སྲིད་འཛིན་ལམ་ལུགས་ཁྲོད་དུ་མངོན་བཞིན་པའི་ཆབ་སྲིད་གསར་འབྱོར་བ།

   1,783

སྤྱི་ལོ་༡༩༨༠་ལོའི་དམངས་གཙོའི་འགྱུར་འགྲོས་ཀྱི་རྦ་རླབས་གསུམ་པས་བསྐྲུན་པའི་སྤྲོ་སྣང་གི་དུས་སྐབས་སུ། ལྷོ་ཨ་མེ་རི་ཁ་གླིང་ཆེན་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་དབང་སྐོར་ཞིག་གིས་ས་ཁུལ་དེའི་ནང་གི་ལུང་པ་ཁག་གི་དམངས་གཙོ་སྲ་བརྟན་གྱི་ཕུགས་འདུན་ཐད་ལ་རེ་ཆད་ཀྱི་ལྟ་ཚུལ་ཟིན་ཡོད་ལ།  མཁས་པ་དེ་དག་གིས་སྲིད་འཛིན་ལམ་ལུགས་ཀྱི་ཉེན་ཁའི་རིམ་པ་སྣ་ཚོགས་ཡོད་པའི་འགྲེལ་བརྗོད་བྱས་ལ། ཉེན་ཁ་དེ་དག་གིས་སྲིད་འཛིན་ལམ་ལུགས་ལག་བསྟར་བྱེད་བཞིན་པའི་ལུང་པ་ཁག་གི་ནང་དུ་དམངས་གཙོའི་ལམ་སྲོལ་བདེ་ཐང་ངང་འཚར་སྐྱེད་ཡོང་བར་འགོག་རྐྱེན་བཟོ་གི་ཡོད་པའི་རྩོད་སྒྲུབ་བྱས་ཡོད།་སྲིད་འཛིན་ལམ་ལུགས་ཀྱི་ཉེན་ཁ་གཙོ་གྲས་ཁག་གི་ནང་ནས། མཁས་པ་དེ་ཚོས་དམངས་གཙོའི་ཁྲིམས་མཐུན་ཟུང་ལྡན་དང་། (dual democratic legitimacy)སྲིད་འཛིན་ལམ་ལུགས་ཀྱི་གནས་སྐབས་འགྱུར་མེད་རང་བཞིན། (rigidity of presidentialism)སྲིད་འཛིན་ལམ་ལུགས་ནང་རྒྱལ་ཁ་འཐོབ་མཁན་གྱིས་འོས་ཤོག་ཚང་མ་འཁྱེར་འགྲོ་བའི་འོས་བསྡུའི་གཏན་ཚིག (winner take all)བསྐྱར་དུ་འོས་བསྡུ་མི་བྱེད་པའི་རྩ་འཛིན་(non-reelection )སོགས་གླེང་སློང་བྱས་ཡོད།་((Lijphart, 1992; Linz, 1990, 1994))

སྤྱི་ལོ་༡༩༩༠་ལོའི་ལོ་འགོ་ནས་བཟུང་། ཆབ་སྲིད་ཀྱི་སྒྲིག་འཛུགས་སྤྱི་དང་། ལྷག་པར་ལྷོ་ཨ་མེ་རི་ཁའི་ཆབ་སྲིད་སྐོར་ལ་མཁས་པའི་ཉམས་ཞིབ་པ་ཁག་ཅིག་གིས་གླེང་སློང་དེ་དངོས་ཡོད་ཡིན་མིན་ར་སྤྲོད་བྱེད་ཕྱིར་དངོས་སུ་ཞིབ་འཇུག་གི་ལས་ལ་གཞོལ་འགོ་ཚུགས། ད་ལྟའི་ཉམས་ཞིབ་ཀྱི་གྲུབ་འབྲས་ལྟར་ན། དེ་སྔོན་གྱི་ཞིབ་འཇུག་ཁག་གི་ནང་དུ་སྲིད་འཛིན་ལམ་ལུགས་ཀྱི་ཉེན་ཁའི་རིགས་གླེང་སློང་བྱས་པ་དེ་དག་སྒྲོ་འདོགས་དང་འུར་སྒྲོག་ཡིན་པ་སྤྱི་མོས་བྱུང་ཡོད། (Carreras, 2012).ཡིན་ནའང་། སྲིད་འཛིན་ལམ་ལུགས་ཀྱི་སྐོར་ལ་དཔྱད་ཞིབ་བྱེད་མཁན་གྱི་མཁས་པ་ཚོས། ཆབ་སྲིད་གསར་འབྱོར་བ་འབུར་དུ་མངོན་ཡོང་བ་དེ་སྲིད་འཛིན་ལམ་ལུགས་དང་འབྲེལ་བའི་ཉེན་ཁ་ཞིག་ཡིན་སྐོར་ཡང་གླེང་སློང་བྱས་ཡོད་ཀྱང་། གླེང་སློང་བྱས་པའི་གནད་དོན་དེ་དུས་ད་ལྟའི་དབར་དུ་ཉམས་ཞིབ་པ་ཚོས་སྣང་མེད་དུ་བསྐྱུར་ཡོད། སྲིད་འཛིན་ལམ་ལུགས་ཀྱི་ཤུགས་རྐྱེན་གཙོ་བོ་གཅིག་སྟེ། ཆབ་སྲིད་གསར་འབྱོར་བའི་ལག་ཏུ་དབང་ཆ་ཤོར་བའི་གོ་སྐབས་མང་བ་ཡོད་པ་དེ་དངོས་ཐོག་ལག་ལེན་གྱི་ཐོག་ནས་ཚོད་ལྟ་ནམ་ཡང་བྱས་མེད།

ཡུ་རོབ་ཆབ་སྲིད་ཉམས་ཞིབ་དུས་དེབ་སྟེང་འདོན་འཆར་ཡོད་པའི་བདག་གི་རྩོམ་ཡིག་ནང་དུ། ཕྲན་གྱིས་ལས་དོན་དེ་འགན་འཁྲིར་བླངས་ནས།་སྲིད་འཛིན་ལམ་ལུགས་ཀྱི་ཆབ་སྲིད་ལམ་སྲོལ་ཁྲོད་དུ། ཆབ་སྲིད་གསར་འབྱོར་བ་འདེམས་ཐོན་བྱུང་བའི་ཉེན་ཁ་ཆེ་བ་ཡོད་མེད་དཔྱད་ཞིབ་བྱས་པ་ཡིན།

བདག་གི་ལས་གཞི་འདིའི་ཁྲོད་དུ། རྒྱལ་ཡོངས་ཀྱི་འཛིན་སྐྱོང་འོས་བསྡུ་ཁྲོད་ཀྱི་ཆབ་སྲིད་གསར་འབྱོར་བ་ནི།ངོས་ནས་འོས་མི་གང་ཞིག་ལ་སྲིད་གཞུང་གི་ཁྲིམས་བཟོ་དང་འཛིན་སྐྱོང་གི་ཁྱབ་ཁོངས་སུ། དངོས་ཡོད་ཆབ་སྲིད་ཀྱི་ཉམས་མྱོང་འདང་ངེས་མེད་པ་ཞིག་ལ་ཚད་བཟུང་བ་ཡིན་ལ། ཉམས་ཞིབ་ལག་བསྟར་གྱི་ཁྲོད་དུ། སྲིད་གཞུང་གི་འགོ་ཁྲིད་གང་ཞིག་རང་གི་ལས་སྣེ་ལ་མ་ཞུགས་གོང་དུ། ཁྲིམས་བཟོ་དང་འཛིན་སྐྱོང་གི་ཉམས་མྱོང་ཆེས་མང་ན་ལོ་གསུམ་ལས་མེད་མཁན་ཞིག་ལ་ཆབ་སྲིད་གསར་འབྱོར་བ་ཞེས་ངོས་འཛིན་བྱས་ཡོད། (1) འགྲེལ་བརྗོད་དང་ལག་ལེན་བྱེད་ཚུལ་དེ་བེད་སྤྱད་དེ། བདག་གིས་ཉམས་ཞིབ་བྱས་པ་ལྟར་ན། སྤྱི་ལོ་1945-2015་ལོའི་དབར་དུ། འཛམ་གླིང་ཧྲིལ་པོའི་ནང་གི་རྒྱལ་ཡོངས་འོས་བསྡུ་ཁག་གི་ཁྲོད། ཆབ་སྲིད་གསར་འབྱོར་བ་༧༣་ཙམ་སྲིད་གཞུང་གི་འགོ་ཁྲིད་དུ་བསྐོ་བཞག་དང་འོས་འདེམས་གནང་ཡོད་པའི་ངོས་འཛིན་ཐོབ་བྱུང་ལ། དཔེ་མཚོན་དེའི་ཁོངས་སུ་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་གི་རྒྱལ་ཡོངས་འོས་བསྡུའི་གྲངས་༨༧༠ ཚུད་ཡོད། ཡང་གཅིག་བཤད་ན། དམངས་གཙོའི་རྒྱལ་ཁབ་ཁག་གི་རྒྱལ་ཡོངས་འོས་བསྡུ་ཁྱོན་བསྡོམས་ཀྱི་བརྒྱ་ཆ་8% ལྷག་གིས་ཆབ་སྲིད་གསར་འབྱོར་བ་རྐྱང་རྐྱང་སྲིད་གཞུང་གི་འགོ་ཁྲིད་དུ་བསྐོ་བཞག་གནང་ཡོད། (2)

བདག་གིས་ངེས་མེད་ཀྱི་ཤུགས་རྐྱེན་རིམ་པ་མང་པོའི་ཕྱིར་འགྲོས་ཐབས་ཇུས་ཀྱི་(logistic regressions )ཚོད་དཔག་བརྒྱུད་ནས། སྲིད་འཛིན་ལམ་ལུགས་ཀྱི་ཤུགས་རྐྱེན་དེས་རྒྱལ་ཡོངས་འོས་བསྡུའི་ཁྲོད་དུ་ཆབ་སྲིད་གསར་འབྱོར་བ་ལམ་ལྷོངས་འབྱུང་དུ་འཇུག་གི་ཡོད་མེད་དཔྱད་ཞིབ་བྱས་པ་ཡིན། (ཚོད་དཔག་བྱེད་ལུགས་འདི་འོས་འཚམས་ཡིན་པའི་རྒྱུ་མཚན་ནི། རྗེས་མཐུན་ནམ་ལྟོས་བཅས་གྲངས་འགྱུར་དེ་ཟུང་ལྡན་ཡིན། འོས་འདེམས་བྱས་པའི་སྲིད་གཞུང་གི་འགོ་ཁྲིད་དེ་ཆབ་སྲིད་གསར་འབྱོར་བ་ཡིན་ན་གྲངས་ཀ་༡་དང་། དེ་མིན་ན་༠ཡིས་མཚོན་ཐབས་བྱས་ཡོད།

བདག་གིས་ཉམས་ཞིབ་སྔ་མ་ཁག་ལ་གཞིར་བཞག་ནས། ཆབ་སྲིད་གསར་འབྱོར་བ་ལམ་ལྷོང་ཡོང་བར་འབྲེལ་བ་ཡོད་ངེས་པའི་ཆབ་སྲིད་ཚོགས་པའི་སྲ་བརྟན་རང་བཞིན་དང་། དཔལ་འབྱོར་གྱི་བྱེད་སྒོའི་གནས་བབ། དམངས་གཙོའི་ལོ་ཚད། དམངས་གཙོའི་སྤུས་ཚད། རྒྱས་བཅད་འོས་འཕེན་སོགས་ཀྱི་མཚོན་པའི་རྒྱུ་རྐྱེན་ཁ་ཤས་ཚོད་འཛིན་ཡང་བྱས་ཡོད། ཉམས་ཞིབ་རྩོམ་ཡིག་འདིའི་ནང་གི་དངོས་ཐོག་གི་མ་དཔེ་གཙོ་བོའི་འབྲས་བུ་ཁག་གཤམ་དུ་བཀོད་ཡོད།

ལྟོས་བཅས་གྲངས་འགྱུར་གྱི་ངོས་འཛིན་དང་ལག་ལེན་བསྟར་ཕྱོགས་འདྲ་མིན་གྱི་ཁྲོད་དུ། སྲིད་འཛིན་ལམ་ལུགས་ཀྱི་གྲངས་འགྱུར་དེ་རྣམ་གྲངས་རིག་པའི་དཔྱད་ཞིབ་(statistical analysis)ཁོངས་ཀྱི་གྲངས་རིག་གི་ངོས་ཐད་ནས་གལ་གནད་ཆེན་པོ་ཆགས་འདུག་པ་མ་ཟད། འབྲས་བུ་དེ་ཤུགས་དྲག་ཆེན་པོ་འདུག

གང་ཟག་སྒེར་གྱི་ངོ་བོར་བསྒྱུར་བའི་སྲིད་འཛིན་འོས་བསྡུ་ཁག་གིས་དངོས་ཡོད་ཀྱི་ཐོག་ནས། ཆབ་སྲིད་ཀྱི་ཐོག་ལ་ཉམས་མྱོང་གང་ཡང་མེད་པའི་ཕྱི་རོལ་བ་གང་མང་འབུར་དུ་ཐོན་ཡོང་བའི་མཐུན་རྐྱེན་སྦྱོར་གྱི་ཡོད་པའི་སྣང་ཚུལ་བྱུང་། འོན་ཀྱང་། སྲིད་འཛིན་ལམ་ལུགས་ཀྱིས་ཆབ་སྲིད་གསར་འབྱོར་བ་ཇི་ལྟར་མཚར་བསྐྱེད་བྱེད་ཀྱི་ཡོད་དམ།

ངས་སྲིད་འཛིན་ལམ་ལུགས་དང་ཆབ་སྲིད་གསར་འབྱོར་བའི་འོས་བསྡུ་ལམ་ལྷོང་དབར་གྱི་འབྲེལ་བའི་སྐོར་རྒྱུ་འབྲས་ཀྱི་མ་ལག་གསུམ་གྱི་ཐོག་ནས་འགྲེལ་བརྗོད་བྱེད་པའི་བདེན་འཛིན་གྱི་ཚོད་དཔག་བྱས་པ་ཡིན།

དང་པོ། སྲིད་འཛིན་ལམ་ལུགས་དང་གྲོས་ཚོགས་ལམ་ལུགས་ཀྱི་དམངས་གཙོའི་ཁྱབ་ཁོངས་སུ། དབུ་ཁྲིད་ཁག་འཛིན་སྐྱོང་གི་གོ་ས་མཐོ་ཤོས་ཀྱི་ཆེད་དུ་འགྲན་རྩོད་བྱེད་མཁན་ཞིག་ཆགས་པ་ལ་ངེས་པར་དུ་དགོས་གལ་ཆེ་བའི་སྒྲིག་འཛུགས་ཀྱི་རྩོལ་བའི་དབར་ལ་ཁྱད་པར་ཆེན་པོ་ཡོད།

ཆབ་སྲིད་གསར་འབྱོར་བ་ཚོས་རང་ཉིད་སྲིད་བློན་ཆགས་པར་བྱེད་པ་ལ། ཚོགས་པའི་སྒྲིག་འཛུགས་སྟོབས་ཆེན་པོ་བཟོ་དགོས་པ་དང་། རྫོང་ཁག་རིམ་པའི་ཁྲོད་ནས་ཁྲིམས་བཟོ་ལྷན་ཚོགས་ཀྱི་འོས་མི་ཚད་ལྡན་བསྡུ་སྐོང་བྱེད་གོས། ཡིན་ཡང་། སྲིད་འཛིན་གྱི་འོས་བསྡུའི་ཁྲོད་དུ། ཆབ་སྲིད་ཀྱི་ཐད་ལ་ཉམས་མྱོང་མེད་པའི་འོས་མི་ཚོར་དེ་འདྲའི་གཅིག་མཚུངས་ཀྱི་འགོག་རྐྱེན་ཆེན་པོ་འཕྲད་མི་སྲིད།  སྲིད་འཛིན་གྱི་འོས་བསྡུ་དེ་གང་ཟག་གི་ངོ་བོར་ཤུགས་ཆེར་བསྒྱུར་ཡོད་པས། དམིགས་བསལ་སྤྱི་ཚོགས་དང་།་ཆབ་སྲིད། དཔལ་འབྱོར་སོགས་ཀྱི་ཆག་འཇིག་ཆེན་པོ་དབང་གིས། མི་དམངས་ཀྱི་ངོས་ནས། གཞི་རྩའི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཧྲིལ་པོར་ཡིད་ཆེས་བརླག་འགོ་ཚུགས་པའི་དུས་སྐབས་སུ། ཁྲིམས་བཟོ་ལྷན་ཚོགས་ཀྱི་ནང་ནས་རྒྱབ་སྐྱོར་ཉུང་ངུ་ཞིག་ལས་མེད་ནའང་།ཆབ་སྲིད་གསར་འབྱོར་བར་མཐའ་མའི་རྒྱལ་ཁ་འཐོབ་སྲིད། (སྲོལ་རྒྱུན་གྱི་ཆབ་སྲིད་ཚོགས་པ་གང་གིས་རྒྱབ་སྐྱོར་མེད་པར)

གཉིས་པ། རྒྱུ་རྐྱེན་གཉིས་པ་ནི། སྐད་གྲགས་ཆེ་ཡང་ཉམས་མྱོང་མེད་པའི་འོས་མི་ཚོས་སོ་སོའི་ཡིད་འགུག་ནུས་པ་དང་སྐད་གྲགས་ཁྱབ་སྤེལ་བྱེད་ཐབས་མེད་པ་དེ་རེད། མི་དམངས་ངོས་ནས་གཞི་རྩའི་ཆབ་སྲིད་ཀྱི་སྒྲིག་འཛུགས་ལ་འདོད་བློ་ཁེངས་ཀྱི་མེད་པ་དེ་ཆབ་སྲིད་འགོ་ཁྲིད་པགཅིག་གམ་ཉུང་ཤས་ཤིག་ལ་ཐུག་ཡོད། ཆབ་སྲིད་ཀྱི་ལམ་ལུགས་གང་ཡིན་མིན་ལ་མ་ལྟོས་པར། ཁྲིམས་བཟོ་ལྷན་ཚོགས་ཀྱི་འོས་མི་ཚོས་སྐད་གྲགས་ཧ་ཅང་ཆེ་བའི་ཆབ་སྲིད་གསར་འབྱོར་བ་ཚོར་ལག་འབྲེལ་བྱས་ནས་རྒྱལ་ཁ་ཅུང་ཙམ་རེག་པར་འབད་བརྩོན་བྱེད་སྲིད་ཀྱང་། ཡིད་འགུག་ནུས་པ་ལྡན་པའི་འོས་མི་དང་བསྡུར་ན། ཁོང་ཚོར་འོས་བསྡུའི་ཁྲོད་དུ་རྒྱལ་ཁ་འཐོབ་པའི་གོ་སྐབས་རྟག་ཏུ་ཆུང་བ་ཡོད།

དེར་བརྟེན། ཆབ་སྲིད་གསར་འབྱོར་བར་རྒྱལ་ཁའི་རྐུབ་སྟེགས་རེག་པ་དང་བསྡུར་ན། གྲོས་ཚོགས་ལམ་ལུགས་ཀྱི་ཁྲོད་དུ། དཔུང་སྒྲིག་བྱེད་མཁན་གྱི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མིར་རྒྱལ་ཁའི་རྐུབ་སྟེགས་རེག་པའི་གོ་སྐབས་ཆུང་། སྲིད་འཛིན་ལམ་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཁྲོད་དུ། ཡིད་འགུག་ནུས་པ་ལྡན་པའི་འོས་མི་ལས་དང་པོ་བའི་ཆབ་སྲིད་ཚོགས་པར་ཁྲིམས་བཟོ་ལྷན་ཚོགས་ཀྱི་འོས་བསྡུའི་ཁོངས་སུ་གྲུབ་འབྲས་ཧ་ཅང་སྐྱོ་བོ་ཐོབ་རུང་། འོས་མི་གསར་འབྱོར་བ་རང་ཉིད་རྒྱལ་ཁབ་ཀྱི་སྲིད་འཛིན་ཆགས་སྲིད།

གསུམ་པ། རྒྱུ་རྐྱེན་གསུམ་པ་ནི། སྲིད་འཛིན་གྱི་འོས་བསྡུའི་ཁྲོད་དུ་འོས་ཤོག་ཁ་འཐོར་སྲིད་པ་དེ་རེད། སྲིད་འཛིན་ལམ་ལུགས་ཀྱི་ཁྲོད་དུ། འོས་ཤོག་འཕེན་མཁན་གྱིས་ནམ་རྒྱུན་ཆབ་སྲིད་ཚོགས་པ་ཞིག་གི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་ལ་འོས་འཕེན་པ་གང་ཞིག་ལ། ཆབ་སྲིད་ཚོགས་པ་གཞན་ཞིག་གི་སྲིད་འཛིན་འོས་མི་ལ་འོས་འཕེན་སྲིད་པ་དེ་རེད། མཚམས་རེར། གནད་དོན་འདིས། ཆབ་སྲིད་ཚོགས་པ་ཞིག་ལ་ཁྲིམས་བཟོ་དང་སྲིད་འཛིན་ཐུན་མོང་གི་འོས་བསྡུའི་ཁྲོད་དུ་ཐོབ་པའི་འོས་གྲངས་ལ་ཧེ་བག་(ནོར་འཛོལཆེན་པོ་བཟོ་གི་ཡོད། (Ames, Baker, & Renno, 2009; Helmke, 2009). འོས་ཤོག་ཁ་གཏོར་ཆོག་པ་དེས་སྲིད་འཛིན་ལམ་ལུགས་ཀྱི་ཁྲོད་དུ།་ཆབ་སྲིད་གསར་འབྱོར་བ་འདེམས་ཐོན་ཡོང་བའི་མཐུན་རྐྱེན་སྦྱོར་གྱི་ཡོད།་གང་ཡིན་ཞེ་ན། དེས་ཆབ་སྲིད་ལ་ཉམས་མྱོང་གང་ཡང་མེད་པའི་ཧ་ཅང་མངོན་འདུན་ཅན་གྱི་གང་ཟག་ཅིག་ལ། ཆབ་སྲིད་ཚོགས་པ་གསར་པ་ཞིག་དང་འོས་བསྡུའི་ལས་འགུལ་གསར་པ་ཞིག་དང་མཉམ་དུ། སྲིད་འཛིན་འོས་བསྡུའི་ཁོངས་ཀྱི་འོས་མིར་འཛུལ་ཞུགས་བྱེད་དུ་འཇུག་གི་ཡོད། འོས་མི་འདིའི་རིགས་ཀྱིས་ཁྲིམས་བཟོ་ལྷན་ཚོགས་ཀྱི་འོས་མི་སུ་གང་ལ་འབྲེལ་བ་མ་བྱས་རུང་། མཐའ་མའི་རྒྱལ་ཁ་འཐོབ་སྲིད།

རྩོམ་པ་པོ། མུའུ་གྷུལ་ཁ་རེ་ར་སི།(Miguel Carreras)
(མུའུ་གྷུལ་ཁ་རེ་ར་སི་ལགས་ནི། ཨ་རིའི་ཁེ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་རིག་སྡེ་ཚན་གྱི་སློབ་དཔོན་ཞིག་ཡིན།)

***རྩོམ་ཡིག་འདིའི་མ་རྩོམ་ལ་གཟིགས་འདོད་ན། དྲ་ངོས་འདིར་ཕེབས།

Notes:

[1] The empirical results do not change if we adopt a more restrictive operationalization of “political newcomer.”

[2] The list of newcomer presidents and prime ministers in the period 1945-2015 is available in the supplementary information in the EJPR website: http://onlinelibrary.wiley.com/wol1/doi/10.1111/1475-6765.12181/suppinfo

References

Ames, B., Baker, A., & Renno, L. R. (2009). Split-ticket voting as the rule: Voters and permanent divided government in Brazil. Electoral Studies, 28(1), 8-20.

Carreras, M. (2012). The Evolution of the Study of Executive-Legislative Relations in Latin America: Or How Theory Slowly Catches Up with Reality. Revista Ibero-Americana de Estudos Legislativos(2), 20-26.

Carreras, M. (fortcoming). Institutions, governmental performance and the rise of political newcomers. European Journal of Political Research.

Helmke, G. (2009). Ticket splitting as electoral insurance: The Mexico 2000 elections. Electoral Studies, 28(1), 70-78.

Lijphart, A. (1992). Introduction Parliamentary versus Presidential Government. New York: Oxford University Press.

Linz, J. J. (1990). The Perils of Presidentialism. Journal of Democracy, 1(1), 51-69.

Linz, J. J. (1994). Presidential or Parliamentary Democracy: Does it Make a Difference? In J. J. Linz & A. Valenzuela (Eds.), The Failure of Presidential Democracy. Baltimore: Johns Hopkins University Press.

དཔྱད་མཆན་སྤེལ།

ཁྱེད་ཀྱི་ཡིག་ཟམ་ས་གནས་དེ་ཀུན་པོར་བསྒྲག་གི་མིན།

*

© 2018 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས། — 青ICP备17000686号

— དཔེ་སྒྲོམ་རྩོམ་པ་པོ། Anders Norenཀླད། ↑