ཤིས་ཚང་མཁྱེན་རབ་རྒྱ་མཚོ།


ཉེ་བའི་ལོ་འདི་འགར་གསར་བཤད་དང་བྱུང་རྒྱལ་དུ་སྨྲ་བར་དགའ་བ་སྐོར་ཞིག་གིས་སུམ་རྟགས་མཛད་པ་བོ་ཐོན་མི་སམ་བྷོ་ཊ་མ་ཡིན་པ་དང་།  ས་པཎ་ཡར་སྔོན་དུ་སུམ་རྟགས་དང་སུམ་རྟགས་ཀྱི་འགྲེལ་བ་མེད་པར་འདོད་པ་ལ་སོགས་པའི་ཁ་ཚོན་བཅད་དེ།  སྔ་ཕྱིར་དེ་འབྲེལ་གྱི་རྩོམ་ཡིག་མང་བོ་སྔ་རྗེས་སུ་བྱུང་ཡོད་ལ།  དེ་དག་ལ་སྐབས་སོ་སོར་ཤེས་ནས་སྨྲ་བ་དག་གིས་དགག་སྒྲུབ་ཀྱི་སྤྲོས་པ་མང་དུ་མཛད་ཡོད་པས། དོན་གཅིག་ཡང་དང་བསྐྱར་དུ་བཟླས་དགོས་པ་མེད་མོད།  འོན་ཀྱང་།  ཉེ་བའི་ཆར་དྲ་ལམ་ཁག་ཏུ་<<ཐོན་མིས་སུམ་རྟགས་བརྩམས་མེད་པའི་རྒྱུ་མཚན་ཆེན་པོ་བཅུ་>>ཞེས་པའི་རྩོམ་ཡིག་ཅིག་འཁྱར་གྱིན་པ་དང་འབྲེལ་ནས་སླར་ཡང་དེའི་སྐོར་ལ་བྱུང་རྒྱལ་དུ་སྨྲ་བ་མང་དུ་བྱུང་བར་བརྟེན། འདིར་སུམ་རྟགས་ཐོན་མིས་མཛད་པ་ཡིན་མིན་གྱི་སྤྲོས་པ་བསྐྱུངས་ཏེ།  སྐབས་དོན་ས་སྐྱ་པཎ་ཆེན་ཡར་སྔོན་དུ་སུམ་རྟགས་དང་སུམ་རྟགས་ཀྱི་འགྲེལ་བ་མེད་པར་འདོད་པའི་ལོག་རྟོག་སུན་འབྱིན་པའི་ངག་གི་རིག་བྱེད་ཀྱི་བགྱི་བ་འདི་དང་དུ་བླངས་པ་ཡིན།

དང་བོ།  ས་པཎ་ཡར་སྔོན་དུ་སུམ་རྟགས་མེད་པར་འདོད་པའི་ལོག་རྟོག་སུན་འབྱིན།

སྤྱིར་ས་པཎ་ཡར་སྔོན་དུ་སུམ་རྟགས་མེད་པར་འདོད་པའི་གླེང་ཕྱོགས་ཐོག་མར་བོད་ཡིག་ཏུ་སྤེལ་མཁན་ནི་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཡིན་ལ།  ཁོང་གིས་ཕྱི་ལོ་ ༢༠༠༦ ལོའི་ཀྲུང་གོའི་བོད་རིག་པ་དེབ་དང་བོ་རུ།  བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པ་ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཅིང་། དེར་སུམ་རྟགས་གཉིས་ནི་དུས་རབས་བདུན་པའི་བརྩམས་ཆོས་མ་ཡིན་པ་དང་།  ས་པཎ་གྱི་ཡི་གེའི་སྦྱོར་བ་ལ་སུམ་རྟགས་ཀྱི་མིང་གིས་བསྙད་དེ་སློབ་དཔོན་ཐོན་མིར་ཞལ་འཕངས་བྱས་པར་འདོད་པ་སོགས་རྒྱུ་མཚན་ལྟར་སྣང་དུ་མ་བཀོད་དེ་ས་པཎ་ཡར་སྔོན་དུ་སུམ་རྟགས་མེད་པའི་མཐའ་སྡོམ་ལྟ་བུ་བཀོད་པར་བརྟེན། ཁོང་གི་སློབ་མ་ཡིན་པ་ཞབས་ཤར་ཟླ་བ་ཚེ་རིང་ལ་སོགས་པས་ཀྱང་མཁས་དབང་ཁོང་ལ་རྒྱབ་སྐྱོར་རྟིང་གནོན་གྱི་རྩོམ་ཡིག་སྔ་རྗེས་སུ་སྤེལ་ཡོད་པ་དང་།  དེ་དག་ལ་སྔ་ཕྱིར་དགག་པ་རྣོ་ངར་ཅན་གྱི་རྩོམ་ཡིག་མང་དུ་སྤེལ་བའི་ཚུལ་སོགས་ཁོ་བོས་རང་གི་བརྩམས་ཆོས་<<བརྡ་སྤྲོད་དཔྱད་གླེང་ལེའུ་བརྒྱད་མ>>ཞེས་པར་ཞིབ་ཏུ་གླེང་ཟིན་པས་འདིར་རྒྱས་པར་འབྲི་བའི་དགོས་པ་མ་མཆིས།

ད་ནི་སྐབས་ཀྱི་དོན་དངོས་ལ་བབ་ན།  ས་སྐྱ་པཎ་ཆེན་ཡར་སྔོན་དུ་སུམ་རྟགས་མེད་ཅེས་ཁ་ཚོན་གཅོད་པ་ནི་རང་ཉིད་སྔོན་བྱོན་མཁས་པའི་རྣམ་ཐར་དང་གསུང་ལ་རྒྱུས་ཆུང་བའི་རྟགས་བསྟན་པ་ཙམ་ལས་དཔྱད་པ་ཞིབ་མོའི་ལུགས་སུ་མ་སོང་ཞིང་རྣམ་དཔྱོད་བརྡར་བའི་གྲུབ་དོན་ཞིག་ནི་ག་ལ་ཡིན་ཨང་སྙམ།

དེའང་ས་སྐྱ་པཎ་ཆེན་ནི་དུས་རབས་བཅུ་གཉིས་པའི་སྨད་ལ་བྱོན་པ་(༡༡༨༢-༡༢༥༡)ཡིན་ལ།  དེའི་གོང་དུ་སུམ་རྟགས་ཡོད་པ་ནི་ལུང་དང་རིགས་པ་གཉིས་ཀྱིས་འགྲུབ་སྟེ།  བོད་རབ་བྱུང་དང་བོའི་ནང་བྱོན་ཅིང་། ཇོ་བོ་རྗེ་སྐུ་ཉིད་ཀྱིས་པང་དུ་བཟུང་ནས་རྒྱ་གར་གྱི་ཨ་ཙྱར་ནག་པོ་ཞབས་ཆེན་པོ་སྤྱོད་པ་བ་དེ་ཉིད་ཚེ་འཕོས་པ་བྱིས་པ་འདི་ཡིན་ཏེ་ཞེས་[1]ལུང་བསྟན་པའི་རོང་ཟོམ་ཆོས་ཀྱི་བཟང་བོས་མཛད་པའི་རྒྱུད་རྒྱལ་གསང་བ་སྙིང་བོ་དཀོན་མཆོག་འགྲེལ་གྱི་ལེའུ་བཅུ་གསུམ་པ་གསང་བ་མན་ངག་གི་ལེའུ་ཞེས་པ་རུ།  ཡང་བྱཱ་ཀ་ར་ཎའི་གཞུང་ལས། ཡི་གེའི་ཁོངས་ནས་མིང་དབྱུང་སྟེ།།མིང་གི་ཁོངས་ནས་ཚིག་བྱུང་ནས།།ཚིག་གིས་དོན་རྣམས་སྟོན་པར་བྱེད།།ཅེས་[2]སུམ་རྟགས་ཀྱི་ཚིག་དངོས་སུ་དྲངས་ཡོད་ལ།

ཡང་དུས་རབས་བཅུ་གཅིག་པའི་ནང་བྱོན་ཅིང་ཕག་གྲུ་རྡོ་རྗེ་རྒྱལ་པོ་དང་ཕ་མ་གཅིག་པའི་སྤུན་དུ་གྱུར་པ་ཀ༔ཐོག་པ་ཆེན་པོ་བདེ་གཤེགས་ཤེས་རབ་སེང་གེའམ་བླ་མ་སྤོབས་པ་མཐའ་ཡས་(༡༡༢༢-༡༢༠༤)ཀྱིས།  དགུང་ལོ་”བདུན་པ་དང་བརྒྱད་པར་བཟོ་ཡི་གནས་ལྷ་འབྲི་བཞེངས་དང་། སྨན་རྒྱུད་རྒྱ་ནག་ནས་བྱུང་བ། འཕགས་པ་ཀླུའི་གསོ་བ་ཡན་ལག་བརྒྱད་པ་སོགས་དང་། སྤོར་ཐང་རྩིས་ཀྱི་གབ་རྩེ། སྨྲ་སྒོ། ཐོན་མིའི་སུམ་ཅུ་པ་དང་རྟགས་འཇུག སྨན་མདོ། སྐུ་གཟུགས་ཆགས་ཚད། ཚིག་རྒྱན་ཉི་ཤུ་པ། རང་བཞིན་དགེ་བཅུ་གཏན་འབེབས། འཇིག་རྟེན་ལུགས་ཀྱི་བསྟན་བཅོས། རྒྱལ་པོའི་ཁྲིམས་ཀྱི་ཡི་གེ་བཅས་པ་ཡབ་ཀྱི་དྲུང་ནས་སྦྱངས་”[3]པའི་ཚུལ་སོགས་ཁོང་གི་དངོས་སློབ་ཡིན་པ་དགེ་སློང་ལྡིང་པོ་པས་མཛད་པའི་<<ཤར་ཀཿཐོག་པ་དམ་པ་བདེ་བར་གཤེགས་པའི་རྣམ་ཐར་བསྡུས་པ་གྲུབ་མཆོག་རྗེས་དྲན་>>ཞེས་པར་མངོན་པར་གསལ་ལ།  རྣམ་ཐར་འདི་ཁུངས་སུ་བརྟེན་པ་ཡིན་མིན་ཅི་ཆ་སྟེ། ཕྱིས་སུ་ཀ༔ཐོག་མཁན་པོ་འཇམ་དབྱངས་རྒྱལ་མཚན་ཞེས་པས་མཛད་པའི་<<རྒྱལ་བ་ཀ༔ཐོག་པའི་ལོ་རྒྱུས་མདོར་བསྡུས་>>ཞེས་པ་རུའང་།  “དགུང་ལོ་དྲུག་ནས་དགུའི་བར་ཡི་གེ་འབྲི་ཀློག་དང་། སྐུ་གཟུགས་ཆག་ཚད། ལྷ་འབྲི་བཟོ། གསོ་རིག་གསར་རྙིང་། རྩིས་དཀར་ནག སུམ་རྟགས་སོགས་བརྡ་དག འཇིག་རྟེན་ལུགས་ཀྱི་བསྟན་བཅོས། རྒྱལ་པོ་ལུགས་ཀྱི་ཁྲིམས་སོགས་ལ་བསླབ་སྦྱོང་མཛད་”[4] པའི་ཚུལ་རྣམ་ཐར་གོང་མ་དང་གཅིག་མཚུངས་སུ་གསལ་བ་བཅས་ཀྱིས་ས་སྐྱ་པཎ་ཆེན་མ་བྱོན་པའི་ཡར་སྔོན་དུ་ཐོན་མིའི་སུམ་རྟགས་ཡོད་པར་མ་ཟད།  དེ་ལ་གསན་སྦྱོང་གནང་བའི་སྲོལ་ཀྱང་ཡོད་པ་སོགས་གོང་གི་ལུང་དེས་ཚེགས་ཆུང་ངུས་རྟོགས་སླ་བ་དེ་ག་ལགས་ལ།  ཡང་རིགས་པའི་ལམ་ནས་ཀྱང་འགྲུབ་སྟེ།  ལོ་ཆེན་ནམ་མཁའ་བཟང་བོའི་རྟགས་འཇུག་གི་མཇུག་བྱང་དུ།  “ལེགས་བཤད་རྣམ་འབྱེད་བསྟན་བཅོས་ཆེན་པོ་འདི། །མིང་གི་མིང་ཚིག་གཏན་ལ་དབབ་པའི་ཕྱིར། །འཇམ་དབྱངས་རྣམ་འཕྲུལ་ཆེན་པོ་དེ་ཡིས་བཀོད། །ལོ་ཆེན་བློ་ལྡན་ཤེས་རབ་ཡན་ཆད་དུ། །འདི་དོན་རྟོགས་པ་ཁ་ཅིག་བྱོན་གྱུར་ཀྱང་། །འདི་ཡི་རྣམ་བཤད་འགྲེལ་པ་མ་མཛད་པས། །ཕྱི་ནས་འདི་དོན་རྟོགས་པ་མ་བྱུང་ཕྱིར། །བརྡ་རྣམས་འཁྲུགས་ཤིང་འཁྲུལ་བའི་ཕྲེང་བར་གྱུར། །ཕྲེང་བའི་རྒྱུན་འདི་རྒྱུན་དུ་མི་འཇུག་ཕྱིར། །འདི་ནི་བློ་བཟང་ནམ་མཁའ་བཟང་པོས་སྤེལ། །”[5]ཞེས་གསུངས་པ་ལས།  ལོ་ཆེན་བློ་ལྡན་ཤེས་རབ་ཡན་ཆད་དུ། །འདི་དོན་རྟོགས་པ་ཁ་ཅིག་བྱོན་གྱུར་ཀྱང་།།ཞེས་པས་ལོ་ཆེན་བློ་ལྡན་ཤེས་རབ་ཡན་ཆད་དུ་སུམ་རྟགས་ཀྱི་བསྟན་བཅོས་ཡོད་པ་རིགས་པས་དཔག་ནུས་ལ། དེ་ལྟར་ན།  ལོ་ཆེན་བློ་ལྡན་ཤེས་རབ་ནི་ཕྱི་ལོ་དུས་རབས་བཅུ་གཅིག་པའི་ནང་བྱོན་པ་(༡༠༥༩-༡༡༠༩)ཡིན་ཞིང་།  འཁྲུངས་འདས་ལོ་ཚིགས་ལྟར་ན།  ས་སྐྱ་པཎ་ཆེན་གྱིས་རྔོག་ལོ་ཙཱ་བའི་ཞབས་ཟིན་པ་ལའང་ལོ་བདུན་ཅུ་ལྷག་དགོས་པས་ན།  ས་པཎ་ཡར་སྔོན་དུ་སུམ་རྟགས་མེད་པར་འདོད་པ་ནི་དཔྱད་པ་རྩིང་རགས་སུ་སོང་བའི་བྱུང་རྒྱལ་གྱི་གཏམ་ཞིག་ཡིན་པ་ནི་མངོན་པར་གསལ་ལོ།།

གཉིས་པ།  ས་པཎ་ཡར་སྔོན་དུ་སུམ་རྟགས་ཀྱི་འགྲེལ་བ་མེད་པར་འདོད་པའི་ལོག་རྟོག་སུན་འབྱིན།

ཡང་འགའ་རེས།  ས་པཎ་གྱིས་མཛད་པའི་ཡི་གེའི་སྦྱོར་བ་ནི་སུམ་རྟགས་ཀྱི་འགྲེལ་བ་ཐོག་མ་ཡིན་པ་ལས།  དེའི་གོང་དུ་སུམ་རྟགས་ལ་འགྲེལ་བ་གཏན་ནས་མེད་པའི་ཁ་ཚོན་གཅོད་པའང་ཡོད་མོད།  ས་པཎ་གྱི་ཡི་གེའི་སྦྱོར་བ་ནི་ད་ལྟར་དངོས་སུ་འོ་ཅག་གི་མཇལ་སྐལ་དུ་བཞུགས་པའི་སུམ་རྟགས་ཀྱི་འགྲེལ་བ་དག་ལས་སྔ་ཤོས་དེ་ཡིན་པར་ཁས་ལེན་ཐུབ་ཀྱང་།  དེའི་ཡར་སྔོན་དུ་སུམ་རྟགས་ཀྱི་འགྲེལ་བ་གཞན་མེད་པའམ་མ་བྱུང་བར་ནི་ཁས་ལེན་མི་བཏུབ་སྟེ།  གོང་དུ་བརྗོད་པའི་ཇོ་བོ་རྗེའི་སྐུ་དུས་སུ་བྱོན་པའི་རོང་ཟོམ་ཆོས་བཟང་གི་དངོས་སློབ་རོང་བ་མེ་དཔུང་གིས་ཉེ་བར་བཏུས་ཤིང་། རོང་ཟོམ་སྐུ་དངོས་ཀྱིས་ཅུང་ཟད་རྒྱས་པར་མཆན་དུ་བཏབ་ཚུལ་གསལ་བའི་རོང་ཟོམ་གྱི་གསུང་རྩོམ་ཁག་གི་རྣམ་གྲངས་ཕྱོགས་གཅིག་ཏུ་བསྡུས་པ།  རྗེ་དྷརྨ་བྷ་དྲས་མཛད་པའི་ཆོས་ཀྱི་རྣམ་གྲངས་ཀྱི་ཐོ་ཡིག་ཅེས་པར།  “སྒྲའི་བསྟན་བཅོས་མང་པོ་བཞུགས།  སྨྲ་སྒོའི་འགྲེལ་བ།  གནས་བརྒྱད་ཀྱི་འགྲེལ་བ།  ཆུང་ངུའི་འགྲེལ་བ།  རྟགས་འཇུག་དོན་འགྲེལ། མཚམས་སྦྱོར་རབ་དབྱེ། སྔགས་བཀླག་པ།  གཞན་ཡང་ཡི་གེ་མང་དུ་ཡོད།  སྒྲའི་བསྟན་བཅོས་ཀྱི་ཡི་གེ་ཕལ་ཆེར་མར་བ་ཆོས་གྲགས་ཀྱི་དོན་དུ་མཛད་གསུངས་”[6] ཞེས་པ་ལྟར་ན།  རོང་ཟོམ་སྐུ་དངོས་ཀྱིས་མཛད་པའི་རྟགས་འཇུག་གི་འགྲེལ་བ་ཞིག་ཡོད་པར་གསལ་བ་དེས།  ས་པཎ་ཡར་སྔོན་དུ་སུམ་རྟགས་ཀྱི་འགྲེལ་བ་མེད་པར་ཁ་ཚོན་གཅོད་མི་ནུས་པ་ནམ་ལངས་ཉི་ཤར་གྱི་ཚུལ་དུ་རྟོགས་སླ་ལ།

ཡང་རིགས་པས་དཔྱད་ན།  གོང་དུ་དྲངས་པའི་ལོ་ཆེན་ནམ་བཟང་གི་སུམ་རྟགས་ཀྱི་མཇུག་ཏུ།  ལོ་ཆེན་བློ་ལྡན་ཤེས་རབ་ཡན་ཆད་དུ། །འདི་དོན་རྟོགས་པ་ཁ་ཅིག་བྱོན་གྱུར་ཀྱང་། །འདི་ཡི་རྣམ་བཤད་འགྲེལ་པ་མ་མཛད་པས། །ཕྱི་ནས་འདི་དོན་རྟོགས་པ་མ་བྱུང་ཕྱིར། །ཞེས་ལོ་ཆེན་བློ་ལྡན་ཤེས་རབ་ཡན་ཆད་དུ་སུམ་རྟགས་ཀྱི་བསྟན་བཅོས་ལ་རྣམ་བཤད་དང་འགྲེལ་བ་མ་མཛད་པར་གསུངས་པ་ལས།  ས་སྐྱ་པཎ་ཆེན་ཡན་ཆད་དུ་ཞེས་ས་སྐྱ་པཎ་ཆེན་གྱི་མཚམས་ནས་བཟུང་མེད་པ་དེས་ཀྱང་མ་མཐའ་ཡང་ས་པཎ་ཡར་སྔོན་དུ་སུམ་རྟགས་ཀྱི་འགྲེལ་བ་ཡོད་པར་ཤུགས་ཀྱིས་རྟོགས་ནུས་པར་འདོད་དོ།།

གསུམ་པ།  མཇུག་བསྡུ་བ།

རྩོམ་ཡིག་འདི་ཐོག་མའི་འབྲི་རྐྱེན་ནི་གོང་དུ་བརྗོད་པ་ལྟར་ཉེ་བའི་ཆར་དྲ་ལམ་ཁག་ཏུ་བྱུང་རྒྱལ་དུ་སྨྲ་བའི་རྩོམ་ཡིག་ཁག་ཅིག་ཕན་ཚུན་བརྒྱུད་སྐུར་ཤུགས་ཆེན་བྱེད་པ་ལ་བརྟེན་ནས་འདི་འདྲ་ཞིག་ལོགས་སུ་བྲི་འདུན་བྱུང་ཞིང་།  ཕྱིས་སུ་ཤེས་རབ་ཀྱི་ཚོམས་ཞེས་པའི་བརྡ་སྤྲོད་གླེང་ཚོམས་ཤིག་ཏུ་གྲོགས་པོ་ཞིག་གི་སྐུལ་ངོ་མ་བཟློག་པར་བརྡ་སྤྲོད་དང་འབྲེལ་བའི་སྐད་ཆ་འགའ་བཤད་པར་ཁས་ལེན་དགོས་བྱུང་སྐབས།  བརྗོད་གཞི་ཁ་བྱང་འདིའི་སྟེང་ནས་གོང་གི་ལུང་ཁུངས་དེ་དག་གསལ་བར་བསྟན་ཏེ་བཤད་ཁུལ་བྱས་པ་དག་ཚིག་གི་སྤྲོས་པ་དོར་ཏེ་འདི་ལྟར་རྩོམ་གྱི་ལུས་སུ་བསྡེབས་པ་ཡིན་ནོ།།

 

༢༠༡༨ ལོའི་ཟླ་ ༢  ཚེས་  ༢༠ ཉིན་ལོ་སར་གྱི་གུང་གསེང་དང་བསྟུན་ཏེ་སྦྱར་བའོ།།


རྟེན་ཁུངས།

[1] རོང་ཟོམ་ཆོས་བཟང་གི་རྣམ་ཐར།  <<རྗེ་ཉིད་ཀྱི་མཛད་རྣམ་ཡལ་འདབ་བཞི་བ།>>  ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་གིས་མཛད་པ་ལ་གཞི་བྱས་ཏེ་བྲིས་ཞེས་པའི་དབུ་ཅན་བྲིས་མ།  ལྡེབ་གྲངས།  ༢ ན  ཐིག་ཕྲེང་།  ༣ པར་གསལ།   ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དཔེ་རྟགས། [W18640]

[2] རོང་ཟོམ་ཆོས་བཟང་གིས་མཛད། <<རྒྱུད་རྒྱལ་གསང་བ་སྙིང་པོའི་འགྲེལ་བ་རོང་ཟོམ་ཆོས་བཟང་གིས་མཛད་པ་བཞུགས་སོ།།>> ཤིང་པར།  དགའ་ལྡན་ཕུན་ཚོགས་གླིང་གི་པར་མ།  ལྡེབ་གྲངས། ༡༠༨ ན  ཐིག་ཕྲེང་། ༦ པར་གསལ།   ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དཔེ་རྟགས། [W29619]

ཡང་འཇུ་མི་ཕམ་པས་དག་སྒྲིག་གནང་ཞིང་།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པའི་<<རོང་ཟོམ་ཆོས་བཟང་གི་གསུང་འབུམ།>> (པོད་དང་བོ།)  ཕྱི་ལོ་ ༡༩༩༩ ཟླ ལྔ་བར་དཔར། དཔར་ཐེངས་དང་བོ། ཤོག་ངོས། (P.195) རུ་གསལ།

[3] དགེ་སློང་ལྡིང་པོ་པས་མཛད། <<ཤར་ཀཿཐོག་པ་དམ་པ་བདེ་བར་གཤེགས་པའི་རྣམ་ཐར་བསྡུས་པ་གྲུབ་མཆོག་རྗེས་དྲན།>> ཤིང་པར།  སྣ་ཐུང་། ལྡེབ་གྲངས། ༤ བ  ཐིག་ཕྲེང་། ༥ པར་གསལ།   ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དཔེ་རྟགས། [W26096]

[4] འཇམ་དབྱངས་རྒྱལ་མཚན་གྱིས་མཛད།  [M]<<རྒྱལ་བ་ཀ་ཐོག་པའི་ལོ་རྒྱུས་མདོར་བསྡུས།>> (ཁྲིན་ཏུ།)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   ༡༩༩༦ ལོའི་ཟླ་དང་པོར་དཔར།  དཔར་ཐེངས་དང་པོ།  ཤོག་ངོས། (P.20) གསལ།

[5] སྒྲ་བ་ནམ་མཁའ་བཟང་བོས་མཛད།  <<རྟགས་ཀྱི་འཇུག་པའི་འགྲེལ་བ་མཁས་པའི་རྒྱན།>> [G]<<བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།>> པོད་དང་བོ། (ཁྲིན་ཏུ།)སི་ཁྲོན་བོད་ཡིག་དཔེ་རྙིང་སྡུད་སྒྲིག་ཁང་གིས་བསྒྲིགས།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ༢༠༡༤ ལོའི་ཟླ་ ༡༢ པ། དཔར་ཐེངས་དང་བོ། ཤོག་ངོས།(P.146) ཏུ་གསལ།

[6] རོང་ཟོམ་ཆོས་ཀྱི་བཟང་བོས་མཛད།  འཇུ་མི་ཕམ་པས་དག་སྒྲིག་གནང་།  [G]<<རོང་ཟོམ་ཆོས་བཟང་གི་གསུང་འབུམ།>> (པོད་གཉིས་པ།)  (ཁྲིན་ཏུ།)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༩ ཟླ ལྔ་བར་དཔར། དཔར་ཐེངས་དང་བོ། ཤོག་ངོས། (P.238) དུ་གསལ།


[གསལ་བཤད།]  རྩོམ་ཡིག་འདི་ནི་ཕྱི་ལོ་ 2017.11.25 ཉིན་ཤེས་རབ་ཀྱི་ཚོམས་ཞེས་པའི་བརྡ་སྤྲོད་གླེང་ཚོམས་ཤིག་ཏུ་གཏམ་བཤད་བྱས་པའི་ནང་དོན་གཞིར་བཟུང་སྟེ་ཕྱིས་སུ་འདི་ལྟར་རྩོམ་གྱི་ལུས་སུ་བགྱིས་པའོ།།