ཁ་སང་ཁེ་ཉིན་ཁ་བརྡ་དྲ་བར་བསྟན་འཛིན་ཞུ་བ་ཞིག་གིས‘‘ལྷ་སའི་ཇོ་བོའི་སྐུ་རྒྱུ་གང་ལས་གྲུབ་བམ’’ཞེས་དྲི་བ་ཞིག་བཏང་འདུག ཁོང་གིས‘‘ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཇོ་ཁང་རིག་གནས་ཤུལ་བཞག་སྡེ་ཚན་ལ་ཐོ་འགོད་བྱེད་སྐབས། ཇོ་བོའི་སྐུ་རྒྱུ་གང་ཡིན་གསལ་པོ་མེད་པ་དང་། ད་ལྟའང་། ཇོ་བོའི་སྐུ་རྒྱུ་གང་ཡིན་ད་དུང་མཁྱེན་གྱི་མེད་སྟབས། མ་འོངས་ཞིག་གསོའི་སྐོར་ལམ་སྟོན་ཡིག་ཆ་བཟོ་བར་འགལ་རྐྱེན་ཆགས་ཡོད་གསུངས། མཉམ་འབྲེལ་རྒྱལ་ཚོགས་ནས་བོད་རིག་པའི་འབྲེལ་ཡོད་མཁས་དབང་འགའ་ལ་འབྲེལ་བ་ཞུས་ནས་ཇོ་བོའི་སྐུ་རྒྱུའི་སྐོར་ལ་ཞིབ་འཇུག་གནང་གི་ཡོད་ཚོད། ད་དུང་དཔང་འཕེར་གནས་ཚུལ་གསལ་པོ་མཁྱེན་མཁན་མ་རྙེད་གསུངས།’’[1]ཞེས་དང་། ད་དུང་ཁོང་གིས‘‘ང་ཚོ་བོད་པའི་ནང་ལ་མཁས་པ་མང་པོ་ཡོད་མོད། ཤེས་བྱ་ཆུང་ངུ་ཇོ་བོའི་སྐུ་རྒྱུ་གང་ཡིན་པ་ཤེས་མཁན་མེད་ཚོད། ཡོད་ན་རྩོམ་འབྲི་བའི་དུས་ལ་བབ་འདུག’’[2]ཅེས་བྲིས་འདུག

ཕྲན་ནི་མཁས་པ་ཞིག་མིན་ལ། མཁས་པ་ཞིག་ཏུ་འགྱུར་བར་རེ་བའང་མེད་མཁན་ཞིག་ཡིན་མོད། འོན་ཀྱང་ཁོང་གི་དྲི་བ་དེ་གནད་འགག་ཆེ་ཙམ་ཡོད་པ་མཐོང་བས། ཁོམ་ལོང་གི་དུས་ཚོད་ཐུང་ཐུང་ཞིག་སྤྱད་དེ་ལྷ་སའི་ཇོ་བོ་དང་འབྲེལ་བའི་ལོ་རྒྱུས་དང་ཡིག་ཆ་སོགས་བཙལ་བ་ཡིན། «རིན་པོ་ཆེ་བཟོ་ཡི་ལས་ཀྱི་བསྒྲུབ་པའི་རྒྱུ་དང་ཇ་དང་དར་གོས་ཆེན་དང་རྟ་རྒྱུད་ཚུགས་བཟང་ངན་གྱི་བརྟག་པ»ཞེས་པའི་ཤིང་སྤར་མའི་ནང་དུ། ‘‘དང་པོ་རྒྱ་གར་ཡུལ་དུ་ལི་ཁྲ་དང་། །ལི་དཀར་ལི་དམར་གསུམ་དུ་དབྱེ་བ་ལས། ། ལི་ཁྲ་རིན་ཆེན་སྣ་ཚོགས་འདུས་པ་སྟེ། ། ངོ་བོ་ལི་དམར་རྩོད་མེད་ལས་ཅུང་དཀར། ། ལེགས་པར་བརྟགས་ན་འཇའ་འོད་ལྟ་བུ་ཡོད། །འདི་ལ་ཛྷཻ་ཀྵིམ་མཆོག་ཏུ་བཤད་པ་ཡིན། ། ལྷ་སའི་ཇོ་བོ་རིན་ཆེན་སྐུ་རྒྱུ་བཞིན། །ལི་དཀར་དཀར་དྭངས་ཅུང་ཟད་སེར་ཉམས་ཡོད། ། ལི་དམར་དམར་དྭངས་ཅུང་ཟད་སེར་ཉམས་ཡོད། །’’[3]ཅེས་འབྱུང་ངོ་། ། བསྟན་བཅོས་འདི་མཁས་པ་སུ་ཞིག་གིས་མཛད་མིན་མ་ཤེས་ཀྱང་། འཇམ་མགོན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི«རབ་གནས་དོན་གསལ་གྱི་གསལ་བྱེད་དངོས་གྲུབ་འབྱུང་བའི་བསྟན་བཅོས་ཆེན་པོའི་དགོངས་དོན་རྣམ་པར་བཤད་པ་རབ་གནས་བསྟན་པ་རྒྱས་པའི་ཉིན་བྱེད»པའི་ནང་དུ་ལུང་འདྲེན་གནང་འདུག་[4]ལ། དགེ་སློང་པད་མ་དཀར་པོས་མཛད་པའི«རྟེན་བརྟག་པའི་རབ་བྱེད་ཉུང་ངུ་སྨྲ་མཁས་འདོད་པའི་ཁ་རྒྱན»ཞེས་པའི་བསྟན་བཅོས་སུའང་ལུང་འདྲེན་གནང་ཡོད་[5]པ་མཐོང་བྱུང་།

«རྒྱ་བོད་ཡིག་ཚང་ཆེན་མོ»ཞེས་པའི་ནང་དུ‘‘བརྒྱ་བྱིན་གྱི་ལྷ་མིའི་རིན་པོ་ཆེ་སྣ་ཚོགས་དང༌། འཆིང་བུ་ལྔ་བཅུ་རྩ་གཅིག་ལ་སྤྲུལ་སྐུའི་རྟེན། སངས་རྒྱས་དགུང་ལོ་བརྒྱད་པ་དང༌། བཅུ་གཉིས་པ་དང༌། ཉི་ཤུ་རྩ་ལྔའི་སྐུ་ཚད་གསུམ་བཞེངས་ནས། ཆེ་བ་དེ་བརྒྱ་བྱིན་རང་གི་ཡིད་དམ་མཛད། ཆུང་བ་གཉིས་རྒྱ་གར་དུ་རྒྱལ་པོ་གསལ་རྒྱལ་གྱི་ཡི་དམ་མཛད། བར་སྐབས་ནས་རྒྱ་ནག་དང་བལ་ཡུལ་དུ་ཕེབས། མཐར་བོད་དུ་འགྲོ་དོན་ལ་ཕེབས་པར་ལུང་བསྟན་པ་བཞིན་ད་ལྟ་ལྷ་ས་འཕྲུལ་སྣང་དང༌། ར་མོ་ཆེ་ན་བཞུགས་པའི་ཇོ་བོ་མཆེད་གཉིས་ཡིན་ནོ། སྐུ་ཚབ་རྣམས་ཀྱི་རབ་གནས་སངས་རྒྱས་ཉིད་རང་གིས་མཛད་ཅིང༌། ལྷ་བཟོ་བ་ བི་ཤྭ་ཀརྨ་དང་༌།’’[6]ཞེས་གསལ་མོད་ཞིབ་ཏུ་མ་ངེས་སོ། ། སངས་རྒྱས་རང་གིས་ལྷ་སའི་ཇོ་བོ་འདི་ལ་རབ་གནས་མཛད་པ་དང་། ཇོ་སྐུ་བཞེངས་མཁན་ནི་ལྷ་བཟོ་བ་བིཤྭ་ཀརྨ་ཡིན་པར་དོགས་པ་མེད་མོད། གོང་གི་ཚིག་དུམ་དེའི་ནང་ན‘‘བརྒྱ་བྱིན་གྱི་ལྷ་མིའི་རིན་པོ་ཆེ་སྣ་ཚོགས་དང༌། ་་་ ’’ཞེས་གསལ་བ་དང་། ‘‘རིན་པོ་ཆེ་སྣ་ཚོགས’’ཞེས་འབྱུང་བར་བལྟས་ན་ཕལ་ཆེར་ཇོ་བོའི་སྐུ་རྒྱུ་ལི་ཁྲ་གཅིག་པུའང་ཨེ་ཡིན་སྙམ། དེའི་རྒྱུ་མཚན་ནི«རྒྱལ་རབས་གསལ་བའི་མེ་ལོང»དུ‘‘བདག་གི་མཆོད་གནས་སྟོན་པའི་སྐུ་གཟུགས་འདི། །ཡོན་བདག་ལྷ་དབང་བརྒྱ་བྱིན་ཁོང་གིས་མཛད། རྒྱུ་ནི་རིན་ཆེན་རྣམ་པ་བཅུ་ལས་གྲུབ། ། འདི་ཡི་བཟོ་བོ་བྱི་ཤོ་སྐར་མས་མཛད། །’’[7]ཞེས་འབྱུང་བས་རེད།

རྒྱལ་མཆོག་ལྔ་པ་ཆེན་པོས་ཀྱང‘‘སྤྱིར་ཡང་བརྒྱ་བྱིན་གྱིས་སྦྱིན་བདག་བྱས་ནས། རྒྱལ་བ་ཉིད་དགུང་ལོ་བརྒྱད་པའི་སྐུ་ཚད་དུ་བཞེངས་པར། སངས་རྒྱས་ཉིད་ཀྱིས་རབ་གནས་མཛད། ཇོ་བོ་ཤཱཀྱ་མུ་ནེེ་དང་འདི་ཉིད་སྐུ་རྒྱུ་གཅིག་པར་ཆོས་འབྱུང་འགའ་ཞིག་ཏུ་སྣང་བ་ནི། རིན་ཆེན་སྣ་ཚོགས་འདུས་པར་བཤད་པ་དང་གུང་འགྲིག་པ་ཙམ་ཡིན་ཞིང་། ཐུབ་པ་ལྷ་ཡུལ་མ་ཇོ་བོའི་བཟོ་ཕུད་དུ་བཞེད་པ་ལྟར་ན་དཔྱད་དགོས་སོ།’’[8]ཞེས་དོགས་སློང་མཛད་འདུག གནས་སྐབས་རིང་རྒྱལ་དབང་ལྔ་པས་ཆོས་འབྱུང་གང་དང་གང་ལ་གཟིགས་པ་བཙལ་འཚོལ་མ་བྱས་ཀྱང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི«ས་སྐྱའི་ཆོས་འབྱུང་གཅེས་བསྡུས»དང་། ཉེ་རབས་པར་སྐྲུན་བྱས་པའི«རྒྱ་བཟའ་དང་བལ་བཟའི་རྣམ་ཐར་»དུའང་ཇོ་བོའི་སྐུ་རྒྱུ་ནི་རིན་ཆེན་སྣ་ཚོགས་ཀྱིས་བཞེངས་ཚུལ་བྲིས་འདུག

འོན་ཀྱང་། ཛྷཻ་ཀྵིམ་ཞེས་པ་ནི་ལི་ཁྲ་ལ་གོ་ཡི་ཡོད་པ་འདྲ་ལ། རིན་ཆེན་སྣ་ཚོགས་ཀྱིས་གྲུབ་པར་བཤད།   རྒྱ་གར་གྱི་ལི་ལ་ལི་ཁྲ་དང་། ལི་དཀར། ལི་དམར་གསུམ་དུ་ཡོད་པར་བཤད་ཅིང་། ལི་དཀར་ནི་དཀར་པོ་ཤིན་ཏུ་དྭངས་པ་ཅུང་ཟད་སེར་ཉམས་ཡོད་པ་དང་། ལི་དམར་ནི་དམར་པོ་ཤིན་ཏུ་དྭངས་པ་ཅུང་ཟད་སེར་ཉམས་ཡོད་པར་བཤད། ལི་ཁྲ་དང་ལི་དཀར་དང་ལི་དམར་གསུམ་ལས་མཆོག་ཏུ་གྱུར་པ་ནི་ལི་ཁྲ་སྟེ་ཛྷཻ་ཀྵིམ་ཡིན་པ་འདྲའོ། ། དེས་ན། གོང་གི་ཚིགས་བཅད་དེར་བརྟགས་ན་ཇོ་བོའི་སྐུ་རྒྱུ་ནི་རྒྱ་གར་གྱི་ལི་ཁྲ་མིན་ནམ་སྙམ།

སྤྱིར་བཏང་ལིའི་རིགས་ལ་ཡང་། རྒྱ་གར་གྱི་ལི། སྟོད་ཧོར་གྱི་ལི། ཡུ་གུར་གྱི་ལི། བོད་ཀྱི་ལི། རྒྱ་ནག་རྙིང་མའི་ལི། ཧོར་གྱི་ལི་བཅས་བདུན་དུ་འབྱུང་བར་བཤད། འཇམ་མགོན་ཨ་མེས་ཞབས་ཀྱིས་སྐུ་གཟུགས་ཀྱི་རྒྱུ་རྣམས་ཀྱི་ནང་ནས་ཛྷཻ་ཀྵིམ་ཉིད་ཁྱད་པར་དུ་འཕགས་པར་བཤད་ཅིང་། ཛྷཻ་ཀྵིམ་ལ་ཡང་རང་བྱུང་གི་ཛྷཻ་ཀྵིམ་དང་། བཅོས་བུའི་ཛྷཻ་ཀྵིམ་གཉིས་བཤད་པའི་སྔ་མ་ནི་ཆུ་བོ་སིནྡྷུའི་འགྲམ་དུ་གསེར་བཞིན་དུ་ཆགས་པ་ཀླུའི་རིན་ཆེན་སྣ་བདུན་པོ་མ་ལུས་པར་འདུས་པའི་རིན་པོ་ཆེའི་གོང་བུ་གསེར་དམར་དུ་གྲགས་པ་དེ་ཉིད་ཡིན་ཏེ། འདི་ལ་ཞིབ་ཏུ་བརྟགས་ནས་བལྟས་ན་འཇའ་འོད་སྣང་ཞིང་། དུག་ཆུ་བསྐུས་ན་འཇའ་ཚོན་སྣ་ལྔ་གསལ་པོར་སྟོན་པ་བཤད་ལ། བཅོས་བུའི་ཛྷཻ་ཀྵིམ་ནི། གསེར། དངུལ། ཟངས། ལྕགས། ཞ་ཉེ་དཀར་ནག རྡོ་ཤེལ། དངུལ་ཆུ་སྟེ་བརྒྱད་པོ་བཞུ་བཏུལ་བྱས་པ་དེ་ཉིད་ཡིན་པས་འདི་ལ་ཛྷཻ་ཀྵིམ་རྗེས་མཐུན་པ་ཞེས་བྱ་ཞིང་། སྔ་མ་དང་མིང་ཙམ་མཐུན་པ་མ་གཏོགས་ཁྱད་པར་ཤིན་ཏུ་ནས་ཆེ་བར་གསུངས་སོ། །[9]

མཐར་གསལ་བཤད་ཅིག་ཞུ་འདོད་པ་འདི་ལྟར། ཕྲན་གྱིས་ཁོམ་ལོང་གི་དུས་ཚོད་ཐུང་ཐུང་ཞིག་སྤྱད་དེ་ལྷ་སའི་ཇོ་བོ་དང་འབྲེལ་བའི་ལོ་རྒྱུས་དང་ཡིག་ཆ་ཁ་ཤས་བཀླགས་རྗེས་གང་ཤེས་པ་དང་རྙེད་པ་ཙམ་བྲིས་པའི་ཁུལ་ཡིན། འོན་ཀྱང་ཚད་མར་འཛིན་མི་རུང་ལ། ད་དུང་ང་ཚོས་མུ་མཐུད་དུ་ཇོ་བོའི་སྐུ་རྒྱུ་གང་ཡིན་སྐོར་ཞིབ་འཇུག་བྱེད་དགོས་པར་སྙམ།

ལུང་འདྲེན་ཡིག་ཆ།

[1] http://www.khabdha.org/?p=93279#comment-243747
[2] http://www.khabdha.org/?p=93279#comment-243747
[3] རིན་པོ་ཆེ་བཟོ་ཡི་ལས་ཀྱི་བསྒྲུབ་པའི་རྒྱུ་དང་ཇ་དང་དར་གོས་ཆེན་དང་རྟ་རྒྱུད་ཚུགས་བཟང་ངན་གྱི་བརྟག་པ། ཤིང་སྤར། ལྡེབ་གྲངས་༧
[4] དཔལ་ས་སྐྱ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ་པོ་ཏི་བཅུ་གཉིས། པོད། ན། ཤིང་སྤར། ལྡེབ་གྲངས་༣༩-༤༠
[5] བཟོ་རིག་ཉེར་མཁོ་བདམས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ཤོག་གྲངས་༢༦༦
[6] རྒྱ་བོད་ཡིག་ཚང་ཆེན་མོ། སྟག་ཚང་དཔལ་འབྱོར་བཟང་པོ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ༢༠༠༧ ཤོག་གྲངས་ ༢༧
[7] རྒྱལ་རབས་གསལ་བའི་མེ་ལོང་། བསོད་ནམས་རྒྱལ་མཚན། རྒྱ་མོ་བཟའ་ཀོང་ཇོ་གདན་དྲངས་པའི་ལེའུ་སྟེ། བཅུ་གསུམ་པའི་ནང་གསལ། ཤིང་སྤར། ལྡེབ་གྲངས་ ༢༣༨
[8] ལྷ་ལྡན་གཙུག་ལག་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། རྒྱལ་མཆོག་ལྔ་པ་ཆེན་པོ། ༡༩༨༧ ཤོག་གྲངས་༤༦
[9] དཔལ་ས་སྐྱ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ་པོ་ཏི་བཅུ་གཉིས། པོད། ན། ཤིང་སྤར། ལྡེབ་གྲངས་༤༢