དགེ་བའི་བཤེས་གཉེན་ཆུ་འབི་པ་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་ས་ཁམས་སྐོར་གསུང་དུས། རྩེ་ལ་བསྡུ་བ་དང་མདོ་ལ་བསྡུ་བ། གཞུང་ལ་བསྡུ་བ། ཁམས་ལ་བསྡུ་བ་སོགས་མང་དུ་གསུངས་པ་བཞིན། བྱ་མདོ་ཡང་ཆབ་མདོ་དང་སྤེན་མདོ། ཀ་མདོ། སུམ་མདོ་སོགས་དང་འདྲ་བར་མདོའི་སྐོར་ལ་བསྡུ་རུང་། ཆབ་མདོ་ལ་ཆབ་ཀྱི་གཞུང་རྒྱུད་ཅིག་ཡོད་པ་ཇི་བཞིན་བྱ་མདོ་ལའང་བྱ་གཞུང་ཞེས་ལུང་པའི་སྤྱི་མིང་ཞིག་ཡོད་པ་དང་། ལྰ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོའི་ཞལ་སྔ་ནས་སྟོད་ཀྱི་ཁྲ་གླག་གོའུ་གསུམ་དང་སྨད་ཀྱི་ཁྱ་རྒོད་ཁྱུང་གསུམ་ཞེས་སྟོད་སྨད་ཀྱི་བྱ་དྲུག་གི་མིང་ལས་ཟུར་ཆགས་པར་གསུངས། ཞབས་དཀར་ཚོགས་དྲུག་རང་གྲོལ(༡༧༨༡-༡༨༥༡)གྱིས་བྱ་ཁོག་མདོར་གསུངས་པའང་འདན་ཁོག་དང་བསང་ཁོག ། རྔ་ཁོག་བཅས་དང་འདྲ་བར་ལུང་གཤོངས་གཞུང་གི་དོད་ལ་སྤྱད་པ་ཞིག་མིན་ནམ་སྙམ། རྫོང་དཀར་འཇིགས་མེད་བསམ་གཏན(༡༨༡༤-༡༨༨༡/༡༨༩༧)གྱིས་ཟླ་བའི་འཕྲེང་བར་བྱ་རུང་མདོ་ཞེས་གསུངས་ཀྱང་། ཁོང་གི་སྐུ་མཆེད་རྣམ་ཐར་ཟླ་བའི་འོད་ཟེར་ཏུ་དམིགས་བསལ་བྱ་གཞུང་མདོ་ཞེས་འབྱུང་བས། སྔ་མ་པར་རྩའི་ཡི་གེ་ཉམས་པའམ་པར་རྐོན་གྱིས་ཐུགས་མཉམ་མ་བཞག་པ་ཞིག་ཡིན་ཤས་ཆེ།

བྱ་གཞུང་དུ་དུས་རབས་བཅོ་བརྒྱད་པའི་དུས་མགོར་མྰ་ཕྱག་རི་ཁྲོད་པ་གྲགས་པ་རྒྱ་མཚོས་བཏབ་པ་མྰ་ཕྱག་དགོན་དགའ་ལྡན་ཕུན་ཚོགས་གླིང་གི་ཁང་དགོན[1]དང་། བོན་སྐོར་སྡེ་བའི་སྐྱེས་ལྷ་སྒྲོ་རུ་རབ་བརྟན་ཐོགས་མེད[2]ཀྱི་ལབ་བཙས་སྒྲོ་སྒང་གསས་མཁར་གཉན་པོ། ཚ་རྔ་དགོན་བཀྲ་ཤིས་ཆོས་འཕེལ་གླིང་། ཡར་ཁའི་མཚམས་ཁང་ཡིད་དགའ་ཆོས་འཛིན་གླིང་། རྗེ་བྱ་མདོ་འབྲོག་རུ་བས་བཞེངས་པ་བོན་སྐོར་མཆོད་རྟེན་མཐོང་གྲོལ་ཆེན་མོ་སོགས་སྔོན་འབྲོག་རི་བོ་དགའ་ལྡན་པའི་རིང་ལུགས་དྲི་མ་མེད་པ་ཆེས་ཆེར་དར་མོད། བྱ་གཞུང་སྐོར་ལ་ཆེད་བརྗོད་བྱས་པའི་ཡིག་ཚངས་རྙིང་པ་ཞིག་ད་བར་མཐོང་མྱོང་མེད་པས། གནའ་བོའི་གནས་སྟངས་དང་འཕེལ་རིམ་ལ་རྒྱུས་ལོན་བྱ་རྒྱུ་ཤིན་ཏུ་དཀའ་བར་མ་ཟད། སྔོན་གྱི་ཆོས་འབྱུང་ལོ་རྒྱུས་དང་རྣམ་ཐར་རྟོགས་བརྗོད་དུ་འཁོད་པའི་ཞིབ་ཕྲའི་གནས་ཚུལ་ཐོར་རེ་ལོང་བ་དག་ལའང་ཁ་ཚོན་གཅོད་པར་ག་ལ་སྤོབས།

གྲུབ་པའི་དབང་ཕྱུག་རྗེ་འཇིགས་མེད་བསམ་གཏན་པའི་ཞལ་སྔ་ནས། བློ་གྲོས་རབ་ཡངས་བཟང་བོའི་འཕྲིན་ལས་རྒྱས། ། བསྟན་འཛིན་བྱེ་བའི་གཙུག་ནོར་མཁས་པའི་མཆོག། རྒྱ་མཚོའི་གོས་ཅན་འགྲོ་བའི་སྐྱབས་གཅིག་པུ། ། བཀའ་དྲིན་གསུམ་ལྡན་བླ་མའི་ཞབས་ལ་འདུད། །ཅེས་མདོ་རྒྱུད་རྒྱ་མཚོའི་དགོངས་དོན་འགྲེལ་བར་མངའ་བརྙེས་པའི་བསྟན་པའི་གསལ་བྱེད་ཆེན་པོ། བྱ་བྲལ་བརྟུལ་ཞུགས་ཀྱིས་འབྲོག་དགོན་དང་རི་སུལ་ཁ་ན་བསྟེན་པའི་ཀུན་སྤངས་སེམས་དཔའ་ཆེན་པོ། རྗེ་གསེར་ཁང་བ་ཆེན་པོ་བློ་བཟང་བསྟན་འཛིན་རྒྱ་མཚོ(༡༧༨༠-༡༨༤༠)ཞེས་བསྟན་པ་གང་ཉིད་ནི་རྒྱལ་མཆོག་ལྔ་བའི་ཞལ་ནས། དཀར་བོ་ཐང་དུ་འབོད་པར་ཨ་རིག་ཅེས། ། དུས་ཀུན་གཡོ་མེད་བརྟན་པའི་དད་གུས་མཐུ། ། ལྷུན་པོ་འབུམ་གྱིས་མཚོན་མིན་ཁྱབ་འཇུག་གི ། ཤུགས་དྲག་དཔུང་གི་སྟོབས་ཀྱིས་འཕྲོག་ནུས་མིན། ། ཞེས་གྲགས་པ་ཨ་རིག་གི་གདུང་རྒྱུད་དུ་འཁྲུངས་པ་དང་། དགུང་ལོ་བདུན་པར་ཀ་ཀོར་སྤྲུལ་བའི་སྐུའི་དྲུང་ནས་རབ་ཏུ་བྱུང་། ཨ་རིག་དགེ་བཤེས་བྱམས་པ་དགེ་ལེགས་རྒྱལ་མཚན་གྱིས་ར་ཡོབ་འཇམ་དབྱངས་ཀུན་དགའི་སྤྲུལ་སྐུར་ཐག་བཅད། དགུང་ལོ་བཅུ་གསུམ་པར་ར་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་ཆོས་གྲྭར་ཞུགས། སྔ་རྗེས་སུ་ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོ(༡༧༢༦-༡༨༠༣)དང་ཤིང་བཟའ་བློ་བཟང་དར་རྒྱས(༡༧༥༩-༡༨༣༤)། མར་ཁའི་སྐུ་ཕྱོགས། སྐུ་ཕྱོགས་སྒར་བ་ཚང་། འབྲི་གུང་བ་བཟའ་གྲུབ་ཆེན་སོགས་མཁས་མང་གྲངས་ཀྱིས་མི་ཟིན་པའི་དྲུང་ནས་ཟབ་ཆོས་དུ་མ་གསན། ཚེ་གཅིག་སྒྲུབ་པར་གཞོལ་བས་ར་རྒྱའི་རྒོད་པོ་རྫོང་དང་། མཚོ་སྙིང་། སྐྱེས་རིའི་གསེར་ཁང་། བྱ་ཁྱུང་དགོན་པའི་ཨ་ར་པ་ཙའི་སྒྲུབ་ཁང་། ཁྲི་ཀའི་སྲིན་པོ་རྫ་འདབས། བྱ་མདོའི་དབོལ་མཚམས་ཁང་སོགས་སྒྲུབ་གནས་ཁྱད་པར་ཅན་མང་པོར་ལོ་དུ་མར་སྐུ་མཚམས་མཛད། གསུང་ལས་སྐྱེས་པའི་སློབ་མར་ཡང་སྐུ་མཆེད་བློ་བཟང་བསྟན་པ་རྒྱ་མཚོ། ཞྭ་དམར་ངག་དབང་བསྟན་འཛིན་རྒྱ་མཚོ། ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ། རྙེ་བློ་བཟང་བསྟན་པའི་རྒྱལ་མཚན། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་སོགས་རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་ཡི་དམ་གྱི་བསྒྲུབ་བསྙེན་དང་མཆོད་པ་འབུལ་བ་ཉམས་ལེན་གྱི་མཐིལ་བྱེད་པའི་མཁས་པ་དང་བྱ་བཏང་བ་མང་དུ་ཡོད།

ཤིང་བཟའ་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་དར་རྒྱས་རྒྱ་མཚོས(༡༧༥༩-༡༨༣༤)ཚིགས་སུ་བཅད་པའི་རྣམ་ཐར་གསོལ་འདེབས་སུ་ཉིད་ཀྱིས་ཞལ་གདམས་ཇི་བཞིན་གདུང་རྟེན་ཀྱང་། ། རིལ་བོར་ས་འབུམ་ལེགས་བསྒྲུབ་བར་ཝོན་ཞེས། ། ས་ཡི་དགེ་བཅུ་ཀུན་ཚང་གནས་བཟང་པོར། ། བསོད་ནམས་ཞིང་དུ་བཞུགས་ལ་གསོལ་བ་འདེབས། །[3] ཞེས་ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོ(༡༧༢༦-༡༨༠༣)ཁོང་གི་ཞལ་གདམས་བཞིན་སྐུ་གདུང་བར་ཝོན་དུ་བཞུགས་པ་ལ། རྗེ་གསེར་ཁང་བ་རང་རྣམ་དུ་གསུངས་པ་བཞིན་མཚོ་སྙིང་ནས་རང་ཡུལ་དུ་འོང་། དེ་ནས་བར་ཝོན་དུ་སྐུ་གདུང་མཇལ་དུ་སོང་། མཆོད་འབུལ་ལེགས་པོ་བྱས་ཞེས་དང་། དུས་ཕྱིས་ཀྱང་བར་ཝོན་དུ་ཐེངས་འགར་ཕེབས་ནས་སྐུ་མདུང་མདུན་དུ་མཆོད་འབུལ་དང་གསོལ་འདེབས། སྐུ་གདུང་ལྷ་ཁང་ལ་ཞིག་གསོ་སོགས་གནང་། ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོས(༡༨༥༢-༡༩༡༢)བར་ཝོན་དུ་ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོའི་སྐུ་གདུང་ལ་མཆོད་འབུལ་བྱེད་པར་ཆ་རྐྱེན་དཀོན་པས། མཐར་ཁྲི་ཀ་དང་རྨ་ཆུའི་སྨད་རྒྱུད་ཀྱི་བུ་སློབ་མང་པོར་སྤྲིངས་ཡིག་བསྐུར་ནས་བྱ་མདོར་ཕེབས་དགོས་ཚུལ་གསུངས།

ཉེ་ཆར་པར་སྐྲུན་གནང་པའི་བྱ་མདོའི་ལོ་རྒྱུས་སྐོར་གྱི་དེབ་ཅིག་ཏུ་རྗེ་གསེར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་དགུང་ལོ་ཞེ་གཅིག་པ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ལོར་ཧོ་བུད་མཚམས་ཁང་དུ་བཞུགས་སྐབས། བོན་སྐོར་སྡེ་མི་རྣམས་ལ་ཁོང་གི་ཤངས་ཁྲག་གིས་བྲིས་པའི་ཙ་ཀ་ལི་ཞིག་དད་རྟེན་དུ་གནང་བར་བཤད་ཅིང་། དེ་རྗེས་དགུང་ལོ་ང་དགུ་དང་དྲུག་ཅུའི་སྐབས[4]བཅས་བྱ་མདོར་ཐེངས་གསུམ་ལ་ཕེབས་པའི་སྐོར་འཁོད་འདུག དེ་བཞིན་མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ་དུ་ཡང་སྤྱི་ལོ༡༨༢༠ལོར[5]ཁྱབ་བདག་བླ་མ་དམ་པ་དེ་ཉིད་ཡུལ་བྱ་མདོར་ཕེབས་ཏེ་ཆོས་འཁོར་རྒྱ་ཆེར་བསྐོར་བར་བཤད། མདོར་ན། སྐལ་བཟང་ལེགས་བཤད་སྒྲོག་པའི་སྒྲ་དབྱངས་ཀྱིས་སྤྱི་ལོ༡༨༢༠ལོ་དང་སྤྱི་ལོ༡༨༣༨ལོ། སྤྱི་ལོ༡༨༣༩ལོ་བཅས་དང་། ཕྱི་མས་སྤྱི་ལོ༡༨༢༠ལོར་གསུངས་པ་བཅས་གང་ལྟར་ལོ་དུས་མི་འདྲ་པ་ཁ་ཤས་བྱུང་མོད། གོང་གསལ་དེབ་གཉིས་ཀས་སོ་སོའི་ལུང་ཁུངས་དང་རྒྱུ་མཚན་མ་གསུངས་པས་ལམ་སེང་ཐག་གཅོད་བྱ་ཐབས་མ་བྱུང་།

རྗེ་གསེར་ཁང་པའི་ལོ་རྒྱུས་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ན། དང་པོ་ཁོང་གི་རྣམ་ཐར་དང་གསུང་འབུམ་སློབ་སྦྱོང་བྱ་རྒྱུ་ནི་ཐོག་མའི་གདམས་ཀ་ཅི་ལ་མིན། ཁོང་གི་རྣམ་ཐར་སྐོར་ལ་ར་རྒྱ་བཀྲ་ཤིས་འབྱུང་གནས་ཀྱིས་བསྒྲིགས་པའི་རྗེ་གསེར་ཁང་པའི་གསུང་འབུམ་ཕྱོགས་བསྒྲིགས་སུ་ཁོང་གི་རང་རྣམ་རྩོམ་འཕྲོར་ལུས་པ་ཞིག་འདུག རྩོམ་སྒྲིག་པས་རང་རྣམ་འདིའི་ཡོང་ཁུངས་ལ་གསལ་བཤད་སོགས་མ་གསུངས་མོད། སྤྱི་ལོ༡༨༤༠ལོར་རྙེ་བློ་བཟང་བསྟན་པའི་རྒྱལ་མཚན(༡༨༠༢-༡༨༤༩)གྱིས་མཛད་པའི་ཐམས་ཅད་མཁྱེན་པར་བགྲོད་པའི་ཐེམ་སྐས་སུ་ནམ་རྒྱུན་གསུང་ལས་ཞེས་ལུང་དྲངས་པ་གཅིག་ཏུ་ཁེལ་བས། རང་རྣམ་འདིའི་ཕྱི་མོ་རྙེ་བློ་བཟང་བསྟན་པའི་རྒྱལ་མཚན་ལ་རག་ཡོད་པ་རྟོགས་ཐུབ། དུས་ཕྱིས་སྐུ་མཆེད་བློ་བཟང་བསྟན་པ་རྒྱ་མཚོས(༡༨༠༢-༡༨༥༧)ཐམས་ཅད་མཁྱེན་པར་བགྲོད་པའི་ཐེམ་སྐས་ཀྱི་སྨད་ཆ་མཛད་པ་གཉིས་སྤྱི་ལོ༡༩༩༦ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་གནང་ཡོད། སྤྱི་ལོ༡༨༩༧ལོར་རྫོང་དཀར་འཇིགས་མེད་བསམ་གཏན(༡༨༡༤-༡༨༨༡/༡༨༩༧)གྱིས་ཐམས་ཅད་མཁྱེན་པར་བགྲོད་པའི་ཐེམ་སྐས་གཞིར་བཟུང་ནས་རྗེ་གསེར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཆོག་གི་རྣམ་ཐར་ཚིགས་སུ་བཅད་པ་ཟླ་བའི་འཕྲེང་བ་ཞེས་པ་མཛད། དེ་མིན་དེབ་ཐེར་རྒྱ་མཚོ་དང་ཟླ་བའི་འོད་ཟེར། རྣ་བའི་བཅུད་ལེན་སོགས་སུའང་རྗེ་གསེར་ཁང་པའི་བྱ་བྲལ་བརྟུལ་ཞུགས་ཀྱི་རྣམ་པར་ཐར་པ་ཐོར་རེ་ལོང་པ་ཙམ་འཁོད་ཀྱང་། ཕལ་ཆེ་བ་གོང་ཕེབས་རྣམ་ཐར་རིགས་བཞི་ལས་ཕྱུང་པ་ཤ་སྟག་ཏུ་འཁུམས།

རང་རྣམ་དུ་དེ་ནས་མང་རར་སོང་། ཞབས་དྲུང་དཀར་པོའི་སྤྲུལ་སྐུ་རབ་བྱུང་བསྒྲུབས། བྱ་མདོར་སོང་། གུར་ཕུབས་ཏེ་མཚམས་ལ་བསྡད[6]ཅེས་པ་ལས་ལོ་དུས་མ་གསུངས་ཤིང་། རྙེ་བློ་བཟང་བསྟན་པའི་རྒྱལ་མཚན(༡༨༠༢-༡༨༤༩)གྱིས་མང་རར་ཞབས་དྲུང་དཀར་པོའི་སྤྲུལ་སྐུར་རབ་བྱུང་བསྒྲུབས་རྗེས་བྱ་མདོར་ཕེབས་ནས་མཚམས་ལ་བཞུགས་པར་གསུངས།[7] རྗེ་ཞབས་དཀར་བའི(༡༧༨༡-༡༨༥༡)རྣམ་ཐར་དུ་དེའི་ལོར་ཁོང་བྱ་ཁོག་མདོའི་རྨ་ཆུའི་འགྲམ་རི་ཁྲོད་ནས་བཞུགས[8]ཞེས་གསུངས་པ་རྣམ་ཐར་སྔ་ཕྱི་གུང་སྒྲིག་དུས་སྤྱི་ལོ་༡༨༣༩ལོར་ཁེལ། རྗེ་བཙུན་བློ་བཟང་བསྟན་པ་རྒྱ་མཚོའི་རྣམ་ཐར་དུ་བསྒྱུར་བྱེད་ཅེས་པ་ས་ཕག་ལོ་ཡི་དཔྱིད། ། བྱ་གཞུང་མདོ་རུ་ཡབ་རྗེ་རིན་པོ་ཆེ། །[9]ཞེས་པའི་ས་ཕག་ལོ་ནི་སྤྱི་ལོ༡༨༣༩ལོ་ཡིན། གོང་གསལ་དག་ལས་ཅུང་ཞིབ་ཚགས་སུ་འཁོད་པ་རྗེ་བཙུན་བློ་བཟང་ལུང་རིགས་རྒྱ་མཚོའི་རྣམ་ཐར་དུ་འདི་སྐབས་གསེར་ཁང་རྡོ་འཆང་ནས་ཀུན་སྤངས་སེམས་དཔའ་ཆེན་པོ་བྱམས་པ་དགེ་ལེགས་རྒྱལ་མཚན་པའི་གདུང་རྟེན་དུ་མཆོད་འབུལ་མཛད་པར་དགོངས་ཀྱང་བར་ཝོན་ཕྱོགས་སུ་མཐུན་རྐྱེན་དཀའ་བར་བརྟེན་བྱ་མདོར་མཆོད་པ་གནང་བཞེད་ཀྱིས་རི་ཁྲོད་པ་རྣམས་གཉིས་པའི་ཚེས་ལ་ཁྲི་ཀར་ཕེབས་དགོས་ཚུལ་གྱི་ཡི་གེ་འབྱོར་བ་བཞིན་འདི་ཕྱོགས་རི་ཁྲོད་པ་རྣམས་དང་ལྷན་དུ་ཁྲི་ཀར་ཕེབས[10]ཞེས་ཞབས་དཀར་ཚོགས་དྲུག་རང་གྲོལ་དང་གྲུབ་དབང་རྣམ་གཉིས་དང་འདྲ་བར་ས་ཕག་ལོར་གསུངས་པས། ཡབ་རྗེ་བླ་མ་རིན་པོ་ཆེ་བྱ་མདོར་ཕེབས་པའི་ལོ་ནི་བསྒྱུར་བྱེད་ཅེས་པ་ས་ཕག་ལོའི་དཔྱིད་ཀ་སྤྱི་ལོ༡༨༣༩ཡིན་པ་རྣམ་ཐར་དེ་དག་གུང་བསྒྲིགས་ནས་དཔྱད་ན་ཤེས་ཐུབ་པ་དང་། ལོ་དེའི་ཟླ་བ་གཉིས་པའི་ཚེས་བཅུ་ཉིན་ཁྲི་ཀའི་རི་ཁྲོད་པ་ལྷན་རྒྱས་བྱ་མདོ་ནགས་རྒན་དུ་འབྱོར་འདུག་པ་བརྟག་ན། ཁོང་དེ་དུས་ཚ་རྔ་དགོན་བཀྲ་ཤིས་ཆོས་འཕེལ་གླིང་གི་ཐོག་མའི་གནས་གཞི་བྱ་མདོ་ནགས་རྒན་དུ་བཞུགས་མེད་དམ་སྙམ།

རྙེ་ཐམས་ཅད་མཁྱེན་པས་རྗེ་གསེར་ཁང་བ་ཧོ་བུད་དུ་བཞུགས་པར་གསུངས་པའི་ཧོ་བུད་ལ་དིང་སང་དབོལ་མཚམས་ཁང་དུ་འབོད། དབོལ་ཅེས་པ་ནི་སོག་སྐད་དེ་བོད་སྐད་དུ་གཙང་བར[11]ཞེས་གྲགས་ཀྱང་། དོན་དུ་མཚམས་ཁང་འདི་ནི་ཧོ་བུད་དུ་ཆགས་པས་དབོལ་ཅེས་པ་ཟུར་ཆག་པ་ཡིན་ཏེ། རྣམ་ཐར་ཐམས་ཅད་མཁྱེན་པར་བགྲོད་པའི་ཐེམ་སྐས་སོགས་སུ་ཧོ་བུད་ཅེས་འབྱུང་བ་མ་ཟད། ད་ལྟའི་ཡུལ་མིའི་ཁ་རྒྱུན་དུའང་དེ་ལྟར་འབྱུང་པ་དང་། ཡུལ་འདི་གཅོད་སྒྱོགས་ལུང་བ་དང་ཤ་རྭ་ཤུ་རྒྱུད་ལུང་བ་གཉིས་ཀྱི་འདྲེས་མདོར་ཡོད་པས་ལུང་བ་གཉིས་ཀྱི་མདོ[12]ཞེས་སོག་སྐད་དུ་བཀྲལ་དུ་ཡོད་པས་དོན་ལ་འགལ་བ་ཆེར་མི་འབྱུང་ངོ་། ། འབྲི་སྟངས་ལའང་ཡིག་ཚགས་སུ་དབོལ[13]དང་ཧོ་བུད[14]། དཔོད[15]སོགས་བྲིས་ཡོད།

ཡབ་རྗེ་བླ་མ་གསེར་ཁང་བ་ཧོ་བུད་དུ་བཞུགས་སྐབས་གཙོ་བོར་མཆོད་པ་རྒྱ་ཆེན་ཕུལ་ཡོད་ལ། ཕྱིས་ཀྱི་ཁྲི་ཀའི་རི་ཁྲོད་པ་བརྒྱ་རྩ་བརྒྱད་ཀྱི་གཉིས་པའི་མཆོད་མེ་ཞེས་པའང་དུས་འདི་ཙམ་ནས་འགོ་བརྩམས་པ་ཡིན། དུས་དེར་རྗེ་གསེར་ཁང་བས་མཆོད་པ་འབུལ་ཚུལ་སྐོར་གསུངས་སྐབས་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་པའི་དབྱངས་དང་ཀུན་ཏུ་བཟང་པོ་སོགས་ཀྱིས་མཆོད་པ་ཕུལ་བའི་ཚུལ་མང་པོ་མདོ་སྡེ་སོགས་ནས་གསུངས་པ་དག་གཞིར་བཟུང་ནས་གསུངས་ཡོད་ཅིང་། དེ་དག་གིས་ཇི་ལྟར་ཕུལ་བ་དེ་བཞིན་དུ་རང་གིས་ཕུལ་བའི་མོས་པ་བྱས་ཤིང་། དེང་ཕྱིན་ཆད་ཀྱང་དུས་རྒྱུན་དུ་རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་ཀྱིས་མཆོད་པ་ཕུལ་བ་སོགས་རྒྱལ་སྲས་ཀྱི་སྤྱོད་པ་ལ་ཇི་ལྟར་བསླབས་པ་དེ་ལྟར་བསླབ་པར་བྱ་སྙམ་པའི་འཕེན་པ་ཡང་ཡང་བཏང་བ་དང་། མཆོད་པ་འབུལ་སྐབས་ཀྱི་སྨོན་ལམ་སྐོར་ལ་སྣོད་བཅུད་སོ་སོར་དག་པའི་ཞིང་དང་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་པའི་དགེ་སྦྱོར་བྱེད་ཚུལ་གསུངས་ཡོད།

རྣམ་ཐར་ཟླ་བའི་འོད་ཟེར་དུ་བསྒྱུར་བྱེད་ཅེས་པ་ས་ཕག་ལོ་ཡི་དཔྱིད། ། བྱ་གཞུང་མདོ་རུ་ཡབ་རྗེ་རིན་པོ་ཆེ། ། བཞུགས་པའི་མདུན་ནས་བྱང་ཆུབ་བདེ་ལམ་དང་། ། ལམ་རིམ་ཆེན་མོའི་སྤྱོད་པ་སྤྱི་བསླབ་ཡན། ། ལེགས་བཤད་ཡང་རྩེ་རིམ་ལྔ་གསལ་སྒྲོན་གྱི། ། ཟབ་གནད་བཤད་པ་མན་ངག་གིས་བརྒྱན་པ། ། ལྷུག་པར་སྩལ་བའི་བདུད་རྩིས་ཁྱོད་ཐུགས་ངོམས། ། བློ་སྦྱོང་ཁྲིད་དང་བདེ་མཆོག་ཕྱི་ནང་གཉིས། ། ཁྱབ་བདག་སྟག་ཕུའི་དག་སྣང་སྒྲོལ་མའི་དབང་། ། ལུང་དང་རྗེས་གནང་མན་ངག་མང་པོ་གསན། །[16]ཞེས་དང་། རྙེ་ཐམས་ཅད་མཁྱེན་པས་བྱང་ཆུབ་བདེ་ལམ་གྱི་མྱོང་ཁྲིད་དང་། རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་། ལམ་རིམ་ཆེན་མོའི་ཁྲིད། སྤྱོད་འཇུག་གི་ཁྲིད། བསླབ་བཏུས་ཀྱི་ལུང་། བདེ་མཆོག་གི་དབང་། རྡོར་སེམས་ཀྱི་རྗེས་གནང་། སྒྲོལ་མའི་རྗེས་གནང་། བསྙེན་ཆེན་གྱི་ཁྲིད[17]སོགས་ཁྲིད་པར་གསུངས། ད་ལྟ་བོན་སྐོར་སྡེ་བའི་ཨ་རིག་ལྷ་ཁང་ཞེས་གྲགས་པ་བུན་ཆིང་གི་ལྷ་ཁང་དེ་ཡང་དུས་དེར་ཁོང་ནས་ཤངས་ཁྲག་གིས་བྲིས་པའི་ཡུལ་ལྷའི་ཙག་ལིའི་རི་མོ་ཞིག་གནང་བ་ནས་ཆགས་པ་ཡིན་ཞིང་། ས་གནས་མང་ཚོགས་ཀྱི་ནམ་རྒྱུན་ལྷ་ཁང་དུ་བསང་མཆོད་བྱེད་དུས། ཡུལ་ལྷའི་རྒྱལ་པོ་བུན་ཆིང་ནི་རྗེ་གསེར་ཁང་བས་བཀའ་བསྒོས་དམ་བཞག་བྱས་པའི་བསང་མཆོད་གྱེར་ཀློག་བྱེད་ཀྱི་ཡོད།

རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་ཧོ་བུད་དུ་དུས་ཐུང་ཙམ་ལས་བཞུགས་མེད་ལ། དེའི་རིང་ཁོང་གིས་ཐེག་པ་ཆེན་པོའི་ལམ་གྱི་གཞུང་ཤིང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེར་བག་ཆགས་ཤིག་འཇོག་ཕྱིན་བསགས་སྦྱངས་གལ་ཆེ་བར་མཐོང་ནས། རི་ཁྲོད་པ་རྣམས་དང་ལྷན་གཅིག་དངོས་རྫས་གང་བྱུང་གིས་ཆ་རྐྱེན་བསྒྲིགས་ནས་བསགས་སྦྱངས་བྱེད་པར་དགོངས་ཀྱང་། ཕྱོགས་ཕྱོགས་ནས་མི་མང་པོ་འདུས་ཏེ་ལོང་གཏམ་དང་ངག་འཆལ་སྣ་ཚོགས་བཤད་པས། ལམ་རིམ་ལ་ཡིད་སྦྱངས་བྱེད་པར་གནོད་པ་བྱུང་བར་མ་ཟད། ཐ་ན་སྐྱོ་ཤས་དང་དད་པ་སོགས་འཇིག་རྐྱེན་དུ་ཡང་འགྱུར་ཉེན་ཡོད་ཚུལ་གསུངས་འདུག་མོད། རང་རྣམ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ཐེམ་སྐས། རྣམ་ཐར་ཟླ་བའི་འོད་འཕྲེང་དང་ཟླ་བའི་འོད་ཟེར་སོགས་གང་དུའང་སྐབས་དེར་མི་མང་གིས་གསུང་ཆོས་རྩོལ་བར་བར་ཆད་བྱས་པའི་སྐོར་ལ་ཞིབ་ཆ་གསུངས་མི་འདུག

གང་ལྟར་རི་ཁྲོད་པ་དག་ནི་རྗེ་གསེར་ཁང་བར་དད་གུས་བླ་ལྷག་བྱེད་པ་དང་ལྷག་པར་སྐབས་དེའི་མཆོད་པ་ནི་ཀུན་སྤངས་སེམས་དཔའ་ཆེན་པོ་བྱམས་པ་དགེ་ལེགས་རྒྱལ་མཚན་པའི་གདུང་རྟེན་ལ་འབུལ་བ་ཡིན་པས། ཁོང་གིས་བྱང་ཆུབ་བདེ་ལམ་གྱི་མྱོང་ཁྲིད་གནང་བ་ལ་བར་དུ་གཅོད་པའི་བྱེད་ལས་གང་ཡང་རྩོམ་མི་སྲིད། ད་དུང་རྗེ་གསེར་ཁང་བ་བྱ་མདོར་བཞུགས་དུས་བཞེས་པ་མ་འཕྲོད་པར་སྐུ་བསྙུང་པའི་ཚུལ་ཡང་འདུག་ལ། རི་ཁྲོད་པ་མང་པོས་སྐྱབས་རྗེ་མཚོ་ཁ་པའི་བརྟག་ལན་བཞིན་ཟླ་ཕྱེད་ཙམ་གྱི་རིང་ལ་བདེ་མཆོག་དཀར་མོའི་ཚེ་སྒྲུབ་དང་སྒྲོལ་མ། མཎྡལ་བཞི་ཆོག མགོན་པོ་གཏོར་སྒྲུབ་སོགས་བརྟན་བཞུགས་གང་མང་ཕུལ་མཐར་སྙུང་གཞི་སངས། དེ་ནས་མི་རིང་བར་དགོན་རོང་དུ་ཕེབས་ནས་དབྱར་མཚམས་ལ་བཞུགས་པའི་ཚུལ་རང་རྣམ་དང་ཐེམ་སྐས་སོགས་སུ་འབྱུང་བས། རྗེ་གསེར་ཁང་བ་བྱ་མདོར་སྤྱི་ལོ༡༨༣༩ལོའི་དཔྱིད་ཀ་ཁོ་ནར་མ་གཏོགས་བཞུགས་ཨེ་ཡོད་སྙམ།

སྤྱི་ལོ༡༨༣༩ལོའི་ཟླ་གཉིས་པའི་ཚེས་བཅུ་ཉིན་རྗེ་གསེར་ཁང་པའི་སྤྲིངས་ཡིག་གིས་རྐྱེན་བྱས་ཁྲི་ཀ་གཙོ་བྱས་རྨ་ཆུའི་སྨད་རྒྱུད་ཀྱི་མཁས་པ་དང་རི་ཁྲོད་པ་མང་པོ་བྱ་མདོར་ཕེབས་འདུག་སྟེ། ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོས(༡༨༥༢-༡༩༡༢)སྤྱི་ལོ༡༨༩༡ལོར་མཛད་པའི་དད་ལྡན་རྣ་བའི་བཅུད་ལེན་དུ་ཕྱོགས་གཞན་གྱི་རི་ཁྲོད་པ་རྣམས་ཀྱང་གོང་བ་གྲྭ་ཚང་དུ་འཛོམས། རྙེ་དཔོན་སློབ། ཞྭ་དམར་དཔོན་སློབ། རྗེ་འདི་ཉིད་སོགས་རི་ཁྲོད་པ་ཐམས་ཅད་གཉིས་པའི་ཚེས་བརྒྱད་ལ་བཏེག་ཚེས་བཅུའི་ཉིན་བྱ་མདོའི་ནགས་རྒན་དུ་འབྱོར[18]ཞེས་པའི་ཁྲོད་ཀྱི་རྙེ་ཐམས་ཅད་མཁྱེན་པ་བློ་བཟང་བསྟན་པའི་རྒྱལ་མཚན(༡༨༠༢-༡༨༤༩)མཆོག་ཀྱང་སྐབས་དེར་བྱ་མདོར་ཕེབས་འདུག་ལ། རྗེ་གསེར་ཁང་བས་ཧོ་བུད་དུ་གསུངས་པའི་མཆོད་པའི་ཕན་ཡོན་སྐོར་གྱི་གསུང་ཤིན་ཏུ་གལ་ཆེ་བ་མང་པོ་ཞིག་ཁོང་གིས་མཛད་པའི་ཐེམ་སྐས་བརྒྱུད་དེ། ད་ལྟ་ཁྲི་ཀའི་ཕྱོགས་ཀྱི་རི་ཁྲོད་པ་མང་པོས་བླ་མ་དམ་པ་གང་གི་ཞལ་གདམས་བཞིན་ཉམས་ལེན་དང་བརྒྱུད་འཛིན་གནང་བཞིན་མཆིས།

ཞྭ་དམར་ངག་དབང་བསྟན་འཛིན་རྒྱ་མཚོ(༡༨༠༧-༡༨༤༩)མཆོག་གུང་ཐང་འཇམ་པའི་དབྱངས་བསྟན་པའི་སྒྲོན་མེས་གྲུབ་པའི་དབང་ཕྱུག་རྗེ་ངག་དབང་འཕྲིན་ལས་དཔལ་བཟང་པོའི་ཡང་སྤྲུལ་དུ་ངོས་འཛིན་གནང་། གདན་སའི་ཁྲི་ཁུར་ཕོག་འཕྲལ་ཡབ་རྗེ་གསེར་ཁང་བ་ཆེན་པོའི་སྤྱན་སྔར་མགོན་པོ་གང་གི་རྣམ་ཐར་བཞིན་ཀུན་སྤངས་མཛད་རྒྱུའི་དམ་བཅའ་ཕུལ། རྗེ་ཉིད་ཀྱི་ཕྱགས་ཕྱིར་ཕྱོགས་ཡས་མས་སུ་ཕེབས་ཏེ་བསྙེན་རྫོགས་ཀྱི་ལས་སློབ། འདོན་ཆོས་སྤེལ་བ། མདོ་སྔགས་ཀྱི་གཞུང་ཆེན་དུ་མའི་གཟབ་ཁྲིད་དང་། དབང་རྗེས་གནང་ལུང་སོགས་ཟབ་ཆོས་མཐའ་ཡས་པ་གསན་འདུག་ཅིང་།[19] དུས་སྐབས་དེ་ཙམ་ལ་རྗེ་གསེར་ཁང་བའི་ཕྱགས་ཕྱི་གནང་ནས་བྱ་མདོར་ཕེབས་ཚོད་རེད། ཁོང་གིས་ཐ་ན་རྗེ་གསེར་ཁང་བའི་ལུང་བསྟན་གསུང་རྩོམ་ལྟ་བུའི་དྲུང་ཡིག་མཛད་པ་སོགས་ཀྱང་གནང་འདུག རྗེ་བཙུན་གྲགས་པ་རྒྱ་མཚོས་འདི་དང་རྙེ་ཐམས་ཅད་མཁྱེན་པ། སྐུ་མཆེད་བསྟན་པ་རྒྱ་མཚོ་གསུམ་ལ་རྗེ་གསེར་ཁང་བའི་བུ་སློབ་རིག་པའི་དབང་ཕྱུག་རྣམ་གསུམ་གྱི་ཆེ་བ་གནང་།

སྐུ་མཆེད་བློ་བཟང་བསྟན་པ་རྒྱ་མཚོ(༡༨༠༢-༡༨༥༧)སྤྱི་ལོ༡༨༣༩ལོར་རྗེ་གསེར་ཐང་བའི་ཕྱགས་ཕྱི་བྱ་མདོར་ཕེབས་པ་དང་། དུས་སྐབས་དེར་བླ་མའི་བཀའ་བཞིན་འཇམ་དཔལ་བསྟན་འཛིན་སོགས། ། ཉན་མཁན་རི་འཛིན་སུམ་ཅུ་ཙམ་ཞིག་ལ། ། འཇིགས་མཛད་ཁྲོ་བོའི་རྒྱལ་བོ་བཅུ་གསུམ་མའི། ། དབང་བཞི་སྟ་གོན་དང་བཅས་སྨིན་རྒྱས་སྩལ། །[20]ཞེས་བྱ་མདོར་སྐུ་གཅེན་གྱི་དྲུང་དུ་བླ་མ་གོང་མ་རྣམས་ནས་བརྒྱུད་པའི་ཁྲིད་དང་ལུང་། དབང་དང་རྗེས་གནང་སོགས་ལེགས་པར་གསན་ཅིང་། ཡང་བླ་མའི་བཀའ་བཞིན་རི་འཛིན་སུམ་ཅུ་ཙམ་ཞིག་ལ་དབང་ལུང་བསྩལ་བར་གཞིགས་ན། རྙེ་དཔོན་སློབ་དང་ཞྭ་དམར་དཔོན་སློབ། ཐར་ཤུལ་དཔོན་སློབ་སོགས་གྲགས་ཆེ་བ་ཙམ་མ་ཟད། གོང་ཕེབས་སྐུ་མཆེད་རིན་པོ་ཆེའི་བུ་སློབ་འཇམ་དཔལ་བསྟན་འཛིན་སོགས་རི་ཁྲོད་པ་མང་པོ་ཕེབས་འདུག་པས། སྤྱི་ལོ༡༨༣༩ལོའི་དཔྱིད་ཀར་ཁྲི་ཀ་གཙོ་བྱས་རྨ་ཆུའི་སྨད་རྒྱུད་ཀྱི་མཁས་པ་དང་རི་ཁྲོད་པ་བརྒྱ་ཕྲག་ལོངས་པ་ཙམ་བྱ་མདོར་ཕེབས་མེད་དམ་སྙམ།

ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ(༡༨༡༠-༡༨༨༨)དགུང་ལོ་སུམ་ཅུ་བཞེས་པ་སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོར་བྱ་མདོའི་མཆོད་པ་ཆེན་མོར་ཕེབས་སྐབས་སྐུ་བསྙུན་ཚུལ་བཞེས་ཏེ་ཞབས་བརྟན་མང་དུ་བསྒྲུབས[21]ཚུལ་གསུངས་པ་དང་། ཁོང་གིས་རྗེ་གསེར་ཁང་བ་བྱ་མདོར་བཞུགས་དུས་བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་ཤིན་ཏུ་རྒྱས་པ་དང་དམར་ཁྲིད་བདེ་ལམ། རིམ་ལྔ་གསལ་སྒྲོན་སོགས་གསུངས་པའི་དབང་ལུང་མན་ངག་གི་རྒྱུན་ཇི་ལྟར་མནོས་པའི་ཚུལ་སྒོ་མང་མཁན་སྤྲུལ་དགེ་འདུན་བསྟན་པ་དར་རྒྱས་ཀྱི་གསུང་དུ་གསལ། སྒོ་མང་མཁན་སྤྲུལ་དགེ་འདུན་བསྟན་པ་དར་རྒྱས་ནི་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་བུ་སློབ་ཤིན་ཏུ་གལ་ཆེ་ཞིག་ཡིན་ལ། ཁོང་ཡང་ཐར་ཤུལ་རིན་པོ་ཆེའི་ཕྱགས་ཕྱི་གནང་ནས་བྱ་མདོར་ཕེབས་པར་མ་ཟད། སྐབས་དེར་བོན་སྐོར་དགེ་འདུན་བསྟན་འཛིན་གྱིས་བསྐུལ་ངོར་སྒྲོ་རུ་རབ་བརྟན་ཐོགས་མེད་ཀྱི་བསང་མཆོད་བཀྲ་ཤིས་ཆར་གྱི་རེ་བ་ཀུན་སྐོང་ཞེས་པ་དང་སྲ་བརྟན་ས་འཛིན་གཉིས་མཛད་པ་བསང་ཡིག་གཉིས་ཀྱི་མཛད་བྱང་དུ་གསལ། གཞན་ཡང་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོའི་ཡོངས་འཛིན་རྗེ་བཙུན་བློ་བཟང་ལུང་རིགས་རྒྱ་མཚོ(༡༨༠༥-༡༨༨༨)སོགས་མཁས་མཆོག་ཀྱང་བྱ་མདོར་ཕེབས་ཡོད་པ་དང་། ཁོང་གི་རྣམ་ཐར་ནང་བརྗོད་གཞི་འདིར་ཞིབ་འཇུག་བྱེད་པར་ལོ་རབས་དང་མི་སྣའི་ཐད་ཀྱི་དཔྱད་གཞི་ཤིན་ཏུ་གལ་ཆེ་བ་མཁོ་འདོན་གནང་ཡོད།

རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ(༡༧༨༠-༡༨༤༠)མཆོག་བྱ་མདོར་ཕེབས་པའི་དུས་ཡུན་ཤིན་ཏུ་ཐུང་ནའང་། ཁོང་གི་བྱ་བྲལ་བརྟུལ་ཞུགས་ཀྱི་སྤྱོད་པས་དུས་ཕྱིས་ལཱ་མོ་དགེ་འདུན་བསྟན་འཛིན་ནོར་བུས་ནགས་རྒན་དུ་ཚ་རྔ་དགོན་བཀྲ་ཤིས་ཆོས་འཕེལ་གླིང་ཕྱག་འདེབས་གནང་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་བསྐྲུན་པ་དང་། ཁྲི་ཀའི་རི་ཁྲོད་པ་བརྒྱ་རྩ་བརྒྱད་ཀྱིས་ད་ལྟའང་བརྒྱུད་འཛིན་གནང་བཞིན་པའི་གཉིས་པའི་མཆོད་མེ་ཞེས་པའི་ཆོས་ཐོག་གི་རྒྱུན་ཚུགས་པ། རྐྱང་རྩེ་སྐུ་ཕྲེང་རིམ་བྱོན་གྱིས་རྗེ་གསེར་ཁང་བས་བདེ་མཆོག་དཀར་མོའི་གནས་སུ་གཟིགས་པའི་དབོལ་མཚམས་ཁང་དུ་སྒོམ་སྒྲུབ་མཛད་པས་རིམ་བཞིན་རྐྱང་རྩེ་སྒར་ཁ་ཆགས་པ། དེ་བཞིན་རྗེ་གསེར་ཁང་བ་ཡབ་སྲས་ཀྱིས་ས་གནས་མང་ཚོགས་ལ་ཡུལ་ལྷ་བུན་ཆིང་ཙ་ཀ་ལི་དང་བསང་ཡིག་དད་རྟེན་དུ་གནང་བས། ད་ལྟ་བྱ་གཞུང་གི་ཡུལ་སྡེ་ཕལ་ཆེ་བས་ཡུལ་ལྷ་བུན་ཆིང་ཤུགས་ཆེར་གསོལ་བའི་ལུགས་སྲོལ་བྱུང་ངོ་། །

 

ལུང་ཁུངས་དང་མཆན་འགྲེལ།

[1]ལྰ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོས་མཛད་པ«ལྰ་མོ་ཚ་ཀན་ཧུ་ཐོག་ཐུ་བླ་རབས་ཀྱི་ལོ་རྒྱུས་མདོར་བསྡུས་པ»ཞེས་པ«ལྰ་མོ་ཚ་ཀན་ནོ་མན་ཧན་ཧོ་ཐོག་ཐུ་ཚང་གི་རྣམ་པར་བ་བཞུགས་སོ»ཞེས་པར་བསྡུས་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུའུ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ནང་བསྟན་མཐུན་ཚོགས་གཉིས་ནས་བསྒྲིགས། པར་དུ་བསྐྲུན་ལོ་མི་གསལ། ཤོག་གྲངས༢༦༩ན་གསལ།
[2]ཚེ་ལོས་གཙོ་སྒྲིག་བྱས། «མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤོག་གྲངས༥༠༩ན་གསལ།
[3]ཤིང་བཟའ་བློ་བཟང་དར་རྒྱས། རྡོ་རྗེ་འཆང་ཆེན་པོ་བྱམས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་གསོལ་འདེབས་བླ་མའི་བྱིན་རླབས་ཉེར་འཇུག་ཅེས་བྱ་བ་བཞུགས་སོ། ། མ་ཧཱ་པཎྡིཏ་ཤིང་བཟའ་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་དར་རྒྱས་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་བཞུགས་སོ། ། རྭ་རྒྱ། ཨ་ཡིག་གསུང་རབ་དཔེ་མཛོད་ཁང་། པར་དུ་བསྐྲུན་ལོ་མི་གསལ། ཤོག་གྲངས༡༡ན་གསལ།
[4]སྐལ་བཟང་ལེགས་བཤད་སྒྲོག་པའི་སྒྲ་དབྱངས། བོད་ཡུལ་མདོ་སྨད་བྱ་གཞུང་རིག་པ་འབར་བའི་ཞིང་ཁམས་ཀྱི་ལོ་རྒྱུས་བདེན་གཏམ་གཡས་འཁྱིལ་དུང་གི་རང་སྒྲ་ཞེས་བྱ་བ་བཞུགས་སོ། ། པར་དུ་བསྐྲུན་ལོ་མི་གསལ། ཤོག་གྲངས༤༠ན་གསལ།
[5]ཚེ་ལོས་གཙོ་སྒྲིག་བྱས། «མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤོག་གྲངས༥༠༩ན་གསལ།
[6]«རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོའི་རང་རྣམ»ཞེས་པ་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོའི་གསུང་འབུམ་དུ་བསྡུས་ཡོད། ར་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་དཔེ་ཚོགས།
[7]རྙེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད། «རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚའི་རྣམ་པར་ཐར་བ་ཐམས་ཅད་མཁྱེན་པར་བགྲོད་པའི་ཐེམ་སྐས།» ༼སྟོད་ཆ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ལོ། ཤོག་གྲངས༩༦ན་གསལ།
[8]ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཛད། «སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ཐར་བ་རྒྱས་པར་བཤད་པ་སྐལ་བཟང་གདུལ་བྱ་ཐར་འདོད་རྣམས་ཀྱི་རེ་བ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་བོ་ཞེས་བྱ་བ་བཞུགས་སོ།།» སྨད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༨༦ལོ། ཤོག་གྲངས༡༧༨ན་གསལ།
[9]འཇིགས་མེད་བསམ་གཏན་གྱིས་མཛད། «རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྗེ་བཙུན་བློ་བཟང་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་ཐུན་མོང་བའི་རྣམ་ཐར་མདོ་ཙམ་བརྗོད་པ་དད་པའི་ཀུནྡ་བཞད་པའི་ཟླ་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ།།» འཇིགས་མེད་བསམ་གཏན་གྱི་གསུང་འབུམ། ༼ཀ༽ སྐུ་འབུམ་བྱམས་པ་གླིང་གི་ཤིང་སྤར། ཤ༡༧a: ༣-༦
[10]ཞྭ་དམར་པཎྟི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོས་མཛད། «ཡོངས་རྫོགས་བསྟན་པའི་མངའ་བདག་བཀའ་དྲིན་མཉམ་མེད་རྗེ་བཙུན་བློ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་དད་ལྡན་རྣ་བའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།།» རྗེ་ཞྭ་དམར་པཎྟི་ཏ་དགེ་འདུན་བསྟན་འཛིན་རྒྱ་གསུང་འབུམ༼ ཀ ༽ མདོ་སྨད་ངྷི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་དཔེ་ཚོགས། ༢༠༠༩ལོ། ཤོག་གྲངས༥༡ན་གསལ།
[11]བྱ་བཞུང་བློ་བཟང་གིས་བསྒྲིགས། «རྐྱང་རྩེ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་དགྲ་འདུལ་གཤེད་མ་འབུམ་བཟློག་གི་ལུང་བསྟན་བཞིན་གསལ་བོར་བཀོད་པ་བསྐལ་བཟང་རྒྱ་མཚོའི་འཇུག་ངོགས།» མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས༡༥༦ན་གསལ།
[12]ཚེ་ལོས་གཙོ་སྒྲིག་བྱས། «མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤོག་གྲངས༥༠༩ན་གསལ།
[13]བྱ་བཞུང་བློ་བཟང་གིས་བསྒྲིགས། «རྐྱང་རྩེ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་དགྲ་འདུལ་གཤེད་མ་འབུམ་བཟློག་གི་ལུང་བསྟན་བཞིན་གསལ་བོར་བཀོད་པ་བསྐལ་བཟང་རྒྱ་མཚོའི་འཇུག་ངོགས།» ཤོག་གྲངས༡༥༦ན་གསལ། མི་རིགས་དཔེ་སྐྲུན་ཁང་།
[14]རྙེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད། «རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚའི་རྣམ་པར་ཐར་བ་ཐམས་ཅད་མཁྱེན་པར་བགྲོད་པའི་ཐེམ་སྐས།» ༼ སྟོད་ཆ ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༩༦ལོ། ཤོག་གྲངས༩༨ན་གསལ།
[15]ལྕམ་རིག་སྲས་ཀྱིས་རྩོམ་སྒྲིག་བྱས། «ཡུལ་མདོ་སྨད་ཀྱི་སྲིད་པའི་ཡུལ་ལྷ་གཞི་བདག་གི་བྱུང་བ་བརྗོད་པའི་དེབ་ཐེར་ཁྲ་བོ།» ཅང་ཧོ་གློག་རྡུལ་དཔེ་སྐྲུན་ཁང་། ༢༠༡༡ལོ། ཤོག་གྲངས༢༩༤ན་གསལ།
[16]འཇིགས་མེད་བསམ་གཏན་གྱིས་མཛད། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་བློ་བཟང་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་ཐུན་མོང་པའི་རྣམ་ཐར་མདོ་ཙམ་བརྗོད་པ་དད་པའི་ཀུནྡ་བཞད་པའི་ཟླ་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། ། འཇིགས་མེད་བསམ་གཏན་གྱི་གསུང་འབུམ།༼ ཀ ༽སྐུ་འབུམ་བྱམས་པ་གླིང་གི་ཤིང་སྤར། ཤ༡༧a: ༣-༦
[17]རྙེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད། «རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚའི་རྣམ་པར་ཐར་བ་ཐམས་ཅད་མཁྱེན་པར་བགྲོད་པའི་ཐེམ་སྐས།» ༼ སྟོད་ཆ ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༩༦ལོ། ཤོག་གྲངས༩༨ན་གསལ།
[18]ཞྭ་དམར་པཎྟི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོས་མཛད། «ཡོངས་རྫོགས་བསྟན་པའི་མངའ་བདག་བཀའ་དྲིན་མཉམ་མེད་རྗེ་བཙུན་བློ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་དད་ལྡན་རྣ་བའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།།» རྗེ་ཞྭ་དམར་པཎྟི་ཏ་དགེ་འདུན་བསྟན་འཛིན་རྒྱ་གསུང་འབུམ༼ ཀ ༽ མདོ་སྨད་ངྷི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་དཔེ་ཚོགས། ༢༠༠༩ལོ། ཤོག་གྲངས༥༡ན་གསལ།
[19]གྲགས་པ་རྒྱ་མཚོས་མཛད། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་མཉམ་མེད་རྗེ་བཙུན་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོའི་རྣམ་པར་ཐར་བ་མདོ་ཙམ་སྒྲོ་སྐུར་སྤངས་ཏེ་བརྗོད་པ་ཛམྦུ་ཆུ་བོའི་གསེར་གྱི་ཕྲེང་བ་དད་ལྡན་མགྲིན་པའི་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། ། ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོ། ཤོག་གྲངས༢༦ན་གསལ།
[20]གྲུབ་དབང་འཇིགས་མེད་བསམ་གཏན། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་བློ་བཟང་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་ཐུན་མོང་པའི་རྣམ་ཐར་མདོ་ཙམ་བརྗོད་པ་དད་པའི་ཀུནྡ་བཞད་པའི་ཟླ་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། ། འཇིགས་མེད་བསམ་གཏན་གྱི་གསུང་འབུམ།༼ ཀ ༽སྐུ་འབུམ་བྱམས་པ་གླིང་གི་ཤིང་སྤར། ཤ༡༧a: ༣-༦
[21]བློ་བཟང་བསྟན་པ་རྒྱ་མཚོ་དང་དགེ་འདུན་བསྟན་པ་དར་རྒྱས་གཉིས་ཀྱིས་བརྩམས། མཁས་ཤིང་གྲུབ་པའི་དབང་ཕྱུག་རྡོ་རྗེ་འཆང་དངོས་རྗེ་བཙུན་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་དཔལ་བཟང་བོའི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་སྐལ་བཟང་དད་པའི་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། ། ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ལོ། ཤོག་གྲངས༤༠ན་གསལ།