མཚོ་བོད་མཐོ་སྒང་གི་ས་ཁྱོན་ནི་ཏི་ཁི་ས་སི་མངའ་སྡེའི་ལྡབ་བཞི་ཡིན་ཞིང་ཆ་སྙོམས་ཀྱི་ས་འཕང་རྨིད4000ཡིན། གོ་ལ་འདིའི་སྟེང་གི་འཚོ་གནས་ཆེས་དཀའ་བའི་ཁོར་ཡུག་ལ་གཏོགས་མོད། ལོ་ངོ་བཞི་ཁྲིའི་གོང་རོལ་ལ་ཨེ་ཤ་ཡར་ཁྱབ་པའི་དེང་རབས་མིའི་མཆེད་སྟངས་ཕྱིར་མ་བཤོལ།

ཡ་ཐོག་གི་མིའི་རིགས་མཚོ་བོད་མཐོ་སྒང་ལ་མཆེད་པའི་ལོ་རྒྱུས་ཀྱི་རྒྱུན་དང་མཐོ་སྒང་གི་གསོ་རླུང་ཉུང་བའི་ཁོར་ཡུག་གི་གོམས་འདྲིས་ཀྱིས་མིའི་རིགས་རིག་པ་དང་། གནའ་དཔྱད་རིག་པ། སྐྱེ་དངོས་རིག་པ། གོ་ལའི་ཚན་རིག རྒྱུད་རིག་ལ་སོགས་པའི་མཁས་པ་དག་གིས་དོ་སྣང་བྱ་ཡུལ་དུ་གྱུར་ཅིང་མི་རྣམས་ཀྱིས་མཚར་ཡུལ་དུ་འཛིན་པའི་གནད་དོན་ཞིག་ཀྱང་ཡིན།

ཉེ་ཆར་མཚོ་བོད་མཐོ་སྒང་གི་མིའི་རིགས་ཀྱི་འགུལ་སྐྱོད་ལོ་རྒྱུས་དང་སྒུལ་ཤུགས་ཀྱི་ལོ་རྒྱུས་ནི་ད་དུང་ཡང་ཞིབ་འཇུག་གི་ཡུལ་དུ་ལུས་པའི་དཀའ་གནད་ཅིག་ཡིན་ཏེ། དཔེར་ན། མིའི་རིགས་ཆེས་ཐོག་མར་མཚོ་བོད་མཐོ་སྒང་དུ་སླེབས་པའི་དུས་ནི་ནམ་ཚོད་ཡིན་པ་དང་། རྒྱུ་རྐྱེན་ག་འདྲ་ཞིག་གིས་ཁོང་ཅག་གནས་འདིར་སླེབས་ཚུལ། དུས་ཚིགས་དང་བསྟུན་པའི་རྔོན་བྱེད་པ་ཡིན་ནམ། རྒྱུན་རིང་གཏན་སྡོད་བྱེད་པའམ་ཇི་ཞིག་ལྟ་བུའོ།

《ཚན་རིག》གི་གསར་འགོད་པJane Qiuལགས་ཀྱིས་མཚོ་བོད་མཐོ་སྒང་ལ་ཡུལ་དངོས་བརྟག་དཔྱད་བགྱིས་ཤིང་རིག་སྒོ་མང་པོའི་ཚན་རིག་པ་དག་ལ་འདྲི་རྩད་ཀྱིས《གང་ཞིག་ནི་ཆེས་སྔ་བའི་བོད》ཡིན་ཞེས་པ་བྲིས་ཤིང་། ཆེས་ཉེ་དུས་ཀྱི་གནའ་དཔྱད་གསར་རྙེད་དང་རིག་སྒོ་མི་འདྲ་བའི་ལྟ་ཚུལ་མི་འདྲ་བ་དག་གི་རང་ལུགས་མི་འདྲ་བ་རྣམས་ཕྱོགས་གཅིག་ཏུ་དྲིལ་ནས་བརྗོད་ཡོད་པ་སྟེ།

གཅིག མཚོ་བོད་མཐོ་སྒང་གི་ཉེ་ཆར་བྱུང་བའི་གནའ་དཔྱད་གསར་རྙེད།

ལ་ཀྱཱ་གནའ་ཤུལ་ནི་མཚོ་བོད་མཐོ་སྒང་གི་ཤར་ཁུལ་སྟེ་མཚོ་སྔོན་ཞིང་ཆེན་བཀའ་མ་ལོག་རྫོང་གི་ཀོང་ཐེན་ལུང་བའི་ལ་ཀྱཱ་འོག་མ་སྡེ་བར་ཡོད་ཅིང་། ས་འཕང་རྨིད1780~1800ཡིན། གནའ་ཤུལ་འདི་ཉིད་སྔོག་འདོན་བྱེད་མཁན་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཁང་གི་གནའ་དཔྱད་པ་ཚའེ་ལེན་ཧེ་ཡིས་འདི་ལ“མཚོ་བོད་མཐོ་སྒང་གི་ཕོམ་ཕེ”ཞེས་བསྔགས་པར་བྱེད།

ལ་ཀྱཱ་སྡེ་བ་ནི་རྨ་ཆུའི་སྟོད་རྒྱུད་དུ་མཆིས་ཤིང་། གོད་ཆག་གི་འབྱུང་རྐྱེན་ནི་ས་འགུལ་གྱིས་བསྐྱེད་པའི་ས་འདམ་ཉིལ་སྟེ་བསྣུབས་པ་ཞིག་ཡིན་སྲིད་ཅིང་། དེའི་སྐོར་ད་ལྟ་ད་དུང་ཡང་རྟིང་ཐག་ཆོད་པ་ཞིག་རྩད་ཆོད་མེད། གནའ་ཤུལ་ནས་རྙེད་པའི་རྫ་ཆས་དང་གཡུ་ཆས་དག་ནི་ཡང་ཧྲོ་རིག་གནས་ལ་གཏོགས་ཤིང་། ཡང་ཧྲོ་རིག་གནས་ནི་དེང་རབས་རྒྱ་ནག་ཤེས་རིག་གི་སྔ་ལོགས་ལ་འཛིན། དེས་ན་གནད་དོན་གཞན་ཞིག་སྟེ། གྲི་ཤིར་གྱུར་པ་དག་ནི་རྒྱ་མི་ཡིན་ནམ་རྒྱ་མིའི་གཉེན་ཚན་ཡིན། རྒྱུ་རྐྱེན་ཇི་འདྲས་མེས་པོ་འདི་དག་གསོ་རླུང་ཉུང་བའི་དཀའ་སྡུག་གི་ཡུལ“འཛམ་གླིང་གི་སྒལ་ཚིགས”སུ་འཚོ་བ་རོལ་དགོས་བྱུང་བའི་གནད་དོན་དེ་ཐོན་ནོ།།

པར་རིས། དུས་སྔ་མོའི་བོད་ཀྱི་ཞིང་པ་དག་གི་ནར་མའི་འཚོ་བ་ནི་ལོ་ངོ4000གི་སྔོན་རོལ་དུ་སྡེ་བ་བསྣུབས་པའི་འདམ་བག་གིས་ཉར་ཚགས་བྱས་མོད། དེ་དག་གི་འབྱུང་ཁུངས་ནི་ད་དུང་ཡང་གསང་བར་ལུས། 

གནད་དོན་འདིའི་ཐད་ཀྱི་ལན་མི་འདྲ་བ་ལས་ཀྲུང་གོའི་རྒྱལ་ནང་གི་གཙོ་རྒྱུགས་ལྟ་ཚུལ་རྒྱ་བོད་འབྱུང་ཁུངས་གཅིག་པ་སྟེ། རྒྱ་བོད་གཉིས་མེས་པོ་གཅིག་ལས་མཆེད་ཅིང་ལོ་ངོ་སྟོང་ཕྲག་དུ་མའི་གོང་རོལ་ལ་ཕྱོགས་སུ་གྱེས་པར་བཤད་པ་དེར་མཁས་པ་ཁ་ཅིག་གིས་ལ་ཀྱཱ་གནའ་ཤུལ་གྱིས་དེ་ལ་བདེན་པ་རྭ་སྤྲད་པར་སྙམ། དཔེར་ན། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཁང་གི་འགོ་གཙོ་རིན་ཞའོ་ཡན་གྱིས“བོད་དང་རྒྱ་གཉིས་རྩ་བའི་ཆ་ནས་རིགས་མཐུན་པ་ཡིན་ལ། ཐུན་མོང་གི་མེས་པོ་ལས་ཡུན་མི་རིང་བའི་སྔོན་ལ་ཕར་ཚུར་གྱེས་པ་ཡིན།”ཞེས་ཟེར་རོ།།

ཡང་ཁ་ཅིག་གིས་དེ་དང་ལྟ་ཚུལ་མི་མཐུན་པ་འཛིན་ཏེ། ཟི་ཁྲོན་སློབ་ཆེན་གྱི་གནའ་དཔྱད་རིག་པའི་མཁས་པ་ལིས་ཧོང་ལྱིང་གིས“བོད་ནི་མཐོ་སྒང་དུ་གནས་སྤོས་པའི་མི་རིགས་གཅིག་ལས་མཆེད་དེ་གྲུབ་པ་མ་ཡིན།” ཞེས་ཉེ་དུས་ཀྱི་གནའ་དཔྱད་གསར་རྙེད་རབས་དང་རིམ་པས་མི་མི་འདྲ་བ་མང་པོ་མཐོ་སྒང་གི་ཡུལ་གྲུ་འདིར་བསྡད་མྱོང་བའི་གསེད་འགྲོལ་གནང་། ཕལ་ཆེར་དེང་རབས་མི་ཨེ་ཤ་ཡར་སླེབས་པའི་དུས་མཚུངས་སུ་འབྲོག་པ་རྣམས་རྨ་ཆུའི་སྟོད་རྒྱུད་དུ་འབྱོར་བར་སྙམ། ཁོང་ཅག་ཤར་ཕྱོགས་སྟོང་ཁུན་ཏེ་རྒྱ་ནག་ནང་ལོགས་ནས་བྱུང་བ་མ་ཟད། དུས་མཚུངས་སུ་ནུབ་ཕྱོགས་དང་ལྷོ་ཕྱོགས་ནས་ཀྱང་འབྱོར་བར་འདོད་དེ། ཁ་ལེ་ཧྥོ་ནེ་སློབ་ཆེན་གྱི་མོ་སའེ་ཏི་ཡན་ལག་སློབ་གྲྭའི་གནའ་དཔྱད་པMark Aldenderferལགས་ཀྱིས་མཚོ་བོད་མཐོ་སྒང་གི“ཡ་ཐོག་དུས་སྐབས་ནི་བསམ་ཡུལ་ལས་འདས་པའི་འཛམ་གླིང་རང་བཞིན་གྱི་ཡུལ་གྲུ་ཞིག་སྟེ། ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་རྣམས་འདི་རུ་འདུས་པ་ཞིག་ཡིན་སྲིད།” ཅེས་གདེང་འཇོག་མཛད།

རྒྱུད་རྒྱུ་དང་གནའ་དཔྱད་ཀྱི་གྲུབ་དོན་ཁག་ཅིག་གིས་ལ་ཀྱཱའི་གྲི་ཤིར་གྱུར་པ་དག་ནི་རྒྱ་ནག་ནས་སླེབས་པའི་གསར་འབྱོར་པ་ཡིན་པའི་སྒྲུབ་བྱེད་རྙེད་མོད། བདེན་དཔང་གཞན་དག་ནི་ལྷག་པར་ཡང་རྙོག་འཛིང་ཕྲ་ཞིབ་ཀྱི་སྣང་སྟངས་ཤིག་ལ་གཏད་ཡོད་དེ། དེ་ནི་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་དུ་ཨེ་ཤ་ཡའི་ཡུལ་གྲུ་སོ་སོ་ནས་ཐོན་པའི་འབྲོག་པ་རྣམས་མཐོ་སྒང་དུ་ཞུགས་ཤིང་། ད་ལྟའི་བོད་ཀྱི་ལུས་སྟེང་ལ་རྟགས་མངོན་གསལ་ཅན་དུ་མ་ཤར་ནས་ཡོད་པ་དེ་ཡིན།

གྲོག་རོང་མཐོ་སྒང་གི་ལྟེ་བར་ཟུགས་ཡོད་པས། མིའི་རིགས་ལ་འཚོ་གནས་ཀྱི་ཁོར་ཡུག་ལེགས་ཤོས་ཤིག་སྤྲད་པ་ཡིན་ཤས་ཆེ། འཁྱག་རོམ་གྱི་དུས་སྐབས་ཐ་མ་ད་ལྟའི་ཆར་ཆེས་ཉེ་བའི་འཁྱག་རོམ་གྱི་དུས་སྐབས་ཡིན་པ་ཧ་ལམ་ལོ་ངོ་ཁྲི་ཚོ1.5-2.6ཡར་སྔོན་གྲང་འཁྱག་གི་དུས་སྐབས་སུ་ཡང་དེ་ལྟར་རོ།། ཀྲུང་གོའི་ཚན་རིག་གླིང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་ཞུའུ་པེ་ཆིན་གྱིས“རྔོན་དང་རྒོད་སྐྱེས་ནས་ལ་སོགས་པའི་བཟའ་བཏུང་གིས་གཞི་རྒྱ་ཆུང་བའི་མི་འབོར་གྱི་འཚོ་གནས་ལ་ཡུན་ཇི་སྲིད་ཅིག་གི་མཐུན་རྐྱེན་སྦྱོར་བཏུབ།”ཅེས་གསུངས།

མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཐའ་སྣེར་མཆིས་པའི་ཡུན་ནན་གྱི་གཡུ་ཆུ་ཐང་གི་རྡོ་ཆས་རྙིང་མའི་དུས་མཇུག་གི་གནའ་ཤུལ་ནི་ས་འཕང་རྨིད2500ཡོད་པ་དང་། ལན་གྲུ་སློབ་ཆེན་གྱི་གནའ་དཔྱད་པ་ཏོང་ཀོན་ཧོས་དང་ཁོའི་ལས་གྲོགས་དག་གིས་དེར་ལོ་ངོ་ཁྲི་ཚོ2.9-3.7ཡར་སྔོན་གྱི་རྡོ་ཆས་དང་ཕྱུགས་ཀྱི་རུས་པ་རྙེད་པ་ནི་བོད་མིའི་བདེན་དཔང་ཐོག་མ་སྔོག་འདོན་བགྱིས་པ་ཡིན་ཀྱང་སྲིད་མོད། འོན་ཀྱང་། ཞིབ་འཇུག་དེས་མཚོ་བོད་མཐོ་སྒང་གི་ཆེས་ཐོག་མའི་མིའི་རིགས་ནི་གང་ལས་མཆེད་པ་གསལ་བཤད་བྱས་མེད།

མཚོ་བོད་མཐོ་སྒང་གི་ནུབ་མཐའི་གནའ་ཤུལ་ནས་ཐོན་པའི་རྡོ་ཆས་ནི་བལ་ཡུལ་གྱི་ལོ་ངོ་ཁྲི་ཚོ1.8-2.3ཡར་སྔོན་གྱི་རྡོ་ཆས་དང་མཚུངས། ཁ་ལི་ཧྥོ་ནེ་སློབ་ཆེན་གྱི་མོ་སའེ་ཏི་ཡན་ལག་སློབ་གྲྭའི་གནའ་དཔྱད་པMark Aldenderferལགས་ཀྱིས“འདིས་མིའི་རིགས་ལྷོ་ཧི་མ་ལ་ཡ་བརྒལ་ནས་མཐོ་སྒང་དུ་བརྟོལ་བ་གསལ་བཤད་བྱས”པ་དང་། ཆེས་ཐོག་མའི་བོད་ནི་ནུབ་ཕྱོགས་ནས་འབྱོར་བ་ཡིན་སྲིད། ཟེར་རོ།།

མཚོ་བོད་མཐོ་སྒང་གི་ནུབ་ཁུལ་ནས་ཐོན་པའི་རྡོ་ཆས་ཁག་ཅིག་ནི་ལོ་ངོ་ཁྲི་ཚོ1.8ཡར་སྔོན་གྱི་ཡིན་ལ་དེ་དང་སེ་བྷིར་ལྷོ་ཁུལ་གྱི་ཨར་ཐེ་རི་རྒྱུད་ནས་ཐོན་པའི་རྡོ་ཆས་འདྲ་མཚུངས་སུ་མཆིས། ཨར་ཐེ་རི་རྒྱུད་ཀྱི་མིར་ཡང་རྒྱུད་རྒྱུ་ཐོལ་འགྱུར་གྱི་འབྱུང་ཁུངས་ཡོད་པར་སྙམ། འདིས་ནི་མིའི་རིགས་ས་འཕང་མཐོ་བའི་ཡུལ་ཁམས་སུ་འཚོ་བ་རོལ་བར་དོན་གནད་གལ་ཆེན་ཡོད།

2014ལོའི《རང་བྱུང》དུ་ཧྲིན་ཀྲིན་ཧྭ་ཏ་རྒྱུད་རྒྱུ་ཞིབ་འཇུག་ཁང་གི་ལག་བསྟར་ཡོན་ཀྲང་ཝང་ཅིན་དང་ཁ་ལེ་ཧྥོ་ནེ་མངའ་སྡེ་སློབ་ཆེན་གྱི་པོ་ཁི་ལེ་ཡན་ལག་སློབ་གྲྭའི་མི་འབོར་རྒྱུད་མཆེད་རིག་པའི་མཁས་པRasmus Nielsenལགས་ཀྱིས་སྣེ་འཁྲིད་པའི་དཔུང་སྡེའི་ཞིབ་འཇུག་གི་གྲུབ་དོན་ལས་མིའི་ལུས་ཀྱི་ཟུངས་ཁྲག་སྡེབ་སྒྲིག་གི་སྤྲི་དཀར་དམར་པོས་གྲུབ་པའིEPASIརྒྱུད་རྒྱུ་འཕོ་འགྱུར་ཡང་ཏན་ནེ་སོ་ཝ་མི་ལས་བྱུང་བ་ཡིན་སྲིད། (EPASIཅན་གྱི་རྒྱུན་ལྡན་རྒྱུད་རྒྱུ་མངའ་མི་ལ་མཚོན་ན་མཐོ་སྒང་དུ་ཞུགས་པ་ནས་བཟུང་། ཟུངས་ཁྲག་ལ་ཁྲག་རིལ་དམར་པོ་མངས་པའི་རྒྱུ་ལ་བརྟེན་ནས་འབྱར་བག་ཅན་དུ་གྱུར་ཅིང་། ཁྲག་ཤེད་མཐོ་བའི་ནད་དང་སྙིང་ནད་འབྱུང་། Rasmus Nielsenརྒྱུད་རྒྱུ་འཕོ་འགྱུར་ཅན་གྱི་མི་ལ་མཚོན་ན་ཟུངས་ཁྲག་ཁྲོད་ཀྱི་ཁྲག་རིལ་དམར་པོ་ཉུང་ཟད་མཐོ་རུ་ཕྱིན་པས། ཀླད་སྙིང་གི་ཁྲག་རྩའི་ནད་ཀྱི་གནད་དོན་གང་ཡང་མི་འབྱུང་། )འཕོ་འགྱུར་རྒྱུད་རྒྱུ་འདི་ཉིད་ཏན་ནེ་སོ་ཝ་མི་འབའ་ཞིག་གི་ལུས་སྟེང་དུ་མངའ་ཞིང་། ཏེན་ནེ་སོ་ཝ་མིའི་འགྱུར་རྡོ་ནི་ཨར་ཐེ་རི་རྒྱུད་ཁོ་ན་ནས་མ་གཏོགས་མ་རྙེད།  

ཁོ་བོ་སྨྱུག་ཐོགས་པས་བདེན་དཔང་འདི་ལ་གཞི་བྱས་ཏེ། ལོ་ངོ་ཁྲི་ཚོ2-5གོང་དུ་དེང་རབས་ཤེས་ལྡན་མི་ནི་མཚོ་བོད་མཐོ་སྒང་གི་ཉེ་འཁོར་དུ་ཏན་ནེ་སོ་ཝ་མི་དང་ཁྲག་རྒྱུད་འདྲེས་མྱོང་ལ། དེའི་ཕྱི་རབས་པ་དག་གིས་ད་དུང་ཡང་ཏན་ནེ་སོ་ཝ་མིའི་རྒྱུད་རྒྱུ་སྐོར་ཚོ0.1%སོར་འཛིན་བྱས་ཡོད། ཤེས་ལྡན་མིས་རྒྱུད་རྒྱུ་དེ་བསྣམས་ནས་བོད་ཡུལ་དུ་སླེབས་པ་ཡིན་སྲིད་ལ། ཡང་ན་ཨེ་ཤ་ཡར་ཁྱབ་རྗེས་མཚོ་བོད་མཐོ་སྒང་དུ་འབྱོར་བ་ཡིན་ཀྱང་སྲིད་སྙམ།

ཡུན་ནན་གྱི་གནའ་ཤུལ་ནས་ཐོན་པའི་རྡོ་ཆས་དང་སྲོག་ཆགས་ཀྱི་འགྱུར་རྡོ་ལས་ཆེས་སྔ་བའི་བོད་ནི་ལིངས་དང་རྒུམ་བུ་འཐུ་བ་དང་འབྲོང་དང་སྲོག་ཆགས་གཞན་དག་རྔོན་བྱེད་པ་ཡིན། འགའ་ཞིག་དགུན་ཁར་ས་འཕང་མཐོ་བའི་ཡུལ་དུ་སྤོ་ཞིང་འགའ་ཞིག་རྒྱུན་རིང་གཏན་ཆགས་སུ་གནས་པ་ཡིན་སྲིད།

དགེ་རྒན་ཆེན་མོMark Aldenderferlལགས་ཀྱིས“གལ་སྲིད་ཆེས་སྔ་བའི་བོད་ཀྱི་འཚོ་བ་ནི་མཐོ་སྒང་གི་དཀྱིལ་སྙིང་ཁུལ་དུ་མཆིས་ན། ཁོང་ཅག་མཐོ་སྒང་དང་དམའ་སའི་བར་དུ་དུས་ཚིགས་དང་བསྟུན་པའི་སྐྱས་སྤོར་བ་ཆེར་མི་སྲིད།” ཅེས་རིགས་འདེད་བྱས་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གནའ་དཔྱད་པ་ཧི་ཀོང་ལྱིང་གིས་ཡ་ཐོག་གི་བོད་མིས“བོད་ཡུལ་གྱི་དབུས་ཁུལ་དང་ནུབ་ཁུལ་གྱི་ཆུ་ཚན་ཕོན་ཆེ་བའི་ཁུལ་དུ་རང་གི་འཚོ་གནས་ཀྱི་ཡུལ་ཁམས་བཙལ་བར་བྱེད”པ་མ་ཟད། ཐབ་དོང་ལས་དྲོད་བསྐྱེད་ཆོག ཧི་ཀོང་ལྱིང་དང་ཁོང་གི་ལས་རོགས་ཚོས་མཚོ་སྔོན་པོའི་ཅང་ཤེས་གནའ་ཤུལ་དུ་ཆེས་གནའ་བོའི་ཐབ་དོང་རྙེད་ཅིང་། དེ་ནི་ལོ་ངོ་ཁྲི་ཚོ1.3གོང་རོལ་གྱི་ཡིན་ནོ།།

ལྷ་སའི་ཆུ་བཟང་ཁུལ(ས་འཕང་རྨིད4200)ནས་གསར་དུ་བསྔོགས་པའི་གནའ་ཤུལ་གྱིས་ཉུང་མཐར་ཡང་ལོ་ངོ6000-9000གི་གོང་རོལ་དུ་མི་གནས་ཆགས་མྱོང་བ་གསལ་བར་བསྟན། གལ་ཏེ་དེ་ལྟ་མིན་ན་ཆུ་བཟང་ཁུལ་གྱི་སྡོད་དམངས་ནི་ངེས་པར་སྤྱི་ལེ700བགྲོད་ན་ད་གཟོད་མཐོ་སྒང་ནས་མར་འབབ་ནུས། དེ་འདྲའི་ལམ་ཐག་རིང་པོ་ཞིག་ཏུ་དུས་ཚིགས་རང་བཞིན་གྱི་སྐྱས་སྤོར་ཏེ་ལིངས་དང་རྒུམ་བུ་འཐུ་བའི་ལས་དེ་འགྲུབ་ནུས་པ་ཞིག་མ་ཡིན། གནའ་ཤུལ་འདི་དག་གིས་ཞིང་ལས་འགོ་མ་བརྩམས་གོང་དུ་མིའི་རིགས་མཐོ་སྒང་དུ་གཏན་སྡོད་བྱས་ཤིང་། རྒྱུད་རྒྱུད་དང་ལེགས་བྱང་གང་ཐད་ནས་ཀྱང་ས་འཕང་མཐོ་བའི་ཡུལ་གྱི་འཚོ་བར་ལོབས་ཡོད་པ་གསལ་བར་མངོན་ཡོད།

དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ལིངས་བྱེད་པ་དང་རྒུམ་བུ་འཐུ་བའི་འཚོ་བའི་ཐབས་ཚུལ་རིམ་གྱིས་ལུག་དང་གནག་ཕྱུགས་འདུལ་བའི་འབྲོག་པར་གྱུར། འཇར་མན་གྱི་མཱར་པོ་སློབ་ཆེན་གྱི་སྐྱེས་ཁམས་རིག་པའི་མཁས་པGeorg Mieheལགས་སོགས་ཀྱིས2014ལོར《རབས་བཞི་པའི་ཚན་རིག་དཔྱད་གླེང》ཏུ་བཀོད་པའི་ཞིབ་འཇུག་ལས། འབྲོག་ལས་འཕེལ་རྒྱས་ཀྱིས་ལོ་ངོ8000སྔོན་གྱི་རྩྭ་རྩི་ཤིང་ལ་འགྱུར་བ་འབྱུང་འགོ་བརྩམས་པར་བསྟན། ཁོང་ཅག་གིས་མཚེའུ་ནང་གི་ཟགས་དངོས་ཟེའུ་འབྲུ་རྭ་སྤྲོད་བྱེད་དུ་བྱས་ནས་བོད་ཡུལ་གྱི་ཕྱུགས་རྩྭའི་རིགས་ནི་ལོ་ངོ8000གི་ཡར་སྔོན་དུ་བྱུང་ཡོད་པ་དང་། ད་དུང་གནའ་བོའི་ས་རྒྱུའི་རིམ་པའི་སོལ་ནག་དང་ནགས་ཚལ་གྱི་ཟེའི་འབྲུའི་ལྟོས་བཅས་འཕར་ཆག་ཟིན་ཐོར་བཀོད་དེ་སྔ་དུས་ཀྱི་བོད་མིས་ནགས་ཚལ་མེར་བསྲེགས་ཏེ་ཕྱུགས་སར་བསྒྱུར་བ་བསྒྲུབས།

སྔར་ལས་ལྷག་པར་ཆེ་བའི་མའི་རིགས་ཀྱི་གཏན་སྡོད་ཁུལ་རྒྱུན་བསྲིངས་པ་ནི་བཟའ་བཏུང་གི་དགོས་མཁོ་ཆེར་བསྐྱེད་པ་ཡིན་ལ། གྲང་འཁྱག་མཁའ་དབུགས་སྐམ་པའི་མཐོ་སྒང་དུ་དེ་ནི་ཆེས་དཀའ་སྡུག་གི་ལས་ཤིག་ཡིན་ལ། གོ་ལ་ཇེ་འཁྱག་ཏུ་འགྲོ་ཐེངས་གཅིག་གིས་གནད་ཆེ་བའི་གོམས་ལོབས་ཤིག་ལ་སྐུལ་འདེད་བྱས་པ་ཡིན་སྲིད།

ད་ལྟ་བོད་ཡུལ་གྱི་ས་འཕང་མཐོ་བའི་གྲོག་རོང་དུ་ནས་འདེབས་མོད། ཆེས་སྔ་བའི་མེས་པོ་དག་གིས་འདེབས་པ་ནི་ཁྲེ་ཆུང་ཡིན། (ཚིག་མཛོད་དུ་ཁྲེ་ཆུང་ཞེས་འབྱུང་མོད་དོན་ལ་བྲ་བོ་མིན་ནམ་སྙམ། སྒྱུར་པ་པོའི་མཆན)མིག་སྔར་ཤེས་ཟིན་པའི་བོད་ཡུལ་གྱི་ཆེས་གནའ་བོའི་མེས་པོ་གཏན་སྡོད་བྱ་ཡུལ་ནི་ཆབ་མདོའི་མཁར་རོ་ཡིན་ལ། དེའི་ས་འཕང་རྨིད 3100ཡིན། ཟི་ཁྲོན་སློབ་ཆེན་གནའ་དཔྱད་རིག་པའི་མཁས་པ་ལིས་ཧོང་ལྱིང་སོགས་ཀྱིས་མཁར་རོ་གནའ་ཤུལ་ནས་ལོ་ངོ3050གོང་གི་ཁྲེ་ཆུང་རྙེད།

མཁར་རོའི་རྒྱ་མོ་རྔུལ་ཆུའི་སྟོད་རྒྱུད་ནི་ཞིང་ལས་འདེབས་འཛུགས་ལ་ཆེར་འཚམ་པའི་ཡུལ་ཞིག་ཡིན་ལ། མཐོ་སྒང་གི་དྲོད་འཇམ་བརླན་གཤེར་གྱི་ས་ཁུལ་ལ་གཏོགས། འོན་ཏེ། གྲང་འཁྱག་ཁ་དབུགས་སྐམ་པའི་མཐོ་སྒང་བྱང་ཁུལ་དུ་འཚོ་གནས་བྱེད་དགོས་ཚེ་ལོ་ཏོག་ཀྱང་རིགས་དེ་དང་མི་འདྲ་བ་དགོས། ད་ལོའི་ཟླ་དང་པོའི《ཚན་རིག》ཏུ་བཀོད་པའི་ལན་གྲུ་སློབ་ཆེན་གྱི་གནའ་དཔྱད་པ་ཏུང་ཀོན་ཧོས་དང་ཀྲང་ཏུང་ཅུ། ནམ་ཟླའི་ཚན་རིག་པ་ཁྲིན་ཧྥ་ཧུའུ་སོགས་ཀྱི་ཞིབ་འཇུག་གི་གྲུབ་དོན་བཀོད་ཡོད་ཅིང་། ཁོང་ཅག་གིས་འགྱེད་འཕྲོ་རང་བཞིན་གྱི་ཐཱན་ལོ་རབས་འཇལ་ཐབས་སྤྱད་དེ་མཚོ་བོད་མཐོ་སྒང་གི་བྱང་ཤར་ཁུལ་གྱི་གནའ་ཤུལ53གྱི་འབྲུ་རིགས་འཚིག་རོར་ཚོད་རྩིས་བྱས་ཏེ་ལོ་ངོ1600ཡར་སྔོན་དུ་ས་འཕང་རྨིད2500མན་དུ་བོད་ཀྱིས་འདེབས་པའི་འབྲུ་ནི་ཁྲེ་ཆུང་རྐྱང་ཡིན་པ་ཤེས། ཕྱིས་ཀྱི་གཏན་སྡོད་པ་ནི་ད་གཟོད་མཐོ་སྒང་གི་ས་འཕང་མཐོ་བའི་ཡུལ་དུ་སྤོས་པ་ཡིན་ལ་འདེབས་པའི་ལོ་ཏོག་ཀྱང་ནས་དང་གྲོ་ཡིན་པ་ཤེས།

“འདི་ནི་ཏག་ཏག་ཚོར་ཤེས་དང་ལྡོག་པ”ཞིག་སྟེ། ཏུང་ཀོན་ཧོས་ཀྱིས་ནས་དང་གྲོ་ནི་ལྟོས་བཅས་ཀྱིས་ཁྲེ་ཆུང་ལས་སྨིན་པའི་ཡུན་འགྱང་ལ་སྐྱེས་འཕེལ་གྱི་ཡུན་ཐུང་བའི་མཐོ་སྒང་ལ་མཚོན་ན་དེ་ནི་གདམ་ཀ་ལེགས་ཤོས་ཡིན་མ་ཡིན། ཞེས་འགྲེལ་བཤད་བགྱིས་མོད། ནས་དང་གྲོ་ནི་ཁྲེ་ཆུང་ལས་བད་ཐུབ་པ་ཞིག་ཡིན་པས་ལོ་ངོ2550གོང་རོལ་དུ་འཁྱག་རོམ་འགོ་རྩོམ་པའི་དུས་སྐབས་ཀྱི་ལོ་ངོ་ཆིག་སྟོང་ལ་རྒྱུན་བསྲིངས་པས་བཙན་ཐབས་སུ་ཞིང་པའི་ལོ་ཏོག་གི་རིགས་གསར་བར་བསྒྱུར་དུ་བཅུག

ནས་དང་གྲོ་ཡིས་བོད་མིར་ས་འཕང་སྔར་ལས་མཐོ་བ་དབང་དུ་བྱེད་པར་བྱས། ཁྲིན་ཧྥ་ཧུའུ་ཡིས “གྲོ་དང་ནས་ནས་ཀྱིས་བོད་ཀྱི་མེས་པོ་དག་འཁྱག་རོམ་གྱི་དུས་སྐབས་སུ་འཚོ་གནས་ཐུབ་པར་བྱས། ” “ད་དུང་ཁོང་ཅག་གི་རྐང་རྗེས་མཐོ་སྒང་གི་རུམ་དུ་ཕབ་པར་བྱས་པ་ཡིན།”ཟེར་རོ།།

པར་རིས། ལོ་ངོ3600གོང་དུ་གོ་ལ་ཧྲིལ་པོ་འཁྱག་གྲང་དུ་གྱུར་པས་བོད་ཡུལ་གྱི་ས་འཕང་མཐོ་བའི་ཁུལ་དུ་གྲང་ཐེག་པའི་ནས་བཏབ།

སྲོལ་རྒྱུན་གྱི་ལྟ་ཚུལ་ནི་མིའི་རིགས་དྲོད་འཇམ་དུས་སྐབས་སུ་གཞི་རྒྱ་ཆེན་པོའི་ངང་ལ་མཐོ་སྒང་དུ་གནས་སྤོས་པ་ཡིན་ཏེ། སྐབས་དེར་རྩྭ་རྩི་ཤིང་ལྷག་པར་ཚང་ཚིང་དུ་རྒྱས་མོད། ལྟ་ཚུལ་གསར་བ་རིམ་གྱིས་བྱུང་། མིའི་རིགས་ཀྱིས་མཐོ་སྒང་དབང་དུ་བྱས་པ་སྟེ་རྟག་བརྟན་གྱི་གཏན་སྡོད་ཁུལ་བཙུགས་པ་ནི་དེ་ལས་ཀྱང་འཕྱི་བའི་དུས་ལ་བྱུང་བ་ཡིན་སྙམ། ཁ་ལི་ཧྥོ་ནེ་མངའ་སྡེ་སློབ་ཆེན་གྱི་ལོ་སན་ཅི་ཡན་ལག་སློབ་གྲྭའིP.Jeffry Brantinghamགྱིས་དེ་ལྟར་རིགས་འདེད་བགྱིས་འདུག་གོ།

པར་རིས། མཚོ་བོད་མཐོ་སྒང་དུ་སྔ་མོའི་གནའ་ཤུལ་གང་སར་ཁྱབ་ཅིང་། ལོ་ངོ་ཁྲི་ཚོ3གྱི་གོང་དུ་མིའི་རིགས་མཐོ་སྒང་གི་ཡུལ་གྲུ་འདིར་སླེབས་ཚར། ལོ་ངོ6000གི་གོང་དུ་མེས་པོ་དག་རྒྱུན་རིང་ལ་གནས་འདིར་གཏན་སྡོད་བྱེད། རྡོ་ཆས་གསར་མའི་གནའ་ཤུལ3800སར་ཞིང་ལས་ཀྱི་ཁྱབ་མཆེད་མངོན་ཡོད།

 

གཉིས། དོན་དམ་པར་བོད་ཀྱི་མེས་པོ་ནི་གང་ཡིན།

བོད་ནི་སྤྱི་ལོ་དུས་རབས་བདུན་པར་སྲོང་བཙན་སྒམ་པོས་སྲིད་འཛིན་པའི་ཚེ་ན་ད་གཟོད་ལོ་རྒྱུས་ཀྱི་ཟིན་ཐོ་ཡོད་པར་གྱུར་ཅིང་། བོད་ཀྱི་ལྷ་སྒྲུང་ངག་རྒྱུན་ཁྲོད་དུ་བོད་ནི་སྤྲེའུ་དང་བྲག་སྲིན་ལས་བོད་ལྗོངས་ལྷོ་ཁའི་ཡར་ལུང་ནས་མཆེད་པར་གྲགས།

བོད་དང་ཨེ་ཤ་ཡའི་མི་འབོར་གཞན་གྱི་ཁྱད་པར་མངོན་གསལ་ཆེ་བ་ཞིག་ནི་ཁོང་ཅག་ས་འཕང་མཐོ་ལ་གསོ་རླུང་ཉུང་བའི་ཡུལ་དུ་འཚོ་བ་རོལ་རྒྱུར་གོམས་པས་རྫ་དུག་མི་ཕོག་པ་དེ་ཡིན། བོད་རྣམས་ས་འཕང་རྨིད3500ཡན་གྱི་ས་ཁུལ་དུ་ཁྱབ་ཅིང་། མཁའ་དབུགས་ལ་གསོ་རླུང་འདུས་ཚད་མཚོ་སྙོམས་ངོས་ལས40%དམའ། ཕུང་པོའི་སྐྱེས་འཕེལ་བསྐྱར་མའི་ཚད་དམའ་ཞིང་བྱིས་པའི་འཆི་འདས་ཀྱི་ཚད་ཡུལ་གྲུ་གཞན་ལས་ལྡབ་འགས་མཐོ།

རྒྱུད་རིག་མཁས་པས་རྒྱུད་རྒྱུའི་རིམ་གཞལ་ལ་བརྟེན་ནས་གསང་བ་འདི་ཉིད་བཀྲོལ་འགོ་བརྩམས། ཧྲིན་ཀྲིན་ཧྭ་ཏ་རྒྱུད་རྒྱུ་ཞིབ་འཇུག་ཁང་གི་ལག་བསྟར་ཡོན་ཀྲང་ཝང་ཅིན་གྱིས་བོད་མི50དང་རྒྱ་མི40ལ་རྒྱུད་རྒྱུའི་རིམ་འཇལ་བགྱིས། རྒྱུད་རྒྱུ92%ཚོད་འཇལ་གྲུབ། སྡོམ་ནི་ཉུང་མཐར་ཡང་རྒྱུད་རྒྱུ30ཡི་འཕོ་འགྱུར་ནི་བོད་མིའི་ཁྲོད་དུ་ཁྱབ་གདལ་ཡིན་ལ། རྒྱ་མིའི་ཁྲོད་དུ་མཐོང་དཀོན། དཔེར་ན་གོང་དུ་བཤད་པའི་མིའི་ལུས་ཀྱི་ཟུངས་ཁྲག་སྡེབ་སྒྲིག་བྱེད་པའི་སྤྲི་དཀར་དམར་པོས་གྲུབ་པའིEPASIདེ་ཉིད་བོད་མི87%གྱིསEPASLའཕོ་འགྱུར་རྒྱུད་རྒྱུ་འཛིན་ཞིང་། རྒྱ་མི9%ཁོ་ནས་རྒྱུད་རྒྱུ་དེ་ཉིད་འཛིན་པ་ཡིན། གྲུབ་དོན་འདི་ཉིད་འགྲེལ་བཤད་ཀྱི་སླད་དུ་ཁ་ལི་ཧྥོ་ནེ་མངའ་སྡེའི་པོ་ཁི་ལེ་ཡན་ལག་སློབ་གྲྭའི་མི་འབོར་རྒྱུད་རིག་མཁས་པRasmus Nielsenལགས་ཀྱིས་མི་འབོར་གྱི་གཞི་རྒྱ་མི་མཐུན་པ་དང་། གྱེས་འགྱུར་གྱི་དུས་ཚོད། རྒྱུད་རྒྱུ་འཁོར་འགྲོས་ཚད་ལ་སོགས་པར་བརྟག་པ་མཐའ་གཟུང་གིས་མི་འབོར་མཐུན་པའི་ལོ་རྒྱུས་འཕེལ་རྒྱས་ལ་གནས་ཚུལ་མང་བའི་ཚོད་བཤེར་བགྱིས་ཏེ། ལོ་ངོ2750ཡི་གྱེས་འགྱུར་དུས་ཚོད་ནི་རྒྱུད་རྒྱུ་འཕོ་འགྱུར་འདི་འདྲ་ཞིག་ཐོན་པར་ཡུན་ཚད་འདང་བ་ཡོད་པར་སྙམ།

ཁོང་ཅག་གི་སྡོམ་ཚིག་ལ་རྩོད་གླེང་མང་དུ་བྱུང་བ་སྟེ། ལིས་ཧོང་ལྱིང་གིས་འདི་དང་མིག་སྔའི་བོད་ཀྱི་ངོས་འཛིན་མང་པོ་འགལ་བར་སོང་བ་སྟེ། དཔེར་ན་མཁར་རོ་གནའ་ཤུལ་ཉུང་མཐར་ཡང་ལོ་ངོ2000གིས་སྔ་དགོས་པར་བསམ། ལ་ལས་ད་དུང་ཞིབ་འཇུག་གི་ཐབས་ལམ་ལ་ཡིད་མི་ཆེས་པར་འཛིན། ཧྥུའུ་ཏན་སློབ་ཆེན་གྱི་མི་འབོར་རྒྱུད་རིག་མཁས་པ་ཅིན་ལིས་ཀྱིས་སྨར་དཔེའི་ཚད་དང་མི་འབོར་ཁྱབ་ཚད་ཆུངས་དྲགས་པས་བོད་ཀྱི་མི་འབོར་ལོ་རྒྱུས་ཀྱི་རྙོག་འཛིང་རང་བཞིན་གསེད་འགྲོལ་བྱེད་པའི་ཤུགས་མི་འདང་བར་སྙམ།

སྒྲ་རིག་མཁས་པས་བོད་རྒྱ་གཉིས་ལ་ཐུན་མོང་བ་དང་ཕུགས་རིང་བའི་འབྱུང་རྩ་ཡོད་པར་བསམ། 1998ལོར་ཧོང་ཀང་གྲོང་ཁྱེར་སློབ་ཆེན་གྱི་སྒྲ་རིག་མཁས་པ་ཝང་ཧྲི་ཡོན་གྱིས་སྒྲ་འབྱིན་ཚུལ་དང་། ཡུལ་སྐད། སྐད་རིམ་སོགས་ཀྱི་བརྟག་དཔྱད་ལས་ཁྱིམ་གྱི་སྡོང་བུ་ཞིག་བྲིས་ཤིང་། རྒྱ་བོད་གྱེས་འགྱུར་གྱི་དུས་ཚོད་ལོ་ངོ6000གི་ཡར་སྔོན་དུ་གཏན་ཁེལ་བགྱིས། པོ་ཨིན་སློབ་ཆེན་གྱི་ཧི་མ་ལ་ཡའི་སྒྲ་རིག་མཁས་པGeorge Van Driemlལགས་ཀྱིས་དེ་དང་ཉེ་བའི་གྱེས་འགྱུར་དུས་ཚོད་ཅིག་བཏོན་པ་སྟེ། ཁོང་གིས་སྐད་བརྡའི་རིམ་འགྱུར་གྱིས་ལོ་ངོ7000གི་གོང་རོལ་དུ་མཚོ་བོད་མཐོ་སྒང་གི་ཤར་ཁུལ་དང་ཟི་ཁྲོན་གྱི་ནུབ་ཁུལ་དུ་བོད་སྐད་སྨྲ་བའི་མི་ཐོག་མ་བྱུང་བར་ཐག་བཅད།

ཀྲུང་གོའི་ཚན་རིག་ཞིབ་འཇུག་གླིང་གི་ཁུན་མིན་སྲོག་ཆགས་ཞིབ་འཇུག་ཁང་གི་སོ་པེན་གྱིས་དེ་ལས་ཀྱང་རྙོག་འཛིང་ཆེ་ལ་སྔ་བའི་བོད་ཀྱི་འབྱུང་ཁུངས་ཤིག་བཏོན། ཁོང་དང་ཁོང་གི་དཔུང་སྡེས2011-2013ལོར་《གྱེས་རྡུལ་སྐྱེ་དངོས་དང་འཕེལ་འགྱུར》ཞེས་པའི་མུ་འབྲེལ་རྩོམ་ཡིག་སྤེལ། སྙན་ཞུ་ལས་ཁོང་ཅག་གིས་མཚོ་བོད་མཐོ་སྒང་གི་གྲོང་ཚོ41གི་བོད་མི6109ལ་DNAརིམ་འཇལ་བགྱིས་པའི་གྲུབ་དོན་དུ་བོད་པར་ཐུན་མོང་མ་ཡིན་པའིyམདོག་བསྒྱུར་གཟུགས་དང་ཐིག་རིལ་གཟུགས་ཀྱིDNAརིམ་བསྟར་ཡོད་པ་ཤེས། ཨེ་ཤ་ཡའི་མི་འབོར་གཞན་དག་ལ་མེད་པའམ་མཐོང་དཀོན་ནོ།། ཤེས་ཟིན་པའི་ཐོལ་འགྱུར་ཚད་གཞི་བྱས་ཏེ། སོ་པེན་གྱིས་རིམ་བསྟར་འདི་ཉིད་ཕལ་ཆེར་ལོ་ངོ་ཁྲི་ཚོ2-3ཡར་སྔོན་དུ་མཚོ་བོད་མཐོ་སྒང་དུ་གཏན་སྡོད་བྱས་པའི་འབྲོག་པའི་ལུས་ཕུང་ལས་རིམ་འགྱུར་འབྱུང་འགོ་བརྩམས་པར་འདོད་དོ།།

རིམ་བསྟར་བར་ཁྱད་ཀྱིས་ད་དུང་འདས་ཟིན་པའི་མི་འབོར་འཕར་སྣོན་གྱི་འཁུམ་པ་དང་རྒྱ་བསྐྱེད་བརྩི་ནུས། སོ་པེན་སོགས་ཀྱིསDNAགཞི་གྲངས་ཀ་གཞིར་བྱས་ཏེ་བོད་ཀྱི་མི་འབོར་ནི་ལོ་ངོ7000-10000སྔོན་རོལ་དུ་ལྡབ་བཞི་འཕར་བ་དང་། རྒྱ་བོད་གཉིས་ཀྱི་གཉེན་ཚན་འབྲེལ་བའི་ལྟ་ཚུལ་གྱི་ཆ་ཉུང་ངུ་ཞིག་ཡང་དག་པར་འདོད། གཞི་གྲངས་ལས་བོད་དུ་ཐེངས་གཉིས་པར་མི་འབོར་སྐྱས་སྤོ་བྱས་པ་ནི་རྒྱ་མི་ཡིན་ཡང་སྲིད། རྒྱ་མི་དེ་དག་དང་གཉུག་གནས་གཏན་སྡོད་མཁན་གཉེན་བསྡེབས་པ་ལས་དེང་གི་བོད་བྱུང་བར་འདོད་དོ།།

ད་ལྟར་ཡོད་པའི་རྒྱུད་རྒྱུའི་གཞི་གྲངས་ནི་གསང་བ་འདི་ཉིད་ཡོངས་སུ་གསལ་བར་བྱེད་པ་ལ་མི་འདང་སྟེ། མཐོ་སྒང་གི་ལྟེ་བའི་ཡུལ་གྲུ་རྒྱ་ཆེ་བའི་གནའ་དཔྱད་བདེན་དཔང་དགོས་པ་དང་། ད་དུང་སྔར་ལས་གཞི་རྒྱ་ཆེ་བའི་རྒྱུད་རྒྱུ་ཞིབ་འཇུག་དང་གནའ་རབསDNAམཐོང་སྣེ་དགོས་སོ།།

འབྱུང་ཁུངས་ཇི་ལྟ་བུ་ཞིག་ཡིན་ཀྱང་། བོད་རྣམས་མཐོ་སྒང་གི་མཁར་རྫོང་དུ་རིས་སུ་བཅད་པ་ཞིག་མ་ཡིན་གྱི། གནས་འདི་ནི་ཡོབ་ཡ་མི་འབོར་གྱི་བཞུ་སླང་ཞིག་ཡིན་ལ། བྱེས་འབྱོར་བ་ཟམ་ཆད་མ་མྱོང་། མི་རྣམས་ཀྱིས་ནམ་ཡང་རི་མཐོན་པོ་ལྕགས་རིར་ལྟ་ཡང་། ཡ་ཐོག་གམ་ད་ལྟ་གང་དུ་ཡང་སྲོག་ཆགས་དང་རྩི་ཤིང་། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་མཐོ་སྒང་གིས་ནམ་ཡང་དམའ་སའི་མི་རྣམས་འགུགས་པར་བྱེད་དོ།།

ཝ་ཧྲིན་ཐོན་སློབ་ཆེན་གྱི་གནའ་དཔྱད་རིག་པའི་མཁས་པMichael Frachettiལགས་ཀྱིས“ཨེ་ཤ་ཡའི་ནང་ལོགས་བར་ཁྱམས”ཟེར་བ་ཞིག་བཏོན་ཞིང་། ཨེ་ཤ་ཡ་དབུས་མ་དང་ཧི་མ་ལ་ཡ་ནས་བོད་ཡུལ་དང་ཨར་ཐེ་རི་རྒྱུད་དེད་དེ་གནའ་དཔྱད་པས་ཡ་ཐོག་གི་གཏན་སྡོད་ཁུལ་མང་དུ་རྙེད། ཕལ་ཆེར་ལོ་ངོ3000གི་གོང་རོལ་དུ་ཚོང་ལས་ཀྱི་འབྲེལ་བ་ཚུགས་པ་དང་། རི་མཐོན་པོའི་བར་ཁྱམས་འདི་ནི་རྒྱ་མོ་དར་ལམ་གྱི་སྔ་ལོགས་ཏེ། འདི་ཀར་རྒྱུད་རྒྱུ་དང་ཟོང་ཟོག བསམ་བློ་བརྗེ་རེས་བྱེད་པའི་སྦུག་ལམ་ཞིག་ཡིན་ཡང་སྲིད་དོ།།

བོད་ཡུལ་ནི་ལེགས་བྱང་སྦྲེལ་བའི་ལྟེ་བར་ཡོད། ALdenderferལགས་ཀྱིས“ལོ་ངོ་ཁྲི་སྟོང་མང་པོའི་རིང་ལ་བོད་ཡུལ་ནི་རྡོ་ཁབ་ལེན་དང་འདྲ་བར་ཕྱོགས་བཞིའི་སྐྱེ་བོ་རྣམས་དྲངས་སོ།། ”ཞེས་སྡོམ་ཚིག་བཀོད། གལ་སྲིད་ངོ་མ་དེ་འདྲ་ཞིག་མཡིན་ཚེ། ད་ལྟའི་བོད་ཀྱི་འབྱུང་ཁུངས་ལེགས་བྱང་དང་རིགས་ཁྱུ་རྐྱང་མ་ཞིག་ཡིན་སྲིད་པ་ཆེར་མི་སྣང་།

                                              

སྤྱི་ལུགས2018ལོའི་ཟླ2པའི་ཚེས15སྟེ་བོད་ལུགས་གནམ་གང་གི་ཞོགས་པར།

城读ལས་དྲངས།)

མ་རྩོམ་གྱི་ཁུངས:Jane Qiu,2015. Who are the Tibetans? Science, Vol. 347, Issue 6223, pp. 708-711. DOI: 10.1126/science.347.6223.708