བཙན་པོའི་དུས་སུ་ལི་ཡུལ་མཐོང་ཁྱབ་ཀྱི་ནང་ཚན་ཏེ། བོད་སྐད་ལ་ཤ་ཅུ་དང་རྒྱ་སྐད་དུ་ཧྲ་ཀྲིག་(沙州)ཏུ་འབོད་པའི་ཏུན་ཧོང་ནི་ཀུསྟན་(ཤིན་ཅང་།)དང་མཚོ་སྔོན། སོག་ཡུལ་བཅས་དང་འབྲེལ་བའི་ཀན་སུའུ་ཞིང་ཆེན་གྱི་ནུབ་ཕྱོགས་སུ་ཆགས་པའི་གྲོང་ཁྱེར་ཞིག་ཡིན། དེའི་སྒྲ་བཤད་ལ་རྒྱ་ནག་གི་ཧན་ཤར་མའི་ཡུན་ཧྲའོ(应邵)ལགས་ཀྱིས་ཏུན་ནི་ཆེ་བ་དང་ཧོང་ནི་རྒྱས་པའི་དོན་ཡིན་པར་བརྗོད། ད་དུང་གནའ་སྔ་མོའི་མི་རིགས་གཞན་དང་གྷི་རིགས་ཀྱི་སྐད་དུ་བསམ་མཁན་ཡང་ཡོད་པར་མ་ཟད། བོད་སྐད་ཀྱི་སྟོང་དཔོན་དང་སྟོང་སྐུ། འདུ་ཁང་སོགས་ལས་ཟུར་ཆག་པར་འདོད་པའི་བཞེད་ལུགས་ཀྱང་མང་།

ཡུལ་འདི་ལ་དར་གོས་ཚོང་ལམ་སྟེང་གི་འོད་དུ་འཚེར་བའི་མུ་ཏིག་རྡོག་གཅིག་ཅེས་པའི་མིང་དོན་དང་མཚུངས་པའི་མཚན་སྙན་ཡོད་དེ། གནའ་བོའི་སྟག་གཟིག་དང་རྒྱ་གར་ནག་སོགས་ཀྱི་ཤེས་རིག་མི་འདྲ་བ་དག་གཞི་གཅིག་ཏུ་འདྲེས་ས་ཡིན་པར་རྒྱ་ནག་གི་ཏུན་ཧོང་སྨྲ་བ་ཚོས་བཤད། འཛམ་གླིང་ཤར་ནུབ་གཉིས་ཀྱི་རིག་གནས་བརྗེ་རེས་བྱེད་སའི་གྲོང་ཁྱེར་འདི་ནས་རྒྱ་ནག་གི་དར་གོས་དང་དཀར་ཆས།  ཇ་ལོ། གསར་གཏོད་རྣམ་བཞིས་མཚོན་པའི་ལག་རྩལ་མི་ཉུང་བ་ཞིག་ནུབ་ཕྱོགས་སུ་དྲངས་ཤིང་། དེ་བཞིན་དུ་ནང་བསྟན་སོགས་ཕྱི་ཡི་རིག་གནས་དང་། རོལ་ཆས་དང་སྔོ་ཚོད་རིགས་ཀྱིས་མཚོན་པའི་ཚོང་རྫས་གྲངས་མེད་ཅིག་ཀྱང་གནས་འདི་ནས་ནང་སར་དྲངས་ཏེ་ཨེ་ཤེ་ཡ་ཤར་མའི་ཡུལ་གྲུ་ཁག་གི་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་བླ་ལྷག་ཐོན་པས། གནའ་སྔ་མོར་གནས་འདི་ནི་རྒྱ་ནག་ལ་མཚོན་ན་ཐོག་མར་རིག་གནས་གསར་པ་འདྲེན་ཡུལ་ཞིག་ཀྱང་ཡིན་པ་རེད། མདོར་ན་ཡུལ་གྲུ་དེ་ནི་གནའ་དུས་སུ་དམག་དོན་དང་ཚོང་ལས། རིག་གནས་སོགས་ཕྱོགས་གང་ཐད་ནས་ཀྱང་གནས་འགངས་ཆེན་ཞིག་ཡིན་པར་མ་ཟད་ནང་བསྟན་གྱི་གནས་མཆོག་བྱིན་རླབས་ཆེ་ས་ཞིག་ཀྱང་ངོ་།།

ཁོ་བོ་དམའ་འབྲིང་འགྲིམ་དུས་བོད་ཡིག་སློབ་དེབ་ནས་སྐུ་ཞབས་དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བརྩམས་པའི་<གནའ་རབས་ཀྱི་རིག་གནས་སྒྱུ་རྩལ་གྱི་བང་མཛོད___ཏུན་ཧོང་>བསླབས་པ་ནས་བཟུང་། མ་འོངས་པར་རང་ཉིད་ཀྱང་གནས་དེར་ཐེངས་གཅིག་བསྐྱོད་འདོད་ཀྱི་འདུན་པ་རྟག་པར་སྐྱེས་མྱོང་། སྤྱི་ལོ་2012ལོར་ཕྲན་ལ་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱེད་པའི་སྐལ་བ་ཐོབ་པས། གུང་གསེང་གི་སྐབས་སུ་ཀན་སུའུ་ཞིང་ཆེན་གྱི་གནས་ཆེན་དག་ལ་ཡུལ་སྐོར་ལ་འགྲོ་བའི་འཆར་གཞི་དང་དམིགས་ཡུལ་ཞིག་བཟོས་པ་ཡིན། དེ་ནི་དཔེ་ཀློག་གི་འཇིག་རྟེན་དང་དངོས་ཡོད་ཀྱི་འཇིག་རྟེན་བར་ལ་ཧེ་བག་ཡོད་པ་དང་། ལྗོངས་རྒྱུ་འགྲིམས་པ་ནི་དཔེ་ཀློག་བཞིན་དུ་གལ་ཆེ་བའི་སློབ་གཉེར་བྱེད་ཐབས་ཤིག་ཏུ་བསམ་ཡོད་པས་ཡིན།  སྤྱི་ལོ་2014ལོའི་ལྔ་གཅིག་ངལ་རྩོལ་དུས་ཆེན་ལ་ཕྲན་དང་ཕ་ཡུལ་གཅིག་པའི་སྙན་ངག་པ་ཨ་ཁུ་སྒོ་རབ་རྒྱས་དང་ལྷན་དུ་གྲོང་ཁྱེར་ལན་གྲུ་ནས་མེ་འཁོར་ལ་བསྡད་དེ། ལེང་ཅུ་སྡེ་བཞི་དང་འབྲོང་ཡུལ་རྟ་རྨིག་དགོན་སོགས་བརྒྱུད་ནས་ཏུན་ཧོང་གི་སངས་རྒྱས་སྟོང་གི་བྲག་ཕུག་ལ་མཇལ་དུ་ཕྱིན་ཏེ། མེས་པོ་གོང་མ་རྣམས་ཀྱིས་གནས་དེ་ནས་ཞབས་རྗེས་ག་ཙམ་བཞག་པ་ལ་རང་ནུས་ཀྱིས་ཕྱིར་རྟོག་ལན་གཅིག་བྱེད་པའི་སྐལ་བ་བྱུང་། དེ་ལ་ཚན་ཆུང་བཞི་རུ་བཀར་ནས་བཤད་འདོད་ཅིང་ངལ་གསོའི་མཚམས་སུ་རྒྱང་རིང་གི་ཁྱེད་ལ་བརྗོད་འདོད་པའི་སྐད་ཆ་འགའ་ཡང་བར་དུ་བཅུག་ཡོད་པས་ཀློག་མཁན་རྣམས་ཀྱིས་རྡོ་ཆག་བཙན་སྒྲིག་གི་སྦྱོར་བར་བསམ་ན་གོ་ནོར་ཐེབས།

རྩྭ་ཐང་ལ་དུང་བ་སྐྱེས་པའི་ཁྱེད་རང་ལ་མཚོན་ན་མྱ་ངམ་ཐང་གི་ཏུན་ཧོང་དུ་བསྐྱོད་རྒྱུ་ནི་དམྱལ་ཁམས་འགྲིམས་པ་དང་འདྲ་སྲིད་ཡང་། ང་ལ་མཚོན་ན་ལྷ་ཡུལ་ལ་ལྟད་མོར་ཆས་པ་དང་གཉིས་སུ་མ་མཆིས་ལ། དེ་ནི་ཡུལ་གྲུ་དེར་གནའ་བོའི་ཤེས་རིག་གི་བང་མཛོད་ཅིག་ཡོད་པས་ཡིན།  

དང་པོ། བདག་པོ་ངོ་མ་སུ་ཡིན།

ཕྲན་གྱིས་མཐོང་བའི་ཡིག་ཚང་ཁག་ཏུ་གནའ་སྔ་མོར་ཏུན་ཧོང་གི་ཡུལ་དེར་གཞིས་ཆགས་ཤིང་འཚོ་བ་རོལ་བའི་མི་རིགས་ནི་སན་མའོ་དང་།(三苗) ཧོ་ཧྲོའོ་གོའུ་རིན།(火烧沟人) འཇང་རོང་།(羌戎) རུའུ་ཧྲི།(月氏ལ་ལས་འདི་བོད་དང་གྲུ་གུ་ཡིན་པར་བཞེད།) ཝུའུ་སུན་(乌孙)དང་ཞུང་ནུའུ་བ་སོགས་ཡིན་པར་བརྗོད།
སྤྱི་ལོ་སྔོན་གྱི་121ལོར་ཧན་ནུབ་མའི་གོང་མ་ཧན་ཝུའུ་ཏིའི་(汉武帝)སྐུ་རིང་ལ་དམག་སྤྱི་ཆེན་མོ་ཧོ་ཆོས་པིན་(霍去病)གྱིས་དམག་དྲངས་ཏེ་ཞུང་ནུའུ་མི་རིགས་ཕམ་པར་བཏང་བས། རྒྱ་ནག་པས་ཆེས་ཐོག་མར་ནུབ་བྱང་ས་ཁུལ་ཡོངས་སུ་དབང་བསྒྱུར་ཞིང་དེང་གི་ཝའུ་ཝེ་དང་ཅིའུ་ཆོན་ས་ཁུལ་དུ་རྫོང་བཙུགས་ཏེ། ཏུན་ཧོང་ཡང་རྫོང་ཕྱི་མའི་མངའ་ཁོངས་སུ་གཏོགས་པར་གྲགས། སྤྱི་ལོ་524ལོར་ཝེ་བྱང་མའི་དུས་སུ་ཏུན་ཧོང་ཞེས་པའི་མིང་དེ་བཀྭའ་ཀྲིག་ཏུ་བཅོས་པ་དང་། སེ་གུར་(581-618)གྱི་སྐབས་སུ། བྱང་གྲུ་གུས་ལི་ཡུལ་གྱི་བྱང་ཕྱོགས་དབང་བསྒྱུར་བ་དང་། འ་ཞས་མདོ་སྨད་དང་ལི་ཡུལ་གྱི་ལྷོ་ཕྱོགས་མངའ་ཞབས་སུ་བླངས་པས། སེ་དབྱང་ཏི་(隋炀帝)རྒྱལ་ཁྲིར་བཞུགས་རྗེས། འ་ཞ་དང་གྲུ་གུར་དམག་དྲངས་ནས་ཆམ་ལ་ཕབ་སྟེ་ཡང་བསྐྱར་རྒྱ་ནག་པའི་མངའ་རིས་སུ་བཅད།

1

ཐང་གུར་(618-907)གྱི་དུས་ལ་ཤ་ཅུ་ནི་བཀྭའ་ཀྲིག་(瓜洲)དང་ཐག་ཉེ་བའི་ས་ཆ་ཞིག་ཡིན་ལ། ཀྭ་ཆུའམ་བཀྭའ་ཀྲིག་ནི་དེ་དུས་སུ་ནུབ་བྱང་ས་ཁུལ་གྱི་སྲིད་འཛིན་ལྟེ་གནས་ཡིན་པས། སྤྱི་ལོ་727ལོར་བོད་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས་ཀྭ་ཆུ་མཁར་བཅོམ་མྱོང་བའི་ལོ་རྒྱུས་<ཏུན་ཧོང་གཏེར་ཡིག་>ལས་“ཡོས་བུའི་ལོ་ལ། བཙན་པོ་དབྱར་ཆབ་སྲིད་ལ་འ་ཞ་ཡུལ་དུ་གཤེགསྟེ། ཤུལ་དུ་དབའས་སུམ་པོ་སྐྱེས་བཀའ་གྱོད་ལ་ཆགས། རྒྱའི་མཁར་ཀྭ་ཆུ་སིན་ཅང་ཕབ།”ཞེས་འབྱུང་བ་དང་། <ཐང་ཡིག་གསར་རྙིང་>ལས་ཀྱང་“ཁེ་ཡོན་གྱི་ཁྲི་ལོ་བཅོ་ལྔའི་ཟླ་དགུ་བར། བྷོད་ཀྱི་དམག་དཔོན་ཆེན་མོ་སྟག་སྒྲ་ཁོང་ལོད་དང་། འབྲོ་ལུང་མང་པོ་རྗེ་བྱ་བ་གཉིས་ཀྱིས་བཀྭའ་ཀྲིག་ཏུ་དམག་དྲངས་ཏེ། དེ་གའི་ཚི་ཧྲི་ཐེན་ཡོན་ཞན་དང་ཝང་ཅུན་ཡོ་ཡབ་ཝང་ཧྲིག་གཉིས་བཟུང་། མཁར་དུ་ཡོད་པའི་རྒྱུ་ནོར་རྣམས་འཕྲོག་སྟེ་འཁྱེར། མཁར་ཀྱང་བཤིག་སྟེ་ཕྱིར་ལོག་”ཅེས་གསལ། བོད་བཙན་པོའི་དམག་དཔུང་གིས་ཏུན་ཧོང་མཁར་ཇི་ལྟར་ཕབ་པའི་ལོ་རྒྱུས་ནི་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བློན་ཞང་ཁྲི་སུམ་རྗེས་ཧྲ་ཀྲིག་ལ་དམག་བྱེད་དུ་མངགས་པ་དང་། ཧྲ་ཀྲིག་གི་དམག་དཔོན་ཡན་ཁྲའོ་(阎朝)བྱ་བས་ལོ་ངོ་8ལ་མཁར་སྲུང་ཡང་། མཐར་འབྲུ་མཚོན་རྫོགས་པས་འུ་ཐུག་ཐབས་ཟད་ཀྱིས་བྷོད་དམག་ལ་མགོ་བཏགས་ཚུལ་<ཐང་ཡིག་གསར་མ་>རུ་གསལ་ཞིང་ལོ་དེ་ནི་སྤྱི་ལོ་781ལོར་ཡིན་པར་བཞེད། སྤྱི་ལོ་848ལོར་དེ་གའི་དམག་དཔོན་ཀྲང་ཡོས་ཁྲའོ་(张议潮)ཡིས་གྱེན་ལོག་བྱས་ཏེ་བྷོད་དམག་རྣམས་མཐར་བསྐྲད། སྐུ་ཞབས་དོན་གྲུབ་རྒྱལ་གྱིས་བོད་བཙན་པོས་ཏུན་ཧོང་ལ་མི་ལོ་67ལ་དབང་བསྒྱུར་པར་བརྗོད་པ་དེ་རྒྱ་ཡིག་གི་ཡིག་ཚང་ཕལ་ཆེ་བ་དང་ཞལ་མཐུན། འདི་དང་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང་ཁོ་བོའི་ཤེས་ཚོད་ཀྱིས་མི་ལྕོགས་པས་མོས་འདུན་ཡོད་པ་དག་ལ་ལས་འཕྲོར་བསྐྱུར་ཡོད།

2     

སྤྱི་ལོ་1036ལོར། མི་ཉག་པས་མངའ་རིས་སུ་བླངས་ཤིང་ཏུན་ཧོང་མི་ལོ་191ལ་དབང་བསྒྱུར།

སྤྱི་ལོ་1227ལོར། སོག་པོ་ཇིང་གུར་བས་དམག་དྲངས་ཏེ་ཕབས།

སྤྱི་ལོ་1372ལོར། མིང་གུར་གྱི་མངའ་ཞབས་སུ་གྱུར།

སྤྱི་ལོ་1539ལོར། ཏ་མིང་གོང་མས་ཁ་རུབ་སྒོ་བཅད་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ཅཱ་ཡོས་ཀྭན་འགག་སྒོ་བརྒྱབ་པ་ནས་བཟུང་མི་ལོ་བརྒྱ་ཕྲག་མང་བོར་ཏུན་ཧོང་གཙོ་བྱས་པའི་ལི་ཡུལ་ས་ཆ་ལ་བདག་དམ་མ་བྱས་པར་གསལ། སྤྱི་ལོ་1911ལོར་མན་ཇུ་སྲིད་གཞུང་མཇུག་སྒྲིལ་རྗེས་རྒྱལ་དམངས་སྲིད་གཞུང་དང་དེའི་ཕྱིས་སུ་སྤྱི་ལོ་1949ལོའི་སྤྱི་ཟླ་9པའི་ཚེས་29ཉིན་དམར་དམག་གིས་བཟུང་བའོ།། ཀྱེ། ཀློག་མཁན་ལགས། ཏུན་ཧོང་གི་བདག་པོ་སུ་ཡིན་པ་དེ་རང་རང་གིས་དཔྱད་པར་འཚལ། ཁོ་བོར་དེ་ལ་སྡོམ་ཚིག་འཇོག་པའི་བློ་གྲོས་ཀྱིས་སྟོང་།

འུ་གཉིས་ཀྱིས་བལྟ་བར་མོས་པའི་<ཐང་སིན་བླ་མའི་རྟོགས་བརྗོད་>ནང་གི་དགེ་སྦྱོང་ཞོན་ཙང་མཆོག་སྨད་རྒྱ་ནག་གི་ཁྲང་ཨན་མཁར་ནས་ལམ་ལ་ཆས་ཏེ། ཏུན་ཧོང་གི་ཉེ་ས་ཀྭ་ཆུ་མཁར་བརྒྱུད་ནས་སྟོད་རྒྱ་གར་གྱི་དཔལ་ནཱ་ལེནྡྲར་བསླབ་པ་སློབ་གཉེར་ལ་བསྐྱོད་མྱོང་། འུ་གཉིས་ཀྱིས་བཀླགས་མ་མྱོང་བའི་<མཱ་ཁི་པོ་ལོའི་ཡུལ་སྐོར་ཟིན་ཐོ་>ཡི་རྩོམ་མཁན་མཱ་ཁི་པོ་ལོ་ཡང་ནུབ་ཕྱོགས་ཝེ་ཉི་སི་གྲོང་ཁྱེར་ནས་ལམ་ལ་ཆས་ཏེ། ཏུན་ཧོང་མཁར་བརྒྱུད་ནས་ཤར་ཕྱོགས་སེ་ཆེན་རྒྱལ་བོའི་ཕོ་བྲང་དུ་བྱོན་སྐད།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རི་མོ་བ་དཔལ་དབྱངས་དང་ཡེ་ཤེས་དབྱངས་སོགས་ཀྱང་གནས་འདིར་ཞབས་ཀྱིས་བཅགས་ཏེ་ཐུ་བྷོད་ལུགས་ཀྱི་ལྡེབས་རིས་དག་བྲིས་པར་བཤད། <མདོ་མཛངས་བླུན་>དང་<ལང་ཀར་གཤེགས་པའི་མདོ་>སོགས་བོད་ཡིག་ལ་སྒྱུར་མཁན་འགོས་ལོ་ཙཱ་བ་ཆོས་གྲུབ་ཀྱིས་ཏུན་ཧོང་ཡུལ་ནས་མི་ལོ་20ལྷག་ལ་རྒྱ་བོད་ཀྱི་བུ་སློབ་བརྒྱ་ཕྲག་མང་བོ་བརྩེ་བས་བསྐྱངས་པ་ཁྱེད་ལའང་གསལ་ཆ་ཡོད་ངེས། ད་དུང་ཉེ་བའི་དུས་རབས་གཅིག་གི་གོང་དུ་ང་དང་ཕ་ཡུལ་མི་ཚད་མིང་ཡང་གཅིག་པའི་ལྷ་རིས་པ་ཞིག་ཀྱང་། རྒྱ་ནག་གི་རི་མོ་པ་ཀྲང་ཏ་ཆན་(张大千)དང་ལྷན་ཏུ་བྲག་ཕུག་360ཡི་ལྡེབས་རིས་ལ་གབ་རིས་ལངས་མྱོང་བ་ཁྱེད་ལ་གསལ་ཆ་ཡོད་སྲིད་དམ། ངས་འདི་སྐད་གླེང་དུས་རྒྱང་རིང་གི་ཁྱེད་ཀྱིས་ཉན་པར་མོས་མིན་ང་ལ་གདེང་ཚོད་ཅི་ཡང་མི་འདུག་ཨང་།

གཉིས་པ།   འཛམ་གླིང་གཡས་བཞག 

སྤྱི་ལོ་2014ལོའི་སྤྱི་ཟླ་5པའི་ཚེས་2ཉིན་གྱི་སྔ་དྲོར། མའོ་ཀོ་ཁུའུ་བྲག་ཕུག་གི་རླངས་འཁོར་འབབ་ཚུགས་ཀྱི་ཐང་ཆེན་ནས་སྟེས་དབང་གིས་མཐོ་འབྲིང་གི་དགེ་རྒན་ཤ་བོ་ཚེ་བརྟན་དང་ནམ་མཁའ་ཚེ་རིང་སོགས་ལ་ཕྲད་པས་ཁོང་ཚོ་དང་ལྷན་དུ་སངས་རྒྱས་སྟོང་གི་བྲག་ཕུག་ལ་མཇལ་དུ་ཕྱིན། འོན་ཏེ་དམངས་སྒོར་160ཡི་འཛིན་བྱང་གིས་བྲག་ཕུག་10གྲངས་ཙམ་ལས་ཉེ་མཇལ་བྱེད་མ་ཐུབ་པས་སེམས་སྐྱོ་བོ་བྱུང་། སྤྱི་ཟླ་5པའི་ཚེས་4ཉིན་ཁོ་བོ་གཅིག་པུ་ཡང་བསྐྱར་ཏུན་ཧོང་གྲོང་ཁྱེར་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་སངས་རྒྱས་སྟོང་གི་བྲག་ཕུག་གི་ཕྱོགས་སུ་ཆས་པ་ཡིན། ཉིན་དེར་ཐེངས་སྔོན་མ་ལྟར་ཡུལ་སྐོར་བ་མང་བོ་ཞིག་མི་འདུག་ལ། རང་ཉིད་ཀྱང་སྣེ་ཤན་པས་མཛུབ་ཁྲིད་ལ་མ་རེ་བར་རང་དབང་ངང་སོས་དལ་མོས་བྲག་ཕུག་20ལྷག་ལ་མཇལ་ཐུབ་པས་སྤྲོ་བས་བརྟས།


རྒྱང་རིང་ནས་བལྟས་ན་མི་ཆེན་ཞིག་གིས་སྟ་རེས་གཤེག་པ་ལྟ་བུའི་བྲག་ངོས་ན་སྦྲང་ཚང་ལྟར་གནས་པ་ནི་འཛམ་གླིང་ཤར་ནུབ་གཉིས་ན་སྐད་གྲགས་ཡོད་པའི་མའོ་ཀོ་ཁུའུ་བྲག་ཕུག་(莫高窟)བྱ་བ་དེ་རེད། དེ་ལའང་ལྷོ་བྱང་གཉིས་སུ་ཕྱེ་བའི་ལྷོ་ཁུལ་ནི་སངས་རྒྱས་ཀྱི་སྨན་སྐུ་དང་ལྡེབས་རིས་མཆིས་སའི་བྲག་ཕུག་དང་། བྱང་ཁུལ་ནི་ཉེ་ལམ་ཆེད་མཁས་པས་རྟོག་ཞིབ་བྱས་པ་ལྟར་ན་གནའ་སྔ་མོར་ཡུལ་འདིའི་བཙུན་པ་དང་བཟོ་བོ་རྣམས་ཀྱི་སྡོད་གནས་ཡིན་པར་བརྗོད། གནས་འདིའི་ཆེས་ཐོག་མའི་བྲག་ཕུག་ནི་སྤྱི་ལོ་དུས་རབས་4པ་ཙམ་ལ་རྣལ་འབྱོར་བ་ལི་ཙོན(乐尊)བྱ་བས་སྒྲུབ་པ་ཉམས་ལེན་ལ་གཞོལ་དུས་རི་བོ་མིན་ཧྲ་ཧྲན་(鸣沙山)ནས་འོད་ཟེར་ཞིག་འཕྲོས་པའི་རྟགས་དང་རྟེན་འབྲེལ་གྱིས་བརྐོས་པར་གྲགས། དེའི་རྗེས་སུ་ཆུ་ཐིགས་བསགས་པའི་རྒྱ་མཚོ་ཇི་བཞིན་མི་ལོ་1000ལྷག་བརྒྱུད་པའི་མཐར་བྲག་ཕུག་ཆེ་ཆུན་མི་འདྲ་བ་1000ཙམ་བརྐོས་པས་སངས་རྒྱས་སྟོང་གི་བྲག་ཕུག་ཅེས་འབྲེལ་བ་རྒྱུ་མཚན་དུ་བྱས་པའི་རྗེས་གྲུབ་ཀྱི་མིང་ཞིག་ཀྱང་ཐོགས།

3

རྒྱ་ནག་ལོ་རྒྱུས་ལས་སེ་གུར་དང་ཐང་གུར་གཉིས་ནི་སྲིད་འབྱོར་རིག་གསུམ་གང་ཐད་ནས་ཀྱང་དར་རྒྱས་ཆེ་བའི་ཚོད་དེ། སྟོབས་འབྱོར་མངའ་ཐང་གིས་བྲག་ཕུག་མང་བོ་བརྐོས་པའི་ལྷན་ཅིག་བྱེད་རྐྱེན་དུ་གྱུར་བས་སེ་གུར་གྱི་སྐབས་སུ་བྲག་ཕུག་94དང་ཐང་གུར་གྱི་དུས་ལ་279བརྐོས་འདུག སྣེ་ཤན་པས་ཐང་གུར་གྱི་དུས་སུ་ཐུ་བྷོད་པས་ཏུན་ཧོང་མི་ལོ་60ལྷག་ལ་དབང་སྒྱུར་བས་དེ་དུས་ནི་ཆེས་གདུག་རྩུབ་དང་མུན་ནག ཀླ་ཀློ་ཡི་དུས་སྐབས་ཤིག་ཡིན་པར་འགྲེལ་བརྗོད་བྱས། སྐད་ཆ་དེས་ང་ལ་<ཏུན་ཧོང་ཡིག་རྙིང་>དུ་བློན་ཆེན་པོས་བྷོད་དམག་ལ་རྒྱ་ཤ་ཅུ་བའི་བུ་མོ་འཕྲོག་མི་ཆོག་པའི་ཕྱག་རྒྱ་བཀྲམ་པ་དེ་དང་<ཐང་ཡིག་གསར་རྙིང་>ལས་བྷོད་ཀྱིས་ཏུན་ཧོང་གི་རྒྱ་མི་སེར་ལའང་བོད་ལྭ་གྱོན་པའི་མི་ཚད་བོད་སྐད་ཀྱང་བཤད་དུ་བཅུག་པའི་ལོ་རྒྱུས་དྲན་དུ་བཅུག བཙན་པོའི་སྐབས་སུ་བྲག་ཕུག་55བརྐོས་པ་དང་བསྐྱར་དུ་ཞིག་གསོ་བྱས་པའི་བྲག་ཕུག་ཀྱང་36ལྷག་ཡོད། འབྲེལ་ཡོད་ཡིག་ཆ་ལྟར་ན་ད་ལྟ་གནས་འདིར་ཁྱོན་བསྡོམས་པའི་བྲག་ཕུག་492དང་ལྡེབས་རིས་རྨིད་གྲུ་བཞི་མ་45000ལྷག སྨན་སྐུ་2000ལྷག་བཞུགས་པར་བཤད། སྣེ་ཤན་པས་པར་ཆས་ཀྱི་འོད་དང་ཡུལ་སྐོར་བ་རྣམས་ཀྱི་དབུགས་འབྱིན་རྔུབ་སོགས་ཀྱི་རྐྱེན་ཕྲ་མོས་ཀྱང་བྲག་ཕུག་ནང་གི་ལྡེབས་རིས་ཀྱི་ཚོན་མདངས་བསྒྱུར་བར་བཤད་པས། པར་རྒྱག་མི་ཆོག་པ་དང་བྲག་ཕུག་མང་ཆེ་བའི་སྒོ་བརྒྱབ་པའང་དེ་ཡིན་ཞེས་བརྗོད་པ་ན། དབང་དང་ངོ་མེད་པའི་ཨ་ཁུ་ངེད་གཉིས་ལ་བོད་བཙན་པོའི་སྐབས་སུ་བཞེངས་པའི་བྲག་ཕུག་རེ་གཉིས་ལས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ལྡེབས་རིས་སོགས་ལ་མཇལ་བའི་སྐལ་བ་མ་བྱུང་། (ཚན་ཆུང་འདིའི་པར་རྣམས་ནི་དེབ་ལས་བླངས།)   

4

བྲག་ཕུག་བརྐོ་བའི་རིག་གནས་འདིའི་ཐོག་མའི་འབྱུང་ཁུངས་ནི་གནའ་བོའི་རྒྱ་གར་ཡིན་པ་དང་དར་ལམ་བརྒྱུད་ནས་ལི་ཡུལ་དང་ཡུལ་གྲུ་འདི་ཉིད་དུ་རྒྱ་ཆེར་དར་ཞིང་། སྨན་སྐུ་བཞེངས་རྩལ་གྱི་ཆ་ནས་ཀྱང་གྷི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དྲི་ཟའི་བཟོ་རྩལ་གྱི་ཤུགས་རྐྱེན་ཟབ་མོ་ཐེབས། ཁོར་ཡུག་གི་དབང་གིས་གནས་འདིའི་རྡོ་གཤིས་སོབ་སོབ་ཅན་ཡིན་པས་བྲག་ཕུག་རྐོ་སླ་བ་ལས་རྡོ་སྐུའི་རྒྱུ་རུ་མི་རུང་ཞིང་། བྲག་ཕུག་མཐའ་དག་གི་སྐུ་འདྲ་རྣམས་འདམ་སྐུ་ཡིན་པའང་རྒྱུ་རྐྱེན་དེ་ལ་ཐུག་པར་གྲགས།

5

ལྡེབས་རིས་རྣམས་ནི་སངས་རྒྱས་བྱང་སེམས་ཀྱི་སྐྱེས་རབས་སོགས་ཀྱིས་གང་འདུག་ཀྱང་ཆོས་ལུགས་གཅིག་པུ་ཙམ་མིན་པར་ཡུལ་འདིའི་འདས་སོང་ལ་ལྟ་བྱེད་ཀྱི་མེ་ལོང་ལྟ་བུ་ཞིག་ཏུ་གྱུར་པས། སྐབས་དེའི་མི་རྣམས་ཀྱི་མཛེས་དཔྱོད་ལྟ་ཚུལ་དང་ཡུལ་སྲོལ་གོམས་གཤིས།  དམག་གི་ཡོ་ལང་དང་ཕོ་ཉ་འགྲོ་འོང་སོགས་ལ་ཞིབ་འཇུག་བྱེད་སའི་དཔང་པོ་ཉིད་དུ་འཁུམས།

སྤྱི་ལོ་1987ལོར་གནས་འདི་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རྩལ་རིག་ཚོགས་(科教文组织)ཀྱིས་མིའི་རིགས་ཀྱི་རྩ་ཆེའི་ཤུལ་བཞག་རིག་གནས་སུ་བདམས་པས་ཤར་ཕྱོགས་ཀྱི་སྒྱུ་རྩལ་ཞིང་ཞེས་བསྔགས་པ་དང་། ཁོ་བོས་ཀྱང་བོད་མིས་འདོགས་སྟངས་ལྟར་“འཛམ་གླིང་གཡས་བཞག་”ཅེས་འདོགས་འདོད་བྱུང་།
བྲག་ཕུག་ཨང་16པའི་ནང་ལོགས་སུ་མཆིས་པའི་བྲག་ཕུག་ཨང་17པ་ནི་ཡུལ་སྐོར་བ་རྣམས་ངེས་པར་མཇལ་འོས་པ་དང་ཏུན་ཧོང་སྨྲ་བ་དག་གིས་ངེས་པར་གླེང་དགོས་པའི་གཏེར་ཡིག་ཕུག་པ་བྱ་བ་དེ་ཡིན། སྣེ་ཤན་པས་ཁང་མིག་གཅིག་ལས་མེད་པའི་ཕུག་པ་དེ་ཇི་ལྟར་རྙེད་ཚུལ་རགས་ཙམ་དང་། དཔེ་རྙིང་རྣམས་ཕྱི་རྒྱལ་ལ་ཇི་ལྟར་འཁྱར་ཚུལ་གྱི་ལོ་རྒྱུས་མང་ཙམ་ལས། དཔེ་རྙིང་འབོར་ཆེན་ཅིའི་ཕྱིར་བྲག་ཕུག་ཏུ་སྦས་རྐྱེན་ཐད་ལ་ཚིག་གཅིག་ཀྱང་མ་གླེང་བས་ཁོ་བོས་ས་བཅད་རྗེས་མར་དཔེ་ཀློག་ལས་རྙེད་པའི་ཤེས་བྱས་དེའི་སྟོང་ཆ་བསྐང་བར་བྱ།

6

གལ་ཏེ་ང་རང་ནི་རི་མོ་བ་ཞིག་དང་། འཇིམ་བཟོ་བ་ཞིག བཟོ་བཀོད་པ་ཞིག ལོ་རྒྱུས་སྨྲ་བ་ཞིག གནའ་དཔྱོད་པ་ཞིག ཞབས་བྲོ་བ་ཞིག རོལ་མོ་བ་ཞིག དམངས་སྲོལ་རིག་པ་བ་ཞིག ཏུན་ཧོང་རིག་པ་བ་ཞིག་ཡིན་ཚེ། ངས་བྲག་ཕུག་ནང་གི་ལྡེབས་རིས་དང་སྨན་སྐུ་རྣམས་ལ་ཉམས་ཞིབ་བྱས་ཏེ། ཡུལ་འདིའི་རི་མོ་དང་བཟོ་བཀོད་ཀྱི་འཕེལ་རིམ་ལ་རྒྱུས་ལོན་ཟབ་མོ་ཞིག་བྱ་འདོད། ལྡེབས་རིས་ལས་མངོན་པའི་མེས་པོ་དག་གི་རྟོགས་བརྗོད་ལས་མི་ལོ་1000ཡར་སྔོན་གྱི་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་སོགས་ལ་རང་ནུས་ཀྱིས་ཞིབ་འཇུག་བྱ་འདོད། ད་དུང་ལྡེབས་རིས་ལས་གསལ་བའི་མཆོད་པའི་ལྷ་མོ་དག་གི་གར་སྟབས་དང་མཁའ་འགྲོ་མ་དག་གི་སྒེག་ཉམས་བརྒྱུད་ནས་ཏུན་ཧོང་གི་ཞབས་བྲོ་ལ་ཡང་སྔར་མེད་ཀྱི་མདངས་ཤིག་བྱུག་འདོད།

དེ་བཞིན་དུ་ང་རང་ནི་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན་ཚེ། ངས་ཤ་ཅུ་རྩེ་རྗེས་ཏུན་ཧོང་ཡུལ་ནས་འཁྲབ་པའི་དཔའ་མཛངས་དེས་གསུམ་གྱི་གཏམ་རྒྱུད་དག་བརྙན་ལ་ཕབ་འདོད་ལ། ང་རང་ལོ་ཙཱ་བ་ཞིག་ཡིན་ཚེ། ངས་རྒྱ་ནག་གི་ཤེས་ཡོན་པ་རྣམས་ཀྱིས་བརྩམས་པའི་ཏུན་ཧོང་རིག་པའི་སྐོར་གྱི་ཆེད་རྩོམ་ལེགས་གྲས་དག་བོད་ཡིག་ཏུ་བསྒྱུར་ཏེ་ཀློག་པ་པོ་རྣམས་ལ་སྐྱེས་སུ་བཏེགས་འདོད། འོན་ཀྱང་ཁྱེད་རང་ལ་གསལ་ཆ་ཡོད་པ་ལྟར་དུ་ཕོ་ལོ་22ལ་སོན་པའི་ང་ནི་ཅི་ཡང་མ་འཇོན་པས་ཅི་ཡང་མ་རེད། དེ་བས་ངས་ད་དུང་ཐོས་པ་འཚོལ་ན་འོས། བདག་གི་སེམས་གྲོགས་ལགས།

7

 

གསུམ་པ།  ནོར་ཉམས་ཟིན་པའི་ནོར་བུ། 

སྤྱི་ལོ་1900ལོའི་སྤྱི་ཟླ་6པའི་ཚེས་22ཉིན་གྱི་ཞོགས་པར། ཏའོ་ལུགས་པའི་བཙུན་པ་ཝང་ཡོན་ལུའུ་(王圆箓)ལགས་ཀྱིས་ཞོར་ལས་པ་ཚོ་དང་མཉམ་དུ་བྲག་ཕུག་ཨང་16པར་ལོ་ངོ་གྲངས་མེད་ལ་རླུང་གིས་སྤུངས་པའི་བྱེ་མ་མཐའ་དག་གཙང་ཕྱགས་ལ་བྲེལ་དུས། གློ་བུར་དུ་ས་ཡོམ་བྱུང་བ་ལྟ་བུའི་སྒྲ་ཞིག་གྲགས་པ་དང་ལྷན་བྲག་ཕུག་གཡས་ཕྱོགས་ཀྱི་ལྡེབས་རིས་ལ་གས་སྲུབས་ཤོར་བས། དེར་ཡོད་ཀྱི་མི་རྣམས་འུར་ཟིང་ངང་ཕྱི་རུ་བྲོས། འོན་ཀྱང་ཞོགས་པ་དེ་ནི་ནམ་རྒྱུན་གྱི་ཞོགས་པ་དང་འདྲ་བར་ལྷིང་ཞིང་འཇགས་ལ། ཉི་མ་ཡང་འོད་ལམ་མེར་ཨ་སྔོན་དབྱིངས་སུ་དལ་གྱིས་འཛུམ་པ་དེས་ཁོ་ཚོའི་དགོས་མེད་ཀྱི་འཚུབ་ཆ་དེ་ལ་ཁོང་དགོད་ཤོར་བ་དང་འདྲ། ཕྱིར་བྲག་ཕུག་ཏུ་ལོག་སྟེ་ཞིབ་མོར་བལྟས་ཙ་ན་ལྡེབས་རིས་ཀྱི་གས་ཀ་ཇེ་ཆེ་ནས་ཇེ་ཆེར་ཕྱིན་པས། ལག་པས་གྱང་ལ་རྡུང་བ་ན་ཕར་ནང་སྟོང་བ་ཡིན་པར་རྗེས་དཔགས་བྱུང་བས། བཙུན་པ་ཝང་གི་སེམས་ལ་འདིའི་ནང་ནི་རིན་ཆེན་གཏེར་མཛོད་ཅིག་ཡིན་པར་བསམ་སྟེ་གྱང་བཤིག་པ་ན། ཁོང་གི་མིག་ལམ་དུ་དཔེ་རྙིང་འབོར་ཆེན་མ་འཁྲུགས་པར་བརྩིགས་ཤིང་།རི་མོ་དང་གོས་དྲུབ།ཟངས་སྐུ་དང་མཆོད་ཆས་མང་པོ་མངོན་པར་གྲགས།

8   

ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པའི་ཉིན་མོ་དེར་གཏེར་འདོན་པ་ཝང་གིས་མྱ་ངན་ཐང་ཆེན་པོའི་དཔེ་མཛོད་ཁང་གི་སྒོ་གླེགས་སྟེས་དབང་གིས་ཕྱེས་པ་ནས་བཟུང་། མིའི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ངོས་སུ་ཝང་ཡོན་ལུའུ་ཞེས་པའི་ཕལ་བའི་མིང་ཞིག་ཀྱང་ཏུན་ཧོང་གླེང་དུས་ངེས་པར་གླེང་དགོས་པ་ཞིག་ཏུ་གྱུར།

བཙུན་པ་ཝང་གིས་རྙེད་པའིི་གཏེར་ཡིག་ཕུག་པའི་དཔེ་རྙིང་ཁྲོད་དུ་རྒྱ་ཡིག་དང་བོད་ཡིག ལེགས་སྦྱར་གྱི་ཡི་གེ སྟག་གཟིག་གི་ཡི་གེ གྲུ་གུའི་ཡི་གེ་སོགས་མི་རིགས་10ལྷག་གི་སྐད་ཡིག་གིས་བརྩམས་པའི་དཔེ་རྙིང་50000ལྷག་མཆིས་པ་དང་། བརྗོད་བྱའི་ཐད་ནས་ཆོས་ལུགས་དང་། ཆབ་སྲིད་དང་། དཔལ་འབྱོར་དང་། ལོ་རྒྱུས་དང་།  རྩོམ་རིག་དང་། སྒྱུ་རྩལ་དང་། དམག་དོན་དང་། ཁྲིམས་ལུགས་དང་།  མཚན་ཉིད་རིག་པ་དང་། སྐད་བརྡ་རིག་པ་དང་། གསོ་རིག་དང་། གྲངས་རིག་དང་།  སྐར་རྩིས་དང་། ཚན་རིག་ལག་རྩལ་དང་། མི་རིགས་དུ་མའི་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཡིག་ཚང་ཡང་འདུས་པར་བཤད། འུ་ཅག་གི་“རྒྱལ་བོའི་དུས་ཀྱི་བོད་མི་རང་གིས་བྲིས་ཏེ། བཅོས་བསྒྱུར་མཁན་གྱི་སྨྱུ་གུའི་རྩེ་མོས་མ་རེག་པར། ལོ་ཆིག་སྟོང་ཉེ་བའི་ཡུན་ལ་རྡོ་དང་བྱེ་མའི་འོག་ཏུ་གཟིམས་པའི་ཡིག་རྙིང་རྒན་པོ་ཀུན་ལ་ངོམ་དུ་རི་བ་”ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་བསྟོད་མྱོང་ཞིང་སྲོལ་རྒྱུན་མཁས་པ་རེ་འགས་“ཏུན་ཧོང་ཡིག་འཁྱར་”ཞེས་སྨད་མྱོང་བའི་<ཏུན་ཧོང་གཏེར་ཡིག་>ཀྱང་གཏེར་ཡིག་ཕུག་པ་འདི་ནས་རྙེད། འདི་དག་གི་དབང་གིས་ལོ་རྒྱུས་ཀྱི་རྫུན་གཏམ་འཇའ་རིས་མ་མང་བོ་ཞིག་གི་མཚང་བདེན་པའི་ཉི་ཟེར་གྱིས་བཅོམ་ཞིང་།འདི་དག་གི་རྐྱེན་གྱིས་སྔོན་བྱུང་གི་གསང་རྒྱ་མང་པོ་ཞིག་ཀྱང་ལྡེ་མིག་གིས་ལྕགས་ཟྭ་འབྱེད་པ་ལྟར་ཐག་སེ་ཕྱེས།

9

མདོར་ན། འདི་ཡི་རྐྱེན་ལས་ཏུན་ཧོང་རིག་པ་(敦煌学)ཞེས་ཤེས་རིག་གི་བང་མཛོད་དུ་ཡིད་བཞིན་ནོར་བུ་ཞིག་ལེགས་སྐྱེས་སུ་བསྣམས་སྐད། སྤྱི་ལོ་1907ལོ་སྟེ་བཙུན་པ་ཝང་གིས་གཏེར་ཡིག་ཕུག་པ་རྙེད་ནས་མི་ལོ་བདུན་འགོར་བའི་རྗེས་སུ་དབྱིན་ཇིའི་ས་ཁམས་རིག་པ་དང་གནའ་དཔྱོད་པ་སི་ཐན་དབྱིན་(斯坦因)གྱིས་ཝང་ཡོན་ལུའུ་ལགས་ལ་རང་ཉིད་ཀྱང་ཐང་སན་བླ་མ་ཇི་བཞིན་ཆོས་ལེན་དུ་འོང་བའི་སྒྲུང་གིས་བསླུས་ཏེ་དངུལ་སྒོར་ཉུང་ཙམ་གྱིས་དཔེ་རྙིང་དང་རི་མོ་སོགས་ཀྱི་སྒམ་24དང་རིག་དངོས་གཞན་གྱི་སྒམ་5ཁྱེར་བ་དང་། སྤྱི་ལོ་1908ལོར་ཧྥ་རན་སིའི་པོ་ཞིས་ཧི་(伯希和)ཡིས་དཔེ་རྙིང་རྩ་ཆེན་6000ལྷག་དང་རི་མོ་260ཁྱེར། དེའི་ཕྱིས་སུ་ཨུ་རི་སི་དང་ཉི་ཧོང་། ཨ་རི་དང་ཏེན་མག་ལ་སོགས་སུའང་མི་ཉུང་བ་ཞིག་འཁྱར་བར་གྲགས། སྤྱི་ལོ་1910ལོར་ལྷག་མར་ལུས་པའི་དཔེ་རྙིང་རྣམས་སྒམ་ལའང་མ་བཅུག་པར་ཤིང་རྟར་དྲུད་ནས་པེ་ཅིང་དུ་བསྐྱལ་ཡང་རྒྱ་དཔོན་ཧི་ཀྲིན་དབྱིས་(何震彝)དང་ལིས་ཧྲིན་ཏོ་(李盛铎)གཉིས་ཀྱིས་དཔེ་རྙིང་ལེགས་གྲས་རྣམས་བདག་གིར་བཟུང་ཞིང་གཞན་གྱིས་མི་ཤེས་པའི་སླད་དཔེ་རྙིང་གཞན་རྣམས་ལ་གཤག་བཏུབ་ཀྱི་སྦྱོར་བ་བརྩམས། ཕྱིས་སུ་ལིས་ཧྲིན་ཏོས་ཧམ་བཟུང་བྱས་པའི་དཔེ་རྙིང་400ལྷག་ཉི་ཧོང་བར་བཙོངས་སྐད། འདིའི་སྐོར་ཞིབ་པར་རྒྱུས་ལོན་འདོད་པ་རྣམས་ཀྱིས་<ཏུན་ཧོང་གི་ནོར་བུ་ཤོར་བའི་ཟིན་ཐོ་>(ཟུར་ལྟའི་ཡིག་ཚང་དུ་གསལ་བའི་དེབ་བཞི་པ།)སོགས་ལ་གཟིགས་པར་ཞུ།

10

གཏེར་ཡིག་ཕུག་པའི་རིན་ཆེན་ནོར་བུ་ཕྱི་ལ་ཤོར་བའི་བྱུང་བ་ནི་རྒྱ་ནག་གི་ཉེ་རབས་ལོ་རྒྱུས་ཇི་བཞིན་ངོ་གནོང་དགོས་པ་ཞིག་ཏུ་རྒྱ་ནག་པ་ཚོས་བརྗོད་དེ། ཕྱི་རྒྱལ་བའི་“གཡོ་འཕྲོག་”དག་ལ་སྡིག་དམོད་ཀྱི་མཆིལ་མ་འཕེན་པ་མ་ཟད། བཙུན་པ་ཝང་གིས་ནོར་ཉམས་མ་ཟིན་པར་གཞན་ལ་བཙོང་བ་ནི་ཐང་གི་རྡོ་བླངས་པར་རུམ་གྱི་བྲོ་ལྷུང་བའི་དཔེ་རུ་ཟད་ཅེས་སྨད། ཆིང་གུར་གྱི་རུལ་སུངས་ནུས་མེད་ཀྱིས་དཔེ་རྙིང་རྩ་ཆེ་བ་རྣམས་བདག་མ་བྱས་པའི་ལས་ལ་དངན་པ་འཐེན་པའི་བསམ་པ་ཁོང་ཅག་གི་ཡི་གེའི་བརྩམས་ཆོས་དག་ལས་གསལ་བོར་མཐོང་ཐུབ། འོན་ཀྱང་ཁོ་བོའི་བསམ་པར་གལ་ཏེ་དུས་རབས་ཉི་ཤུ་པའི་ལོ་རབས་བཅུ་བར་“སྐྲ་སེར་སྤྲེའུ་རིགས་”ཀྱིས་དཔེ་རྙིང་དེ་རྣམས་ཁྱེར་མེད་པར་རྒྱལ་ནང་དུ་ཉར་བའི་དབང་དུ་བཏང་ན་ལོ་རབས་སུམ་ཅུ་དང་བཞི་བཅུའི་དུས་ཀྱི་འཇར་འགོག་དམག་འཁྲུག་དང་བཅིངས་གྲོལ་དམག་འཁྲུག་གི་སྐབས་སུ་བོར་བརླག་མི་འབྱུང་བའི་ངེས་པ་མེད་ལ། ལོ་རབས་བདུན་ཅུ་པའི་རྙིང་བ་བཞི་གཏོར་བའི་ལས་འགུལ་ཁྲོད་དམར་བོ་མེ་ཡི་ཁ་ཟས་སུ་མི་འགྲོ་ཞེས་སུ་ཞིག་གིས་ཁག་ཐེག་བྱེད་ཐུབ། དེ་བཞིན་ཨ་ཀྱད་ནག་པོའི་ལྷམ་མཐིལ་ལ་མི་འབྱར་ཞེས་སུ་ཞིག་གིས་ཁ་ཚོན་གཅོད་ཐུབ། སི་ཐན་དབྱིན་དང་པོ་ཞིས་ཧི་སོགས་ནི་ལིས་ཧྲིན་ཏོ་ཇི་བཞིན་དཔེ་རྙིང་རྣམས་བརླག་པའི་སྦྱོར་བ་མ་བརྩམས་ཤིང་སོ་སོའི་རྒྱལ་ཁབ་རིམ་པའི་དཔེ་མཛོད་ཁང་ཆེ་གྲས་ཁག་ཏུ་ཉར་ཚགས་བྱས་ཡོད་པ་འདི་ལས་ལྷག་པ་ཞིག་གང་ན་ཡོད། དེ་བས་ཟུར་གཞན་ཞིག་ནས་བསམ་ན་དཔེ་རྙིང་རྩ་ཆེ་བ་རྣམས་ཕྱི་རྒྱལ་ལ་ཁྱེར་བ་ནི་གཏེར་ཡིག་གི་ལས་འགྲིག་སོང་ཞེས་བརྗོད་ནའང་མི་སྐྱོན་སྙམ།

       

གསེར་གྱིས་མི་ཁུགས་པའི་དཔེ་རྙིང་འབོར་ཆེན་ཅིའི་ཕྱིར་གཏེར་དུ་སྦས་ཤེ་ན། འདི་ལ་ལྟ་ཚུལ་ཐ་དད་པ་ལྔ་ཙམ་ཡོད་དེ།

1 ཉེན་གཡོལ་སྨྲ་བ།  (避难说)

2 སྙིགས་དོར་སྨྲ་བ། (废弃说)

3 དཔེ་མཛོད་གསར་བརྗེ་སྨྲ་བ། (书库改造说)

4 ནང་བའི་གཏེར་སྦས་སྨྲ་བ། (佛教供养法物说)

5 བྷོད་ལ་བསྟུན་མེད་སྨྲ་བ། (排蕃思想说)

དང་བོ་ཉེན་གཡོལ་སྨྲ་བ་ནི་ཧྥ་རན་སིའི་པོ་ཞིས་ཧི་ལགས་ཀྱིས་ཐོག་མར་བཏོན་སྐད། ལྟ་ཚུལ་འདི་གཞན་རྣམས་ལས་ཡིད་རྟོན་འཕེར་ཆོག་པས་ཁོ་བོས་ཀྱང་ལྟ་ཚུལ་དེའི་རྗེས་སུ་འབྲངས་ཏེ་རང་ནུས་ཀྱིས་དཔྱད་པར་བྱ།
    

གཅིག་ཏུ་ན་སྤྱི་ལོ་1036ལོར་མི་ཉག་ལྡོང་སྤྱང་བས་ཏུན་ཧོང་དབང་མ་བསྒྱུར་བའི་ཡར་སྔོན་དུ་གནས་དེའི་དགོན་སྡེ་རྣམས་ཀྱི་ཆོས་དཔེ་དང་ཡིག་ཆ་རྣམས་གཞི་གཅིག་ཏུ་སྦས་པར་བཞེད་ཅིང་། དེ་ཅིའི་ཕྱིར་ཞེ་ན། གཏེར་ཡིག་ཕུག་པའི་དཔེ་རྙིང་རྣམས་ཀྱི་སྦྱར་བྱང་དུ་གསལ་བའི་ཆེས་འཕྱི་བའི་ལོ་ཚིགས་ནི་སྤྱི་ལོ་1002ལོ་ཡིན་པ་དང་། སྒོས་སུ་དེར་མི་ཉག་གི་ཡི་གེའི་དཔེ་རྙིང་མེད་པས་རེད། གཉིས་སུ་ལི་ཡུལ་ས་ཆར་དབང་སྒྱུར་བའི་ཁྭ་ལ་ཧན་རྒྱལ་རབས་(喀喇汗王朝)སམ་གར་ལོག་པས་སྤྱི་ལོ་1097ལོར་ཧྲ་ཀྲིག་མཁར་མ་ཕབས་པའི་གོང་དུ། ནང་བའི་རྗེས་འཇུག་མི་ཉག་པ་དང་ཏུན་ཧོང་གི་རབ་བྱུང་བ་རྣམས་ཀྱིས་བྲག་ཕུག་ཨང་17པར་དཔེ་རྙིང་དང་“ཐང་ག་”སོགས་གཏེར་དུ་སྦས། དེའི་སྒོ་མོ་སོ་ཕག་སོགས་ཀྱིས་བཅད། འདམ་གྱིས་ཞལ་ཞལ་བྱས།  དེའི་ངོས་སུ་ལྡེབས་རིས་བྲིས་པར་གྲགས།

11

སྒྲུབ་བྱེད་འདི་གཉིས་ནི་ཕུ་དེད་ན་བཙན་འཛུལ་གྱི་འཇིགས་པར་གཡོལ་ཏེ་གཏེར་ལ་སྦས་པའི་ལྟ་ཚུལ་ཏེ་ཉེན་གཡོལ་སྨྲ་བ་རེད། ཁོ་བོ་ཡང་འདི་ལ་ཡིད་ཆེས་ཤིང་བློ་གཏོད་པ་ནི་འཛམ་གླིང་ལོ་རྒྱུས་སྤྱི་ལ་ཆ་བཞག་ན་དམག་འཁྲུག་གི་རྐྱེན་ལས་ཤེས་རིག་ལ་གཏོར་སྐྱོན་ཆེན་པོ་བྱུང་མྱོང་བ་གསལ་བོ་རེད། སྒྲུབ་བྱེད་རྗེས་མ་ནི་དེ་བས་ཀྱང་གལ་ཆེ་བ་ཞིག་སྟེ། ཁ་ཆེ་བའི་སྲོལ་ལ་ཡུལ་གྲུ་གང་དུ་དམག་དྲངས་ན་དེ་གའི་ཆོས་ལུགས་བསྒྱུར་བར་བརྩོན་པ་ནི་ཁོང་ཅག་གི་སྲོལ་ཡིན་པས་རྒྱ་གར་བཅོམ་ཚུལ་ལས་ཀྱང་ཤེས་སླ་ལ། ཆོས་ལུགས་དང་གྲུབ་མཐའི་ལྟ་གྲུབ་བར་གྱི་འགལ་ཟླའི་དབང་གིས་གཏེར་དུ་སྦས་པའི་ཚུལ་འདི་འུ་ཅག་གི་སྔོན་བྱུང་ལོ་རྒྱུས་སུའང་མ་བྱུང་བ་མིན་ཏེ། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་སྐུ་ན་ཕྲ་དུས། བོན་ལ་དགའ་བའི་བློན་པོ་དག་གིས་ཁྲིམས་བུ་ཆུང་གི་ཆོས་བཤིག བྲག་དམར་མགྲིན་བཟང་གི་ལྷ་ཁང་རྨང་ནས་འགྱེལ་བ་སོགས་ཀྱི་བར་གླགས་ལ། སང་ཤིས་རྒྱ་ནག་ཡུལ་ནས་སྤྱན་དྲངས་པའི་ཆོས་དཔེ་རྣམས་རྫ་གསེབ་ཏུ་སྦས་པའི་ལོ་རྒྱུས་ཡོད་པ་དང་། འུ་ཅག་གི་ཨ་མེས་ཚོས་ང་བརྒྱད་ལོ་དང་ལོ་བཅུའི་གོད་ཆག་གི་སྐབས་སུ་སྐུ་གསུང་ཐུགས་རྟེན་རྣམས་བྲག་ཕུག་བཅས་སུ་སྦས་མྱོང་བ་ནི་ངེད་ཅག་ལ་གསལ་ཆ་ཡོད་པ་ཞིག་རེད།  དེ་མིན་ད་དུང་<ཆག་ལོ་ཆོས་རྗེ་དཔལ་གྱི་རྣམ་ཐར་>ཏུ་གསལ་བའི་“བླ་མ་ཆོས་རྗེ་རྡོ་རྗེ་གདན་དུ་བྱོན་དུས་སུ་མི་གཅིག་ཀྱང་མི་འདུག་པ་ལ་གྲོགས་བཙུན་པ་བཞི་ཡོད་པའི་རྒྱུས་ཅན་ཞིག་ན་རེ།   མ་ལེགས།   གར་ལོག་གིས་ཉེན་ནས་བྲོས་པ་ཡིན་ཟེར།    བྱང་ཆུབ་ཆེན་པོའི་སྐུ་དེའི་སྒོ་སོ་ཕག་གིས་ལེགས་པར་བརྩིགས།   ཞལ་ཞལ་བྱས།  དེའི་རྩར་སྐུ་གཅིག་བཞག་སྟེ་རྫུས་མ་སྐུ་ཚབ་ཏུ་བྱས།   ཕྱི་སྒོའང་འདམ་ཞལ་བརྒྱབ་ནས་དེར་དབང་ཕྱུག་ཆེན་པོའི་སྐུ་གཅིག་བྲིས་པས་དེ་མུ་སྟེགས་ཀྱིས་མི་བཤིག་པའི་ཐབས་བྱས་འདུག་”ཅེས་པ་འདི་ཡང་ཉེན་གཡོལ་སྨྲ་བའི་དཔེ་ཡི་སྒྲུབ་བྱེད་དུ་བགྲང་ཆོག་པར་སྙམ་མོ།།

 

12

ཁོ་བོས་གཏེར་ཡིག་ཕུག་པ་བཏགས་པ་ལ་རྒྱ་ནག་སྐད་དུ་ཚང་ཅིན་ཏུང་(藏经洞)ཞེས་བྱ། གཞན་གྱིས་གཏེར་མཛོད་ཅེས་ཀྱང་འབོད། མི་ལོ་བརྒྱའི་གོང་གི་གཏེར་བཏོན་བྱུང་རབས་ལ་ཡང་བཤད་རྒྱུན་མི་འདྲ་བ་གཉིས་འདུག་པས་ལོ་ངོ་ཆིག་སྟོང་སྔ་རོལ་གྱི་གཏེར་སྦས་ལོ་རྒྱུས་ལ་ལྟ་ཚུལ་སྣ་ཚོགས་བྱུང་བ་ལ་བསམ་ཤེས་ཐུབ་པ་ཞིག་རེད། འོན་ཀྱང་བསམ་བློ་འཁོར་མི་ཐུབ་པ་ཞིག་ལ་ཕུག་པ་དེ་ནས་བཙན་པོའི་སྐབས་ཀྱི་ཡིག་ཚང་སྲིད་ན་དཀོན་པ་ཞིག་བྱུང་བ་དེ་རེད། གཏེར་སྟོན་པ་སུ་ཞིག་གིས་ཀྱང་བོད་ཡུལ་ལུང་བ་ནས་བཏོན་པའི་གཏེར་ཡིག་ཁྲོད་ལས་འདི་ལྟ་བུའི་ལོ་རྒྱུས་ཡིག་ཚང་ཞིག་མེད་པ་ཅི་ཡིན་ནམ། གཏེར་ཡིག་དེ་དག་འུ་ཅག་གི་མེས་པོ་ཚོའི་རྒྱལ་ས་ལྷ་ས་དང་བསྡུར་ན་མཐའ་འཁོབ་ཡང་འཁོབ་ཀྱི་གནས་ཤིག་ནས་རྙེད་པ་ཅི་ཡིན་ནམ། གཏེར་ཡིག་འགངས་ཆེན་འདི་ལ་རྩོམ་མཁན་བྱེ་བྲག་པ་ཞིག་ཡོད་སྲིད་དམ།  རྩོམ་དུས་ནམ་ཡིན་ནམ། རྗོད་བྱེད་ཀྱི་ཚིག་སྟེ་མིང་འདོགས་འཕུལ་རྟེན་གྱི་ཐད་ནས་ཐོན་མིའི་ཡིག་ཕུད་དང་ཡེ་ནས་མི་འདྲ་ཞིང་། རྡོ་རིང་ཡི་གེ་དང་ཁྱོན་ནས་མཚུངས་པའི་གཏེར་ཡིག་དེའི་བརྡ་སྤྲོད་ཐབས་ཀྱང་ཨ་ནུའི་རྩ་བ་དང་མི་མཐུན་པ་ཅི་ཡིན་ནམ།

ཅི་སྒྲ་དང་ནམ་སྒྲ་འབྱར་ནས་ཁྱེད་རང་ལ་འདྲི་དུས།
ཁྱེད་ཀྱིས་སྔོན་མར་ང་རང་གིས་བཤད་པར་མོས་པའི་སྐད་ཆ་དེ་ཕྱིར་ལན་ལ་སློག་ཀྱང་སྲིད་དེ།“ང་ཚོ་མི་རབས་གསར་པ་ལ་མཚོན་ན་འདས་སོང་ལས་དངོས་ཡོད་གལ་ཆེ་”ཞེས་པ་དེའོ།། འདྲིས་ཤིང་འགྲོགས་པའི་ཁྱེད་རང་སེམས་བདེ་ལ་བོབས་ཤིག སྐད་ཆ་དེ་ལ་ཁོ་བོ་ནམ་ཡང་རྒྱབ་འགལ་བྱེད་མི་སྲིད། དེ་ནི་ང་རང་ཁྱེད་ལ་ནམ་ཡང་རྒྱབ་འགལ་མི་དཔེ་བ་ལྟར་རོ།

བཞི་བ།    བསམ་གཞིགས་ཕྲན་བུ།  

དཔེ་ཀློག་དང་ཡུལ་སྐོར་ལས་ཁོ་བོར་ངེས་ཤེས་ཟབ་མོ་ཞིག་ཐོབ་པ་ནི་ཏུན་ཧོང་ཡུལ་གྱི་དར་རྒུད་ནི་མཐར་དེད་ན་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་དར་རྒུད་ཀྱི་མངོན་ཚུལ་ཞིག་ཡིན་འདུག (ཚན་ཆུང་འདིའི་པར་རྙིང་རྣམས་ནི་སྤྱི་ལོ་1908ལོར་པོ་ཞི་ཧི་སོགས་ཀྱིས་པར་བརྒྱབ་པར་གྲགས་ཤིང་། རྒྱ་ཡིག་གི་འཕྲིན་སྟེགས་官场野史ཞེས་པ་ལས་ཕྱུང་།)

སྤྱི་ལོ་སྔོན་གྱི་དུས་རབས་2པར་རྒྱ་ནག་གི་ཧན་ནུབ་མའི་ཕོ་ཉ་ཀྲང་ཆན་(张骞)ནུབ་ཡུལ་འགྲིམས་ནས་དར་གོས་ཚོང་ལམ་གྱི་སྒོ་ཆེན་ཕྱེས། དེ་ཡི་དབང་གིས་འཛམ་གླིང་ཤར་ནུབ་གཉིས་ཀྱི་རྒྱལ་ཁབ་དང་མི་རིགས། རིག་གནས། ཆོས་ལུགས། སྐད་རིགས། ཡུལ་སྲོལ་མི་འདྲ་བའི་ཕོ་ཉ་དང་རིག་གནས་པ། ཚོང་བ། ཆོས་པ་སོགས་ཏུན་ཧོང་ཡུལ་དུ་འཛོམས་ཏེ་དཔལ་འབྱོར་དར་སྤེལ་དང་རིག་གནས་བརྗེ་རེས་བགྱིས་པས་ཏུན་ཧོང་གི་སྲིད་འབྱོར་རིག་གསུམ་གང་ཐད་ནས་ཀྱང་ཡར་རྒྱས་ཆེན་པོ་བྱུང་། རིག་གནས་གསར་པ་དང་བསམ་བློ་གསར་པ་གུ་ཡངས་པོ་གཏོང་ཐུབ་པའི་རིག་གནས་སེམས་ཁམས་དེས་འཛམ་གླིང་ཤར་ནུབ་གཉིས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་སྒྱུ་རྩལ་བང་མཛོད་ཆེན་མོ་ཞིག་བཞེངས་པར་ལྷན་ཅིག་བྱེད་རྐྱེན་དུ་གྱུར།

མི་ལོ་1500ལྷག་གི་རྗེས་ནས་མཚོ་ཐོག་དང་རྩྭ་ཐང་གི་ཚོང་ལམ་དར་བ་དང་། སྒོས་སུ་ལི་ཡུལ་ཡོངས་ཁ་ཆེ་བས་བདག་གིར་འཛིན་དུས། ཏུན་ཧོང་ནས་བརྒྱུད་པའི་བྱེ་ཐང་གི་དར་གོས་ཚོང་ལམ་སྟེ་འཛམ་གླིང་ཤར་ནུབ་གཉིས་འབྲེལ་བྱེད་ཀྱི་གསེར་ཟམ་གལ་ཆེན་དེ་ཡང་གཏོར་ཞིང་། སྤྱི་ལོ་1539ལོར་ཏ་མིང་གོང་མས་སྒོ་བཀག་སྲིད་ཇུས་ལག་ཏུ་བསྟར་ཏེ་ནུབ་ཕྱོགས་ཀྱི་འགག་སྒོ་ཅཱ་ཡིས་ཀྭན་(嘉峪关)གྱི་སྒོ་མོ་བརྒྱབ་པ་ནས་བཟུང་ཏུན་ཧོང་ཡུལ་དང་སྦྲགས། སངས་རྒྱས་སྟོང་གི་བྲག་ཕུག་དེའི་ལང་ཚོ་ཡང་རིམ་བཞིར་རྒུད་པའི་ལམ་དུ་ཕྱིན། མཐར་གཏེར་ཡིག་ཕུག་པའི་བདག་དབང་ཡང་ཏོའོ་ལུགས་པ་ཞིག་གི་ལག་ཏུ་ཤོར་བ་ལྟ་བུ་རེད།  དེ་བས་ཏུན་ཧོང་ལ་དར་རྒུད་བྱུང་བ་ཡང་དར་གོས་ཚོང་ལམ་གྱི་དར་རྒུད་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པར་སྙམ། རིག་གནས་གང་ཞིག་དར་དགོས་ན་དཔལ་འབྱོར་སྲོག་རེད། གནས་འདིར་བྲག་ཕུག་ཆིག་སྟོང་ལྷག་བརྐོ་ཐུབ་པའི་རྐྱེན་ཡང་ཡུལ་དེའི་དཔལ་འབྱོར་གྱི་རྨང་གཞི་མཐུག་པས་རེད། གལ་ཏེ་ཏུན་ཧོང་གི་གོང་མ་རྣམས་ནང་བསྟན་ལ་ཇི་འདྲའི་དད་ཀྱང་རང་ཉིད་ཀྱི་ལྟོ་གོས་ལ་ཡང་དཀའ་ཁག་བྱུང་ཚེ་བྲག་ཕུག་འབོར་ཆེན་བརྐོས་ཏེ་སྨན་སྐུ་བཞེངས། ལྡེབས་རིས་བྲིས་པར་བསྟན་པའི་སྦྱིན་བདག་བྱེད་པ་ནི་སྲིད་མཐའ་ཙམ་མོ།།

དེ་བཞིན་དུ་ཡུལ་ཁམས་གང་ཞིག་གིས་སྐྱ་ཟད་སྔོ་སྡུག་གི་གནས་བབས་ལ་གྱེས་བརྡ་གཏང་འདོད་ན་ཁ་རུབ་སྒོ་བཅད་ཀྱི་བཙན་རྫོང་གཏོར་ཏེ་ཕྱི་ཡི་རིག་གནས་དང་བསམ་བློ་ལ་སློབ་སྦྱོང་གིས་རང་གི་རིག་གནས་ལ་བྲོ་བ་གསར་པ་བསྣན་དགོས་པ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་བ་ཞིག་རེད། ཁ་ནང་ལ་འཁོར་ཏེ་འོ་སྐོལ་གྱི་འདས་སོང་ལ་བསམ་གཞིགས་རེ་བཏང་ན། སྤྱི་ལོ་762ལོར་ལག་ལ་རལ་གྲི་འཕྱར་བའི་གདོང་དམར་དམག་གིས་སྨད་རྒྱ་ནག་རྒྱལ་བོའི་རྒྱལ་ས་ཀེང་ཤི་བཅོམ་ཐུབ་རྐྱེན་དང་། སྤྱི་ལོ་1904ལོར་ཕྲག་ཏུ་མེ་མདའ་འཁུར་བའི་དབྱིན་ཇིའི་དམག་དཔུང་ཉི་མ་ལྷ་སའི་གྲོང་དུ་གཤར་ཐུབ་རྐྱེན་གཉིས་ལ་གཞིགས་ནའང་། གོང་མ་རྣམས་ཀྱིས་ཕྱིའི་རིག་གནས་དང་བསམ་བློ་ལེགས་ཆར་བཟུང་མིན་དང་། འདོད་ཡོན་རིག་གནས་གད་སྙིགས་སུ་བལྟ་མིན་གྱི་ཁྱད་པར་ཡིན་པ་དངོས་བྱུང་བདེན་པས་གྲུབ་པ་མ་ཡིན་ནམ།

འདི་སྐད་སྨྲས་ན། གསར་བར་ཞེན་ཀྱང་རྙིང་བར་མི་སྡིག་པའི་ང་ལྟ་བུས་ནི་རིགས་འདིའི་བླ་སྲོག་ལ་ངར་ལྡུད་པའི་རིག་གནས་གསར་པ་ཞིག་སྦྱང་ཡོད་པ་ཕར་ཟད་ཐ་ན་རྩིས་འཁོར་གྱི་མ་ལག་བརྗེ་བའི་ནུས་པ་ཡང་མི་གདའ་བས་དངོས་གནས་ཁ་སྐྱེངས་ངོ་གནོང་།   དེ་ཡི་ཕྱིར་ན་ངས་ད་དུང་འུར་མི་རྒྱག  ཤོམ་མི་འཐེན།
     

ཁྱེད་ཀྱིས་ང་དང་མཉམ་དུ་ཡུལ་སྐོར་ཟིན་ཐོ་འདི་ཚར་གཅིག་བཀླགས་རྗེས་“ཏུན་ཧོང་དུ་གནའ་མི་ཚོའི་རྐང་རུལ་ལྡག་ཆེད་དུ་སོང་བ་མིན་ནམ་”ཞེས་སྤྲིངས་མྱོང་བ་ལ་དགོངས་དག་ཞུ་སྲིད་དམ།  ཐོག་མར་ངས་ཁྱེད་ལ་བཀའ་དྲིན་ཞུ་འདོད་དེ།  ཁྱེད་ཀྱི་སྐད་ཆ་འདི་ལས་ཁོ་བོའི་ཡུལ་སྐོར་ཟིན་ཐོ་འདིའི་དབུ་འཁྱུད་ལྟ་བུའི་ཁ་བྱང་རྙེད་སོང་།  ནམ་ཞིག་གི་ཚེ་ན་འུ་གཉིས་ཀྱང་གནས་དེར་ཐེངས་གཅིག་བསྐྱོད་ན་འགྲིག དེ་རུ་འཛད་མཐའ་མེད་པའི་ཤེས་རིག་གི་བདུད་རྩི་མངར་མོ་ཞིག་འཁྱིལ་ཡོད་པས་སོ།།

                                            

སྤྱི་ལོ་2014ལོའི་སྤྱི་ཟླ་5པའི་ཚེས་5ནས་7ཉིན་བར་བྲིས།

སྤྱི་ལོ་2015ལོའི་སྤྱི་ཟླ་5པའི་ཚེས་2ཉིན་བཅོས།

སྤྱི་ལོ་2018ལོའི་སྤྱི་ཟླ་3པར་བསྐྱར་དུ་བཅོས།

 

འདྲ་པར་འགའི་གསལ་བཤད།

  1. བོད་བཙན་པོས་ཏུན་ཧོང་འཛིན་དུས་ཀྱི་མངའ་ཁོངས། (གཡས་ངོས།)
  2. ཏུན་ཧོང་དངོས་མང་བཤམས་སྟོན་ཁང་དུ་མཆིས་པའི་ཀྲང་ཡོས་ཁྲའོ་ཡི་སྐུ་འདྲ།
  3. རྗེ་བཙུན་བྱམས་མགོན། བྲག་ཕུག་ཨང་275པ། ལེང་བྱང་མ།
  4. བཙན་པོ་ཁྲི་ལྡེ་སྲོང་བཙན་སོགས། བྲག་ཕུག་ཨང་159པ། བོད་བཙན་པོ།
  5. མཆོད་པའི་ལྷ་མོ། བྲག་ཕུག་ཨང་112པ། བོད་བཙན་པོ།
  6. བྲག་ཕུག་ཨང་465པ། ཡོན་གུར།
  7. བདེ་མཆོག་ལྷན་སྐྱེས། (གཙོ་སྐུ།) བྲག་ཕུག་ཨང་465པ། ཡོན་གུར།
  8. བྲག་ཕུག་ཨང་16པའི་ནང་གི་བྲག་ཕུག་ཨང་17པ།
  9. སི་ཐན་དབྱིན། Marc Aurel Stein (1862-1943)
  10. པོ་ཞིས་ཧི་གཏེར་ཡིག་ཕུག་པའི་དཔེ་རྙིང་ལ་མཇལ་བ། 
  11. སྟོན་པ་ཆོས་འཁོར་མ། དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཡོད།
  12. ཏུན་ཧོང་དངོས་མང་བཤམས་སྟོན་ཁང་དུ་ཉར་བའི་བོད་ཡིག་ཤེར་ཕྱིན་གྱི་མདོ།

ཟུར་ལྟའི་ཡིག་ཚང་དང་བརྙན།

  1. <ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།> བོད་མིང་དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྱུར། སྤྱི་ལོ་1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
  2. <ཐང་ཡིག་གསར་རྙིང་ལས་བོད་ཆེན་པོའི་སྲིད་ལུགས།> དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། སྤྱི་ལོ་1983ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
  3. <དྲིན་གྱི་བུ་ལོན།> གུར་མགོན་སྐྱབས་ཀྱིས་བརྩམས། སྤྱི་ལོ་2011ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དུ་དཔར།
  4. 《敦煌失宝记》陈作义编著,甘肃人民出版社,1998
  5. 《敦煌石窟》主编:樊锦诗,摄影:吴健,中国旅游出版社,2012
  6. 《大敦煌》窦心传编著,万卷出版公司,2007
  7. 《敦煌学概论》姜亮夫著,北京出版社出版, 2004
  8. 《敦煌沧桑》杨宝玉著 长江文艺出版社,2002
  9. 《敦煌学简明教程》储良才著,中华书局出版社, 2001
  10. 《中世纪服饰》谭蝉雪著,华东师范大学出版社, 2010
  11. 《敦煌史话》胡戟傅玫著,中华书局, 2004
  12. 《莫高窟史话》敦煌研究院编,主编:樊锦诗; 凤凰出版传媒集团, 江苏美术出版社 2009
  13. 《藏经洞史话》沙武田著,民族出版社, 2004
  14. 《世界的敦煌》顾虹著,上海古籍出版社, 2011
  15. 《中世纪的敦煌》谭蝉雪著,上海人民出版社, 2007
  16. 《敦煌历史文化艺术》聂锋祁淑虹著,甘肃人民出版社 2005
  17. 《文化苦旅》余秋雨著,长江文艺出版社,2014
  18. དངོས་བཤུས་གློག་བརྙན། <ཏུན་ཧོང་།> ལེའུ་བཅུ་ཅན། སྤྱི་ལོ2011ལོར་དྲ་ངོས་སུ་སྤེལ།