་ཁ་བྲལ་དུ་མི་རུང་བ་ཞེ་ཅིག་ཡིན་པས་དེའི་སྐོར་གྱི་ཤེས་བྱ་རང་ལ་ཡོད་པ་གསོག་ཉར་དང་རང་ལ་མེད་པ་ཕྱི་ནས་མུ་མཐུད་ནང་འདྲེན་ངོ་སྤྲོད་དང་ཞིབ་འཇུག་བྱེད་གཞིར་གྱུར་ཡོད།

སྐྱེ་དངོས་རིག་པ་ནི་རང་བྱུང་ཁམས་ལས་བྱུང་བའི་སྐྱེ་ལྡན་དངོས་རིགས་རེ་རེའི་མིང་དང་སྐྱེ་དབྱིབས་སམ་འཁྲུངས་དཔེ། འབྱུང་ཁུངས། ངོ་བོ། མདོག བྱེད་ལས། ཕན་ནུས་བཅས་ལ་བརྟག་ཞིབ་བྱས་ཏེ་དངོས་རིགས་དེ་དག་བེད་སྤྱོད་བྱེད་ཐབས་སྟོན་པའི་ཐབས་དང་རིག་པ་ཞིག་ལ་གོ་དགོས་པ་ལྟར།སྤྱིར་སྐྱེ་དངོས་རིག་པ་འདི་ཡང་མིའི་རིགས་ཀྱིས་རྩི་ཤིང་སྔོ་ལྡུམ་དང་སྲོག་ཆགས་རིགས་ཟས་དང་སྨན་རྫས་སུ་བེད་སྤྱོད་བྱེད་པའི་རྒྱུད་རིམ་ནང་གསར་གཏོད་བྱུང་ཡོད་ལ། སྲོག་ཆགས་ནས་བྱུང་བའི་ཟས་རིགས་དང་སྐྱེ་དངོས་སྔོ་ལྡུམ་རྩི་ཤིང་ནས་བྱུང་བའི་བཟའ་ཆས་ནི་མིའི་རིགས་ཀྱི་ལུས་སྲོག་འཚོ་བའི་རྒྱུ་ཆ་ལེགས་ཤོས་ཤིག་ཏུ་གྱུར་ཡོད་པ་དང་རང་ཉིད་འཚོ་གནས་བྱེད་དགོས་ན་བྱ་དངོས་དེ་དང་དེའི་སྐོར་གྱི་ལག་ལེན་ཕན་གནོད་ལ་ཞིབ་འཇུག་བརྟག་དཔྱད་བྱེད་དགོས་པ་ཞིག་ཆགས་ཤིང་དེ་གོམས་གཤིས་སུ་གྱུར་ཡོད། དེར་བརྟེན་བོད་ཀྱི་གསོ་རིག་སྨན་རྫས་ཀྱི་གཞུང་ལུགས་དང་བརྩམས་ཆོས་ནི་བོད་ཀྱི་སྐྱེ་དངོས་རིག་པའི་རྨང་གཞི་དང་། སྨན་སྦྱོར་མཁན་པོའམ་སྨན་པ་མཁས་པ་རྣམས་ནི་བོད་ཀྱི་སྐྱེ་དངོས་རིག་པ་བ་ཡིན་ཞེས་བརྗོད་ཀྱང་མི་ཆོག་པ་མེད་སྙམ།

༣། བོད་དུ་བསྒྱུར་ཞིང་བརྩམས་པའི་སྨན་གཞུང་ངམ་སྐྱེ་དངོས་རིག་པའི་དཔེ་དེབ་དང་ལོ་ཙཱ་བ།

བསྟན་པ་སྔ་དར།  དུས་རབས ༧ དང  ༨།

  • ངྷརྨ་ཀོཥ་དང་ཧྭ་ཤང་མ་ཧྭ་དེ་ཝ། ༼སྨན་དཔྱད་ཆེན་མོ༽བསྒྱུར། 
  • ཧན་ཝན་ཝད། ༼རྒྱ་དཔྱད་ཐོར་བུ་ཆེ་ཆུང་༽བསྒྱུར། 
  • བྷ་ར་ངྷ་ཇ་དང་ཧན་ཝན་ཧད། ག་ལེ་ནོས། ༼མི་འཇིགས་པའི་མཚོན་ཆ༽ བརྩམས།
  • བྷ་ར་ངྷ་ཇ། ༼འབུ་ཤག་མ་བུ་ཆེ་ཆུང་༽ ༼སྦྱོར་བ་མར་གསར༽བསྒྱུར།

<<མི་འཇིགས་པའི་མཚོན་ཆ>>འི་ནང་། སྲོང་བཙན་སྐབས་ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན། སྨན་པ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ། བདག་དང་གཞན་ལ་ཕན་པར་མི་ནུས་པས། བར་སྣང་མཁའ་ལ་ཇི་ལྟར་མཐོས་བསྙབ་བཞིན།། ཞེས་གསུངས་བར་གཞིགས་ན་སྐབས་དེར་གསོ་དཔྱད་ཀྱི་ལུགས་གསུམ་པོ་དེ་བོད་ཀྱི་སྐད་ཡིག་གཙོས་ཡིག་རིགས་མི་འདྲ་བའི་ནང་བལྟ་ཀློག་བྱ་རྒྱུ་ཡོད་པ་དང་སྨན་པ་མཁས་པ་ཞིག་ཡིན་ཚེ་སྐད་མང་སྨྲ་བ་ཞིག་ཀྱང་རང་བཞིན་གྱིས་ཡིན་དགོས་པ་རེད།

  • ཧྭ་ཤང་མཧཱ་ཡ་ན་དང་བཻ་རོ་ཙ་ན། ༼སྨན་དཔྱད་ཟླ་བའི་རྒྱལ་པོའམ་སོ་མ་རཱ་ཛ༽བསྒྱུར།
  • བཻ་རོ་ཙ་ན། ༼མིང་དོན་བརྡ་སྤྲོད་རྣམ་ལྔ༽བརྩམས། ༼འཇམ་དབྱངས་སྔོ་འབུམ༽བསྒྱུར། 
  • རྒྱ་གར་ཤནྟི་གརྦྷ།  ༼སྔོ་འབུམ༽བསྒྱུར།
  • བལ་པོ་སྨན་པ། ༼སྦྱོར་པ་བརྒྱ་པ༽བསྒྱུར།
  • གནུབས་སངས་རྒྱས་ཡེ་ཤེས། ༼སྨན་ངོའི་འཁྲུངས་དཔེ་རིན་རིན་སྒྲོན་མེ༽ བསྒྱུར།
  • ཙན་པ་ཤི་ལ་ཧ། བདུད་རྩི་མེ་ལོང་དང་རིན་པོ་ཆེའི་མཛོད་ཕན་པ་སྨན་གྱི་ལེའུ་སོགས་བསྒྱུར་པའི་གཞུང་ ༼བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ༽ བསྒྱུར། ༼བི་ཇིའི་པོ་ཏི་ཁ་སེར༽བརྩམས། 
  • གཡུ་ཐོག་ཡོན་ཏན་མགོན་པོ། ༼དཔལ་ལྡན་རྒྱུད་བཞི༽ བརྩམས།  
  • གྲུ་གུ་སེང་མདོ་ཆེན་པོ། ཅོག་རོ་བུ་མོ་རྟ་ཡི་ལྷ། འབྲོའི་བུ་མི་གམ་བཟང་སོགས། ༼རྟ་གཞུང་དངུལ་དཀར་མེ་ལོང་༽ ༼རྒྱལ་པོ་སེང་གེས་བྱིན་པས་མཛད་པའི་རྟའི་བསྟན་བཅོས༽རྩོམ་སྒྱུར་བྱས།

ཁམས་ཤོ་མདོ་ཆོས་གྲྭ་ཆེན་པོའི་ཞི་སྤྲུལ་བསྟན་འཛིན་འཕྲིན་ལས། ༼རྟ་དཔྱད་མཐོང་བ་ཀུན་གསལ་མེ་ལོང༽བརྩམས།

ཀོང་སྤྲུལ་གྱི་<<ཤེས་བྱ་ཀུན་ཁྱབ་མཛོད>>ལས། སྲོང་བཙན་དུས་སུ་ལུགས་ཆེན་གསུམ་གྱི་གཞུང། ཨག་ཚོམ་རིང་ལ་རྒྱ་བཟའི་ལུགས་རྣམས་དང་། ཧྭ་ཤང་བི་ཇི་སོགས་ཀྱིས་བསྒྱུར་བ་མང། ཞེས་དང་། ཡང་། ཁྲི་སྲོང་དུས་ན་སྤྲུལ་པའི་སྲས་གསུམ་གཞུང་། པོ་ཏི་ཁ་སེར་རྒྱལ་བློན་དམངས་གསུམ་དང་། རྒྱ་ཞང་ཧོར་བོད་འ་ཞའི་མཁས་གཞུང་བཙུགས།

བསྟན་པ་ཕྱི་དར།   དུས་རབས ༡༠ རྗེས།

  • ལོ་ཆེན་རིན་ཆེན་བཟང་པོ་དངཛ་རན་དྷ་ར། ༼ཡན་ལག་བརྒྱད་པ༽ ༼ཟླ་ཟེར༽ ༼རྟ་དཔྱད་ཤཱ་ལི་ཧོ་ཊྲ༽ དུས་རབས ༡༠།
  • གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ། ༼དཔལ་ལྡན་རྒྱུད་བཞི༽ལ་སྣོན་ཁ་མཛད།  ༼སྔོ་འབུམ་ཆེན་མོ༽ དུས་རབས ༡༢།
  • ཀརྨ་པ་རང་བྱུང་རྡོ་རྗེ། ༼སྨན་གྱི་ནུས་པ་ཕྱོགས་གཅིག་ཏུ་བསྟན་པ་སྨན་མིང་རྒྱ་མཚོ༽ བརྩམས། དུས་རབས ༡༣ ནས ༡༤།
  • བྲང་ཏི་དཔལ་ལྡན་འཚོ་བྱེད། ༼ཕྱི་རྒྱུད་སྨན་སྨན་སྦྱོར་དཔེ་རིས༽ བརྩམས། དུས་རབས ༡༤།
  • བྱང་པ་རྣམ་རྒྱལ་གྲགས་བཟང། ༼སྨན་གཞུང་རིན་ཆེན་སྒྲོམ་བུ༽ སོགས་བརྩམས། དུས་རབས ༡༤
  • སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། གསོ་རིག་མིང་ཚིག་འགའ་ཞིག་དོན་གྱི་བཞིན་རས་སྟོན་པའི་མེ་ལོང༽ བརྩམས། དུས་རབས ༡༤།
  • ཟུར་མཁར་མཉམ་ཉིད་རྡོ་རྗེ། ༼རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩིའི་སྒྲོན་མེ་སོགས་མན་ངག་བྱེ་བ་རིང་བསྲེལ༽ བརྩམས། དུས་རབས ༡༥།
  • ཟུར་མཁར་བློ་གྲོས་རྒྱལ་པོ། ༼སྨན་གྱི་རོ་ནུས་ཞུ་རྗེས་སྐོར་གྱི་རྣམ་བཤད༽ བརྩམས། དུས་རབས ༡༦།
  • གོང་སྨན་དཀོན་ཅོག་བདེ་ལེགས། ༼སྔོའི་འཁྲུངས་དཔེ་དོན་བསྡུས༽ ༼སྨན་མིང་བརྡ་སྤྲོད༽བརྩམས། དུས་རབས ༡༦།
  • མི་ཕམ་དགེ་ལེགས་རྣམ་རྒྱལ། ༼སྨན་གྱི་རོ་ནུས་བཤད་པ་བཻ་ཌཱུརྱའི་མེ་ལོང༽ བརྩམས། དུས་རབས ༡༧།
  • དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས། ༼བཤད་རྒྱུད་རྐྱང་སེལ་གྱི་འགྲེལཔ་མེས་པོའི་དགོངས་རྒྱན༽ བརྩམས། དུས་རབས ༡༧།
  • སྡེ་སྲིད་སངས་རྒྱས་རྒྱ་མཚོ། ༼མན་ངག་ལྷན་ཐབས༽བརྩམས། དུས་རབས ༡༧།
  • སུམ་པ་ཡེ་ཤེས་དཔལ་འབྱོར། ༼སྨན་རྫས་ཀྱི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་༽བརྩམས། དུས་རབས ༡༨།
  • གཙང་སྨན་ཡེ་ཤེས་བཟང་པོ། ༼སྨན་གྱི་ངོ་སྤྲོད་གསལ་བའི་མེ་ལོང་ནོར་བུའི་དོ་ཤལ་མཛེས་རྒྱན་དྲི་མེད་ཕྲེང་བ༽བརྩམས། དུས་རབས ༡༨།
  • དེའུ་དམར་བསྟན་འཛིན་ཕུན་ཚོགས། ༼དྲི་མེད་ཤེལ་གོང་ཤེལ་ཕྲེང༽བརྩམས། དུས་རབས ༡༨།
  • བླ་སྨན་མཁྱེན་རབ་ནོར་བུ། ༼སྔོ་སྨན་འཁྲུངས་དཔེ་བསྡུས་པ་ངོ་མཚར་གསེར་གྱི་སྙེ་མ༽ ༼ཁྲོག་སྨན་འཁྲུངས་དཔེ་ཡིད་བཞིན་འདོ་འཇོའི་བུམ་བཟང༽

༼བདུད་རྩིའི་སྔོའི་འཁྲུངས་དཔེ་རྒྱས་པ་འཚོ་བྱེད་གཞོན་ནུའི་སྙིང་ནོར༽ བརྩམས། དུས་རབས ༡༩།

  • ཀརྨ་ཆོས་འཕེལ། ༼བདུད་རྩི་སྨན་གྱི་འཁྲུངས་དཔེ༽ བརྩམས། དུས་རབས ༢༠།
  • དགའ་བའི་རྡོ་རྗེ། ༼འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་༽ བརྩམས། དུས་རབས ༢༠།
  • ཟླ་བ། ༼བོད་ཀྱི་གསོ་རིག་སྨན་རིས་གསལ་བའི་མེ་ལོང༽ བརྩམས། དུས་རབས ༢༠།
  • དབང་འདུས། ༼གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན༽ བརྩམས། དུས་རབས ༢༠།
  • ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན། ༼སྙན་ངག་མེ་ལོང༽  བསྒྱུར།  དུས་རབས ༡༣།
  • དབྱིན་བོད་དམ་རྒྱ་བོད་ཤན་སྦྱར་ཚིག་མཛོད་སོགས། དུས་རབས ༢༠།

 

༤། གནའ་དེང་དུས་སྐབས་སུ་བོད་ཀྱི་སྐད་ཡིག་ཏུ་ཕབ་བསྒྱུར་བྱེད་ཕྱོགས་སྐོར།

སྤྱིར་སྐད་ཡིག་ཕབ་བསྒྱུར་ལས་དོན་དེ་གཤམ་གསལ་གྱི་སྒྲོམ་གཞི་ལྟར་འགྲོ་དགོས།

<<སྒྲ་སྦྱོར་བམ་གཉིས>>ལས། “དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གང་བདེ་བར་གྱིས་ཤིག” ཅེས་དང་ཡང་ “ཡུལ་དང་སེམས་ཅན་དང༌།  མེ་ཏོག་དང༌།   རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང༌།  འོལ་སྤྱིར་བསྒྱུར་དུ་རུང་ཡང་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ།  མགོ་ལ་ཡུལ་ཞེའམ།  མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོལ་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག”ཅེས་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱིས་ལོ་པཎ་མང་པོ་ཕོ་བྲང་འོན་ཅང་རྡོ་རུ་སྐོང་འགུགས་ཀྱིས་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཀྱི་ཕྱི་མོ་<<སྒྲ་སྦྱོར་བམ་གཉིས>>དང་ << བྱེ་བྲག་རྟོགས་བྱེད་ཆེན་མོ་>><<མིང་དོན་བརྡ་སྤྲོད་རྣམ་ལྔ>>ཡིག་བསྒྱུར་སྐོར་གྱི་རྩ་དོན་ཡིག་ཆ་གཏན་ལ་ཕབ་ཅིང་བཀས་བཅད་གནང་བ་དང་། སྒྲ་སྦྱོར་བམ་གཉིས་འདི་ལས་ཡིག་བསྒྱུར་གྱི་བྱ་བར་སྒྲ་སྒྱུར་དང་དོན་སྒྱུར། ཐད་སྒྱུར། ཐད་ལོག་ཏུ་བསྒྱུར་བ་བཅས་ཀྱི་ཐབས་ལམ་བཞི་ཡང་གསལ་སྟོན་བྱས་འདུག

ལོ་ཆེན་བཻ་རོ་ཙ་ན་ཡིས་བརྩམས་པའི་<<མིང་དོན་བརྡ་སྤྲོད་རྣམ་ལྔ>>ནི་ཕྱི་ལུགས་སྨན་དཔྱད་ནས་བསྒྱུར་བའི་སྨན་མིང་དང་བརྡ་ཆད་གཏན་འབེབས་བྱས་པའི་ཡིག་ཆ་ཐོག་མ་ཡིན་པ་དང་། དེའི་སྨན་རྫས་ཀྱི་མིང་རྣམས་སྡེ་ཚན་དུ་དབྱེ་བ། རྒྱ་སྐད་ཀྱི་སྨན་མིང་བོད་མིང་དུ་གོ་སྟངས། གབ་མིང་ངམ་གསང་མིང་གི་ངོས་འཛིན། སྨན་ངོས་བཟུང་ཚུལ་གྱི་འདྲ་དཔེ། སྨན་གང་ཞིག་ས་ཆ་གང་འདྲ་ཞིག་ཏུ་སྐྱེ་བ། སྨན་གྱི་བཟང་ངན་བརྟག་ཚུལ་བཅས་བཀོད་ཡོད་པས་ཕྱི་རབས་སྨན་པའམ་སྐྱེ་དངོས་རིག་པ་བ་ཚོར་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན།

སྤྱིར་ཡིག་བསྒྱུར་གྱི་སྲོལ་ལུགས་དར་བ་ནས་ད་བར་ཡིག་བསྒྱུར་ལས་ལ་འཇུག་སྐབས་ཡོངས་གྲགས་སུ་བསྒྱུར་བྱའི་བསྟན་དོན་གང་ཞིག་གི་གོ་དོན་ཇི་མ་ཇི་བཞིན་འགྱུར་ཡིག་ཏུ་སྟོན་ཆེད་དོན་བསྒྱུར་རམ་མཐུན་བསྒྱུར་domestication – 归化དང་ཐད་བསྒྱུར་རམ་གཞན་བསྒྱུར་ foreignization – 异化)བྱེད་ཐབས་གཙོ་བོར་འཛིན་ཞིང་། སྒྲ་སྒྱུར་བྱེད་སྐབས་ཀྱང་ཧྲིལ་བསྒྱུར་དང་ཕྱེད་བསྒྱུར་གྱི་ཐབས་ལམ་བེད་སྤྱོད་བྱེད་སྲོལ་ཡོད་པ་རེད། དེ་ཡང་ས་མིང་དང་མི་མིང་། དངོས་པོའི་མིང་སོགས་ལ་འབྱུང་ཡུལ་ལམ་མཚོན་མིང་སྔོན་ལ་སྦྱར་ཏེ་མ་ཡིག་གི་མིང་སྒྲ་ཆ་ཚང་བ་སོར་འཇོག་གིས་བསྒྱུར་སྲོལ་ཡོད་པ་དཔེར་ན། རྒྱ་གར་ནཱ་ལེནྡྲ། མེ་ཏོག་ཙམ་པ་ཀ སཱ་ལའི་ལྗོན་པ་ལྟ་བུ་རེད།ཡིན་ནའང་བསྟན་པ་སྔ་དར་གྱི་དུས་སྐབས་དེར་བོད་རང་ལ་མེད་པའི་ཕྱི་ཕྱོགས་ཀྱི་རིག་གནས་ངོ་སྤྲོད་བྱེད་རྒྱུ་གཙིགས་ཆེན་བཟུང་ཡོད་པས་ཐད་བསྒྱུར་རམ་གཞན་བསྟུན་གྱི་བསྒྱུར་ཐབས་གཙོ་བོ་ལག་ལེན་གྱིས་འགྱུར་ཡིག་དེ་མ་ཡིག་ལ་སྒོ་གང་ས་ནས་བསྟུན་ཅི་ཐུབ་བྱེད་དགོས་བྱུང་འདུག་སྙམ།

དེང་སྐབས་ཀྱང་བོད་ཀྱི་ལོ་ཙཱ་བས་ཡིག་བསྒྱུར་ཐབས་ལམ་དེ་དག་བེད་སྤྱོད་བཏང་དང་གཏོང་མུས་ཡིན་ནའང་།  མཚམས་རེར་ལོ་ཙཱའི་ལས་ཐོགས་པ་རེ་ཟུང་གིས་ཅམ་རྒྱུགས་ཀྱིས་འགྱུར་གྱི་སྤུས་ཀར་མི་བརྩོན་པར་བསྒྱུར་ཐུབ་པ་ཙམ་གྱིས་འགྲིག་སྙམ་པའི་བསམ་བློ་འཁྱེར་ཏེ་བོད་ཀྱི་སྐད་ཡིག་གི་དར་སྤེལ་ལ་དཀའ་ངལ་འཕར་མ་སྤྲོད་ཀྱི་འདུག ཡིག་བསྒྱུར་ལས་རིམ་ནང་བསྒྱུར་བྱའི་རིག་ཚན་གང་ཞིག་བསྒྱུར་པ་དང་དེར་བསྒྱུར་ཐབས་གང་ཞིག་སྤེལ་རྒྱུ་ངོས་འཛིན་གསལ་བོ་བྱེད་དགོས།  རིག་ཚན་ལ་དཔེར་ན།   གསར་འགྱུར་དང་ཚོང་ལས།  སྲིད་གཞུང་། སྨན་དཔྱད། ཚན་རིག་བཅས་ཀྱི་རིག་ཚན།  སྤྱི་ཚོགས་དང་ཆབ་སྲིད་ཀྱི་རིག་ཚན།  རྩོམ་རིག་གི་སྡེ་ཚན་བཅས་ཡོད་པས། ད་ལྟའི་ཆར་བོད་ཀྱི་ཡིག་བསྒྱུར་བྱ་བའི་ནང་རིག་ཚན་སྔ་མ་གཉིས་ལ་བསྒྱུར་ཐབས་ཆ་ཚང་གཙོར་བཟུང་ཐོག་ཐད་བསྒྱུར་རམ་གཞན་བསྟུན་གྱི་བསྒྱུར་ཐབས་དམ་འཛིན་བྱེད་དགོས་ཤིང། མིང་དང་བརྡ་ཆད་རིགས་བོད་བསྒྱུར་བྱེད་པར་བསྒྱུར་ཐབས་ཆ་ཚང་གཙོར་བཟུང་བྱེད་དགོས་པ་སྨྲོས་མེད་ཐོག་སྒྲ་སྒྱུར་དང་ཐད་སྒྱུར་གཉིས་ལ་ཤུགས་སྣོན་རྒྱག་དགོས་འདུག་སྙམ།

 

བོད་ཀྱི་སྐད་དུ་འགྱུར་པའི་སྐྱེ་དངོས་ཁག་ཅིག

སཾསྐྲྀཏའི་སྐད་-པདྨ། སེང་གེ བྱི་ལ། མ་ཎི། ཙན་དན། མུ་ཏིག གུ་རུ། པོ་ཏི།

རྒྱ་ནག་སྐད- ཇ། དོང་ཙེ། ཅོག་ཙེ། ཏང་ཀུན། ཧོང་ལེན། གི་ཝང་། ལང་ཐང་ཙེ།ཏན་ཧྲི། ཀུང་ལེ། པན་ཁྲེ། ཡིག་ཕེའོ། ཏན་ཡིན། ཆི་ཁྲེ། ཁེ་ཙི། ཧྲོས་ཅོ་ཙི། ཐང།

སོག་པོའི་སྐད- བ་དུར། warrior ཐ་མག

ཡུ་གུར་སྐད- ཐམ་ཀ། དར། པག་ཤི། ཨིམ་ཆི།

ཏ་ཟིག་སྐད Persia -དེབ་ཐེར། གོ་ཐ། 

ལ་ཊིན་སྐད- གེ་སར།

ཨ་རབ་སྐད-ཨ་རག ཕྱུ་པ། 

དབྱིན་ཇི་སྐད- སྤ་སེ། སྦི་སི་ཀོབ། ཊི་ཀ་སི། རི་ལི། མོ་ཊ། གྷི་ལ་སི། ཀམ་པུ་ཊར།

རྒྱ་གར་སྐད- པེ་ཤག པུ་ར། གྷ་རི། རྐང་གྷ་རིལ་སོགས།

 

ཕྱི་སྐད་ཀྱི་མིང་དང་བརྡ་ཆད་སྐོར་ཅིག་ཡིག་བསྒྱུར་བྱེད་སྟངས་སྣ་མང་རང་བཞིན་གྱི་དཀའ་ངལ།

Vitamin 維生素 འཚོ་བཅུད། བཅུད་སྨན། སྟོབས་སྐྱེད། ཝེ་བརྟ་སྨན། ཝེ་སྟོབས་སྨན།

Zebra 斑马 རྐྱང་རྟ། རྟ་ཁྲ། རྟ་སྟག་རིས་ཅན། ཆུ་རྟ།

Asparagus  芦笋 འདམ་མྱུག  སྨྱུག་རྩྭ། ཉེ་ཤིང་། ཉ་ཁ་ཆུང་།

Lemon 柠檬 ལེ་མོན། ཀུ་ཤུ། ལིམ་བུ།

Autism 自闭症 རབ་གཡེངས།

Backache 背痛 རོ་རྒྱབ་གཟེར།

Barium བེ་རི་ཡམ།

ཕྱིའི་སྐད་ཡིག་གི་མིང་དང་བརྡ་ཆད་བོད་བསྒྱུར་བྱེད་སྐབས་འགྱུར་ཚད་ལྡན་ཞིག་དང་། བོད་དང་འབྲེལ་ཡོད་ཅན་ཞིག་ཡོང་ཆེད་བོད་རྩོམ་བསྟན་བཅོས་ཀྱི་གཞུང་དང་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་སའི་ཡུལ་ལུང་ཁག་ནས་སྔར་ཡོད་ཐ་སྙད་རིགས་འཚོལ་བསྡུ་བྱེད་རྒྱུ་གནད་ཀྱི་དམ་པ་ཞིག་རེད་ལ། འགྱུར་ཡིག་དེ་ཡང་འཁྲུལ་མེད་འཕྱུག་མེད། མིང་དུ་གྲུབ་ཐུབ་པ། བརྗོད་བདེ་པོ། རང་གྲུབ་བཅོས་མ་མིན་པ་ཞིག་ཡོང་རྒྱུ་ཧ་ཅང་གལ་ཆེན་ཡིན། དེང་སྐབས་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་མི་རྣམས་ཡུལ་ཕྱོགས་མང་པོར་ཁ་ཐོར་རྒུ་ཐོར་དུ་ཕྱིན་ཡོད་པར་བརྟེན་བོད་ཀྱི་ཡིག་སྒྱུར་དང་མིང་བརྡ་གཅིག་གྱུར་ཡོང་ཐབས་ལ་དཀའ་ངལ་མི་དམན་པ་ཞིག་ཡོད་པ་ཡིག་སྒྱུར་ལས་ལ་གཞོལ་མཁན་རྣམ་པས་ངོས་འཛིན་བྱས་ཏེ་གཅིག་གྱུར་གྱི་ཡིག་བསྒྱུར་ལས་དོན་རྩ་འཛུགས་ཤིག་སྒྲིག་འཛུགས་བྱ་རྒྱུ་དང་རྩ་ཁྲིམས་ཀྱིས་ཐ་སྙད་གསར་པའི་བེད་སྤྱོད་ལ་འགན་ཁུར་བྱ་རྒྱུར་མ་འོངས་གྲ་སྒྲིག་བྱེད་དགོས་གལ་འགངས་ཤིན་ཏུ་ཆེ།

 

༥། བོད་ཀྱི་གསོ་རིག་ལས་སྨན་རྫས་ཀྱི་དབྱེ་བ་དང་མིང་།

བོད་ཀྱི་གསོ་རིག་གཞུང་དུ་སྨན་རྫས་རྣམས་རིན་པོ་ཆེ། ས་རྡོ། ཚྭ། རྩི། ཤིང་། སྔོ་ལྡུམ། འབྲུ། སྲོགས་ཆགས་བཅས་སྡེ་ཚན་ཆེ་བ་བརྒྱད་དུ་ཕྱེ་ཡོད། རིན་པོ་ཆེར་ནང་གསེས་བཞུ་བའི་ཁམས་དང་མི་བཞུ་ཁམས། སྲོག་ཆགས་ལ་ཆུ་ལ་གནས་པ། སྐམ་ལ་གནས་པ། དེ་གཉིས་ཀར་གནས་པ། ཡང་ན་འོ་འཐུང་དང་བྱ་རིགས་འབུ་སྲིན་གསུམ། ཡང་དེ་རྣམས་བྱེ་བྲག་ཏུ་མདོག་དཀར་ནག ཕོ་མོ། རྒོད་གཡུང་། ཆེ་ཆུང་། མཆོག་དམན་བཅས་ཀྱི་དབྱེ་སྲོལ་ཡོད་ལ་བརྟེན་ནས་མིང་འདོགས་པ་དང།སྐྱེ་དངོས་སྨན་རྫས་དེ་དག་གི་རོ་དང་ངོ་བོ། ནུས་པ།དྲི། བྱེད་ལས། དབྱིབས། མདོག སྐྱེ་ཡུལ་གྱི་ཁྱད་པར་བལྟོས་ནས་མིང་སྤྲོད་སྲོལ་ཡང་ཡོད།

སྨན་རྫས་རིག་པའི་མཁས་དབང་དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་སྨན་གཞུང་<<དྲི་མེད་ཤེལ་འཕྲེང་>>དུ་ “མིང་ཡང་དབྱིབས་དང་བྱེད་ལས་སོགས་ལ་དཔགས་ནས་གསར་དུ་འདོགས་པར་བྱ་སྟེ། སྔ་རབས་དག་གིས་དེ་ལྟར་མཛད་ནས་མིང་གདགས་པ་ཡིན་ལ། མིང་ནི་མི་ནོར་བའི་ཆེད་དུ་ངེས་པར་དགོས” ཞེས་གསུངས་འདུག་པ་ནི་ཤིན་ཏུ་རྨད་པའི་གསུང་ཞིག་ཡིན་པས། ང་ཚོ་སྐྱེ་དངོས་སམ་སྨན་རྫས་སྐོར་གྱི་ཡིག་སྒྱུར་པ་ཚོས་དེ་དོན་དེང་དུས་ཀྱང་རྩ་འཛིན་ལག་བསྟར་བྱེད་དགོས་པ་ཞིག་རེད་སྙམ།

 

༦། ལོ་ཙཱ་བའམ་ཡིག་སྒྱུར་པར་དགོས་པའི་ཆ་རྐྱེན།

ལྕང་སྐྱ་རོལ་པའི་རྡོ་རྗེའི་<<དག་ཡིག་མཁས་པའི་འབྱུང་གནས་>>ལས། གཟུ་བོའི་བློས་ཚིག་དང་དོན་གྱི་ཆ་ལ་ལེགས་པར་དཔྱད། རང་གིས་ཇི་ལྟ་བ་བཞིན་མ་ཤེས་པ་རྣམས་མཁས་པར་གྲགས་པ་མཆོག་དམན་སུ་ལ་ཡང་རུང་སྟེ་ལེགས་པར་དྲིས་ཤིང་ཐེ་ཚོམ་བཅད་ནས། ཚིག་གསལ་ཞིང་གོ་བདེ་བ་དོན་དང་མི་འགལ་བར་བྱས་ཏེ་ལེགས་པར་བསྒྱུར་ན། རང་གཞན་གྱི་རྒྱུད་ལ་ལེགས་ཚོགས་དུ་མ་སྤེལ་བར་ནུས་ཞེས་གསུངས་ཡོད་པ་ལྟར།  སྤྱིར་རིག་གནས་གང་ཞིག་བསྒྱུར་རུང་།  བསྒྱུར་པ་པོ་དེར་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་ཡིག་དང་རིག་གནས་ལ་ཤེས་རྟོགས་དང་མི་རིགས་དེའི་རིག་གཞུང་ལ་རྒྱུས་ལོན་གཏིང་ཟབ་ཡོད་དགོས་པ་དང་།  བསྒྱུར་བྱ་དང་སྒྱུར་བྱེད་སྐད་ཡིག་གི་འབྲེལ་ཡོད་སྐད་ཡིག་གཞན་ལ་ཆ་རྒྱུས་ཡོད་པ། ཡིག་བསྒྱུར་གྱི་དམིགས་ཡུལ་དང་ཁ་ཕྱོགས་གསལ་པོ་ཡོད་པ། སྐད་ཡིག་ཡིག་བསྒྱུར་ལས་ཀར་དགའ་ཞེན་ལྷག་བསམ་ཡོད་པ་ཞིག་ཡིན་དགོས་སྙམ།  དེ་ལྟར་བྱུང་ཚེ་ད་གཟོད་བསྒྱུར་པ་པོ་དེའི་འགྱུར་ཡིག་རྣམས་ཚད་ལྡན་ཅན་དང་ཀློག་འདོད་པ། འཚོ་བ་དངོས་དང་སྦྱོར་ཐུབ་པ། ལག་ལེན་དངོས་དང་བསྟུན་ཐུབ་པ་ཞིག་འབྱུང་ངེས། 

༧། བོད་ཕྱི་ནང་གི་ཐ་སྙད་ཡོངས་ཁུངས་དང་དེའི་རྒྱབ་ལྗོངས།

བོད་ལ་དུས་འགྱུར་བྱུང་རྗེས། དེ་སྔ་བོད་ནང་དུ་མིང་དང་བརྡ་ཆད་ཀྱིས་མཚོན་པའི་ཐ་སྙད་དང་ཤེས་ཡོན་མང་པོ་ཞིག་རྒྱ་ནག་སྐད་ཡིག་ནས་བསྒྱུར་དགོས་པ་དང་། རྒྱ་ནག་པས་ཀྱང་དེང་རབས་འཕྲུལ་གསར་གྱི་བརྡ་ཆད་མང་པོ་ཞིག་དབྱིན་ཇི་སོགས་སྐད་ཡིག་གཞན་ནས་ཕབ་བསྒྱུར་བྱེད་དགོས་པས། མ་ཡིག་ནས་བུ་ཡིག བུ་ཡིག་ནས་ཚ་ཡིག་ཏུ་གྱུར་པ་ལྟ་བུས་མཚོན་འགྱུར་ཡིག་དེ་དག་སྐད་ཡིག་གི་འགོ་ཁུངས་ངོ་མ་ནས་ཐད་ཀར་བྱུང་བ་ཞིག་མིན། དེའི་སྟེང་ཡིག་སྒྱུར་གྱི་བྱ་བའི་ནང་ཆབ་སྲིད་ཀྱི་ལྟ་བ་དེ་ “གཞུང་ལུགས་གང་ཞིག་གསར་བརྗེའི་ལག་ལེན་དང་མ་སྦྲེལ་ན། གཞུང་ལུགས་དེ་དམིགས་ཡུལ་དང་བྲལ་བའི་གཞུང་ལུགས་སུ་འགྱུར་ངེས་ལ། དེ་བཞིན་ལག་ལེན་ཡང་གསར་བརྗེའི་གཞུང་ལུགས་ལ་མ་བརྟེན་ན།  གཏོལ་མེད་ཡིན་ཚོད་ཀྱི་ལག་ལེན་དུ་འགྱུར་རོ” ཞེས་སི་ཏ་ལིན་གྱི་བཤད་སྲོལ་འདི་ལྟ་བུ་འཁྱེར་ཡོང་སྟེ།   ཡིག་བསྒྱུར་བྱེད་པའི་སྐབས་སུ་གང་འགབ་གང་ལེགས་ལྟར་མི་བསྒྱུར་བར་གསར་བརྗེའི་ལྟ་བ་དང་གཞུང་ལུགས་ལ་བསྟུན་དགོས་པས་བོད་ནང་གི་འགྱུར་རྩོམ་ཁག་ལ་ཆབ་སྲིད་ཀྱི་སླད་སྐྱོན་དང་ཐ་ན་མིང་དང་བརྡ་ཆད་རྣམས་ལ་ཡང་ཆབ་སྲིད་ཀྱི་ཤུགས་རྐྱེན་མི་ཐེབས་པའི་ངེས་པ་མེད་ལ།མཚམས་རེར་བོད་རང་གི་བསམ་བློའི་འཁྱེར་སོ་དང་འཚོ་བའི་གོམས་གཤིས་དང་ཐ་དད་དུ་ཕྱིན་པ་ཡང་ཡོད།

བོད་ནང་དུ་ཕྱི་ལོ་ ༡༩༦༠ བའི་དུས་དཀྱིལ་བར། ཡུལ་ཕྱོགས་སོ་སོར་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཆེད་ཁ་སྐད་དམ་སྐད་ཆ་ཁོ་ན་བསྒྱུར་རྒྱུ་གཙོ་འདོན་བྱས་འདུག་པ་དང། ཕྱི་ལོ་ ༡༩༧༠ ཡར་སྔོན་ཙམ་ནས་གཞུང་ཡིག་དང་རྒྱའི་གྲགས་ཅན་སྒྲུང་རྩོམ་བསྒྱུར་བ། ཕྱི་ལོ་ ༡༩༨༠ ནས་རྩོམ་རིག་དང་ཚན་རིག་སོགས་ཀྱི་གཞུང་ལུགས་བསྒྱུར་བའི་ལས་གཞི་མགོ་བཙུགས་ཡོད་པ་རེད།

བོད་ཕྱི་རུ་བོད་མིའི་ཚོགས་པ་དང་སྒེར་པ་གཉིས་ཀས་རྒྱ་གར་དུ་མ་སླེབས་སྔ་རྗེས་སུ་རྒྱལ་སྤྱིའི་སྐད་ཡིག་དེ་དབྱིན་ཇི་ལ་སྦྱང་བརྩོན་ཐུགས་སྣང་གནང་ཡོད་པར། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ “དེང་སང་མང་པོས་ཨིན་སྐད་ལ་དང་དོད་བྱེད་པ་སྐབས་སུ་བབས་པ་འདྲ་པོ་ཞིག་རེད། ཡིན་ན་ཡང་སྔོན་ལ་བོད་ཡིག་རང་མཐར་ཕྱིན་པ་ཞིག་སློབས། ང་རང་ཚོས་དངོས་གནས་བྱས་ན་བོད་སྐད་དང་བོད་ཡིག་ཁུངས་འཁྱོལ་ངེས་ཤིག་བསླབ་ན་ཡག་བགྱི་རེད” ཅེས་གསུངས་ཡོད་པ་ལས་རྟོགས་ཐུབ།

རིམ་བཞིན་བྱེས་སུ་ཡོད་པའི་བོད་མི་རྣམས་ཀྱིས་དབྱིན་ཇི་སྐད་ཡིག་ལ་སློབ་གཉེར་དང་དེ་ཉིན་རེའི་འཚོ་བའི་ནང་ལག་ལེན་བྱེད་རྒྱུ་བྱུང་ཞིང་། གཞུང་ལུགས་དང་བརྡ་ཆད་གྲངས་ལས་འདས་པ་ཞིག་སྐད་ཡིག་གཉིས་པའམ་བུ་ཡིག་ལ་བརྟེན་མ་དགོས་པར་ཐད་ཀར་དབྱིན་ཇིའི་སྐད་ཡིག་གམ་སྐད་ཡིག་གི་འགོ་ཁུངས་རང་ལ་གཞི་བཅོལ་ནས་བོད་བསྒྱུར་བྱེད་པའི་སྐལ་བཟང་གོ་སྐབས་བྱུང་བ་མ་ཟད། ཆབ་སྲིད་ཀྱི་ཤུགས་རྐྱེན་དང་གནོན་ཤུགས་ཅི་ཡང་འཁུར་མི་དགོས་པར་མི་རིགས་རང་གི་ཁྱད་ཆོས་མཚོན་པར་སྒོ་གང་བསྟུན་བྱེད་ཀྱི་ཡོད། དེ་ཡང་བོད་ཕྱི་རུ་ཐོག་མར་ཕྱིའི་སྐད་ཡིག་སློབ་གཉེར་བྱ་རྒྱུ་གཙོར་འདོན་དང་བོད་རང་གི་ནང་ཆོས་དང་གསོ་རིག་ཚུད་པའི་རིག་གཞུང་དེ་དག་ཕྱི་མི་ཚོར་ངོ་སྤྲོད་ཡིག་བསྒྱུར་བྱེད་པར་དོ་སྣང་ཆེན་པོ་གནང་འདུག་པ་དང་། རིམ་བཞིན་ཕྱིའི་སྐད་ཡིག་ནས་བསྟན་བཅོས་དང་གཞུང་ལུགས། བརྡ་ཆད་སོགས་བོད་བསྒྱུར་བྱེད་པར་གཞུང་སྒེར་གཉིས་ཀ་ནས་གལ་ཆེན་དུ་མཐོང་སྟེ་དེའི་སྟེང་ནུས་ཤུགས་སྤུངས་དང་སྤུང་བཞིན་ཡོད་པ་ཤེས་གསལ་ཡིན།

དེང་སྐབས་བོད་ཕྱི་ནང་གཉིས་ཀར་བོད་ཀྱི་ཡིག་བསྒྱུར་བྱ་གཞག་གི་ཐབས་ལམ་ལ་གཞི་རྩའི་འགྱུར་ལྡོག་ཆེན་པོ་བྱུང་མི་འདུག་མོད།  འོན་ཀྱང་དུས་ཀྱི་འགྱུར་འགྲོས་དང་སྤྱི་ཚོགས་ཀྱི་མོས་པ།  འཛམ་གླིང་རིག་གསར་གྱི་འཕེལ་ཕྱོགས་དང་བསྟུན་ནས་སྐད་ཡིག་གང་ཞིག་ནས་བསྒྱུར་བའམ་ཁུངས་གང་ལ་གཏུགས་དགོས་མིན་ཐད་འགྱུར་བ་ཞིག་ངང་ངམ་ཤུགས་ཀྱིས་བྱུང་དང་འབྱུང་བཞིན་ཡོད། དཔེར་ན་བསྟན་པ་སྔ་དར་སྐབས་བསྒྱུར་ཁུངས་གཙོ་བོ་ཁྲོམ་དང་ཏ་ཟིག རྒྱ་གར། བལ་པོ། རྒྱ་ནག་ཡིན་པ་དང། བསྟན་པ་ཕྱི་དར་སྐབས་རྒྱ་གར་དང་རྒྱ་ནག། དེང་དུས་རྒྱ་ནག་དང་དབྱིན་ཇི། རྒྱ་གར་ཡིན་པ་རེད།

མཐའ་དོན་རང་རིགས་བོད་ཀྱི་ལོ་ཙཱ་བའི་སྡེ་ཡིས་ཡིག་སྐད་ཀྱིས་ཁ་སྐད་ལ་བསྟུན་དགོས་སམ། ཡང་ན་ཁ་སྐད་ཀྱིས་ཡིག་སྐད་ལ་བསྟུན་དགོས་པའི་གནད་འགག་འདི་ཤེས་པར་བྱས་ནས་ཡིག་བསྒྱུར་གྱི་ལས་དོན་བསྒྲུབ་རྒྱུ་གནད་ཀྱི་དམ་པ་ཡིན་ནོ

 

དཔྱད་གཞིའི་ཡིག་ཆ་ཁག

<<རྒྱུད་བཞི>> གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།

<<སྨན་དཔྱད་ཟླ་བའི་རྒྱལ་པོའམ་སོ་མ་ར་ཛཱ>> བཻ་རོ་ཙ་ན་དང་ཧྭ་ཤང་མ་ཧྭ་ཡ་ན།

<<ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་གི་རྒྱུ་ཆ་བདམ་བསྒྲིགས>> མི་རིགས་དཔེ་སྐྲུན་ཁང།

<<སྨན་དཔྱད་ཆ་ལག་བཅོ་བརྒྱད>> གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ།

<<ཤེལ་གོང་ཤེལ་ཕྲེང>> དེའུ་དམར་བསྟན་འཛིན་ཕུན་ཚོགས།

<<གསོ་དཔྱད་བདུད་རྩིའི་ཆུ་རྒྱུན་ལས་སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང>> སུམ་པ་ཡེ་ཤེས་དཔལ་འབྱོར།

<<སྔོ་སྨན་འཁྲུངས་དཔེ་བསྡུས་པ་ངོ་མཚར་གསེར་གྱི་སྙེ་མ>> <<ཁྲོག་སྨན་འཁྲུངས་དཔེ་ཡིད་བཞིན་འདོ་འཇོའི་བུམ་བཟང>> བླ་སྨན་མཁྱེན་རབ་ནོར་བུ།

<<བདུད་རྩི་སྨན་གྱི་འཁྲུངས་དཔེ>> ཀརྨ་ཆོས་འཕེལ།

<<འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་>> དགའ་བའི་རྡོ་རྗེ།

<<གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན>> དབང་འདུས།

<<བོད་ཀྱི་གསོ་བ་རིག་པའི་འཚོ་བ་ཟས་སྐོམ་ལས་སྔོ་ཚལ་གྱི་ཕན་ཡོན་དང་ལག་ལེན>> གཡང་འབུམ་རྒྱལ།

<<དབྱིན་བོད་ཚིག་མཛོད་གསར་མ>> ཨ་ཙཱརྱ་ཀརྨ་སྨོན་ལམ།

<<རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད>> སི་ཁྲོན་མི་རིགས་དཔེ་སྐྲུན་ཁང།

<<དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས>>དང་ <<དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབ་བཏགས་མ>> ཀིརྟི་བློ་བཟང་བསྟན་འཛིན།

<<བོད་ཀྱི་སྐད་དང་ཡི་གེའི་མཐུན་སྦྱོར་སྐོར་ཅུང་ཟད་གླེང་བ >> ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། <བོད་ལྗོངས་སློབ་གསོ> ༡༩༩༣ འདོན་ཐེངས་ ༤།

<<སུམ་རྟགས་མཐའ་དཔྱད་ལས་བོད་ཀྱི་སྤྱི་སྐད་སྐོར>> དམུ་དགེ་བསམ་གཏན།

<<བོད་ཀྱི་སྤྱི་སྐད་སློབ་དེབ>> <<Manual of Standard Tibetan: Language and Civilization>>.  Nicolas Tournadre&SangdaDorje

<<ལོ་ཆེན་དགེ་འདུན་ཆོས་འཕེལ་གྱི་ཡིག་སྒྱུར་དགོངས་པའི་སྐོར་མདོ་ཙམ་གླེང་བ>>ཕུན་ནོར།   <ཀྲུང་གོའི་བོད་རིག་པའི་དྲ་བ>

གསལ་བཤད། རྩོམ་ཡིག་འདི་ནི་སྤྱི་ལོ་ ༢༠༡༠ ཟླ་ ༣ ནང་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་ལས་འཆར་དེང་དུས་ཚན་རིག་གི་ཐ་སྙད་རྣམས་བོད་སྐད་དུ་ཕབ་སྒྱུར་བྱ་རྒྱུའི་ཆ་ཤས་སུ་རྒྱལ་སྤྱིའི་བོད་ཀྱི་ཚན་རིག་ཡིག་སྒྱུར་བྱ་བའི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་བྱས་པ་དེར་སྒྲོག་སྦྱང་ཆེད་དུ་བྲིས་པ་སོར་བཞག་བྱས་ཡོད།