ནང་དོན་གནད་བསྡུས།

བོད་ཕྱི་ནང་གཉིས་ཀའི་ཞིབ་འཇུག་པ་མང་པོ་ཞིག་གིས་བོད་ཀྱི་རང་མོས་སྙན་ངག་ཟེར་པ་འདི་ནི། རིག་གནས་གསར་བརྗེའི་ཆེན་མོ་རྗེས་ཏེ།བརྒྱད་ཅུའི་ནང་ལ་ཏིན་ཞོ་ཕེན་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་བྱུས་དང་མཉམ་དུ།དོན་གྲུབ་རྒྱལ་གྱིས་གསར་ཏུ་བརྩམས་པ་ཞིག་རེད་ཅེས་འདོད་བཞིན་ཡོད་པ་རེད།ཕྲན་གྱིས་ཞེ་དགུ་ལོ་ནས་དོན་དགུ་བར་ཏུ་རྒྱ་ཡིག་ནས་བསྒྱུར་པ་དང་།བོད་ཡིག་གི་ཐོག་བརྩམས་པའི་སྙན་ངག་དཔེ་དེབ་ལ་ཞིབ་དཔྱད་བྱས་པ་དང་། དེ་ལས་བོད་ཀྱི་རང་མོས་སྙན་ངག་འདི་དོན་གྲུབ་རྒྱལ་གྱིས་གསར་ཏུ་བརྩམས་པ་མ་ཡིན་པར།དོན་གྲུབ་རྒྱལ་སོགས་ཀྱིས་གསར་བརྗེའི་སྙན་ངག་ལ་བརྟེན་ནས་བསྐྱར་ཟློས་བྱས་པ་རེད་ཅེས་པའི་སྡོམ་ཚིག་འཇོག་དགོས་པ་བྱུང་། ཆེད་རྩོམ་འདིའི་ནང་དུ་ཕྲན་གྱིས། ་ཆབ་སྲིད་རིག་པ་དང་། རྩོམ་རིག་གཞུང་ལུགས་།མི་སེར་སྤེལ་ཡུལ་རིང་ལུགས་ཕྱི་མ་བཅས་ཀྱིས་གཞུང་ལུགས་བཀོད་ནས་།དེང་རབས་བོད་ཀྱི་རང་མོས་སྙན་ངག་གི་གོ་དོན་དང་། ཁུངས་ལུང་བཅས་ལ་ཞིབ་འཇུག་བྱ་རྒྱུ་ཡིན་པ་དང་། དོན་གྲུབ་རྒྱལ་གྱི་མི་ཚེ་ལོ་རྒྱུས་ལའང་བསྐྱར་ཞིབ་ཀྱིས་ཁོང་ནི། གསར་གཏོད་པ་ཞིག་མ་ཡིན་པར། རིག་གསར་གྱི་ལྟ་བ་ཁུར་པའི་རྙིང་བཞི་གཏོར་པའི་གསར་བརྗེ་བ་ཞིག་དང་། བོད་ཀྱི་རང་མོས་སྙན་ངག་གི་ཟེར་པ་དོན་གྱི་གསར་བརྗེའི་དཔེ་ཆ་དག་བོད་ཡིག་ཏུ་བསྒྱུར་པའི་དཔེ་དེབ་དག་ལ་བསྐྱར་འབྲི་བྱས་པའི་རིག་གནས་ཤིག་རེད་ཅེས་སྒྲུབ་རྒྱུ་ཡིན།

 

གླེང་སློང་བ།

དེང་དུས་བོད་ཕྱི་ནང་གཉིས་སུ་རྒྱ་ཁྱབ་ཏུ་དར་བཞིན་པའི་བོད་ཀྱི་རང་མོས་སྙན་ངག་གི་ཁུངས་འདི་ལ།ཁ་ཅིག་གིས་སྔོན་གྱི་དུས་ནས་ཡོད་པ་དང་། དོན་གྲུབ་རྒྱལ་གྱིས་གསར་ཏུ་བཟོས་པ་ཡིན་པའི་བཤད་རྒྱུན་གཉིས་ཙམ་འདུག་མོད། མི་མང་པོ་ཞིག་གིས། ཁུངས་ལུང་དཔྱད་པ་ཅི་ཡང་མེད་པར། རང་མོས་སྙན་ངག་ཟེར་པ་འདི་ནི་རིག་གནས་གསར་བརྗེ་ཆེན་མོའི་རྗེས་ཏེ། ཏིན་ཞོ་ཕེན་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་སུ་བྱུང་བ་དང་།དོན་གྲུབ་རྒྱལ་གྱིས་༡༩༨༤་ལོ་ལ་སྤྲང་ཆར་ཐོག་སྤེལ་བའི་ལང་ཚོའི་རྦབ་ཆུ་ནི་བོད་ཀྱི་དེང་རབས་རང་མོས་སྙན་ངག་གི་ཐོག་མ་ཡིན་པར་འདོད། དཔེར་ན། ཆབ་འགག་རྟ་མགྲིན་གྱིས། “དེ་ཡང་བརྩམས་ཆོས་དང་པོ་བོད་ཀྱི་རྩོམ་རིག་གསར་རྩོམ་དང་། རིག་གཞུང་ཞིབ་འཇུག་ཐད་ལམ་བུ་གསར་གཏོད་མཁན་ནི་དོན་གྲུབ་རྒྱལ་ལགས་ཀྱི་ལང་ཚོའི་རྦབ་ཆུ་ཡིན”ཞེས་དང་། བདུད་ལྷ་རྒྱལ་གྱིས“༡༩༨༣ལོའི་སྤྲང་ཆར་དེབ་གསུམ་པའི་སྟེང་དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་བཀོད་པ་དེས། ང་ཚོའི་བོད་ཀྱི་སྙན་ངག་གསར་བའི་སྒོ་མོ་ཆེས་ཐོག་མར་ཕྱེས་པ་ཡིན”་ཞེས་དང་། པད་མ་འབུམ་གྱིས“ང་ཚོར་ཡོད་པའི་ཡིག་ཆ་ལ་བལྟས་ན། རང་མོས་སྙན་ངག་ནི་ཐོག་དང་པོར་བོད་ཀྱི་དོན་གྲུབ་རྒྱལ་གྱིས་༡༩༨༣ལོའི་སྦྲང་ཆར་འདོན་ཐེངས་གཉིས་བའི་ཐོག་ཏུ་བཏོན་པ་རེད་ཅེས”དང་།རྣམ་སྲས་ཀྱིས“༡༩༨༣ལོའི་སྤྲང་ཆར་དེབ་གསུམ་པར་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་མཛད་པའི་ལང་ཚོའི་རྦབ་ཆུ་ཞེས་པ་ཐོག་མར་སྤེལ་བ་དེ་ནི།གངས་རིའི་ལྗོངས་འདིར་དབྱར་གྱི་ཐོག་མའི་འབྲུག་སྒྲ་དང་།དཔྱིད་གསུམ་གྱི་ཕོ་ཉ་ལྟར་སྙན་ངག་གསར་པ་འདྲེན་པའི་སྐྱ་རེངས་ལྟ་བུར་གྱུར”་བཤད་ཡོད་པ་ལྟར་རེད།

འདི་ནི་བོད་ཕྱི་ནང་གི་སྙན་ངག་གི་དཔྱད་བརྗོད་པ་གཅིག་པོ་ནང་མ་ཡིན་པར། ཕྱི་རྒྱལ་གྱི་བོད་ཀྱི་རང་མོས་སྙན་ངག་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་པའི་གྲལ་དུའང་ལྟ་ཚུལ་འདི་ཡོངས་གྲགས་སུ་ཁྱབ་ཡོད་པ་རེད། རིགས་གཅིག་རབ་འབྱམས་པ་ལོ་རན-ཧ་ཐུ་ལེ་Lauran R.Hartley་སོགས་ཀྱིས་་“བོད་ཀྱི་རང་མོས་སྙན་ངག་ཐོག་མ་ནི། ལང་ཚོའི་རྦབ་ཆུ་ཡིན”ཞེས་བཤད་ཡོད་པ་དང་། ཚེ་རིང་ཤཱཀྱ་ལགས་ཀྱིས་“སྙན་རྩོམ་འདི་ལྟ་བུ་ཞིག་བོད་པ་ཚོས་སྔོན་ཆད་ཀློག་མྱོང་མེད་པ་དང་། དེ་ནི་རྩོམ་རིག་གི་གསར་གཏོད་ཅིག་ཡིན་པར་མ་ཟད། ཐད་ཀར་མི་རིགས་ཀྱི་ལ་རྒྱ་མཚོན་པའི་སྐད་ཆ་ཞིག་རེད” ཅེས་དང་། ཕུ་རུ་སི་ཝ-རོ་པིན་Francoise Robinནམ་བོད་མིང་དུ་ཆོས་ཉིད་དབང་མོ་ཟེར་པ་དེས། དེ་ལས་ཀྱང་འུར་ཆེན་པོས“འདི་ནི་རིག་གནས་གསར་བརྗེ་ཞིག་རེད”ཅེས། རང་མོས་སྙན་ངག་ནི་སྔོན་ཆད་མ་བྱུང་བ་དང་། དོན་གྲུབ་རྒྱལ་གྱིས་གསར་དུ་བརྩམས་པ་ཞིག་ཡིན་པར་འདོད་ཡོད།

བོད་ཕྱི་ནང་གི་ཞིབ་འཇུག་པ་འདི་དག་གིས་བཤད་པ་གང་ལ་བལྟས་ཀྱང་། བོད་ཀྱི་རང་མོས་སྙན་ངག་ནི་རིག་གསར་གྱི་རྗེས་སུ་བརྒྱད་ཅུའི་ནང་ལ་རང་སྐྱ་ཐུབ་པའི་ངང་མདོ་སྨད་ཡུལ་དུ། དོན་གྲུབ་རྒྱལ་གྱིས་ལང་ཚོའི་རྦབ་ཆུ་བརྩམས་པའི་རྗེས་སུ། ག་ལེར་སྲིད་གཞུང་གིས་བཙུགས་པའི་ལས་ཁུངས་དང་། སློབ་གྲྭ། དཔེ་སྐྲུན་ཁང་སོགས་ནས་རིམ་གྱིས་དར་པ་ཡིན་པ་བཤད་ཀྱིན་ཡོད་པ་མ་ཟད། འདི་ནི་ལོ་རྒྱུས་དོན་དངོས་ཤིག་ལ་ངོས་འཛིན་གྱིས་མང་པོ་ཞིག་གིས་ད་དུང་བསྐྱར་ཟློས་ཡང་ཟློས་དང་། དེའི་ཆེད་དུ་དུས་དེབ་སྤེལ། འཛིན་གྲྭ་བཙུགས། སློབ་གཉེར་པ་བསྡུས། དེང་རབས་བོད་ཀྱི་རྩོམ་རིག་གི་མཁས་པ་ཡིན་ཟེར་ནས་ཆོ་ལོ་སྤྲད། ལྷག་པར་ཏུ་ལོ་འགའ་ཤས་ཀྱི་སྔོན་ནས་བཟུང་ཏེ། རྒྱལ་ཁམས་ཕྱི་ནང་གཉིས་ཀར་དེའི་འབྲེལ་ཡོད་གྱི་ཚོགས་འདུ་ཁ་ཤས་ཀྱང་འཚོགས་ནས། བོད་ཕྱི་ནང་གཉིས་སུ་ཕྱི་སྒྲོག་ནང་སྒྲོག་བྱས་ནས། དོན་གྲུབ་རྒྱལ་ནི་བོད་ཀྱི་རང་མོས་སྙན་ངག་གི་སྲོལ་གཏོད་པ་ཡིན་ཞེས་པ་ནི་བསྒུལ་དུ་མེད་པའི་ལོ་རྒྱུས་ཀྱི་དོན་དངོས་ལྟ་བུ་ཞིག་ཏུ་ཆགས་བསྡད་ཡོད་པ་རེད།

ཡིནའང་དྲི་ཚིག་ནི། བོད་ཀྱི་སྙན་ངག་ཟེར་པ་འདིའི་ཁུངས་དང་། རྒྱུ་དང་རྐྱེན་གང་འདྲ་ཞིག་ལ་བརྟེན་ནས་སྡོམ་ཚིག་འདི་འདྲ་ཞིག་བཞག་པ་ཡིན་ནམ། དོན་གྲུབ་རྒྱལ་མ་བྱུང་བའི་སྔོན་དུ་བོད་དུ་ད་ལྟ་ཀུན་གྱིས་བརྩི་བཞིན་པའི་རང་མོས་སྙན་ངག་ཟེར་པ་ཞིག་མེད་པ་རེད་དམ། ཡང་ན་དོན་གྲུབ་རྒྱལ་གྱིས་སྔོན་དུ་ཡོད་པའི་བོད་ཀྱི་སྙན་ངག་དང་། མགུར་གླུ་དང་། གླུ་གཞས་སོགས་ལ་བརྟེན་ནས་གསར་ཏུ་བརྩམས་པ་ཞིག་རེད་དམ། ཡང་ན་སྲིད་གཞུང་གིས་མགོ་བརྩམས་པ་དང་། འཆར་གཞི་ཡོད་པས་བསྒྱུར་པ་དང་། པར་སྐྲུན་བྱས་པ་དང་། དོན་གྲུབ་རྒྱལ་སོགས་ཀྱིས་ཆེད་དུ་སློབ་གཉེར་བྱས་པའི་དྲིལ་བསྒྲགས་ཀྱི་ཡིག་ཆ་དག་ལས་བྱུང་བ་རེད་དམ་ཞེས་པ་སྟེ། དྲི་ཚིག་འདི་དག་ནི་ངེས་པར་ཏུ་གལ་ཆེ་བར་མཐོང་། ཅི་ཡིན་ཞེ་ན། ལོ་འགའ་ཤས་ཀྱི་སྔོན་ནས་ཕྲན་ལ་བོད་ཀྱི་རང་མོས་སྙན་ངག་གི་ལོ་རྒྱུས་སྐོར་དོ་སྣང་བྱུང་བ་དང་། རྩོམ་ལུས་འདི་ཇི་ལྟར་བྱུང་བ་ཡིན་ནམ། ཐོག་དང་པོར་བོད་ཡིག་ཏུ་འབྲི་མཁན་དང་། སྤེལ་མཁན་སུ་ཡིན་ནམ། དངོས་གནས་དོན་གྲུབ་རྒྱལ་གྱིས་གསར་གཏོད་བྱས་པ་ཞིག་རེད་དམ། ཡང་ན་སྔོན་ནས་ཡོད་པའི་རྩོམ་ལུས་ཤིག་རེད་དམ་སོགས་ཀྱི་དྲི་བ་འདྲི་རྒྱུ་བྱུང་བ་མ་ཟད། དེའི་ལོ་རྒྱུས་དང་། དམིགས་དོན། དར་རྐྱེན་སོགས་ཤེས་འདོད་ཆེན་པོ་བྱུང་སོང་། དེ་བས་ལོ་འགའ་ཤས་ཙམ་ལ་དུས་ཚོད་སོགས་ངེས་མེད་ངང་། འདི་ལ་འབྲེལ་བ་ཡོད་པའི་བོད་ཕྱི་ནང་གི་བསྟན་བཅོས་མང་པོ་ཞིག་བསྡུ་རུག་དང་། སྐྱོར་ཀློག་དང་། ཞིབ་དཔྱད་བྱས་པ་དང་། ལྷག་པར་ཏུ་རྒྱ་མི་རིགས་ལ་ཉེ་རབས་ཀྱི་སྙན་ངག་དར་པའི་ལོ་རྒྱུས་དང་། དེ་བཞིན་ཞེ་དགུའི་རྗེས་སུ། ཀྲུང་དབྱང་སྲིད་གཞུང་གི་ཆེད་དུ་བཏོན་པའི་བོད་ཡིག་དཔེ་དེབ་འགའ་དང་། མོའི་ཙེ་ཏུང་གི་དཔེ་དེབ། རིག་གསར་སྐབས་ཀྱི་དཔེ་དེབ་སོགས་ལ་ཞིབ་དཔྱོད་བྱས་ཡོང་དུས། རང་ཅག་ལ་ཡོད་པའི་རང་མོས་སྙན་ངག་གི་ཁུངས་དང་། དེའི་རྩོམ་པ་པོ། དེ་བོད་དུ་དར་པའི་རྒྱུ་དང་རྐྱེན། འབྲས་བུ་སོགས་ཀྱང་རིམ་གྱིས་ཇེ་གསལ་དུ་སོང་ནས། མཐའ་སྡོམ་ནི། ༼དེང་རབས་བོད་ཀྱི་རྩོམ་རིག༽ཟེར་པ་འདི་དང་། བོད་ཀྱི་རང་མོས་སྙན་ངག་ཟེར་པ་འདི་ནི་དོན་གྱིས་སྲིད་གཞུང་གིས་ཆེད་དུ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛུགས་སྐྲུན་གྱི་ཆེད་དུ་བསམ་བཞིན་དུ་བོད་ཡིག་ཐོག་ནས་སྤེལ་བ་ཞིག་དང་། དོན་གྲུབ་རྒྱལ་སོགས་ཀྱིས་རིག་གསར་དང་། དེའི་རྗེས་སུ་བྱུང་བའི་རྒྱའི་༼རྩོམ་རིག༽གཞུང་ལུགས་དང་། རྩོམ་ལུས་དེ་དག་དེང་རབས་བོད་ཀྱི་རྩོམ་རིག་གསར་པ་ཞིག་ཡིན་ཁུལ་གྱིས་བོད་དུ་སྤེལ་བ་དེ་ལས། གསར་པ་བརྩམས་པ་ཞིག་མ་ཡིན་པར། ཕལ་ཆེར་ཆུ་ལ་ཆུ་བཞག་པ་ལྟར། ཚིག་དང་། སྡེབ་སྦྱོར། རྒྱན་གང་གི་ཐད་ནས་རིག་གསར་གྱི་ལྷག་མའམ། དེའི་ཆ་ཤས་ཞིག་རེད་སྙམ་པའི་གདེང་ཚོད་བྱུང་བ་མ་ཟད། རྩོམ་པ་པོ་དེ་དག་གིས་འབྲི་བཞིན་པའི་དེང་རབས་བོད་ཀྱི་རྩོམ་རིག་ཅེས་པ་ནི་བརྗོད་བྱ་མི་འདྲ་བ་ཙམ་ལས། རྩོམ་ལུས་དང་། ཚིག་སྦྱོར། རྒྱན་གང་རུང་གི་ཐོག་ནས་རིག་གསར་གྱི་རྩོམ་རིག་གི་ལྷག་མ་ཙམ་ཞིག་རེད་བསམ་སོང་།

འདི་ནས་ཕྲན་གྱིས་ཀྲུང་གོའི་ཉེ་རབས་རྩོམ་རིག་གི་ལོ་རྒྱུས་མདོར་བསྡུས་དང་། དོན་གྲུབ་རྒྱལ་གྱི་སློབ་གསོ། ཞེ་དགུའི་ཚུན་ཆད་དང་དོན་དགུ་ཡན་ཆད་དུ་དཔར་སྐྲུན་བྱས་པའི་སྙན་ངག་སྐོར་གྱི་དཔེ་དེབ། དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་དང་། ཁོ་འདས་པའི་རྗེས་སུ་ཁོང་གི་སློབ་མ་དག་གིས་རང་མོས་སྙན་ངག་གི་ལོ་རྒྱུས་ཇི་ལྟར་གསར་བཟོ་དང་། དོན་གྲུབ་རྒྱལ་གྱི་སྐོར་ལ་ལྷ་སྒྲུང་ཇི་ལྟར་བཟོས་པའི་སྐོར་གྱི་གནས་ཚུལ་མདོར་བསྡུས་ཤིག་འབྲི་བར་བྱའོ། །

རྩོམ་འདིའི་ནང་དུ་ཕྲན་གྱིས། 

དང་པོ།༽ སྤྱིའི་སྙན་ངག་གི་ཐ་སྙད་ངོས་འཛིན་སྟངས་ལས་འཕྲོས་ནས། རང་མོས་སྙན་ངག་ཟེར་པའི་ཐ་སྙད་འདི་ལ་དཔྱད་པ་ཅུང་ཟད་བྱེད་པར་འདོད་པ་དང་།

གཉིས་པ།༽ ཀྲུང་གོའི་རྩོམ་རིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་ལོ་རྒྱུས་ངོ་སྤྲོད་དང་སྦྲགས། རྩོམ་རིག་གི་སྐོར་ལ་ཞིབ་དཔྱོད་ཅུང་ཟད་བྱེད་པ་དང་། དེ་ནས་ཀྱང་ལྷག་པར་ཏུ་མོའི་ཙེ་ཏུང་གི་སྙན་ངག་དང་། ལིན་དགག་ཁུང་དགག་ལས་འཕྲོས་པའི་རྩོམ་རིག དེ་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སྙན་དེབ་སོགས་ལ་ཅུང་ཟད་ཞིབ་འཇུག་བྱ་རྒྱུ་ཡིན།

གསུམ་པ།༽ རིག་གསར་དང་དེའི་རྗེས་སུ་བྱུང་བའི་རྒྱའི་སྙན་ངག་འགའ་ཤས་ཆེད་དུ་དཔེ་རུ་བཀོད་ནས། བོད་ཀྱི་དེང་རབས་རྩོམ་རིག་ཇི་ལྟར་བྱུང་བ་དང་། ལྷག་པར་ཏུ། ༼ལང་ཚོའི་རྦབ་ཆུའི༽འབྱུང་ཁུངས། དེའི་མཛེས་པའི་ཉམས་འདོན་ཚུལ་དང་། ཚིག་གི་སྦྱོར་ཚུལ་སོགས་ཅུང་ཟད་ཞིབ་བསྡུར་བྱ་རྒྱུ་ཡིན།

བཞི་བ།༽ དེ་ནས་ལོ་རབས་བརྒྱད་ཅུ་དང་། དགུ་བཅུའི་ནང་གི་རིག་གནས་གསར་རྙིང་གི་རྩོད་པ་དང་། བོད་ཀྱི་སྙན་ངག་དང་རང་མོས་སྙན་ངག་བར་གྱི་རྩོད་གླེང་སོགས་མདོར་བསྡུས་སུ་གླེང་བར་འདོད།

ལྔ་བ།༽ བཅོས་སྒྱུར་སྒོ་འབྱེད་སྐབས་ཀྱི་སྙན་ངག་གསར་རྙིང་གི་རྩོད་པ་དང་། དོན་གྲུབ་རྒྱལ་འདས་རྗེས། དོན་གྲུབ་རྒྱལ་དེང་རབས་བོད་ཀྱི་རྩོམ་རིག་གི་སྲོལ་འབྱེད་པ་ཡིན་པའི་གཏམ་རྒྱུད་བྱུང་ཚུལ། དེ་དག་བོད་ཕྱི་ནང་གཉིས་དང་། ཕྱི་རྒྱལ་གྱི་མཁས་པ་དག་གི་ཁྲོད་དུ་ཁྱབ་ཚུལ་དང་། བོད་ཀྱི་ཤེས་རིག་གི་ཆ་ཤས་སུ་བསྒྱུར་ཐབས་དང་། དེ་ལས་འཕྲོས་པའི་རྩོད་རྙོག མི་རབས་གསུམ་པ་སོགས་ལས་འཕྲོས་པའི་སྐད་ཆ་འགའ་བཤད་ན་བསམ་བྱུང་།

 

གཞུང་དངོས་སུ་འཇུག་པ་ལ།

རང་མོས་སྙན་ངག་གི་ཐ་སྙད།

དེ་ཡང་དང་པོ། སྙན་ངག་ཟེར་པ་འདི་ཅི་ཞིག་རེད་དམ་ཞེ་ན། སྔོན་བྱོན་བོད་ཀྱི་མཁས་པ་དག་གི་ཁྲོད་དུ། སྤྱིར་བཏང་གི་ཚིག་སྦྱོར་ཙམ་ཞིག་མ་ཡིན་པར། ལུས་ཀྱི་གོས་བཞིན་དུ། སྤྱིར་བཏང་གི་གོན་པ་ཙམ་མ་ཡིན་པར། དེ་ལ་མཛེས་བྱེད་ཀྱི་རྒྱན་སྣ་ཚོགས་བཏགས་པ་དེ་ལ་ཟེར་ཅིང་། འཇུ་མི་ཕམ་གྱིས། སྙན་ངག་ཅེས་པ་ནི་སྨྲ་བའི་ཚིག་རྣམས་ལ་ཡིད་དུ་འོང་བའི་ཉམས་ཀྱི་ཁྱད་པར་བཏོད་པའི་ཐབས་ཤིག་ལ་བྱ། ཞེས་གསུངས་ཡོད་པ་དང་། དབྱིན་ཇིའི་ཐ་སྙད་དུ་ཕོ་ཨུ་ཐ་རེ་Poetry་ཟེར་དུས། མི་རྣམས་ཀྱིས་སེམས་ཀྱིས་སྣང་ངོར། དེ་ནི་སྤྱིར་བཏང་གི་ཚིག་ཙམ་བྲིས་པ་དང་། ཚིག་སྦྱོར་ཙམ་མ་ཡིན་པར། ཚིག་གི་རྒྱན་སྣ་ཚོགས་བཏོན་ནས་དམིགས་གསལ་གྱི་མངོན་པར་བྱས་པ་དེ་ལ་ཟེར་ཅིང་། ནུབ་ཏུ་དེའི་ཁུངས་ ནི། སྔོན་གྱི་གྷི་རིག་གི་སྐད་ཀྱི་poiesisལས་བྱུང་བ་ཡིན་པར་བཤད་ཅིང་། ནུབ་ཀྱི་སྙན་ངག་པ་དག་གིས་ཀྱང་། སྙན་ངག་གི་མཚན་ཉིད་ནི། སྒྲ་ཡངས་འཇུག་གི་དབང་དུ་བྱས་ན། རྗོད་བྱེད་ཀྱི་ཚིག་གང་ཞིག་ལ་དབང་བོ་ལྔ་ལ་མི་ཟད་པའི་མྱོང་བ་དང་། སེམས་ཀྱི་རྦ་ཀློང་གཡོ་ནུས་པའི་ཚིག་གི་རྒྱན་ལ་ཟེར།

སྐབས་འདིར་ཚིག་དང་སྡེབ་སྦྱོར་གྱི་རྒྱན་ཟེར་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་ཞིག་རེད། ཅི་རེད་ཟེར་ན།སྙན་ངག་གི་རྒྱན་ཟེར་པ་འདི་གཙོ་བོ་སེམས་ཀྱི་མཛེས་པའི་ཉམས་དེ་དག་དང་སྡེབ་སྦྱོར་ལམ་ལས་དྲངས་པ་དེ་ལ་རག་ལས་ཤིང་། དེ་ནི་མི་རིགས་མི་འདྲ་བ་རེ་རེ་ལ། གོས་སོགས་ཀྱི་རྒྱན་ཆ་མི་འདྲ་བ་ཡོད་པ་བཞིན། སྙན་ངག་རེ་རེ་ཡོད་པ་མ་ཟད། བོད་མི་རིགས་འདི་ལ་མཚོན་ནའང་། ལོ་རྒྱུས་རིང་མོའི་ཁྲོད་མི་རིགས་གཞན་དང་མ་འདྲ་བའི་མཛེས་པའི་ཉམས་གཏོད་ཚུལ་ཐུན་མོང་མ་ཡིན་པར་ཡོད་པ་རེད། དཔེར་ན་ང་ཚོའི་བོད་ཀྱི་གསེར་དངུལ་དང་། ཟངས་ལྕགས་དང་། གཡུ་བྱུར་སོགས་ཀྱི་རྒྱན་ཆ་རྣམས་མི་རིགས་གཞན་གྱི་སྣང་ངོར་མཛེས་མིན་ཅི་ཆའང་། ང་ཚོའི་བོད་མི་རྣམས་ཀྱིས་སྣང་ངོར་ཤིན་ཏུ་མཛེས་པ་ལྟར། དེ་ནི་ལོ་མང་པོར་བསགས་པའི་མཛེས་པའི་ཉམས་གཏོད་ཚུལ་དེ་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་བཞིན་ང་ཚོ་སྔོན་གྱི་བོད་པ་དག་གིས་སྣང་ངོར། གེ་སར་གྱི་སྒྲུང་དང་། སྔོན་གྱི་སྙན་ངག་རྣམས་ལ་ཧ་ལས་པའི་ཚིག་སྦྱོར་སྙན་པོ་དང་། དེང་དུས་ཀྱི་སྐད་ཆ་ལྟར་བཤད་ན། སྒྱུ་རྩལ་གྱི་ཆ་ཡག་པོ་ཡོད་ནའང་། དེང་རབས་བོད་ཀྱི་རྩོམ་པ་པོ་ཡིན་ཟེར་པ་དག་གི་སྣང་ངོར། མི་སྙན་པ་དང་། མི་མཛེས་པ་ལྟ་བུ་ཡོང་གིན་ཡོད་པ་ལྟ་བུ་རེད།

རང་མོས་སྙན་ངག་ལ་དབྱིན་ཇིའི་སྐད་དུ་Free verse poemཟེར་ཅིང་། ཚིག་གི་སྡེབ་སྤྱོར་དང་ཡི་གེ་སོགས་ཀྱིས་བཅིངས་པ་དང་། འཛིན་པ་མེད་པར་རང་བཞིན་གྱི་ཚིག་གིས་རྒྱན་སྣ་ཚོགས་སྟོན་ཐུབ་པ་དེ་ལ་ཟེར། དེ་བས་རང་མོས་སྙན་ངག་ཟེར་པ་འདི། དབྱིན་ཇིའི་བརྡ་སྤྲོད་དང་། སྒྲ་རིག་པ་དང་། ཚིག་གི་སྡེབ་སྤྱོར་སོགས་ལས་འདས་ནས་བྲིས་པའི་གང་དྲན་དྲན་བྱས་པའི་སྙན་ངག་དེ་འདྲ་མ་ཡིན་པར། ཚིག་གི་སྡེབ་སྦྱོར་སོགས་གཙོ་བོ་མི་བྱེད་པར། དོན་གྱིས་ཉམས་དང་འགྱུར་ཐོན་པར་བྱེད་པ་དེ་ལ་ཟེར། གང་ལྟར་དབྱིན་ཇིའི་ཀློག་སྟངས་དང་བོད་ཡིག་ཀློག་སྟངས་རྩ་བ་ཉིད་ནས་ཐ་དད་རེད། བོད་ཡིག་ཏུ་ཚིག་གཅིག་ལ་སྒྲ་གདངས་གཅིག་གིས་ཀློག་དགོས་པ་ཡོད་པ་རེད། དཔེར་ན་བོད་སྐད་དུ་སྙན་ངག་ཟེར་ན་སྙན་ཞེས་པའི་གདངས་ཤིག་དང་། ངག་ཟེར་པའི་གདངས་དེ་གཉིས་ལས་ཡོད་པ་མ་རེད། དབྱིན་ཇིའི་སྐད་དུ། poetryསྙན་ངག་ལྟ་བུ་ལ་ཆ་བཞག་ན། pəʊɪtriཕོ་ཨུ་ཐེ་རེ་ཞེས་ཀློག་དགོས་པ་ལྟ་བུ་རེད། དེ་བས་དབྱིན་ཇིའི་རང་མོས་སྙན་ངག་ཟེར་དུས། དབྱིན་ཇིའི་ཀློག་ཚུལ་གྱི་སྒྲ་གདངས་དང་།   ཚིག་གི་གཅོད་མཚམས། སྡེབ་སྦྱོར་སོགས་ལ་བལྟ་དགོས་པ་ལས། བོད་ཀྱི་ཚིག་བཅད་སྙན་ངག་ལྟར་ཚིག་མང་ཉུང་གིས་ཐོག་ནས་འཇོག་དགོས་པ་ཞིག་མ་རེད། བོད་དུ“རང་མོས་སྙན་ངག”གི་ཐ་སྙད་འདི་། བོད་མི་སུ་ཞིག་གིས་གསར་དུ་བསྒྱུར་པ་ཡིན་པ་དང་། ག་དུས་ནས་བེད་སྤྱོད་བཏང་བ་ཡིན་པ་བརྗོད་ཁག་པོ་འདུག་མོད། གང་ལྟར་དོན་གྲུབ་རྒྱལ་འདས་རྗེས། རིམ་གྱིས་ཐ་སྙད་འདི་བོད་ཡིག་ནང་སླེབས་པ་དང་། དེ་ནས་དེང་སང་ཕྱི་ནང་ཀུན་ཏུ་རྒྱ་ཁྱབ་དུ་བེད་སྤྱོད་གཏོང་བཞིན་པ་རེད། པད་མ་འབུམ་གྱིས་བཤད་པ་ལྟར་ན། ཐོག་དང་པོ་ནས་རིག་གསར་གྱི་སྙན་ངག་འདི་ལ། མིང་ག་འདྲ་ཞིག་འདོགས་རྒྱུ་ཡིན་མིན་ལ་རྩོད་པ་བྱུང་ཡོད་པར་ངེས། ཁ་ཅིག་གིས་རང་མོས་སྙན་ངག་ཟེར་པ་དང་། དེང་རབས་སྙན་ངག་ཅེས་མིང་འདོགས་ཀྱིན་ཡོད་པར་བཤད།  གང་ལྟར་རྒྱ་ཁྱབ་ཏུ་རང་མོས་སྙན་ངག་ཟེར་པའི་ཐ་སྙད་འདི་འབོད། གང་ལྟར་ལོ་ཉིས་བརྒྱ་ཙམ་གྱི་སྔོན་གྱི་བོད་མི་སྙན་ངག་པ་ཞིག་ལ། དཔེར་ན་མི་ཞིག་གིས༼ལང་ཚོའི་རྦབ་ཆུ༽ལྟ་བུ་དབྱངས་སུ་གྱེར་ནས་བཏོན་ཡོང་ན། དེ་ལ་མཛེས་པའི་ཉམས་སོགས་ཅི་ཡང་མེད་པའི་ཁར། དེ་ནི་བོད་ཀྱི་སྒྲ་རིག་པའི་གཞུང་དང་མི་མཐུན་ཞིང་། ཚིག་སྦྱོར་མི་སྙན་པ། ཐ་ན་སྙན་ངག་ཟེར་པའི་ཐ་སྙད་ཀྱང་འདོགས་ཐུབ་སྲིད་ཀྱིན་མ་རེད་སྙམ་ཞིང་། དེ་མིན་ད་ལྟའང་དགེ་བའི་བཤེས་གཉེན་ཆེན་པོ་ལོ་རྒན་པ་དག་དང་། གཞུང་བཙུགས་སློབ་གྲྭར་མ་སོང་བའི་གྲྭ་བཙུན་དང་། ཡང་ན་ཕྱི་རྒྱལ་ནས་འཚར་ལོངས་བྱུང་བའི་མི་དག་གིས་སྣང་ངོར་རང་མོས་སྙན་ངག་འདི་ལ་གོ་རྒྱུ་དང་། སྙན་པའི་རྒྱུ་སོགས་ཅི་ཡང་མེད་པ་མ་ཟད། སྙན་ངག་ཟེར་པ་ཞིག་ཡིན་མིན་ཀྱང་དོགས་པ་བྱེད་མཁན་ཡོད། ཕྲན་ལ་དེ་ལྟར་དངོས་སུ་བརྗོད་མཁན་ཀྱང་བྱུང་། ཡིན་ནའང་ཀྲུང་གོའི་སློབ་གྲྭར་སོང་བ་དག་གིས་རྣ་ལམ་དུ། ལང་ཚོའི་རྦབ་ཆུ་འདི་སོགས་མཚོན་པའི་རང་མོས་སྙན་ངག་འདི་ནི། སྙན་ངག་ཡིན་པ་མ་ཟད། སེམས་སུ་ངར་སྟེར་པའི་སྙན་ཚིག་ཁྱད་པར་ཅན་ཞིག་ཡིན་པ་དངོས་མཐོང་ཡོད་ལ། མཚོ་སྔོན་རྒྱང་བསྒྲགས་ཁང་སོགས་སུ་དུས་རྒྱུན་ལང་ཚོའི་རྦབ་ཆུ་འདི་དབྱངས་སུ་གྱེར་ནས་བརྒྱུད་སྒྲོག་བྱས་དང་བྱ་བཞིན་པ་འདི་རེད།

ཀྲུང་གོའི་རང་མོས་སྙན་ངག་བྱུང་ཚུལ།

ང་ཚོས་བོད་ཀྱི་རང་མོས་སྙན་ངག་གི་སྐོར་གླེང་དུས། རྒྱ་ནག་གི་དེང་རབས་རྩོམ་རིག་དང་དེའི་སྙན་ངག་གི་ལོ་རྒྱུས་སོགས་ཀྱང་མི་གླེང་ཐབས་མེད་རེད། གོང་དུ་བཤད་པ་ལྟར། ད་ལྟ་འབྲི་བཞིན་པའི་སྙན་ངག་གི་ཁུངས་ནི་རྒྱ་ནག་རེད། རྒྱ་ནག་འདི་ཡང་སྔོན་གྱི་བོད་ཀྱི་ཡུལ་ཁམས་སོགས་དང་འདྲ་བར། དེ་ཡང་ཕྱོགས་གཉིས་སུ་བགོས་ནས་གླེང་དགོས་པ་འདྲ། གཅིག་ནི་ཞེ་དགུའི་སྔོན་གྱི་རང་མོས་སྙན་ངག་གི་ལོ་རྒྱུས་མདོར་ཙམ་དང་། དེ་ནས་ཞེ་དགུའི་རྗེས་སུ། སྲིད་གཞུང་གིས་ཆེད་དུ་སྤེལ་བའི་རྩོམ་རིག་གི་ནང་དུ་ཡོད་པའི་རང་མོས་སྙན་ངག་གི་སྐོར་རེད། དང་པོར་ཞེ་དགུའི་སྔོན་དུ་བཤད་ན། རྒྱ་ནག་ནི་ལོ་རྒྱུས་རིང་པོ། སྔོན་གྱི་དུས་ནས་སྙན་ངག་འབྲི་བའི་ལུགས་སྲོལ་མང་པོ་ཡོད་པའི་ཡུལ་ཁམས་ཤིག་རེད། སྔོན་གྱི་བོད་པ་དག་གིས་འཇམ་པའི་དབྱངས་ཀྱི་ཞིང་ཞེས་བརྗོད་སྲོལ་འདུག་མོད། དོན་གྱིས་སྔོན་གྱི་མི་རྣམས་ནི་རྣམ་རིག་དང་ལྡན་པ་འགའ་རེད་ཅེས་པའི་དོན་རེད། གནའ་བོའི་ལོ་རྒྱུས་སུ་མི་རྣམས་ཀྱིས་སྙན་ངག་སྣ་ཚོགས་བྲིས་ནས། རྒྱལ་པོ་སོགས་ལ་མཆོད་བསྟོད་དང་། གྲོགས་ཕན་ཚུན་ལ་ལེགས་སྐྱེས་ཀྱི་ཚུལ་དུ་འབུལ་བའི་སྲོལ་བཟང་འདུག་པ་མ་ཟད། རྒྱ་ནག་གི་མཁས་པ་ཞིག་ཡིན་ཚེ། ཐང་། སུང་སོགས་ཀྱི་སྙན་ངག་རྣམས་ཐད་ཀར་དབྱངས་སུ་གྱེར་ནས་འདོན་པའི་ལུགས་སྲོལ་ཀྱང་ཡོད་པ་རེད། དེ་ནས་ཆེན་པོ་ཆིང་གི་རྒྱལ་རབས་ཀྱིས་སྲིད་དབང་བཟུང་ནས་དར་པའི་རྩེར་སོན་ཡོང་དུས། དུས་རབས་བཅུ་དགུ་བའི་ནང་ཉལ་ཐའི་དམག་འཁྲུག་བྱུང་བ་དང་། ཡོ་རོབ་མི་སེར་སྤེལ་ཡུལ་རིང་ལུགས་པས་རྒྱ་ནག་ལ་ཕོག་ཐུག་མང་པོ་བཟོས། དེ་ནས་འཇར་ཕན་པ་སོགས་རིམ་གྱིས་སྟོབས་རྒྱས་ནས། རྒྱ་ནག་གི་བྱང་ཤར་སོགས་དང་། ཀོ་ལེབ་ཡུལ་སོགས་དྲག་པའི་དོན་གཅོད་རབ་དང་རིམ་པ་ཡོང་། དེ་ལྟར་རྒྱ་ནག་ཡོངས་ཀྱིས་མི་རིགས་གཞན་གྱི་སུན་གཙེར་འོག་སྡོད་དུས། རྒྱ་ནག་ལྷོ་ཕྱོགས་སུ་རིམ་གྱིས་ནུབ་ཆབ་སྲིད་ཀྱི་ལྟ་བ་དར་པའི་མགོ་ཚུགས། ལྕགས་ཕག་སྟེ་༡༩༡༡་ལོ་ལ། ལྷོ་ཕྱོགས་ཀྱི་མི་དག་གིས་སྣེ་ཁྲིད་ནས། ཆིང་གི་རྒྱལ་རབས་ཀྱི་མཇུག་བསྡུས། གོང་མའི་ཆབ་སྲིད་ཀྱི་ལམ་ལུགས་ལ་འགྱུར་པ་བྱུང་བ་མ་ཟད། མི་རྣམས་ཀྱི་སེམས་ཁམས་དང་། ཤེས་རིག་སོགས་ཀྱི་ཐད་ལ་འགྱུར་པ་ཆེན་པོ་ཐེབས་ནས། རྒྱ་ནག་འདི་ཆབ་སྲིད་ཀྱི་ཕྱོགས་གང་དུ་འགྲོ་བའི་རྩོད་པ་ཆེན་པོ་བྱུང་། ཆབ་སྲིད་ཀྱི་ཐོག་ནས་ཡང་ན་རྒྱལ་པོའི་ལུགས། ཡང་ན་དམངས་གཙོའི་ལུགས། ཡང་ན་དམར་པོའི་ལམ་དུ་རྩོད་པ་ཤུགས་ཆེན་བརྒྱབ་པ་མ་ཟད། དེར་བསྟུན་གྱི་ཆབ་སྲིད་ཀྱི་ཚོགས་པའང་འདྲ་མིན་མང་པོ་བྱུང་། དུས་སྐབས་དེ་ལ་རིག་གཞུང་གི་ཐད་ནས་ཀྱང་རྩོད་པ་མང་པོ་བྱུང་ཞིང་། སྐད་གྲགས་ཆེ་ཤོས་ནི་ལྔ་བཞིའི་ལས་འགུལ་ཟེར་པ་དེ་རེད། ལས་འགུལ་དེ་ནི་ཕྱི་ལོ་༡༩༡༩་ལོ་བྱུང་བ་ཞིག་དང་། རྩོད་གླེང་གི་དོན་གྱི་སྙིང་བོ་ནི། ཉལ་ཐའི་དམག་འཁྲུག་ བྱུང་བ་དང་། རྒྱ་ནག་ལ་རྒྱལ་ཁམས་མང་པོས་བཙན་འཛུལ་བྱས་ནས་རྒྱ་ནག་མི་དམངས་ཀྱིས་མཐོང་ཆུང་དང་། འཇིགས་རྔམ། བཙན་འཛུལ་མྱོང་བཞིན་པའི་རྩ་བ་འདི། རྒྱ་ནག་རང་ལ་གསར་བརྗེའི་ལྟ་བ་མེད་པ་དང་། སྒྱིད་ལུག་དང་། ཀླ་ཀློའི་རང་གཤིས་ཀྱི་སེམས་ཁམས་དེ་ལ་རག་ལས་པ་ཡོད་པ་དང་། དེ་ནི་གཙོ་བོ་སྔོན་གྱི་རྒྱ་ནག་ལ་ཡོད་པའི་རིག་གཞུང་དང་། ལྷག་པར་ཏུ་ཁུང་ཙུའི་ལུགས་འདི་ཡིན་པ་དང་། རྒྱ་ནག་འདི་ཡར་རྒྱས་འགྲོ་དགོས་ན། ཁུང་ཙུའི་ལུགས་སོགས་རྙིང་བ་ཐམས་ཅད་གཏོར་ནས་རིག་གཞུང་གསར་པ་ཞིག་གི་ལམ་དུ་འགྲོ་དགོས་པའི་ལུགས་བཏོན་པ་དེ་རེད། རིག་གཞུང་གི་རྩོད་གླེང་དེ་ལྟར་རྒྱག་བཞིན་པའི་སྐབས་སུ། རྒྱ་ནག་ཏུ་རང་མོས་སྙན་ངག་ཟེར་པ་དེ་བྱུང་བ་རེད་འདུག དུས་སྐབས་དེ་ལ་རྒྱ་མི་ཧོ་ཧྲི་胡适ཟེར་པ་ཞིག་གིས།  ༼རྨི་ལམ་དང་སྙན་ངག།༽་་ཞིག་བྲིས་པ་དང། དེ་ནི་ཁོང་གིས་སྔོན་གྱི་སྙན་ངག་ལ་ངོ་རྒོལ་ཆེད། སྙན་རྩོམ་དེ་པེ་ཧྭ་白话སྐད་ཀྱི་ཐོག་ནས་བྲིས་པ་ཡིན་པར་བཤད།

པེ་ཧྭའི་སྐད་ཟེར་པ་འདི། མི་སེར་གྱི་སྐད་ཟེར་པའི་དོན་རེད། དེ་ལྟར་བྲི་དོན་ནི། ཁོས་སྣང་ངོ་ལ་སྔོན་གྱི་རྒྱ་ནག་གི་ཡི་གེ་དང་། རིག་གཞུང་། སྙན་ངག་སོགས་དཔོན་པོ་དང་། རྒྱལ་པོ། བློན་ཆེན་སོགས་དབང་སྒྱུར་གྲལ་རིམ་གྱི་ལག་ཆ་ཁོ་ནར་གྱུར་ནས། མི་སེར་དཀྱུས་མ་དག་གི་སེམས་ཁམས་དང་། སྐད་ཆ་བཤད་སྟངས་དང་ཤིན་ཏུ་ཐག་རིང་པོ་ཡོད་པ་དང་། ཁོ་ཚོས་བྲིས་པའི་སྙན་ངག་སོགས་ཀྱང་མི་སེར་དཀྱུས་མ་དག་གིས་གོ་མི་ཐུབ་པ་དང་། ཉམས་སུ་མྱོང་མི་ཐུབ་འགའ་ཞིག་ཡིན་པས། ད་ནས་བཟུང་སྙན་ངག་སོགས་ཀྱང་མི་སེར་རང་སྐད་ཀྱི་སྟེང་ནས་འབྲི་དགོས་པར་འདོད་ཡོད་པ་དེ་རེད། ཁོང་གིས་སྙན་རྩོམ་དེ་བྲིས་རྗེས། དུས་སྐབས་དེ་ལ་གསར་ཏུ་བསྒྲུབས་པའི༼ན་གཞོན་གསར་པའི་དུས་དེབ༽ཟེར་པའི་ཐོག་ཏུ་བཀོད་པ་དང་། དེ་ནི་རྒྱ་ནག་གི་སྐད་ཀྱི་ཐོག་བྲིས་བའི་རང་མོས་སྙན་ངག་ཐོག་མ་དེ་ཡིན་པར་བཤད།

དུས་སྐབས་དེ་ལ་རྒྱ་ནག་གི་མཁས་པའི་ཁྲོད་དུ་ཡི་གེ་དང་མི་དམངས་ཀྱིས་བཤད་པའི་སྐད་གཉིས་ཐག་ཉེ་བོར་བཟོ་དགོས་བར་འདོད་པའི་ལྟ་བ་ཤུགས་དྲག་ཡོད་པས། སྙན་ངག་པ་ཞིས་ཀྲི་མོ་དང་ཀོ་མོ་རོ་སོགས་ཀྱིས་གྲོང་ཚིག་གི་ལམ་ནས་སྙན་ངག་མང་པོ་བྲིས་ནས། གཞི་ནས་དེང་རངས་ཀྱི་སྙན་ངག་གསར་པ་དེ་མགོ་ཚུགས་ཡོད་པར་བཤད། ལྷག་པར་ཏུ་ཞིས་ཀྲི་མོ་徐志摩 ཟེར་པ་དེ་སྐད་གྲགས་ཆེན་པོ་ཞིག་བྱུང་བ་དང་། ཁོ་ནི་ཐོག་མར་ཨ་རི་དང་རྗེས་སུ་དབྱིན་ཇིའི་ཁམ་ཟམ་གཙུག་ལག་བསླབ་གྲྭ་སོགས་སུ་སློབ་གཉེར་བྱས་ཤིང་། ཁོང་གིས་ཁམ་ཟམ་གྱི་ཟམ་ཆུ་འགྲམ་ཏུ་བྲིས་པའི་再别康橋༼ཁམ་ཟམ་ལ་ཡང་བསྐྱར་བདེ་མོ་བཞག་པ༽ཟེར་པའི་སྙན་ངག་དེ་རྒྱ་ནག་པ་ཡོངས་ཀྱི་མི་ཤེས་པ་མེད་པ་ལྟ་བུ་ཆགས་པ་རེད།

༡༩༤༢་ལོ་ལ། ཀྲུང་གོའི་གུང་ཁྲན་ཏང་གི་རིག་རྩལ་གྱི་ཚོགས་འདུ་ཡན་ཨན་དུ་ཚོགས་པ་དང་། དེའི་ཐོག་མོའི་ཙེ་ཏུང་གིས་རྒྱ་ནག་གི་དམངས་ཁྲོད་གཏམ་རྒྱུད་ལ་བརྟེན་ནས་སྙན་ངག་རྩོམ་དགོས་པའི་གཏམ་བཤད་སྤེལ་རྗེས། རིམ་གྱིས་རང་མོས་སྙན་ངག་དེ་ཡང་རྒྱ་ནག་གི་གསར་བརྗེའི་རིག་གནས་ཀྱི་ཆ་ཤས་སུ་གྱུར་པ་དང་། ཞེ་དགུ་ལོ་ལ་ཀྲུང་གོའི་མི་དམངས་བཅིངས་གྲོལ་དམག་གིས་ཀྲུང་གོའི་རྒྱལ་ཁབ་དབང་དུ་བསྡུས་རྗེས། ལྔ་བཞིའི་ལས་འགུལ་སྐབས་ཀྱི་རྙིང་གཏོར་གྱི་ལྟ་བ་དང་། སྙན་ངག་རྣམས་སྲིད་གཞུང་གསར་པའི་རིག་གཞུང་གི་ཆ་ཤས་ཤིག་ཆགས་བསྡད་ཡོད་པ་རེད། ཀྲུང་གོ་གུང་ཕྲན་ཏང་གིས་རྩོམ་རིག་ནི་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་གཏོང་བྱེད་ཅིག་དང་། འབྱོར་མེད་གྲལ་རིམ་ལ་ཞབས་འདེགས་བྱེད་པའི་ལག་ཆ་ཞིག་ཡིན་ཞེས་མངོན་གསལ་དོད་པོས་སྒྲོག་གིན་ཡོད།

མོའི་ཙེ་ཏུང་གིས་“ང་ཚོའི་རྩོམ་རིག་དང་སྒྱུ་རྩལ་ཚང་མ་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བྱེད་ཅིག་རེད། དེའང་ཐོག་མར་བཟོ་ཞིང་དམག་གསུམ་ལ་ཞབས་འདེགས་ཞུ་བྱེད་ཅིག་རེད། གསལ་བོ་བཤད་ན་བཟོ་ཞིང་དམག་གསུམ་གྱི་ཆེད་དུ་གསར་སྐྲུན་བྱེད་རྒྱུ་དང་། བཟོ་ཞིང་དམག་གསུམ་གྱིས་བེད་སྤྱོད་གཏོང་བྱེད་ཅིག་རེད”ཅེས་གསལ་པོ་བཤད་ཡོད། དེ་བས་ཀྲུང་གོ་གསར་པ་ཞིག་འཛུགས་པ་ནི། ཆབ་སྲིད་དང་དཔལ་འབྱོར་གྱི་གསར་བརྗེ་ཁོ་ན་མ་ཡིན་པར། རིག་གཞུང་གི་གསར་བརྗེ་ཞིག་ཀྱང་རེད། མོའི་ཙེ་ཏུང་གིས་༼རིག་གཞུང་གསར་པ་ནི། བསམ་པའི་ཐོག་ལ་ཆབ་སྲིད་གསར་པ་དང་ལོངས་སྤྱོད་གསར་པ་རྣམས་ཀྱི་སྟོན་བྱེད་ཡིན་ཞིང་། ཆབ་སྲིད་གསར་པ་དང་ལོངས་སྤྱོད་གསར་པ་དག་གི་བྱ་བ་བྱེད་པ་ཡིན་ནོ༽་ཞེས་བཤད་ཡོད་པ་ལྟར། འདིའི་ནང་དུ་ཀྲུང་གོའི་ཁྱད་ཆོས་ལྡན་ཆོས་ལྡན་པའི་དམངས་གཙོ་རིང་ལུགས་ཞིག་བཙུགས་ཐུབ་པ་དང་། གཙོ་བོ་རིག་གཞུང་གསར་པ་ཞིག་འཛུགས་ཐུབ་པའི་ཆེད་དུ་བྲིས་པའི་རྩོམ་གལ་ཆེན་ཞིག་ཆགས་བསྡད་ཡོད།

དེ་ནས་རིམ་གྱིས་རྒྱ་ནག་གི་མཁས་པའི་ཁྲོད་དུ་རང་མོས་སྙན་ངག་ཟེར་པ་འདི། རྒྱ་ཁྱབ་ཏུ་དར་པའི་མགོ་ཚུགས་པ་དང་། དེ་ཡང་དོན་གྱིས་སྔོན་གྱི་སྙན་ངག་གི་གཞུང་ལ་རྒོལ་བའི་རིག་གཞུང་གསར་པ་ཞིག་དང་། གསར་བརྗེ་དང་མི་རབས་གསར་པ་མཚོན་པའི་སྙན་ངག་གསར་པ་དེ་ཆགས་པ་རེད། དེ་བས་གསར་བརྗེ་དམག་དཔུང་གང་དུ་ཕྱིན་ཡང་། གསར་བརྗེའི་མེ་མདའ་དང་མཉམ་དུ་གསར་བརྗེའི་ལྟ་བ་དང་། རང་མོས་སྙན་ངག་དེ་ཡང་སླེབས་ཡོད་པ་ཞིག་རེད།རྒྱ་ནག་གི་མཁས་པའི་ཁྲོད་དུ། ལྔ་བཅུའི་མགོ་སྟོད་དུ་ཀྲུང་གོའི་སྙན་ངག་དེ། ག་འདྲ་ཞིག་གི་ལམ་དུ་འགྲོ་རྒྱུ་ཡིན་མིན་ལ་རྩོད་པ་བྱུང་བ་རེད། དེ་དུས་ཁོ་ཚོས་བྲིས་པའི་སྙན་ངག་མང་ཆེ་བ། ༼སྙན་ངག༽ཅེས་པའི་དུས་དེབ་དེའི་ཐོག་བཀོད་པ་དང་། སྙན་ངག་གི་རྩོམ་དེབ་དེ་ནི་༡༩༥༧་ལོ་ནས་༡༩༦༤་བར་གནས་པ་དང་། དུས་དེབ་དང་པོའི་ཐོག་ཏུ། མོའི་ཙེ་ཏུང་གི་སྙན་ངག་བཅོ་བརྒྱད་དང་། ཡི་གེ་ཞིག་ཀྱང་བཀོད་པ་ཡོད་པ་རེད། དེའི་ནང་དུ་མོའི་ཙེ་ཏུང་གིས་མི་རབས་རྗེས་མ་དག་གིས་ཁོང་གི་རྩོམ་སྟངས་ལྟར་སྙན་ངག་མི་འབྲི་བའི་བསམ་འཆར་བཏོན་པ་དང་། དེ་ནས་རྗེས་ཕྱོགས་ཀྱི་དུས་དེབ་ནང་དུ་ཕལ་ཆེར་རང་མོས་སྙན་ངག་གི་རྩོམ་ལུས་སྟེང་ནས་སྙན་རྩོམ་བཀོད་པ་རེད། དྲུག་ཅུའི་ནང་ལ། ཀོ་མོ་རོ་ཡིས་ལྔ་བཞིའི་ལས་འགུལ་རྗེས་སུ་བྱུང་བའི་རྩོམ་ལུས་སྤྱོད་རྒྱུའི་གཏམ་བཤད་སྤེལ་བ་དང་། དེ་ནི་དོན་གྱིས་རང་མོས་སྙན་ངག་བེད་སྤྱོད་ཐོངས་ཟེར་པ་དེ་རེད། ༡༩༧༩ལོ་ལ། མོའི་ཙེ་ཏུང་གིས་༡༩༦༥ལོ་ལ་ཁྲིན་ཡུས་ལ་བསྐུར་པའི་ཡི་གེ་གཅིག་ཚགས་པར་སོགས་སུ་བཀོད་ནས། ཁྱབ་བསྒྲགས་རྒྱ་ཆེན་པོ་བྱས་པ་དང་། ཡི་གེ་དེའི་ནང་དུ། མོའི་ཙེ་ཏུང་གིས་ལྔ་བཞིའི་ལས་འགུལ་རྗེས་ནས། རྒྱ་ནག་གི་སྙན་ངག་འཕེལ་རྒྱས་མ་སོང་བ་དང་། དེ་བས་སྔོན་སྲོལ་གྱི་སྙན་ངག་དང་མི་མང་གི་གྲས་སུ་དར་པའི་གཞས་ཚིག་སོགས་ལ་བརྟེན་ནས་སྙན་ངག་གསར་པ་རྩོམ་དགོས་པ་བཤད།

༡༩༦༦་ལོ་ལ་རིག་གནས་གསར་བརྗེ་བྱུང་བ་དང་། ༡༩༧༧་ལོ་ལ་མཇུག་རྫོགས། རིག་གསར་གྱི་སྐབས་སུ་མོའི་ཙེ་ཏུང་གི་སྙན་ངག་དང་། ལྷག་པར་ཏུ་དམར་སྲུང་དམག་གི་ཟློས་གར་སོགས་འགའ་ཤས་བཏོན་པ་དང་། མི་རྣམས་ཀྱིས་ཀྱང་གཙོ་བོ་དམར་སྲུང་དམག་གི་སྙན་ངག་དང་། ཟློས་གར་སོགས་ཅི་རིགས་སྦྱངས། དོན་དྲུག་ལོར་རིག་གསར་མཇུག་རྫོགས་དུས། མི་བཞི་ཤོག་ཁག་ཕམ་པར་བརྒྱབ་པ་དང་། ༡༩༧༩ལོར་རིམ་གྱིས་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་བྱུང་བ་དང་། དེ་ནས་རིམ་གྱིས་ད་ལྟའི་རིག་གསར་ལས་ཐར་ནས། རིག་གསར་སྐབས་སུ་འཐབ་རྩོད་ཇི་ལྟར་བྱུང་ཚུལ་དང་། གཞོན་ནུ་རྣམས་ཞིང་གྲོང་དུ་སོང་བའི་སྐོར་སོགས་ཀྱི་རྩོམ་རིག་ཐོན་པ་དང་། དུས་སྐབས་དེ་ལ་དུས་དེབ་སྣ་ཚོགས་ཐོན་པ་དང་། སྙན་ངག་ལའང་འགྱུར་པ་གང་འཚམས་བྱུང་ནས་རིག་གསར་སྐབས་ཀྱི་གསར་བརྗེའི་སྙན་ངག་ལས་ཐར་པའི་མགོ་བརྩམས་པ་རེད། ཁ་ཅིག་གིས་རྒྱ་ནག་གི་སྔོན་གྱི་སྙན་ངག་སོགས་ལའང་ཞིབ་འཇུག་དང་། དོ་སྣང་བྱས་པའི་མགོ་བརྩམས་པར་མ་ཟད། ནུབ་གྱི་རྩོམ་རིག་དང་སྙན་ངག་དཔེ་དེབ་མང་པོ་ཞིག་རྒྱ་ཡིག་ཏུ་བསྒྱུར་མགོ་བརྩམས། རིམ་གྱིས་ད་ལྟའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་འདི་བྱུང་བ་རེད།

གང་ལྟར་རིག་གཞུང་གསར་པ་ནི་བསམ་པའི་ཐོག་དང་། དཔལ་འབྱོར་གྱི་ཐད་ནས་ལྟ་ཚུལ་གསར་པ་ཙམ་མ་ཡིན་པར། ཆབ་སྲིད་གསར་པའི་ལམ་སྟོན་ཀྱང་ཡིན་ཟེར་པ་དེ་རེད། དེ་ལྟ་བུ་རིག་གཞུང་གསར་པ་ཞིག་འཛུགས་པ་ལ། གང་ཐད་ནས་དྲིལ་བསྒྲགས་བྱེད་དགོས་ཤིང་། དྲིལ་བསྒྲགས་ནི་གུང་ཁྲན་ཏང་གི་མེད་དུ་མི་རུང་བའི་མཚོན་ཆ་ཞིག་ཆགས་བསྡད་ཡོད། ཁོང་ཚོ་གང་ཏུ་སོང་ཡང་། ཐོག་མར་ཁོ་ཚོས་ཐབས་ཤེས་ཡོད་ཚད་བཏོན་ནས་ཁོ་ཚོའི་དཔེ་དེབ་རྣམས་ཡུལ་ཁམས་དེའི་སྐད་དུ་བསྒྱུར་རྒྱུ་དེ་རེད། རྒྱ་ནག་གི་རང་མོས་སྙན་ངག་ནི། རྒྱ་ནག་གི་མཁས་པ་ཚོས་རྒྱ་ནག་གི་ལོ་རྒྱུས་དང་། གནས་བབས། ལྷག་པར་རྒྱ་ཡིག་གི་སྔོན་གྱི་སྙན་ངག་ལ་བལྟོས་ནས་གསར་བརྗེའི་ལྟ་བ་རྣམས་རྒྱ་ནག་རང་ལ་སྤེལ་ཕྱིར། བསམ་བཞིན་དུ་རྙིང་གཏོར་གྱི་ཆེད་དུ་བརྩམས་པ་ཞིག་རེད། བོད་ཀྱི་གེ་སར་གྱི་སྒྲུང་ལྟ་བུ། མགུར་གླུ་ལྟ་བུ། ཡང་ན་ཡི་གེ་མི་ཤེས་པའི་ལོ་ལོན་དགེ་བཤེས་དེ་འདྲས་ཀློག་ཤེས་པ་དང་། ནང་དོན་གོ་ཐུབ་པའི་སྙན་ངག་དེ་འདྲ་རྒྱ་ནག་ཏུ་མེད་པ་འདྲ། སློབ་སྦྱོང་ནི་སྲིད་གཞུང་དང་། རྒྱལ་པོའི་ཆེད་དུ་བྱེད་དགོས་པ་དང་། སྐད་ཆའང་དེའི་ཆེད་དུ་བཤད་དགོས་པ་འདྲ་བས། ཡི་གེ་དང་སྙན་ངག་རྣམས་མི་སེར་དཀྱུས་མ་རྣམས་དང་། ཐག་རིང་དུ་སོང་ནས། རྒྱ་ནག་གི་གསར་བརྗེ་བ་དག་གིས་རྒྱ་སྐད་ཀྱི་ལམ་ནས་་གྲོང་སྐད་ཀྱི་ཐོག་ནས་སྙན་ངག་འབྲི་འདོད་པ་དང་། སྙན་ངག་འབྲི་འདོད་པ་ནི་རྒྱུ་མཚན་ལྡན་པ་ཞིག་རེད།

 

ཀྲུང་གོའི་རྩོམ་རིག་གསར་པ་བོད་དུ་སླེབས་ཚུལ།

དེང་རབས་བོད་ཀྱི་རང་མོས་སྙན་ངག་ནི། ཀྲུང་གོའི་མི་དམངས་བཅིང་འགྲོལ་དམག་དང་མཉམ་དུ་བོད་ལ་ཡོང་བ་དང་། དེ་ནས་སྲིད་གཞུང་གིས་སློབ་གྲྭ་དང་ལས་ཁུངས་བཙུགས་པ་དང་། ལོ་ཙྭ་བ་བསྐྱེད་བསྲིང་བྱས་པ། དཔེ་སྐྲུན་དང་། རྒྱང་བསྒྲགས་ཁང་སོགས་རིམ་གྱིས་བཙུགས་ནས་སྤེལ་བ་ཞིག་རེད། ༡༩༢༠ལོ་ཙམ་ལ་ཨུ་རུ་སུ་དམར་པོ་གཞུང་གིས་ཧལ་ཧ་སོགས་བཅོམ་རྗེས། ཆོས་སྡེ་ཆེན་པོ་ཏ་ཁུལ་ར་ནས་སོག་པོ་འགའ་ཤས་བསྡུས་ནས། མར་ཁེ་སི་དང་ལེ་ཉེན་གྱི་ལྟ་བ་རྟོགས་འདོད་ཀྱི་དཔེ་དེབ་འགའ་ཤས་བོད་ཡིག་ཏུ་བསྒྱུར་ཡོད་པར་བཤད། དེ་བཞིན་༡༩༣༦ལོ་ལ་མོའི་ཙེ་ཏུང་གིས་མགོ་ཁྲིད་པའི་སྐད་གྲགས་ཅན་གྱི་དམར་དམག་རྒྱང་བསྐྱོད་སྐབས་སུ། མོའི་ཙེ་ཏུང་གིས་མགོ་ཁྲིད་པའི་དམག་དཔུང་དང་པོ་དང་། ཀྲང་གོ་ཐོ་ཡིས་མགོ་ཁྲིད་པའི་དམག་དཔུང་བཞི་བ་གཉིས། ༡༩༣༦ལོ་ནས་བོད་ཀྱི་མདོ་སྨད་ཀྱི་ཟུང་ཆུ་དང་། དམུ་དགེ ཁམས་ཀྱི་དཀར་མཛེས། བྲག་མགོ། རྟའུ་སོགས་སུ་དུས་ཡུན་རིང་པོར་བསྡད་པ་དང་། དེ་དུས་ཀྱང་གུང་ཁྲན་ཏང་གི་དྲིལ་བསྒྲགས་ཀྱི་ཡིག་ཆ་མང་པོ་ཞིག བོད་ཡིག་ཏུ་བསྒྱུར་ཡོད་པ་དང་། དགེ་རྟག་སྤྲུལ་སྐུའི་རོགས་རམ་འོག དཀར་མཛེས་དང་རྔ་བ་ཁུལ་ནས་ལོ་གཅིག་ཙམ་སྡོད་སྐབས། དམར་དམག་རྣམས་ཀྱིས་རྒྱགས་ཆས་སྒྲིག་ཕྱིར་དང་། བོད་མི་ལ་མཐུན་ལམ་ཡག་ཙམ་ཡོང་ཕྱིར་དང་དམར་པོའི་ལྟ་བ་བརྒྱུད་སྒྲོག་ཆེད། དྲིལ་བསྒྲགས་ཀྱི་ཡིག་ཆ་འགའ་ཤས་བོད་ཡིག་ཏུ་བསྒྱུར་པར་བཤད། དཔེར་ན་ཀྲང་གོ་ཐོ་ཡི་མི་ཚེའི་ལོ་རྒྱུས་སུ། དམར་དམག་གིས་རྒྱལ་མོ་ཚ་བ་རོང་དུ།ཏང་གི་ཡིག་ཆ་འགའ་ཤས་བོད་ཡིག་ཏུ་བསྒྱུར་སྐབས། བོད་ཀྱི་ཡི་གེར་སྐྱིད་སྡུག་ཟེར་པ་དང་ཡང་ན་སྒྲིག་འཛུགས་ཟེར་པ་ཞིག་མི་འདུག་ཅེས་པ་སོགས་ཀྱང་བཤད་འདུག་མོད། ཡིནའང་དེའི་སྐབས་ཀྱི་ཡིག་བསྒྱུར་བྱས་པ་དང་བརྒྱུད་སྤེལ་བྱས་པའི་བོད་ཡིག་གི་ཡིག་ཆ་མཐོང་མྱོང་མེད།

ཞེ་དགུ་ལོ་ནས་རྒྱ་ཡིག་གི་ལམ་ནས་བོད་ཡིག་ཏུ་དཔེ་དེབ་མང་པོ་བསྒྱུར་པ་དང་། དེའི་ནང་དུ་སྙན་ངག་གི་དཔེ་དེབ་འགའ་རེའང་བོད་ཡིག་ཏུ་བསྒྱུར་འདུག དེ་ནས་ཡུན་གྱིས་དཔེ་དེབ་མང་པོ་བསྒྱུར་པའི་མགོ་བརྩམས་པ་དང་། མི་རིགས་དཔར་སྐྲུན་ཁང་གི་རྗེས། རིམ་གྱིས་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། དེའི་རྗེས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དེའི་རྗེས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་སོགས་རིམ་གྱིས་བཙུགས།མི་རིགས་དཔེ་སྐྲུན་ཁང་དེ་དག་གིས་བོད་ཡིག་ཡིག་གི་དཔེ་དེབ་མང་པོ་དཔར་ནས་བཀྲམས། ༡༩༤༩ལོ་ནས་ཆེད་དུ་དེའི་སྐོར་གྱི་ལས་ཁུངས་མང་པོ་ཞིག་བཙུགས་ནས། བོད་ཀྱི་ས་ཁུལ་མང་པོ་ཞིག་ནས་ལོ་ཙཱ་བ་སོགས་བསྡུས་ཏེ།ཐོག་དང་པོར། དམར་པོ་གཞུང་གི་་ཡིག་ཆ་དང་། ལྷག་པར་ཏུ་མོའི་ཙེ་ཏུང་གི་དཔེ་དེབ་སོགས་བོད་ཡིག་ཏུ་བསྒྱུར་ཕྱིར་དུ། པེ་ཅིང་དུ་མི་རིགས་ཡིག་སྒྱུར་ཁང་ཟེར་པ་ཞིག་བཙུགས་། དེ་རུ་རྒྱ་ཡིག་ཤེས་པའི་བོད་མི་འགའ་ཤས་དང་། རྒྱའི་ལོ་ཙྭ་བ་གདན་དྲངས་ནས་ལས་ཀ་དེའི་ནང་དུ་ཞུགས། ཁོ་ཚོའི་དཔེ་དེབ་ནི། ༼མོའི་ཙེ་ཏུང་གི་བཀའ་རྩོམ། དམངས་གཙོའི་རིང་ལུགས་གསར་པའི་བསྟན་བཅོས༽ཟེར་པ་དེ་བསྒྱུར་པ་དང། སྤྱི་ལོ༡༩༥༢ལོ་ལ་ཀྲུང་དབྱང་མི་དམངས་སྲིད་གཞུང་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ནས་པར་ཏུ་བསྐྲུན་ཏེ་བཀྲམས། དཔེ་དེབ་ཁྲི་གཅིག་ཙམ་དཔར། སྐད་གྲགས་ཅན་གྱི་༼དག་ཡིག་གསར་བསྒྲིགས༽ཀྱང་དེ་དུས་དཔར་པ་རེད། དེ་མིན་སྒྲུང་རྩོམ་གྱི་ཐད་ནས་ཀྱང་། དུས་སྐབས་དེ་ལ་དཔེ་དེབ་བཅུ་ཙམ་ཞིག བོད་ཡིག་ཐོག་ནས། པེ་ཅིང་ནས་༼སི་ཏ་ལིན་ཉི་མ་ལས་དྲོ་བ༽དང་། ཚེ་ཏན་ཞབས་དྲུང་རིན་པོ་སོགས་ཀྱིས་བསྒྱུར་པའི་༼རྒྱལ་མཚམས་རང་ལུགས་ཀྱི་འཐབ་རྩོད་མཁན་ལའོ་ཧྲིན་ཅོ༽སོགས་བོད་ཡིག་གི་ཐོག་ནས། དམར་པོའི་དཔེ་དེབ་མང་པོ་བསྒྱུར་ཡོད་པ་ལྟ་བུ་རེད།ཐ་ན་རིག་གསར་གྱི་སྐབས་སུའང་བོད་ཡིག་གི་དཔེ་དེབ་དཔར་པ་འཚམས་འཇོག་བྱས་མེད། མོའི་ཙེ་ཏུང་གི་གསུང་རྩོམ་དང་། རིག་གསར་གྱི་ཟློས་གར་སོགས་ལས་གཞན། ཐད་ཀར་བོད་ཀྱི་རྩོམ་རིག་ལ་དགག་པ་རྒྱག་པའི་དཔེ་དེབ་འདི་འདྲའང་ཐོན་འདུག། དཔེར་ན་སྙན་ངག་གི་དཔེ་དེབ་ལས་གཞན། ད་དུང་སྒྲུང་རྩོམ་སོགས་མང་པོ་བོད་ཡིག་ཏུ་བསྒྱུར་པ་དང་། དཔེར་ན་༡༩༦༠ལོ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པད་ཚུལ་ནས་བསྒྱུར་བའི༼ཞིང་ལས་ཡིག་བརྒྱད་རྩ་ཁྲིམས་ཀྱི་གླུ་དབྱངས༽ཟེར་བ་དང་། ༡༩༧༢ལོ་ལ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་གསར་བརྗེའི་དཔེ་མཚོན་ཁྲང་ཞིའི་སྒྲུང་༼ལྒང་བཞུ་དམར་པོའི་ལོ་རྒྱུས༽དང་། ༼སྐྲ་དཀར་བུ་མོ༽དང་། ༡༩༧༧ལོ་ལ་དོན་གྲུབ་རྒྱལ་སོགས་ཀྱིས་༼ཏ་ཆིན་གྱི་འཐབ་འཛིང་གི་གླུ་དབྱངས༽ཞེས་པའི་དཔེ་དེབ་ཅིག་ཀྱང་བསྒྱུར་ནས་དཔར་སྐྲུན་བྱས་པ་ལྟ་བུ་རེད། དེ་ལས་ཀྱང་༡༩༧༥་ལོ་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བཟོ་ཞིང་དམག་གི་སློབ་གྲྭ་པ་དང་གསར་བརྗེ་དགེ་རྒན་རྣམས་ཀྱིས་༼ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩིས་ལུགས་ཀྱི་བསླབ་བྱ་ཞེས་བྱ་བར་དགག་པ་རྒྱག་པ༽ཞེས་པའི་དཔེ་དེབ་ཅིག་བརྩམས་པ་དང་། དཔེ་དེབ་དེ་ནི་་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་ཏུ་སྐྲུན་པ་ཞིག་རེད། དེ་ནི་བོད་ཡིག་གི་ཐོག་མར་བོད་ཀྱི་བསྟན་བཅོས་ཤིག་ལ་ཞིབ་དཔྱད་བྱས་པའི་དཔེ་དེབ་དེ་ཡིན་པར་བསམ།

སྥྱིར་བཏང་ཞེ་དགུ་ལོ་ནས་དོན་དགུ་བར་དུ་ཀྲུང་གོ་སྲིད་གཞུང་གིས་བོད་ཡིག་གི་དཔེ་དེབ་ག་འདྲ་ཞིག་བསྒྱུར་ཡོད་པའི་གྲངས་ཀ་གསལ་བོ་མ་ཤེས་ཀྱང་། ཁ་ཅིག་གིས་བཤད་ན་སྣ་མི་འདྲ་བ་སྟོང་གསུམ་དཔར་པར་བཤད་མོད། དེ་ནི་ཕལ་ཆེར་ཡིག་ནོར་ཡིན་པ་འདྲ། གང་ལྟར་སུམ་བརྒྱ་ལྷག་ནི་ཏན་ཏན་དཔར་ཡོད་པར་བསམ། དེ་དག་གི་ནང་དུ་སྒྲུང་རྩོམ་དང་། ཟློས་གར་སོགས་ཡོད་པ་མ་ཟད། ང་ཚོས་ད་ལྟ་ཡོངས་ཁྱབ་འདོད་བཞིན་པའི་རང་མོས་སྙན་ངག་མང་པོ་འདུག་པ་དང་། དེ་དག་ཐམས་ཅད་མ་གཞིའི་རྒྱ་ཡིག་དེ་ཡང་དེང་རབས་རང་མོས་སྙན་ངག་གི་ཚུལ་དུ་བྲིས་ནས། བོད་ཡིག་ཏུའང་ཚིག་རྐང་དོ་མི་མཉམ་དུ་ཚུལ་གྱིས་རང་མོས་སྙན་ངག་ལྟར་བསྒྱུར་འདུག སྤྱིར་བཏང་ཕྲན་གྱིས་ཞེ་དགུའི་རྗེས་ནས་དོན་དགུའི་བར་གྱི་དཔེ་དེབ་ཡོངས་རྫོགས་ལ་ཞིབ་འཇུག་བྱས་པའི་གོ་སྐབས་མ་བྱུང་མོད། རང་གི་ལག་ཏུ་ཡོང་བ་དང་དཔེ་ཀློག་ཁ་ཤས་བྱས་པ་དེ་དག་ལ་འཕྲོས་ནས་བཤད་ན། རང་མོས་སྙན་ངག་མང་པོ་འདུག་པར་མ་ཟད། སྐབས་འགར་དེ་ནི་སློབ་མ་དག་གི་སློབ་དེབ་ནང་དུའང་བཅུག་ནས་བྱིས་པ་ཚོ་ལ་སློབ་ཁྲིད་ཀྱང་བྱས་འདུག

ངེད་ཀྱིས་མཐོང་བའི་ཆེས་ཐོག་མའི་རང་མོས་སྙན་ངག་ནི། ༡༩༦༥ལོ་ལ་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་དཔར་པའི་༼མེ་ལྕེ་དྲག་པོའི་ནང་གཏན་དུ་འཚོ་བ༽ཞེས་པའི་ནང་གི་རང་མོས་སྙན་ངག་གི་རྩོམ་ཐུང་ཞིག་རེད། དཔེ་དེབ་འདི་ནི། རྒྱ་ཡིག་གི་དཔེ་དེབ།《在烈火中永生》 ཟེར་པ་ལ་གཞིར་བཅོལ་ནས་བསྒྱུར་པ་ཞིག་ཡིན་འདུག་པ་དང་། དེའི་ནང་དུ་༼ལྕགས་ཀྱི་དྲ་མིག་ནང༽ཞེས་པའི་རྩོམ་ཐུང་ཞིག་འདུག་ལ། དེའི་ནང་དུ་རང་མོས་སྙན་ངག་གི་ཚན་པ་གཅིག་འདུག་པ་ནི་འདི་ལྟར།

“འདམ་སེར་གྱིས་བཟོས་པའི་“ས་སྨྱུག”དེས།

མཐིལ་ཤིང་ཐོག་ཏུ་སློབ་རྟེན་བྲིས།

ཁྱེད་ནི་དགེ་སློབ་གཉིས་ཀ་ཡིན།

ཁར་དང་། ཨེན་ཀེ་སི། ཡི་ལི་ཆི། ཡའོ་སེ་ཧྥུ།

རང་ཉིད་ཀྱི་གམ་དུ་བཞུགས་ནས།

ཚང་མ་ལ་མཛའ་བཤེས་ཀྱི་གསུང་བཤད་གནང་བ་དང་མཚུངས།

མོའི་ཙེ་ཏུང་མཆོག་གི་ཞལ་གསུང་།

སླར་ཡང་སྣང་ངོ་དྲན་བྱུང་།

སླར་ཡང་སེམས་ནས་སྐྱོར་སྦྱོང་ཞིབ་མོར་བྱེད།

་་་་་་་

སོ་འཁོར་བསྐོར་མཁན་དང་།

འཇོར་བུ་གཡུག་མཁན།

སྨྱུག་གུ་འཛིན་མཁན།

སྐད་ཆ་བཤད་མཁན་བཅས།

སྐྱེད་ཚལ་གསར་པ་མ་གྲུབ་བར་ཏུ།

ཁྱོད་ནི་རང་ཉིད་ཀྱི་སྤུན་ཟླ་ཚོ་ལ།

གཏིང་སྦས་ཀྱི་བླ་སྲོག་དང་ལུས་གཟུགས་བསྟན།

གང་ལ་མི་གཙང་ས་ཡོད་པར་ལྟོས་དང་།

མཆོག་གྱུར་གཙང་ཞིང་དྲི་ཞིམ་བྲོ་གནས་ཐལ།

ཞུགས་ན་ལུས་ཐོག་མི་གཙང་བ་སྦྱར་ཚེ།

སུ་ཞིག་གིས་ངོ་གནོང་མི་བྱེད།

བུད་མེད་རྣམས་ཀྱིས་བཏུམ་པའི་རྐང་བ་དེ།

རྒས་ནས་བཅིངས་འགྲོལ་མི་ནུས་ཞེས་མ་ཤོད།

ལོ་ན་ལྔ་བཅུ་ལྷག་གི་རྒན་པ་དེས།

དཔེ་ཆ་དང་ཡི་གེ་སློབ་མགོ་བརྩམས།

གཉིད་ནས་གཅིན་པ་གཏོང་བའི་བྱིས་པ་ཚོས།

བྱིས་བློ་ཚུལ་གྱི་ངག་ནས།

གསར་བརྗེའི་གནས་ལུགས་ཆེ་བ་བཤད།

སྤྱི་ཚོགས་གསར་བའི་མཛེས་ཚུལ་བཤད།

་་་་་་་”

འདི་རྒྱ་ཡིག་གི་ཐོག་ནས་རང་མོས་སྙན་ངག་ལྟར་བྲིས་པ་དང་། བོད་ཡིག་གི་ཐོག་ནས་རང་མོས་སྙན་ངག་ལྟར་བསྒྱུར་ཡོད་པ་མ་ཟད།“སྙན་ངག་གཅིག་བྲིས་ཡོད་པ”ཞེས་སྙན་ངག་ཡིན་པའང་བཤད་ཡོད།དེ་མིན་དུ་དུང་།ཚིག་རྐང་དོ་མི་མཉམ་ཞིང་། གསར་བརྗེའི་ལྟ་བ་ཚིག་དང་།སྐད་ངག་གི་ལམ་ནས་མཐོ་པོར་གྱེར་འདོན་བྱེད་ཡོང་ན། དེང་དུས་འབྲི་བཞིན་པའི་རང་མོས་སྙན་ངག་གི་ཚིག་སྦྱོར་དང་། ཚིག་བཀོལ་ཚུལ་སོགས་ཇི་མ་ཇི་བཞིན་རེད།

རིག་གསར་མ་སླེབས་པའི་སྔོན་དུ་རང་མོས་སྙན་ངག་འདི་འདྲ་མཐོང་རྒྱུ་འདུག་པ་མ་ཟད་། རིག་གསར་གྱི་སྐབས་སུ་མོའི་ཙེ་ཏུང་གི་སྙན་ངག་ཁག་ཅིག་བོད་ཡིག་ཏུ་བསྒྱུར་པ་ནས་བཟུང་། འདི་འདྲ་བའི་ཚིག་རྐང་དོན་མི་མཉམ་ཞིང་། རང་འགྲོས་ཀྱི་ཐོག་ཏུ་བྲིས་པའི་སྙན་ངག་བྲིས་པ་མགའ་མཐོང་རྒྱུ་འདུག༡༩༦༩ལོ་ལ། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་བསྒྱུར་པའི་མོའི་ཙེ་ཏུང་གི་དཔེ་དེབ་དམར་པོ་ནང་དུ་རང་མོས་སྙན་ངག་གི་རྩོམ་ཞིག་བཀོད་འདུག  དེ་ནི་༡༩༦༣་ལོའི་ཕྱི་ཟླ་༡་པའི་ཚེས་༩་ཉིན་མོའི་ཙེ་ཏུང་གིས་ཀུའོ་མོ་རོ་ཡི་སྙན་ཚིག་གི་ལན་དུ་བྲིས་པ་ཡིན་པ་དང་། རྩོམ་ལུས་ནི་རང་མོས་སྙན་ངག་རེད།

“ས་ཡི་གོ་ལ་ཆུང་ཆུང་འདིར།

སྦྲང་ནག་ཁ་ཅིག་གི་སྣ་ཁུག་རྡབ།

ཝུང་ཝུང་ཟེར།

སྡུག་སྐད་ཁ་ཤས་སྒྲོག།

ངུ་ཤུབ་ཁ་ཤས་རྒྱག།

གྲོག་མས་ལྗོན་པར་རྟེན་ནས་རྒྱལ་ཁམས་ངོམ།

རྩ་འབྲས་ཤིང་སྡོང་སྐུལ་བར་རྒོད་རེ་བྲོ།

ཁྲང་ཨན་ཡུལ་ན་སྟོན་རླུང་འཚུབ་ནས་ཤིང་ལོ་ལྷུང་།

སྒྲ་མདའ་འཕེན།

བྱ་བ་ཀུན།

སྔར་ནས་བྲེལ།

གནམ་ས་འཁོར།

དུས་གིས་སྐུལ།

ལོ་ཁྲི་ཕྲག་ན་ཕྱི་དྲགས་པས།

དུས་ཚོད་སྐར་ཆ་བརྩོན་ལེན་བྱེད།

སྤྲིན་ཆུ་རབ་ཏུ་ཁྲོ་བས་མཚོ་བཞི་འཁྱོམ།

ཐོག་རླུང་ཛ་དྲག་ཆེ་བས་གླིང་ལྔ་གཡོ།

མི་ལ་གནོད་པའི་འབུ་སྲིན་ཚང་མ་གཙང་ཕྱགས་བྱེད།

འགྲན་ཟླ་མེད།”

སྤྱིར་བཏང་རྩོམ་འདིའི་བརྗོད་བྱ་དངོས་ལ་རྩོད་པ་མང་པོ་འབྱུང་གིན་ཡོད་པ་རེད་མོད། རྩོམ་འདི་རང་མོས་སྙན་ངག་ལམ་ནས་བྲིས་པ་ཡིན་པ་ལ་རྩོད་པ་ཅི་ཡང་མི་འདུག རྒྱ་ཡིག་གི་ཐོག་ནས་ཚིག་རྐང་དོ་མི་མཉམ་ཞིང་། ངག་གིས་འགྲོས་དང་བསྟུན་ནས་བྲིས་པ་ཞིག་དང་། རྩོམ་ལུས་ཀྱི་ཐད་ནས་་བོད་ཡིག་ཏུ་བསྒྱུར་དུས་རང་མོས་སྙན་ངག་ལྟར་བསྒྱུར་ཡོད་པ་འདི་བཞིན་རེད། རང་མོས་སྙན་གི་རྩོམ་འདི་སོགས། དེའི་སྐབས་སུ་བསྒྱུར་པ་དང་བཤད་པ་ཙམ་མ་ཡིན་པར། རིག་གསར་གྱི་སྐབས་སུ་མོའི་ཙེ་ཏུང་གི་དཔེ་དེབ་ལས་གཞན་བོད་ཡིག་གི་དཔེ་དེབ་ཅི་ཡང་ཀློག་ཆོག་གིན་མེད་པས། སྙན་རྩོམ་འདི་དག་གི་ཀུན་གྱིས་ཁ་ཏོན་ལྟ་བུ་བྱས་པའི་སྙན་ངག་དེ་དག་ཆགས་ཡོད་པ་རེད། རིག་གསར་སྐབས་སུ་མོའི་ཙེ་ཏུང་གི་སྙན་ངག་གཞན་ཀྱང་དཔར་སྐྲུན་བྱས་ཡོད་པ་རེད། ༡༩༧༦ལོའི་ཟླ་དང་པོ་ནང་། ༼མོའི་ཀྲུའུ་ཞིའི་སྙན་ཚིག་ཁག་གཉིས༽ཏེ། ༼ཧྲུའི་ཏིའི་ཀོ་ཐོའུ། སླར་ཡང་ཅིང་རི་བོར་འཛེག་པ༽དང་༼ཉན་ནུའུ་ཅའོ། འདབ་བྱའི་དྲི་བ་དྲིས་ལན༽དང་དེའི་གཉིས་ཀྱི་འགྲེལ་བཤད་ཅིག་ཀྱང་བོད་ཡིག་ཏུ་བསྒྱུར་ཏེ་ཕྱོགས་གང་སར་བཀྲམས་པ་དང་། ༡༩༦༨ལོ་ལའང་པེ་ཅིན་དཔེ་སྐྲུན་ཁང་ནས་༼མོའི་ཀྲུའུ་ཞིའི་སྙན་ཚིག༽ཟེར་བའི་དཔེ་དེབ་དམར་པོ་ཆུང་ཆུང་ཞིག་དཔར་ཏུ་སྐྲུན་པ་དང་། དེའི་ནང་དུ་མོའི་ཙེ་ཏུང་གིས་བརྩམས་པའི་སྙན་ངག་རྩོམ་སྣ་ཚོགས་སོ་བཞི་འདུག

ཆབ་སྲིད་ལས་འགུལ་སྣ་ཚོགས་དང་བསྟུན་ནས། དེར་བསྟུན་གྱི་ཆབ་སྲིད་ཀྱི་དཔེ་དེབ་དང་། ཡིག་ཆ། གཞུང་ལུགས་རྣམས་བསྒྱུར་ཡོད་པ་དུ་མ་དང་། རིག་གསར་སྐབས་ཀྱི“ལིན་དགག་ཁུང་དགག”་གི་ཆབ་སྲིད་ལས་འགུལ་ཁྲོད། བོད་ཡིག་གི་ལམ་ནས་སྙན་ངག་མང་པོ་ཐོན་པ་མ་ཟད། དེ་དག་གི་ནང་དུ། ཚིག་རྐང་དོ་མི་མཉམ་པའི་རང་མོས་སྙ་ངག་འདུག  ༡༩༧༤ལོ་ལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས། ༼ལིན་དགག་ཁུང་དགག་གི་འཐབ་གླུ༽ཞེས་པའི་སྙན་ངག་གི་དཔེ་དེབ་ཞིག་པར་སྐྲུན་བྱས་པ་དང་། དེའི་ནང་དུ་བོད་དང་རྒྱ་མི་མང་པོ་ཞིག་གིས་ལིན་པོ་དང་ཁུང་ཙེ་དང་། བོད་ཀྱི་ཆོས་སྲིད་གཉིས་དང་། རྒྱལ་བ་རིན་པོ་ཆེ་སོགས་ལ་དགག་པའི་རྩོམ་མང་པོ་ཞིག་བྲིས་འདུག་པ་དང་། དཔེ་དེབ་དེའི་ནང་དུ་སྔོན་སྲོལ་ལྟར་གྱི་ཚིགས་བཅད་ཀྱི་ཐོག་ནས་རྩོམ་མང་པོ་འདུག་པ་མ་ཟད། རང་མོས་སྙན་ངག་དང་འདྲ་བའི་ཚིག་གི་སྡེབ་སྦྱོར་མི་འདྲ་བའི་རྩོམ་ཐུང་ཡང་འགའ་ཤས་བཀོད་འདུག།

དཔེར་ན། དཔེ་དེབ་དེའི་ནང་གི། བཅིངས་འགྲོལ་དམག་མི་ཧྲེན་ཆའི་ཀེང་ཟེར་པ་ཞིག་གིས་བྲིས་པའི་༼ལིན་དགག་ཁུང་དགག་གི་འཐབ་གླུ༽ཟེར་པ་སྙན་རྩོམ་མི་འདྲ་བ་གསུམ་ཡོད་པ་དང་། སྙན་ངག་གཉིས་པ།བཅིངས་འགྲོལ་དམག་ཧྲེན་ཆའི་ཀེང་གིས་བྲིས་པའི་ ༼མེ་སྒྱོགས་ཁྲི་ཚོ་“གནམ་རྟར”བརྒྱབ་༽ཟེར་པར།

སྤོབས་སེམས་སྒྱོགས་འདྲུད་འཁོར་ལོས་འཐེན།

དམག་དར་མེ་སྒྱོགས་སྟེང་དུ་བཙུགས།

ལིན་དགག་ཁུང་དགག་མཚོན་ཤུགས་སྣོན།

ཧའེ། མེ་སྒྱོགས་དམག་མི་མཁས་ཅན་ཡིན།

ཞེས་ཚིག་རྐང་མི་མཉམ་པའི་རང་མོས་སྙན་ངག་བྲིས་ཡོད་པ་དང་། སྙན་རྩོམ་གསུམ་པ༼རྩེ་གྲིས་བྱམས་སེམས”དར་ལྕོག་ཐེར་ཚལ་གཏོང༽ཞེས་པའི་ནང་དུའང་འདི་ལྟར།

“བྱམས་སེམས”ཟེར་བ་ལོག་སྤྱོད་ཕྱོགས་ཁའི་མཚོན་སྲུང་རེད།

ང་ཚོ་གསར་བརྗེའི་འཐབ་འཛིང་བ་ཡིས་གསལ་བོ་མཐོང་།

མཆོངས་ཅིག མཆོངས་ཅིག     རྩེ་གྲིས་“བྱམས་སེམས”དར་ལྕོག་ཐེར་ཚལ་གཏོང་།

བཙན་བཟོ་ལོག་གསུམ་རྩ་མེད་འགྲོ་བའི་དུས་དེ་སླེབས་པར་ཉེ།

ཞེས་ཚིག་གི་སྡེབ་སྤྱོར་མི་མཉམ་པའི་སྟེང་ནས་རང་མོས་སྙན་ངག་བྲིས་ཡོད།

འདི་དག་ལས་ཀྱང་གསལ་བོ་ནི། རིག་གསར་མཇུག་རྫོགས་ནས། ༡༩༧༩ལོ་ལ་པར་སྐྲུན་བྱས་པའི་༼གནམ་བདེ་སྒོ་མོའི་སྙན་ཚིག་འདྲ་བཤུས༽ཟེར་པའི་སྙན་ཚིག་གི་དཔེ་དེབ་དེ་རེད། ༡༩༧༦ལོའི་ཕྱི་ཟླ་དང་པོའི་ནང་། སྲིད་བློན་ཀྲོའུ་ཨེན་ལའི་འདས་པ་དང་། ལོ་དེའི་ཟླ་བཞི་བའི་ནང་རྒྱ་ནག་གི་དུར་གཙང་དུས་ཆེན་དང་བསྟུན། མི་མང་པོ་པེ་ཅིང་གི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་ཏུ་སོང་ནས། ཀྲོའུ་ཨེན་ལེ་ལ་དྲན་གསོའི་ཆེད། མེ་ཏོག་ཕུལ་བ་དང་། སྙན་རྩོམ་བྲིས་པ་དང་། རྗེས་སུ་སྙན་རྩོམ་དེ་དག་དོན་གྱིས་མི་བཞི་ཕྱོགས་ཁག་ལ་ངོ་རྒོལ་གྱི་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཆགས་པ་དང་། ལོ་གསུམ་གྱི་རྗེས་སུ། ཀྲོའུ་ཨེན་ལའི་ཆེད་དུ་བྲིས་པའི་སྙན་རྩོམ་དེ་དག་ཕྱོགས་གཅིག་ཏུ་བསྡུས་ནས། ༡༩༧༩ལོ་ལ་༼གནམ་བདེ་སྒོ་མོའི་སྙན་ཚིག་འདྲ་བཤུས༽ཟེར་བ་ཞིག་པར་སྐྲུན་བྱས་པ་དང་། དོན་དགུ་ལོའི་ཕྱི་ཟླ་དང་པོའི་ཚེས་༡༤་ནས་ཉི་ཤུའི་བར་ཏུ། ལོ་སུམ་ཅུ་ཙམ་གྱི་དོན་སྙིང་ལྡན་པའི་སྙན་ངག་གི་ཚོགས་འདུ་དེ་པེ་ཅིང་དུ་ཚོགས་པ་དང་། རྩོམ་པ་པོ་བརྒྱ་ཙམ་ཞིག་ཚོགས་འདུ་དེ་ལ་ཞུགས། ལོའི་ཕྱི་ཟླ་གཉིས་པའི་ནང་། ཀྲུའུ་ཨེར་ལེན་གྱི་༡༩༦༡ལོ་ལ། རོལ་མོ་བ་ཁ་ཅིག་ལ་བཤད་པའི་གཏམ་བཤད་ཅིག་དཔར་ཏུ་བཀོད་པ་དང་། གཏམ་བཤད་དེ་ནི་རྒྱ་ནག་གི་ཡོན་ཏན་པའི་ཁྲོད་དུ་སྙན་གྲགས་ཆེན་པོ་ཐེབས་པ་དང་། སྙན་ངག་སྣ་ཚོགས་འབྲི་བར་སྐུལ་མ་ཆེན་པོ་ཐེབས། ལོ་དེ་ལ་སྙན་དེབ་ཆ་ཚང་བོད་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་པ་དང་། དེ་དག་གི་ནང་དུ་རང་མོས་སྙན་ངག་གང་འཚམས་ཡོད་པར་མ་ཟད། ༼ལང་ཚོའི་རྦབ་ཆུ༽འི་ནང་བྱུང་བའི་རང་མོས་སྙན་ངག་གི་ཐུན་མོང་མ་ཡིན་པའི་ཚིག་སྦྱོར་ཏེ། ཀྱེ། ཀྱེ་ཀྱེ། ཡང་ན། ཉོན་དང་ལྟོས་དང་ཟེར་པའི་ཚིག་སྦྱོར་མང་པོ་ཐོན་ཡོད། དེ་མིན་དཔེ་དེབ་ཀྱི་མགོ་བརྗོད་འབྲི་མཁན་གྱིས་ཀྱང་། སྙན་ངག་དེ་དག་ནི་“ད་སྲོལ”སྙན་ངག་གི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་ཤིག་ཏུ་གྱུར་ཡོད་ཅེས་བཤད་འདུག

དཔེ་དེབ་དེའི་ནང་གི་༼དྲང་བདེན་གྱི་ང་རོ༽ཟེར་པའི་སྙན་ངག་དེ་ནི་ཚིག་སྦྱོར། རྩོམ་གཤིས་གང་གི་ཐད་ནས་རང་མོས་སྙན་ངག་ཅིག་རེད། དཔེར་ན།

“ཀྱེ། དྲག་འབབ་རྨ་ཆུའི་གདུང་རྒྱུད་ཀྲུང་ཧྭ་མི་རིགས་ཀྱི་བུ་ཚ།

ཁྱོད་ཚོས་ད་དུང་སེམས་སྡུག་དེ་འདྲ་བྱེད་ཀྱིན་རང་བསྡད་ནས།

སྡུག་བསྔལ་ཟུག་རྔུས་སྙིང་ཁམས་གཟིར་ཏུ་འཇུག་དོན་དེ་ཅི་ཡིན།

ཁྱོད་ཚོས་དགའ་ཞིང་གུས་པའི་དམ་པའི་བཞིན་རས་ཀྱི་ངོས་ལ།

ཁ་མཁས་ངོ་དགའ་ཅན་དང་གདུག་རྩུབ་ལྕེ་རིང་གི་མཆལ་མོ།

ཤ་རྒྱས་གསུས་པ་ལུག་པའི་གཡོ་སྒྱུས་རྒྱུད་བཅངས་ཀྱི་ཁྲམ་པས།

མི་གཙང་འབག་བཙོག་བྱུག་པ་དེ་མུར་བཏང་ན་ནི་མི་འགྲིག

སྐྱོ་བའི་མིག་ཆུས་ཁོང་ཁྲོའི་མེ་ལྕེ་གསོད་དུ་ནི་མ་ཆུག

མིག་ཆ་ཕྱིས་ནས་དཔའ་སེམས་སྐྱེད།

དར་ཆ་བསྒྲེངས་ཏེ་རལ་གྲི་ཕྱོར།

དགྲ་ཤ་ལོངས་ཤིག          དགྲ་ཤ་ལོངས་ཤིག

གཟི་བརྗིད་བྱས་རྗེས་ཡོད་པར་དབང་བ་དང་།

དྲང་བདེན་གཞུང་དྲང་དཔའ་བོར་ཐོབ་ངེས་སོ།

སྙན་ངག་འདི་རྒྱ་ཡིག་གི་མ་ཕྱིའང་རང་མོས་སྙན་ངག་ཡིན་པ་དང་། བོད་ཡིག་ཏུའང་ད་ལྟ་འབྲི་བཞིན་པའི་རང་མོས་སྙན་ངག་ལྟར་བསྒྱུར་འདུག ཐོག་དང་པོར། ཀྱེ་ཞེས་འབོད་ཚིག་ཅིག་བྲིས་ནས། དེ་ནས་བོད་ཀྱི་སྙན་ངག་ལྟར་ཚིག་གིས་སྡེབ་སྦྱོར་སོགས་དོ་མི་མཉམ་པར། རྩོམ་པ་པོ་དེའི་སེམས་ཀྱི་ཚོར་བ་དང་འདུ་ཤེས་དེ་ལ་ཚིག་གི་རྒྱན་སྣ་ཚོགས་བཏོན་ནས་དམིགས་གསལ་གྱི་མངོན་པར་བྱས་འདུག

འདི་དག་ནི་བོད་ཡིག་ཏུ་ཐོན་པའི་རང་མོས་སྙན་ངག་ཐོག་མའི་གྲས་རེད། སྤྱིར་བཏང་སྙན་ངག་འདི་དག་བོད་ཀྱི་སྙན་ངག་ཡིན་མིན་དང་། བོད་ཀྱི་ཀློག་མཁན་དག་ལ་སྙན་པའི་ཚོར་བ་སྟེར་ཐུབ་མིན་སོགས་ཅི་ཆའང་། རྩོད་དོན་མེད་པ་ཞིག་ནི། དེ་ནི་རྩོམ་ལུས་ཀྱི་ཐོག་ནས་རང་མོས་སྙན་ངག་རེད། དེ་ནི་སྔོན་གྱི་སྙན་ནག་གི་ཚུལ་དང་མི་འདྲ་བར། བཅད་ལྷུག་སྤེལ་མ་ལྟར། ཚིག་གི་ཚད་དང་གཞི་ལྟ་བུ་ཞིག་མེད་པར། ཐད་ཀར་ཚིག་མང་ཉུང་ཅི་རིགས་དང་བཅད་ལྷུག་གང་རུང་གིས་འགྱུར་འདུག་པ་མ་ཟད། རང་མོས་སྙན་ངག་གི་འབོད་སྐུལ་རང་བཞིན་ཅན་གྱི་ཚིག་སྦྱོར་དང་། རྩོམ་ལུས་ཡོངས་སུ་ཚང་འདུག་པ་དེ་རེད།

གནམ་བདེ་སྒོ་མོ་ཆེའི་སྙན་རྩོམ་དཔར་དུ་སྐྲུན་པ་དེས། དོན་དག་གཉིས་མཚོན་གྱིན་འདུག་བསམ་བྱུང་། གཅིག་ནི་རིག་གནས་གསར་བརྗེའི་མཇུག་བསྡུས་པ་མཚོན་པ་ཡོད་པ་དང་། ཕྱོགསགཞན་ནས་ཆབ་སྲིད་ཀྱི་ཐད་ལ་འགྱུར་པ་ཆེན་པོ་ཞིག་བྱུང་ནས། དུས་རབས་གཞན་ཞིག་བྱུང་བ་མཚོན་ཀིན་ཡོད་པ་དེ་རེད།

གང་ལྟར་ཞེ་དགུ་ལོ་ནས་བཟུང་སྟེ། ཏང་དང་སྲིད་གཞུང་གི་རྩ་འཛུགས་འོག དབུས་དང་བོད་ཀྱི་ས་ཁུལ་འགའ་ཤས་སུ།ཡིག་བསྒྱུར་ལས་ཁུངས་དང་། དཔེ་སྐྲུན་ཁང་སོགས་མང་པོ་བཙུགས་པ་དང་།དེ་དག་གི་གཞུང་གི་ཡིག་ཆ་དང་། ལྟ་གྲུབ་སོགས། སྒྲུང་དང་། གླུ་གཞས། སྙན་ངག་སོགས་མང་པོ་མ་ཟད། ད་ལྟ་ང་ཚོས་མིག་ལམ་དུ་མཐོང་བཞིན་པ་དང་། དོན་གྲུབ་རྒྱལ་ནས་མགོ་བརྩམས་པར་འདོད་པའི་ཚིག་རྐང་དོ་མི་མཉམ་པ་དང་། གསར་བརྗེའི་རང་གཤིས་ཡོད་པ་དང་། རྒྱའི་སྐད་ཡིག་དང་གདངས་འདྲེས་ནས་ཀློག་དགོས་པའི་རང་མོས་སྙན་ངག་གང་ལ་གང་འཚམས་ཐོན་ཡོད་པ་དེ་རེད།

 

དོན་གྲུབ་རྒྱལ་གྱི་གསར་བརྗེའི་མི་ཚེ།

བོད་ཀྱི་རང་མོས་སྙན་ངག་གླེང་ན།དོན་གྲུབ་རྒྱལ་མི་གླེང་ཐབས་མེད་ཆགས་ཡོད་པ་རེད། ཅིའི་ཕྱིར་ཞེ་ན། མི་མང་པོ་ཞིག་གིས་དོན་གྲུབ་རྒྱལ་ནི་བོད་ཀྱི་རང་མོས་སྙན་ངག་གི་སྲོལ་འབྱེད་པ་དང་། ལང་ཚོའི་རྦབ་ཆུ་ནི་བོད་ཀྱི་རང་མོས་སྙན་ངག་གི་ཐོག་མ་ཡིན་པར་འདོད་བཞིན་ཡོད། དེ་བས་འདི་རུ། དོན་གྲུབ་རྒྱལ་ནི་མི་འདྲ་ཞིག་ཡིན་པ་དང་། ཁོང་གི་སློབ་གསོ། སྐྱེས་པའི་དུས་དང་གནས་སྐབས། དེའི་ཤན་ཞུགས་སོགས་གླེང་ན། དོན་གྲུབ་རྒྱལ་ལ་དེ་འདྲ་བའི་སྙན་ངག་ཅིག་རྩོམ་པའི་ཀུན་སློང་དང་། རྩོམ་གྱི་གཞི་འཛིན་ས་སོགས་གསལ་བོ་ཤེས་ཐུབ་ཀྱིན་རེད་བསམ་པས་ཡིན། དོན་གྲུབ་རྒྱལ་ནི། ༡༩༥༣་ལོ་ལ་དེང་དུས་ཀྱི་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་དགུ་རོང་ཕོ་བ་ཟེར་པའི་ཡུལ་དེ་རུ་ཕ་བན་དེ་ཟེར་པ་དང་། མ་མྱིང་མེད་ཟེར་པའི་བུ་རུ་སྐྱེས། ཁོ་ལོ་གཉིས་ཡིན་དུས། ཕ་ལ་ཕོ་ནད་བྱུང་ནས་བཀྲོངས་པས་མ་གཅིག་གི་བུ་ལྟ་བུ་གྱུར། ང་བརྒྱད་ལོ་ལ་ཆོས་ལུགས་བཅོས་སྒྱུར་གྱི་སྲིད་བྱུས་འོག མཚོ་སྔོན་གྱི་དགོན་པ་མང་ཆེ་ཤས་སྒོ་བརྒྱབ། དེ་དུས་དགོན་པ་ནས་མར་ཡོང་བའི་གྲྭ་ལོག་རྒྱ་མཚོ་ཟེར་པ་ཞིག་དང་གཉེན་བསྒྲིགས། ༡༩༦༠་ལོ་ལ། ཁོ་ཐོག་མར་སྲིད་གཞུང་གིས་བཙུགས་པའི་གྲོང་སྡེའི་སློབ་ཆུང་གི་གྲ་སྒྲིག་འཛིན་གྲྭར་ཞུགས། དེ་དུས་རྒྱ་ཡིག་མ་གཏོགས་བོད་ཡིག་མེད་པར་མངོན། ༡༩༦༢ལོ་ལ་ཡང་བསྐྱར་ཆོས་སྒོ་ཕྱེས་པ་དང་། སློབ་གྲྭ་དག་གིས་ཀྱང་བོད་ཡིག་ཁྲིད་པའི་མགོ་ཚུགས། ༡༩༦༦་ལོའི་བར་ཏུ་གཅན་ཚའི་སློབ་གྲྭ་དེ་ནས་སློབ་སྦྱོང་བྱས་པ་དང་། རེ་དྲུག་ལོ་ལ་རེབ་གོང་གི་རྨ་ལྷོ་དགེ་ཐོན་སློབ་གྲྭར་སླེབས། དེ་དུས་རིག་གསར་གྱི་སྐབས་ཡིན་པས། ཁོ་ཡང་དམར་སྲུང་དམག་མི་ལ་ཞུགས།

ཁོ་ལ་སྐད་ངག་ཤིན་ཏུ་བདེ་བོ་ཡོད་པ་དང་། སྐད་འབོད་བྱེད་པའི་གསར་བརྗེའི་རང་གཤིས་ཡོད་པས། ༡༩༦༩་ལོ་ལ་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་ལས་ཀ་བྱས། རིག་གསར་སྐབས་ཀྱི་སྐད་འབོད་དང་། རྒྱང་བསྒྲགས་མང་པོ་བྱས། ༡༩༧༡་ལོར་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གྲྭའི་བོད་ཡིག་འཛིན་གྲྭར་ལོ་ངོ་གསུམ་ལ་སློབ་གཉེར་བྱས། དོན་གསུམ་ལ་ལྷ་སར་དངོས་སྦྱོང་ལ་སོང་ཞིང་། དེ་དུང་ལྷོ་ཁ་རུ། ཞིང་ལས་ཀྱི་སྐོར་ལ་“ཏ་ཀྲེ”་དང“ཏ་ཆིན་”ལ་སློབ་གཉེར་བྱས་པ་མ་ཟད། “ལིན་དགག་ཁུང་དགག་གི་འཐབ་རྩོད”་དུ་ཞུགས། ༧༤་ལོའི་དབྱར་ཁར་ཧྲི་ཅ་ཀྲོང་གི་དམར་སྒར་ཞིག་ཏུ་སློབ་སྦྱོང་དུ་ཕྱིན་པ་དང་། དེ་ནས་པེ་ཅིང་དུ་བཟོ་གྲྭ་ཞིག་ཏུ་བསྡད། ༧༥་ལོ་ལ་ཀྲུང་དབྱང་མི་རིགས་སློབ་གླིང་ནས་མཐར་ཕྱིན་པ་དང་། མཐར་ཕྱིན་རྩོམ་ཡིག་ལ། མཚོ་སྔོན་ནས་སོང་བའི་སློབ་གྲོགས་འགའ་དང་མཉམ་དུ་ལིས་ཞིན་ཐེན་གྱིས་བརྩམས་པའི་“འོད་འཚེར་པའི་སྐར་མ་དམར་པོ”ཞེས་པ་དེ་བོད་ཡིག་ཏུ་བསྒྱུར་པར་བཤད། གང་ལྟར་དོན་གྲུབ་རྒྱལ་ཆུང་དུས་ཀྱི་སློབ་གསོ་ཕལ་ཆེ་བ་ནི། ང་བརྒྱད་དང་། རིག་གནས་གསར་བརྗེའི་ལོ་བཅུའི་ནང་མྱོང་བ་ཡིན་འདུག་ཅིང་། པད་མ་འབུམ་གྱིས་བཤད་པ་ལྟར་ན། རིག་གསར་སྐབས་སུ། མོའི་ཙེ་ཏུང་གི་དཔེ་དེབ་མ་གཏོགས་གཞན་ཅི་ཡང་མེད་པར་བཤད་ཅིང་། གལ་སྲིད་དེ་བདེན་པ་ཡིན་ཚེ། དོན་གྲུབ་རྒྱལ་གྱིས་མོའི་ཙེ་ཏུང་གི་དཔེ་དེབ་རྣམས་བློར་འཛིན་བྱས། བོད་ཡིག་དང་རྒྱ་ཡིག་ཙམ་ཤེས་པའང་དེ་དག་གི་ཐོག་ནས་བྱུང་བ་ཡིན་པ་ལས་གཞན་ཅི་ཡང་མེད་པར་མངོན།

གང་ལྟར་༡༩༧༨་ལོ་ལ། ཁོ་ཡང་བསྐྱར་པེ་ཅིང་དུ་སླེབས་འདུག རིག་གསར་རྗེས་སུ། སློབ་ཆེན་གྱི་སློབ་གསོ་བསྐྱར་དུ་བཙུགས་པ་དེའི་ནང་དུ་ཞུགས་པ་དང་། དེ་དུས་གཞི་ནས་བོད་ཀྱི་མཁས་པ་ཆེན་པོ་དུང་དཀར་བློ་བཟང་འཕྲིན་ལས་སོགས་ཀྱི་མདུན་ནས། སྔོན་གྱི་བོད་ཀྱི་སྙན་ངག་སོགས་དཔེ་དེབ་འགའ་ལ་སློབ་གཉེར་བྱས་འདུག་མོད། ལྟ་གྲུབ་ནི་ད་དུང་དངོས་གཙོའི་རིང་ལུགས་དང་། རིག་གསར་སྐབས་ཀྱི་རྙིང་བཞི་གཏོར་པའི་ལྟ་གྲུབ་དེ་རེད།

ཏིན་ཞོ་ཕེན་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་དེས། སྔོན་གྱི་ལུགས་སྲོལ་མང་པོ་ཞིག་དང་། སྔོན་གྱི་དགོན་པ་རྣམས་བསྐྱར་གསོ་བྱས་པ་དང་།རིམ་གྱི་གྲྭ་བ་དང་། བླ་མ། སྤྲུལ་སྐུ་རྣམས་ཀྱང་ཡོད་ཆོག་པར་གྱུར། བོད་མི་རྣམས་ཀྱིས་རིག་གསར་སྐབས་སུ་དམར་སྲུང་དམག་མི་རྣམས་ལ་ངོ་སོ་དང་། བརྩི་མཐོང་ཡོད་པ་དེ་དག་རིམ་གྱིས་མེད་པར་སོང་ནས། སྔོན་གྱི་བླ་མ་དང་། སྤྲུལ་སྐུ་དང་། གྲྭ་བ་སོགས་ལ་བརྩི་མཐོང་དང་། ལྷག་པར་ཏུ་སྔོན་གྱི་མཁས་པ་དག་ལ་གུས་སྲོལ་བྱེད་པའི་མགོ་བརྩམས་པ་དང་། དོན་གྲུབ་རྒྱལ་ལྟ་བུ་རིག་གསར་སྐབས་སུ་བྱུང་བ་དག་ལ་ཆབ་སྲིད་སོགས་ཀྱི་ཐོག་ནས་བཅོས་པ་ཅི་ཡང་མེད་མོད། ལྟ་བ་ལོག་པ་དང་། དད་པ་མི་འདུག་སོགས་ཀྱི་ལྐོག་གཏམ་བཤད་པ་དང་། ཐ་ན་ངན་པར་བརྩི་བའི་གོམས་སྲོལ་དར་པ་ལ། ཁོ་དང་རིག་གསར་གྱི་ཆོས་ལུགས་། བླ་མའི་ཁེ་ཕན་སོགས་བསྐྱར་དུ་དར་འདུག་སྙམ་པའི་སེམས་འཚབ་གྱིས། ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ནས་། སྤྲུལ་སྐུའི་ལམ་ལུགས་ལ་ཟུར་ཟ་དང་། མཐོང་ཆུང་། རྒོལ་གཏམ་བྱས་ཡོད། ཁོང་གིས་བྲིས་པའི་སྤྲུལ་སྐུ་ཟེར་པའི་སྒྲུང་གཏམ་འདིའི་ནང་དུ་ཏན་ཏན་ཁོང་གི་སེམས་འཚབ་དང་། འཇིགས་སྣང་། ཕོག་ཐུག་བཏང་བ་དེ་མཚོན་ཡོད།

སྤྱིར་བཏང་དེ་དུས་རིག་གསར་ནི་མཇུག་རྫོགས་ཟིན་མོད། རྙིང་བཞི་གཏོར་པའི་ལས་འགུལ་ནི་རྩ་བ་ཉིད་ནས་མཇུག་རྫོགས་མེད། ༡༩༧༩་ལོའི་ཕྱི་ཟླ་དང་པོའི་པེ་ཅིང་དུ་རྩོམ་རིག་གྲོས་ཚོགས་གལ་ཆེ་བ་ཞིག་བསྡུས་པ་དང་། དེ་ནི་ལོ་ངོ་སུམ་ཅུ་ཙམ་གྱི་རིང་འཚོགས་པའི་རྩོམ་རིག་གི་གྲོས་ཚོགས་ཆེ་ཤོས་དེ་རེད། གྲོས་ཚོགས་དེའི་ཐོག་ཏུ་རྩོམ་རིག་གི་དམིགས་ཡུལ་ནི་དེང་རབས་ཅན་བཞི་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། ཚོགས་འདུ་དེའི་ཆབ་སྲིད་ལམ་སྟོན་ལ་ཁ་གཏད་ནས་གྲངས་ཉུང་མི་རིགས་ཀྱི་དུས་དེབ་མང་པོ་ཞིག་དཔར་མགོ་བརྩམས་པ་དང་། ༼སྤྲང་ཆར༽སོགས་ཀྱང་སྲིད་བྱུས་འདིའི་འོག་ཏུ་བྱུང་བ་ཞིག་རེད། ༡༩༨༣་ལོ་ལ། པེ་ཅིང་དུ་“རྨོངས་དད་ལ་ངོ་རྒོལ་བྱེད་པའི་ཚོགས་འདུ” (清除精神污染) ཞིག་ཚོགས་པ་དང་། དོན་གྲུབ་རྒྱལ་གྱི་རྙིང་གཏོར་རྩོམ་རིག་དེ་དག་ཆབ་སྲིད་ལས་འགུལ་འདི་ལ་ཐད་ཀར་འབྲེལ་བ་ཡོད་མེད་ཅི་ཆ་ཡང་། གང་ལྟར་དུས་སྐབས་དེ་འདྲ་ཞིག་ལ་བྱུང་བ་ཞིག་རེད།

གང་ལྟར་བཅོས་སྒྱུར་སྒོ་འབྱེད་དང་། ཆོས་ལུགས་དད་མོས་རང་དབང་། མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དུ་ཡོད་པའི་གནས་སྐབས་དེའི་ནང་དུ་འདུག་མ་ཐུབ་པ་དང་། མི་བདེ་བ་ཞིག་ཆགས་ཡོད་པར་སྙམ། ཁོ་རང་གི་རིག་གསར་གྱི་རྙིང་བཞི་གཏོར་བའི་ལྟ་བ་དེ་མི་རྣམས་ཀྱིས་དང་ལེན་བྱས་མ་ཐུབ་པར་བརྟེན། ཁོ་སེམས་པ་མ་བདེ་བ་ཆགས་ནས་ཨ་རག་ཚབས་མེད་འཐུང་བ་དང་། ལས་ཀ་ལ་སྣང་མེད་དང་། ཁོ་དང་ལྟ་བ་མི་མཐུན་པ་དག་ལ་མཐོང་ཆུང་ཡ་མཚན་བྱས་ཡོད་པ་མ་ཟད། རིག་གསར་སྐབས་ཀྱི་དམར་སྲུང་དམག་གི་སྤྱོད་པ་སྟེ། གྱེན་ལོག་གི་སྤྱོད་པ་སྣ་ཚོགས་བསྟན་ཡོད། ཁོས་རང་གི་གཟའ་ཟླ་ལ་ཚབས་ཆེན་རྡུང་ཡོད་པ་དང་། གྲྭ་བའི་རིགས་དང་སྔོན་གྱི་ཡོན་ཏན་པ་རྒན་པ་དག་ལ་མི་ཟད་པའི་མཐོང་ཆུང་དང་། ཟུར་ཟ་བྱས་ཡོད་པར་བཤད།ཆོས་སྐྱོང་གིས་བཤད་ན།དེ་དུས་སློབ་མ་མང་པོ་ཞིག་ཁོང་གི་འདུག་གྲོགས་དང་རྩེད་གྲོགས།ཆང་སོགས་མཉམ་དུ་འཐུང་ཡོད་པ་མ་ཟད།་ཁོས་དགེ་རྒན་གཞན་གྱིས་སློབ་ཁྲིད་བྱེད་སྐབས་སུ། སློབ་ཁང་ནང་ཡོང་ནས་ཐ་མག་འཐེན་པ་དང་། སྒྲོག་ཙེ་སྟེང་ལ་རྐང་བ་བཞག་ནས་བསྡད་མྱོང་ཡོད་པ་མ་ཟད། ཨ་ཁུ་བཤད་སྒྲུབ་དང་། ཨ་ཁུ་དམ་ཆོས་སོགས་ལ་མངོན་སུམ་དུ་བླུན་པོ་དང་། ཧོན་ལོག གསར་བརྗེའི་ངོ་ལོག་པ་ཞེས་སྡིགས་ཡོད་པར་བཤད། ཁོས་དེ་འདྲ་བའི་བྱ་སྤྱོད་བསྟན་ཀྱང་། ཁོའི་ལས་གྲོགས་རྣམས་དང་། ལས་ཁུངས་ཀྱི་མི་དག་ལ་ཁོ་ལ་མངོན་སུམ་དུ་དགག་ཐུབ་མཁན་མེད་པར་བཤད། ཅི་ཡིན་ཞེ་ན། ཁོས་སྒྲུང་རྩོམ་དང་། སྐད་ཆ་ཐམས་ཅད། དེང་རབས་ཅན་དང་། སྤྱི་ཚོགས་རིང་ལུགས་ཀྲུང་གོའི་གསར་པའི་སྐད་ཆ་བཤད་ཀྱིན་ཡོད་ཕྱིར། མི་ཚང་མས་སྐད་ཆ་གཅིག་ཀྱང་བཤད་ཐུབ་མེད། དེའི་ཕྱིར་དོན་གྲུབ་རྒྱལ་ཡོད་དུས། མི་གཅིག་གིས་ཀྱང་། དོན་གྲུབ་རྒྱལ་གྱིས་བཤད་བཞིན་པའི་“དེང་རབས་ཅན”དང་། “སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག”ལ་དགག་པ་མངོན་སུམ་དུ་གཅིག་ཀྱང་རྒྱག་ཐུབ་ཡོད་པ་མ་རེད།

ཡིནའང་། གྱ་བཞི་དང་གྱ་ལྔ་ལོ་ལ་ཆབ་སྲིད་མུ་མཐུད་དུ་ཇེ་ཡག་ལ་སོང་བ་དང་། བོད་མི་རྣམས་ཀྱིས་སྔར་ལས་ལྷག་པའི་ཆོས་ལུགས་བསྐྱར་གསོ་དང་། དགོན་པ་བསྐྱར་གསོ། ལྷག་པར་ཏུ་སྔོན་གྱི་རིག་གནས་བསྐྱར་གསོ་བྱས་པ་མ་ཟད། རིམ་གྱིས་ཕྱི་རྒྱལ་དུ་བོད་ཀྱི་ཆོས་ལུགས་ཀྱིས་མཚོན་པའི་རིག་གཞུང་དར་སྤེལ་འགྲོ་བཞིན་པ་སོགས་རིམ་གྱིས་གོ་ཡོང་དུས། བོད་ཀྱི་ཤེས་རིག་ལ་ལྟ་ཚུལ་གསར་པ་དང་། སྤོབས་པ། ད་དུང་མུ་མཐུད་དུ་ཡར་རྒྱས་སུ་གཏོང་བར་འབད་པ་དང་། ཁོའི་འདོད་པའི་རིག་གསར་གྱི་ལྟ་བ་དང་། སྐད་ཆ་དེ་དག་ལ་ཉན་མཁན་ཉུང་དུ་ཕྱིན་ནས། ཁོ་བསྡད་པའི་ལས་ཁུངས་ནང་གི་མི་ཚོས་ཀྱང་རིམ་གྱིས་ཁོ་ཕྱིར་འབུད་གཏོང་བའི་མགོ་བརྩམས། སོག་མོ་དེས་ཀྱང་གཡུགས་འདོད་ཀྱིས་འགྲོ་ས་དང་འདུག་ས་མེད་པར་ཆགས་པར་དང་། ཁོས་ཤེས་པའི་འཇིག་རྟེན་ཏེ། གྲལ་རིམ་འཐབ་རྩོད་དང་། རྙིང་གཏོར། གྱེན་ལོག འཐབ་རྩོད་སོགས་རིམ་གྱིས་མེད་པར་ཆགས་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་། གུ་ཡངས་དང་། ཆོས་ལུགས་དད་མོས་རང་དབང་། བོད་མིའི་ངོ་བོ་དང་། ཤེས་རིག་རྣམས་སླར་གསོ་ཡོང་དུས། ཁོས་ཅི་བྱེད་འདི་བྱེད་མེད་པར། སྔོན་གྱི་རང་གིས་ཤེས་པའི་རྙིང་གཏོར་དང་། གསར་བརྗེ། འཐབ་རྩོད། གཞོན་ནུའི་དུས་རབས་ནི་མཇུག་རྫོགས་པས། སྤྱི་ཚོགས་གསར་པ་དང་། ལོ་རྒྱུས་གསར་པའི་ནང་དུ་འཛུལ་མ་ཐུབ། ལས་ཀ་དང་བྲལ། བཟའ་ཟླས་སྒོ་ལ་ཕུད། ཡར་མར་གང་ལའང་འགྲོ་ས་མེད་པ་ལྟ་བུ་ཞིག་ཆགས་ནས་དགོང་མོ་ཞིག་ལ་ཆང་མང་པོ་ཞིག་འཐུང་ནས། རྡོ་སོལ་གྱིས་རྡོ་དུག་རྒྱག་ཏུ་བཅུག་ནས་རང་སྲོག་རང་གིས་བཅད་པ་རེད། དོན་གྲུབ་རྒྱལ་གྱིས་རང་སྲོག་བཅད་པ་དེས། བསམ་བློའི་ཐོག་ནས་མདོ་སྨད་ཡུལ་དུ་རིག་གསར་གྱི་མཇུག་རྫོགས་བཞིན་པ་དང་། རིག་གཞུང་གི་ལམ་ཁ་གསར་པ་ཞིག་ཏུ་འགྲོ་བའི་མགོ་བརྩམས་པ་དེ་མཚོན་བཞིན་ཡོད་པ་རེད།

 

༼ལང་ཚོའི་རྦབ་ཆུ༽བོད་ཀྱི་རང་མོས་སྙན་ངག་གི་ཐོག་མ་རེད་དམ།

དྲི་ཚིག་འདི་ནི་ང་ཚོས་དོན་གྲུབ་རྒྱལ་གྱི་མི་ཚེ་དང་། ཁོའི་སློབ་གསོ་དང་། སློབ་གཉེར་བྱེད་ཚུལ་དང་། བསམ་བློ་གཏོང་སྟངས་སོགས་ཞིབ་འཇུག་དང་། ལྷག་པར་ཞེ་དགུ་ལོ་ནས། དོན་དགུའི་བར་ཏུ་སྲིད་གཞུང་གི་ཡིག་སྒྱུར་ལས་ཁུངས་དག་གིས་ཡིག་སྒྱུར་དང་། དཔར་སྐྲུན་བྱས་པའི་དཔེ་ཆ་དག་ལ་བལྟས་ན། བོད་ཀྱི་རང་མོས་སྙན་ངག་གི་ཁུངས་ནི་དཔེ་དེབ་དེ་དག་ཡིན་པ་གསལ་བོ་རེད། འདི་ནི་གནད་དོན་འགའ་ཤས་ཀྱི་ཐོག་ནས་་ཞིབ་འཇུག་བྱེད་དགོས་པ་ཞིག་རེད་བསམ་བཞིན་འདུག།གཅིག་ནི།ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེ་རེད། གོང་བཤད་ལྟར། ང་བརྒྱད་ཀྱི་རྗེས་དང་། ལྷག་པར་རིག་གནས་གསར་བརྗེའི་སྐབས་དེར། དོན་གྲུབ་རྒྱལ་གྱིས་སློབ་གསོ་མྱོང་དུས་སུ། སྲིད་གཞུང་གི་པར་སྐྲུན་བྱས་པའི་དཔེ་ཆ་དག་ལས་གཞན་ཅི་ཡང་བལྟ་ཆོག་གིན་མེད་པ་དང་། སྙན་ངག་བྲིས་ནའང་དཔེ་དེ་དག་དང་འདྲ་བ་དག་འབྲི་རྒྱུ་ལས་གཞན་ཅི་ཡང་འབྲི་ཆོག་གིན་ཡོད་པ་མ་རེད། དེ་བས་བརྗོད་བྱ་དང་རྗོད་བྱེད་གང་ཡིན་ཡང་།དེའི་ཤན་མ་ཞུགས་པ་ཞིག་ཡོད་མི་སྲིད་པ་ཞིག་རེད།དཔེར་ན་དོན་གྲུབ་རྒྱལ་དང་བོན་པོ་གཉིས་ཀྱིས་༡༩༧༧ལོ་ལ་བསྒྱུར་པའི༼ཏ་ཆིན་གྱི་འཐབ་འཛིང་གི་གླུ་དབྱངས༽ཞེས་པའི་ནང་དུ། ཏུའུ་ཧུང་པིན་གྱིས་བྲིས་པའི་སྙན་ངག༼ལྕགས་མི་ལ་བསྟོད་པ༽ཞེས་བའི་སྙན་རྩོམ་རྩོམ་ནང་དུ།

“ཨ…

མཁྲེགས་པོ་ལྕགས་ལས་གྲུབ་འདྲ་བའི་,

དཔའ་བོ་ཁྱེད་ཀྱི་ལྷག་བསམ་དང,

སྙིང་རུས་ཐང་ཤིང་སྔོན་མོ་བཞིན,

” ཞེས་བརྗོད་བྱའི་ཐོག་ནས་གསར་བརྗེའི་འདོད་པ་དང་། རྗོད་བྱེད་ཀྱི་ཐོག་ནས་དོན་གྱི་རང་མོས་སྙན་ངག་སྟེ། ཚིག་རྐང་འདྲ་བ་དག་ལ། ཨ་རྐྱང་ཞིག་དམིགས་སུ་སྦྱར་ནས་བཟུང་སྟེ་མཛེས་པའི་རྒྱན་བཏོད་ཡོད། འདི་རྒྱ་ཡིག་གི་ཐོག་ནས་རང་མོས་སྙན་ངག་གི་ལམ་ནས་བྲིས་པ་ཞིག་རེད་མོད། ་བོད་སྐད་དུ་སྒྱུར་དུས་ཚིག་རྐང་དོ་མཉམ་པ་བྱས་ནས་བྲིས་ཡོད་པ་ལྟ་བུ་རེད། གང་ལྟར་སྙན་ངག་འདིའི་ཐོག་ནས་ “ཨ”་ཞེས་འབོད་སྒྲ་ལྟ་བུ་ཞིག་བྲིས་པ་དེ་ནི་རང་མོས་སྙན་ངག་གི་འགྱུར་པ་མཚོན་པའི་ཚིག་གལ་ཆེན་ཞིག་རེད།     གོང་བཤད་ལྟར། རང་མོས་སྙན་ངག་གི་རྩོམ་ལུས་འདི་ཞེ་དགུའི་རྗེས་སུ་ཡོང་བ་དང་། ལྷག་པར་ཏུ་རིག་གནས་གསར་བརྗེའི་སྐབས་སུ་རྒྱ་ཁྱབ་དུ་བཀྲམས་ཡོད་པ་དང་། སྤེལ་ཡོད་པའི་རྩོམ་ལུས་ཞིག་རེད། འདི་ནས་ཐད་ཀར་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་མོའི་ཙེ་ཏུང་གི་སྙན་རྩོམ་སོགས་བོད་ཡིག་ཏུ་བསྒྱུར་པའི་ཉེར་འབྲས་ཞིག་རེད། ཡིནའང་བཅོས་སྒྱུར་སྒོ་འབྱེད་ཀྱི་རྗེས་སུ། རྩོམ་ལུས་འདི་ནི་བསྒྱུར་རྩོམ་ཙམ་གྱིས་མ་ཡིན་པར། རིག་གསར་གྱི་སྐབས་སུ་སློབ་གཉེར་བྱས་པ་དང་། རྩོམ་གྱི་ལས་ལ་འཇུག་པའི་མི་ཁག་ཅིག་གིས་འདི་ལ་དེང་རབས་བོད་ཀྱི་རྩོམ་རིག་གི་མིང་བཏགས་ནས་བོད་ཡིག་ཏུ་གསར་པ་གསར་རྐྱང་ཞིག་ཡིན་ཁུལ་གྱིས་རང་གིས་བྲིས། གཞུང་གི་དུས་དེབ་སོགས་སུ་སྤེལ། མཐར་བོད་ཁམས་ཡོངས་ལ་ཁྱབ་པ་འདི་བྱུང་བ་ཞིག་རེད།

མོའི་ཙེ་ཏུང་འདས་པ་དང་མཉམ་དུ། རིམ་གྱིས་སྲིད་ཇུས་ཇེ་ལེགས་སུ་སོང་ནས། སྔོན་གྱི་ཤེས་རིག་སྦྱོང་སའི་དགོན་པ་ཁག་སོགས་བསྐྱར་གསོ་བྱུང་བ་དང་། མཁས་པ་རྣམས་གྱིས་སྔོན་སྲོལ་རྒྱུན་འཛིན་དར་སྤེལ་གྱིས་སྔོན་གྱི་སྙན་ངག་སོགས་ཀྱང་སློབ་པའི་མགོ་ཚུགས། དེ་བཞིན་སྲིད་གཞུང་གིས་ཀྱང་། མི་རིགས་གྲངས་ཉུང་གི་རྩོམ་རིག་ལ་དོ་སྣང་བྱས་ནས། ནུབ་བྱང་མི་རིགས་སློབ་གྲྭ་སོགས་ལ། མི་རིགས་གྲངས་ཉུང་གི་སྐད་རིགས་དང་རྩོམ་རིག་སྡེ་ཁག་བཙུགས། དེ་བཞིན༼སྦྲང་ཆར༽སོགས་དུས་དེབ་ཀྱང་རིམ་གྱིས་བཏོན་ནས་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་གྲངས་ཉུང་གི་རྩོམ་རིག་སོགས་དར་སྤེལ་བྱེད་དུས། སྔོན་དུ་ཡིག་བསྒྱུར་ཁོ་ནའི་སྟེང་མཐོང་རྒྱུ་ཡོད་པའི་རང་མོས་སྙན་ངག་འདི། བོད་པ་ཁག་ཅིག་གིས་གསར་རྩོམ་བྱས་ནས་རང་མོས་སྙན་ངག་འདི་མུ་འཐུད་དུ་རྒྱུན་འཛིན་བྱས་པ་ཞིག་རེད། དེ་བཞིན་སྦྲང་ཆར་དུས་དེབ་ནི། སྲིད་གཞུང་གིས་ཐད་ཀའི་བཀོད་སྒྲིག་འོག མཚོ་སྔོན་ཟི་ལིང་ནས་ཐོན་པ་རེད། “ཅན་བཞི་ལ་ཞབས་འདེགས་བྱེད་པ་བཅས་ནི་དུས་དེབ་འདི་ཉིད་ཀྱི་དམིགས་ཡུལ་ཡིན”ཞེས་དང་། “མར་ལེ་རིང་ལུགས་དང་མའི་ཙེ་ཏུང་གི་དགོངས་པའི་མཛུབ་སྟོན་འོག་དུས་དེབ་འདིས་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང”སོགས་གཙོ་བོ་བྱས་ནས་རྩོམ་འབྲི་དགོས་པ་བཤད་ཡོད། དགོངས་དོན་དེ་ལྟར། དོན་གྲུབ་རྒྱལ་གྱི་སྐད་གྲགས་ཅན་གྱི་རང་མོས་སྙན་ངག་ཀྱང་། ༡༩༨༣ལོའི་༼སྦྲང་ཆར༽དེབ་གསུམ་པའི་ཐོག་བཀོད་པ་དང་། དོན་གྱིས་རིག་གསར་གྱི་སྙན་ངག་གི་རྩོམ་ལུས་ལྟར་དང་། ལྷག་པར་ཏུ་༼གནམ་བདེ་སྒོ་མོའི་སྙན་ཚིག་འདྲ་བཤུས༽ལྟ་བུར་བལྟས་ནས་ལད་ཟློས་བྱས་ཏེ་བྲིས་པ་ཞིག་རེད།

གཉིས་པ།རྩོམ་ལུས་ཀྱི་ཐོག་ནས་བཤད་ན། གོང་གི་རྒྱ་ཡིག་གི་ལམ་ནས་བསྒྱུར་པའི་རང་མོས་སྙན་ངག་དེ་ཚོ་ལ་བལྟས་པ་ཙམ་གྱིས། གོང་དུ་དྲངས་ཡོད་པའི་རང་མོས་སྙན་རྩོམ་དེ་དག་དང་།དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་གཉིས་ཀྱི་འདྲ་ས་གཙོ་བོ་འགའ་ནི།གཅིག་ནི།ཚིག་རྐང་དོ་མི་མཉམ་པ་དང་།གཉིས་ནི།ལང་ཚོའི་རྦབ་ཆུ་ནང་གི། ཀྱེ་མ། ཨེ་མ། ཉོན་དང་། ཀྭ་ཡེ་སོགས་ཀྱང་གོང་གི་རང་མོས་སྙན་ངག་གི་རྩོམ་དེ་དག་ལས་མཐོང་ཐུབ་པ་དེ་རེད།ཚིག་འདི་དག་གི་་ཐུན་མོང་མ་ཡིན་པའི་ངར་སྟེར་བ་ཞིག་ཡིན་པ་དང་།གཞན་དང་མི་མཐུན་པ་ཞིག་ཡིན་པའི་བཤད་ཚུལ་ཡོད། དཔེར་ན་བདུད་ལྷ་རྒྱལ་གྱིས་“སྙན་རྩོམ་འདིའི་སྒྱུ་རྩལ་གྱི་ཁྱད་ཆོས་གཞན་ཞིག་ནི་རྩོམ་པ་པོའི་བཅོས་མིན་གྱི་བརྩེ་དུང་ཟབ་མོ་དེ་སྙན་རྩོམ་རང་ན་ངང་གིས་མཆེད་ཀྱིན་ཡོད་པ་དེ་ཡིན། ཁོང་གི་བརྩེ་དུངས་དེ་བཅོས་མའི་བརྩེ་དུངས་ཤིག་མ་ཡིན་པར་མ་ཟད། བརྩེ་དུངས་དེ། ཨེ་མ། ལྟོས་དང་། ཀྱེ། ཀྭ་ཡེ་སོགས་ཀྱི་ཚིག་ཙམ་ལའང་བལྟོས་པ་མིན་པར་དེ་ནི་དཔེར་ན་ལྕགས་གོང་མེས་ཟིན་པའང་ཡང་ན་དྲི་བསུང་ལྡུམ་རྭར་འཐུལ་བ་བཞིན་དུ་སྙན་རྩོམ་རང་ན་ངང་གིས་འཁྲིགས་ནས་ཡོད་པ་ང་ཚོས་སྙན་རྩོམ་འདི་ལ་ཡོངས་ཁྱབ་ཀྱི་སྒོ་ནས་བལྟས་པ་ཙམ་གྱིས་མཐོང་ཐུབ”་ཞེས་བཤད་ཡོད་པ་དང་།

གོང་བཤད་ལྟར།༡༩༧༩་ལོ་ལ་པར་སྐྲུན་བྱས་པའི་༼གནམ་བདེ་སྒོ་མོའི་སྙན་ཚིག་འདྲ་བཤུས༽་ནང་དུ་རང་མོས་སྙན་ངག་མང་པོ་ཡོད་པ་མ་ཟད། ཀྱེ། ཀྱེ་ཀྱེ། ཉོན་དང་ཟེར་པའི་ཚིག་སྦྱོར་མང་པོ་འདུག དཔེར་ན་དཔེ་དེབ་དེའི་ནང་གི༼དེ་རིང་གང་དུ་བསྡད་ཡོད་དམ༽ཞེས་པའི་རང་མོས་སྙན་རྩོམ་དུ། “ཀྱེ་ཀྱེ་ཁོ་བོ་གང་དུ་ཡོད་འདྲི་མི་དགོས”ཞེས་སྙན་རྩོམ་གྱི་མགོའི་ཚིག་སྦྱོར་འདིས་མགོ་བརྩམས་ནས། སྙན་རྩོམ་བྲིས་ཡོད་པ་དང་། “ཀྱེ་ཀྱེ་ཙུང་ལི་ཀྲོའུ་ཨེན་ལི་ཀྱེ”ཞེས་དང་། “མིག་ལས་ཐོན་པའི་མཆི་མ་དེ་ཕར་ཕྱིས་ཤིག  ཀྱེ་ཀྱེ་བློ་མཐུན་ཚོ”ཞེས་བྲིས་ཡོད་པ་ལྟ་བུ་མ་ཟད།༼ལང་ཚོའི་བྲབ་ཆུ༽ནང་གི་སྐད་གྲགས་ཅན་གྱི“ཉོན་དང་”ཚིག་སྤྱོར་འདི་ཡང་དཔེ་དེབ་དེ་ལ་ཐོན་འདུག།དཔེར་ན་ ༼ཟུངས་ཁྲག་གི་གླུ༽ཞེས་པའི་སྙན་རྩོམ་ནང་།

“ཉོན་དང་། རྒྱལ་སྤྱིའི་གླུ་སྒྲ་ནམ་མཁའི་དབྱིངས་སུ་ཁྱབ།

ལྟོས་དང་། ཐང་ཆེན་ཐོག་ཏུ་མེ་ལྕེ་འུར་འུར་འབར།

“བྲན་གཡོག་ཚོ། ཡར་ལོངས་ཤིག ཡར་ལོངས་ཤིག”

མགོ་སྐོར་གཏོང་བའི་ལྕགས་སྒྲོག་དེ་མྱུར་པར་གཏོར་ཞིག

ཉེས་རྡུང་གཏོང་བ་ནི་རྒྱུན་གྱི་ལྟོ་དང་མཚུངས་བ་ཞིག་གོ

མེ་གསོད་ཡོ་ཆས་ཙམ་གྱིས་ནམ་མཁར་མཆེད་འདྲའི་མི་ལྕེ་ནི་

ག་ལ་གསོད་ཐུབ།

“གསར་བརྗེའི་ངོ་རྒོལ་གྱི་དོན་རྐྱེན”ཡིན་ཟེར་པའི་དོན་དེ་ལ་

ཡ་མཚར་ཅི།

མི་རྣམས་འཛིན་མཁན་ཤོག་དང་། བཙོན་ཁང་ཞིག་རལ་དུ་

སོང་ནས་ས་ཕྱེ་རྡོ་ཕྱེར་མ་གྱུར་པར་ང་ཚོ་ས་གཞན་དུ

མི་འགྲོའོ།

གལ་ཏེ་ཙུང་ལིའི་བརྗིད་ཉམས་ལ་དམའ་འབེབས་བྱེད་མཁན

དང་།

སྐྱེ་ནུས་ལྡན་པའི་ཐང་ཤིང་དེ་གཅོད་བསམ་མཁན་ཡོད་ན།

ཁྱོད་ཚོས་ལྟོས་ཤིག ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་བུ་དང་བུ་མོ་ཚོས་རང་ལུས་ཀྱི་ཟུངས་ཁྲག་ལ་བརྟེན་ནས་་་

མཛེས་སྡུག་རྣམ་པར་བཀྲ་བའི་སྙན་ཚིག་གི་རུ་མཚོན

སྒྲེང་ངེས་ཡིན”

ཞེས་བྲིས་ཡོད་པ་ལྟར། འདི་ལས་ང་ཚོས་ཚིག་སྦྱོར་འདི་དག་ནི་དོན་གྲུབ་རྒྱལ་གྱིས་གསར་ཏུ་གཏོད་པ་དང་། ལང་ཚོའི་རྦབ་ཆུ་ནང་ཐོག་དང་པོར་བྱུང་བ་རྩ་བ་ཉིད་ནས་མིན་པ་ཤེས་ཐུབ་པ་ཟད། ཁོང་གིས་གང་ལ་མ་ཕྱི་བྱས་ནས་བྲིས་པའང་གསལ་བོ་ཤེས་ཐུབ།

གསུམ་པ།   དེ་བཞིན་བརྗོད་བྱའི་དཔེར་མཚོན་གྱི་ཐོག་ནས་ཀྱང་ལང་ཚོའི་རྦབ་ཆུ་ནི། བོད་ཀྱི་དཔེར་མཚོན་སྙན་ངག་ཞིག་མིན་པ་མ་ཟད། རྙིང་གཏོར་གསར་བརྗེའི་སྙན་རྩོམ་ཞིག་རེད། བརྗོད་བྱའི་ཐོག་ནས་རྦབ་ཆུ་དང་སྦྱར་ནས་བྲིས་པ་ཡིན་ཕྱིར་སྔོན་དུ་མ་འདྲ་བ་ཞིག་ཆགས་བསྡད་ཡོད་པ་རེད། སྤྱིར་བཏང་བོད་པར་མཚོན་ན་རྦབ་ཆུར་མཛེས་པའི་ཁྱད་ཆོས་ཅི་ཡང་མེད། སྔོན་གྱི་བསྟན་བཅོས་དག་ལ། ཚེ་ལ་གཏད་སོ་མེད་པ་ནི་རི་གཟར་གྱི་རྦབ་ཆུ་དང་འདྲ་ཞེས་མི་རྟག་པའི་ཁྱད་ཆོས་ཤིག་ལས་དེ་ལ་མཛེས་པའི་ཁྱད་ཆོས་སོགས་དམིགས་བསལ་ཅི་ཡང་མེད། ཡིནའང་། རྒྱ་ནག་ལ་སྔོན་གྱི་དུས་ནས་རྦབ་ཆུ་ནི་སྙན་ངག་གི་བརྗོད་བྱར་གྱུར་ཡོད་པ་དང་། མཁས་པ་མང་པོས་ཀྱང་རྦབ་ཆུ་དཔེ་རུ་བཞག་ནས་སྙན་རྩོམ་མང་པོ་བྲིས་ཡོད། ཐང་གི་སྐབས་སུ་ལི་པེས་ཟེར་པ་དང་། མོའི་ཙེ་ཏུང་གིས་ཀྱང་རྦབ་ཆུའི་སྐོར་ལ་སྙན་ངག་བྲིས་ཡོད་པ་ལྟ་བུ་རེད། དེ་བས་དོན་གྲུབ་རྒྱལ་གྱིས་རྦབ་ཆུ་བརྗོད་བྱ་བྱས་ནས་སྙན་རྩོམ་བྲིས་པ་འདི་ནི། བོད་ཀྱི་རྩོམ་ཞིག་མ་ཡིན་པར་རྒྱ་ནག་གི་ཤན་ཞུགས་ཡིན་པ་གསལ་བོ་རེད། བརྗོད་བྱའི་དཔེ་འཇོག་སྟངས་ཀྱི་ཐད་ནས་དོན་གྲུབ་རྒྱལ་གྱིས་རྦབ་ཆུ་དང་སྦྱར་ནས་སྙན་ངག་གི་རྩོམ་ཞིག་བྲིས་པ་འདི་ནི། རྒྱ་ནག་གི་མཛེས་པའི་ཉམས་ཀྱི་དཔེ་བཏོད་ཚུལ་ཞིག་བོད་ཡིག་ཏུ་བྲིས་པ་དེ་རེད།

དེ་ལས་ཀྱང་བརྗོད་བྱའི་ཐོག་ནས་རྙིང་གཏོར་གསར་བརྗེའི་ལྟ་བ་མཚོན་ཐུབ་པ་ནི།བདུད་ལྷ་རྒྱལ་གྱིས་བྲིས་པའི་༼ལང་ཚོའི་རྦབ་ཆུ་ཡི་ཀློག་འདོན་རོལ་མྱོང་”ཟེར་པ་ལས་གསལ་སྟོན་བྱས་འདུག།དཔེར་ན།

“སྔོ་ཞིང་བསངས་པའི་ནམ་མཁའ།

དྲོ་ཞིང་འཇམ་པའི་ཉི་འོད།

ཡངས་ཤིང་ཆེ་བའི་ས་གཞི།

མཛེས་ཤིང་སྡུག་པའི་མེ་ཏོག

མཐོ་ཞིང་བརྗིད་པའི་ལྷུན་པོ”

ཟེར་པ་སོགས་ནི་ཚིག་འགྲོས་ལྟར་གོ་བ་ལངས་ན་མི་འགྲིག་པར། དེ་ནི་བོད་ཀྱི་མུན་ནག་དང་།ཀླ་ཀློ། བདུག་རྩུབ་ཅན་གྱི་སྤྱི་ཚོགས་རྙིང་པ་དང་བསྡུར་ན། དོན་གྲུབ་རྒྱལ་གྱི་དུས་རབས་ནི་དཔལ་ཡོན་ལྡན་པ་དང་། བདེ་ཞིང་སྐྱིད་པ། སྥྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཡོད་པ། དགའ་སྤྲོ་ཆེན་པོ་བཅངས་ཡོད་པ་སོགས་མཚོན་བཞིན་ཡོད་པ་དེ་རེད་ཟེར། རྩོམ་ཧྲིལ་བོ་མདོར་ན། རྙིང་པ་གཏོར་ནས་གསར་པའི་ལམ་དུ་སྐྱོད་ཟེར་པ་དགོས་པ་སོགས།དོན་གྱིས་རྙིང་གཏོར་གྱི་བརྗོད་བྱ་ཞིག་ལས་གཞན་ཅི་ཡང་མེད་པ་མཚོན་འདུག།

ཡིན་ནའང་འདིར་ཁ་ཅིག་གིས། ལང་ཚོའི་རྦབ་ཆུ་ནང་གི།་ “ཁྱེད་མེད་ན།གསོ་བ་རིག་པའི་ལྗོན་པ་རྒྱས་མི་ཐུབ་ལ།ཚད་མའི་མེ་ཏོག་དང་ནང་རིག་འབྲས་བུའང་སྨིན་མི་སྲིད།”ཟེར་པ་སོགས་དྲངས་ནས། འདི་ནི་རིག་གསར་རྙིང་གཏོར་གྱི་རྩོམ་ཞིག་མ་ཡིན་པར། བོད་ཀྱི་རིག་གཞུང་ལ་བདག་པོ་རྒྱག་དགོས་པ་དང་། བོད་ཀྱི་ལ་རྒྱ་མཚོན་པའི་སྐད་ཆ་རེད་ཅེས་དང་། ལྷག་པར་ཏུ། དོན་གྲུབ་རྒྱལ་གྱི་རྩོམ་ཁ་ཤས་ཀྱི་ནང་དུ། “ལ་རྒྱ”་ཟེར་པའི་ཚིག་འདི་ཐོན་པ་ལ་བརྟེན་ནས། དོན་གྲུབ་རྒྱལ་ནི། བོད་ཀྱི་ལ་རྒྱ་འཛིན་པ་དང་། བོད་མི་རིགས་ལ་ཤ་ཚ་ཅན་གྱི་མི་རིགས་རིང་ལུགས་པ་ཞིག་རེད་ཅེས་བཤད་ཀྱིན་འདུག། འདིའང་ཆེས་མ་དག་པ་ཞིག་དུ་མཐོང་།ཅི་ཡིན་ཟེར་ན།གོང་བཤད་ལྟར། ལང་ཚོའི་རྦབ་ཆུ་ནི་མཐར་ཐུག་ནི་དམིགས་ཡུལ་ནི། རྙིང་གཏོར་གསར་བརྗེའི་རེད། གོང་བཤད་བདུད་ལྷ་རྒྱལ་གྱིས་འབྲེལ་བ་དང་ལས་གཞན་། ཁོང་གི་དམིགས་ཡུལ་ཀྱང་ལང་ཚོའི་རྦབ་ཆུ་ནང་དུའང་གསལ་བོ་མཚོན་འདུག། དཔེར་ན།

“ཁྱེད་ཀྱི་ཆུ་ཤེལ་དང་འདྲ་བའི་སེམས་ལའང༌།

ལོ་རྒྱུས་ཀྱི་རྨ་ཁ་དང༌།

དམག་འཁྲུག་གི་ནད་རྙིང༌།

རྨོངས་དད་ཀྱི་ཆུ་བུར།

རྙིང་ཞེན་གྱི་རྡུལ་ཕྲན་སོགས་མཆིས་ཀྱང་སྲིད་མོད།”

ཞེས་སྔོན་གྱི་བོད་ཀྱི་ལོ་རྒྱུས་ནི་རྨ་ཁ་ཆེ་ཚུལ་དང་།དམག་འཁྲུག་མང་ཚུལ།བོད་མི་དམངས་ལ་རྨོངས་དད་ཆེ་ཚུལ།སྙིང་ཞེན་ཆེ་ཚུལ་སོགས་ཞེས་སོགས་བཤད་པ་དང་།དུས་རབས་གསར་པ་སྟེ།དོན་གྲུབ་རྒྱལ་གྱི་དུས་རབས་སྟེ།རིག་གསར་དང་།བརྒྱད་ཅུའི་མགོ་སྟོད་ནི་དཔལ་ཡོན་ལྡན་པ།ཤེས་རིག་དར་པ།ཚན་རིག་དར་པའི་དུས་ཡིན་པས་སྔོན་ཡི་དེ་དག་མཇུག་པ་གཏན་ནས་མིན་ཞེས་པའི་དོན་རེད།དེ་དག་ལས་ང་ཚོས་ཤེས་ཐུབ་པ་ནི།ལང་ཚོའི་རྦབ་ཆུའི་དམིགས་འདུན་གསལ་བོ་དང་།བཤད་འདོད་པ་ནི་རྙིང་བཞི་གཏོར་ནས་།གསར་བཞིའང་དེང་རབས་ཅན་བཞི་གསར་འཛུགས་བྱེད་དགོས་པ་དང་།དེའི་འགན་ཁུར་ནི་བོད་ཀྱི་གཞོན་ནུ་རྣམས་ལ་ཡོད་ཅེས་པའི་དོན་རེད།

ཡང་ཁ་ཅིག་གིས།དོན་གྲུབ་རྒྱལ་གྱིས་རྩོམ་ཁ་ཤས་ཐོན་བཞིན་པའི་“ལ་རྒྱ”ཟེར་པའི་ཐ་སྙད་དེ་ཁྱེར་ཡོང་ནས།དོན་གྲུབ་རྒྱལ་བོད་ཀྱི་ལ་རྒྱ་འཛིན་མཁན་ཞིག་དང་།མི་རིགས་རིང་ལུགས་པ་རེད་ཟེར།འདི་ཡང་ཆེས་མ་དག་པ་ཞིག་རེད་བསམ་བཞིན་འདུག།དོན་གྲུབ་རྒྱལ་གྱིས་བཤད་བཞིན་པའི་ལ་རྒྱ་ནི།དེང་དུས་བཤད་བཞིན་པའི་ཆབ་སྲིད་དང་རིག་གཞུང་གི་ལ་རྒྱ་མ་ཡིན་པར།བོད་པ་རྣམས་རིག་གསར་གྱི་རྙིང་བཞི་གཏོར་པའི་འཐབ་རྩོད་དང་།སྤྱི་ཚོགས་རིང་ལུགས་ཀྱི་“ཅན་བཞི”འཛུགས་སྐྲུན་ནང་རྗེས་སུ་ལུས་འདུག་པ་དང་།དེ་དག་གི་སྐོར་ལ་རྒྱ་སོགས་མི་རིགས་གཞན་གྱི་རྗེས་སུ་བསྙེགས་ཐུབ་ཀྱིན་མི་འདུག།བོད་པ་ཚོས་ཀྱང་མི་རིགས་ཀྱི་སྙན་གྲགས་དང་ལ་རྒྱ་་བསམ་ནས་སྙིང་བཞི་རྩ་གཏོར་བྱེད་དགོས་པ་དང་།ཅན་བཞི་འཛུགས་སྐྲུན་ལམ་དུ་ཞུགས་དགོས་པ་འདུག་ཅེས་རིག་གསར་གྱི་ལ་རྒྱ་ཞིག་བཤད་བཞིན་པ་ལས།མི་མང་པོ་ཞིག་གིས་འགྲེལ་རྒྱག་བཞིན་པའི་ལ་རྒྱ་ཞིག་མིན་པ་ནི།ཁོང་གི་ལོ་རྒྱུས་ཀྱི་ལྟ་ཚུལ་ནི།“དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབངས་ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམ་ཐོར་བུ”ནང་གསལ་བོ་བཤད་འདུག།དེ་བས་ད་ལྟ་ཁ་ཅིག་གིས་ཁོང་གི་ལ་རྒྱའི་དོན་ངོ་མ་དེ་གཞན་ཞིག་ལ་སྒྱུར་བཞིན་པ་ནི།ལོ་རྒྱུས་དང་དོན་གྲུབ་རྒྱལ་ལ་ལོག་འགྲེལ་རྒྱབ་པ་ཞིག་རེད།

གང་ལྟར་། འདི་དག་ལས་ང་ཚོས་གསལ་བོ་ཤེས་ཐུབ་པ་ནི། ་དོན་གྲུབ་རྒྱལ་ནི་བོད་ཀྱི་རང་མོས་སྙན་ངག་གསར་གཏོད་པ་ཡིན་ཟེར་པ་དང་། ༼ལང་ཚོའི་རྦབ་ཆུ༽ནི་བོད་ཡིག་གི་ཐོག་ནས་བོད་ཀྱི་རང་མོས་སྙན་ངག་ཐོག་དང་པོ་ཡིན་ཟེར་པ་ནི། ཆེས་མ་དག་པ་ཞིག་པ་ཡིན་པ་དང་། བོད་ཀྱི་རང་མོས་སྙན་ངག་ནི། རིག་གསར་གྱི་སྐབས་སུ་མོའི་ཙེ་ཏུང་གི་དཔེ་དེབ་དང་སྙན་དེབ། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཇུས་དང་མཉམ་དུ། བོད་པ་ལས་བྱེད་པ་འགའ་ཞིག་གིས་བོད་ལ་སྤེལ་བ་ཞིག་རེད་མ་གཏོགས་དོན་གྲུབ་རྒྱལ་ནས་བརྒྱད་ཅུའི་ནང་ལ་གསར་དུ་གཏོད་པ་ཞིག་རྩ་བ་ཉིད་ནས་མིན་པ་གསལ་བོ་ཤེས་ཐུབ།

 

མཐའ་སྤངས་པ།

འདི་ལྟར་ཕྲན་གྱིས་དེང་རབས་བོད་ཀྱི་རང་མོས་སྙན་ངག་ཟེར་པ་འདི།གསར་བརྗེའི་དཔེ་ཚོགས་རྣམས་མཉམ་དུ་བོད་དུ་སླེབས་པ་དང་།དོན་གྲུབ་རྒྱལ་སོགས་ཀྱིས་གསར་ཏུ་བརྩམས་པ་མ་ཡིན་པར།བོད་འགྱུར་གྱི་གསར་བརྗེ་སྙན་ངག་གི་དཔེ་ཚོགས་ལ་བལྟས་ནས་ལད་ཟློས་བྱས་པར་རེད་ཅེས་བརྗོད་པ་ལ།མི་མང་པོ་ཞིག་གིས་བསམ་འཆར་སོགས་སྣ་ཚོགས་གླེང་ཡོང་གིན་འདུག་པ་དང་།མང་ཆེ་ཤོས་ནི་ཕ་ས་རྩོད་ཆུ་རྩོད་ལྟ་བུ་ཞིག་ལས་ལན་འདེབས་དགོས་པའི་རྒྱུ་མཚན་ཅི་ཡང་མ་མཐོང་ནའང་།དྲི་ཚིག་ཁ་ཅིག་གི་གནད་དུ་འཁེལ་འདུག་པས།དེ་དག་ལན་འདེབས་མ་བྱེད་ཐབས་མེད་རེད།དེ་ཡང་མདོར་བསྡུས་ན་ཕྱོགས་འགའ་ཤས་ཀྱི་ཐད་ནས་ལན་རྒྱག་དགོས་པ་རེད་བསམ་བཞིན་འདུག།གཅིག་ནི།དོན་གྲུབ་རྒྱལ་གྱི་སྔོན་དུ་བོད་ཡིག་གི་ཐོག་རང་མོས་སྙན་ངག་ཡོད་པའང་བདེན་པ་དང་།དོན་གྲུབ་རྒྱལ་གྱིས་དེ་དག་ལད་ཟློས་བྱས་ཀྱང་ཡོད་སྲིད།ཡིནའང་༼ལང་ཚོའི་རྦབ་ཆུ༽བརྗོད་བྱ་བོད་ཀྱི་བརྗོད་བྱ་དང་།དོན་གྲུབ་རྒྱལ་ནི་བོད་པ་རེད།དེའི་ཕྱིར་དོན་གྲུབ་རྒྱལ་ནི་བོད་ཀྱི་རང་མོས་སྙན་ངག་རྩོམ་པ་པོ་ཟེར་ན་མི་ཆོག་རྒྱུ་མི་འདུག་ཅེས་བཤད་མཁན་མང་དུ་བྱུང་སོང་།སྤྱིར་བཏང་དོན་གྲུབ་རྒྱལ་བོད་ཀྱི་རང་མོས་སྙན་ངག་ཐོག་པོ་འབྲི་མཁན་ཟེར་པ་དག་གིས།དོན་གྲུབ་རྒྱལ་གྱིས་ལད་ཟློས་བྱེད་སའི་མིང་ཙམ་གླེང་ཡོད་པ་ཡིན་ན།ཁོས་བྲིས་པ་དེ་”གསར་རྩོམ”་ཡིན་མིན་ལ་དོགས་པ་མི་འདུག་མོད།བོད་ཀྱི་རྩོམ་རིག་ཟེར་པ་འདི་གང་གི་ཐད་ནས་འཇོག་དགོས་པ་རྒྱུ་མཚན་རྩ་བ་ཉིད་ནས་མེད་པ་ཞིག་མ་རེད།དེང་རབས་བོད་ཀྱི་རྩོམ་ཞིག་ཡིན་ན།བོད་པ་ཞིག་གིས་འབྲི་དགོས་པ་རེད་དམ།ཡང་ན་བོད་ཡིག་ཐོག་ནས་འབྲི་དགོས་པ་རེད།བོད་པ་ཞིག་གིས་འབྲི་དགོས་པ་ཡིན་ན།སྒྲུབ་བྱེད་དེ་འགྲོ་ཙམ་འདུག།གོང་གི་དྲངས་པའི་རང་མོས་སྙན་ངག་རྩོམ་མང་པོ་ཞིག་ནི།རྒྱ་མི་དག་གིས་བྲིས་པ་དང་།བརྗོད་བྱའི་ཐད་ནས་བོད་ལ་ཐད་ཀར་འབྲེལ་བ་མེད་པ་ཞིག་རེད།ཡིནའང་རྩོད་པ་འདི་ནི།དོན་གྱིས་སློབ་དཔོན་དབྱུག་པ་ཅན་གྱི་སྙན་ངག་མེ་ལོང་བོད་འགྱུར་མ་ནི།བོད་ཀྱི་སྙན་ངག་ཡིན་མིན་དང།དེ་ནི་བོད་ཀྱི་སྙན་གཞུང་ཡིན་མིན་གྱི་རྩོད་པ་འདྲ་བོ་རེད།འདི་ལ་ད་དུང་གཞུང་ལུགས་སོགས་ཀྱི་ཐོག་ནས་མང་པོ་བགྲོ་གླེང་བྱེད་དགོས་པ་ཞིག་རེད།

གཉིས་པ་ནི། ༼ལང་ཚོའི་རྦབ་ཆུའི༽སྔོན་དུ་བོད་པ་རང་གིས་བོད་ཀྱི་བརྗོད་བྱ་བྱས་ནས། རྗོད་བྱེད་རང་མོས་སྙན་ངག་གི་ཡོད་དམ་ཟེར་པ་དེ་རེད། གོང་དུ་ཅུང་ཟད་གླེང་ཡོད་པ་བཞིན། ༡༩༧༤ལོ་ལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས། ༼ལིན་དགག་ཁུང་དགག་གི་འཐབ་གླུ༽ཞེས་པའི་སྙན་ངག་གི་དཔེ་དེབ་ཞིག་པར་སྐྲུན་བྱས་ཡོད་པ་དང་། དཔེ་དེབ་བསྒྱུར་དེབ་ཡིན་པ་དང་། ཡང་ན་གསར་རྩོམ་བྱས་པ་གསལ་བཤད་བྱས་མི་འདུག་མོད། ཕྲན་གྱིས་བལྟས་ན་བོད་རྒྱ་ཡིག་རིགས་གཉིས་ཀྱིས་བྲིས་པ་དང་། རྩོམ་གྱི་མ་ཕྱིའང་བོད་རྒྱ་གཉིས་ཀ་རེད་བསམ་བྱུང་། འདིའི་ནང་དུ་རང་མོས་སྙན་ངག་ཁ་ཤས་འདུག་པ་དང་། ཁ་ཅིག་གིས་བོད་མིང་དང་། ཁ་ཅིག་གི་མིང་ལ་རྒྱ་མིང་བྲིས་འདུག། དཔེར་ན། བཟོ་བ་བློ་གྲོས་སྐལ་བཟང་གིས་བྲིས་པའི་ ༼ཁོང་ནང་ཁྲོ་མེས་ཁེངས་བཞིན་ “བྱམས་སྐྱོང”ཟེར་པར་དགག་པ་རྒྱབ་པ༽ཞེས་བ་ལས།

“བོད་རིགས་བཟོ་པ་སྤྱི་ཚོགས་རིང་ལུགས་ཉིད་ལ་དགའ།

ལམ་ཕྱོགས་འཐབ་རྩོད་དབྱེ་བ་གསལ་པོ་གཅོད་པར་ཐུབ།

ཚེ་གང་གུང་ཁྲན་ཏང་ལ་དགའ་ཞེན་བྱེད།

ཚེ་གང་མོའི་ཀྲུའུ་ཞི་མཆོག་ཉིད་གི

རྗེས་སུ་འབྲངས་ནས་མུ་མཐུད་གསར་བརྗེ་བྱེད།”

ཅེས་བརྗོད་བྱ་བོད་རིགས་བཟོ་པ་དང་།བརྗོད་བྱའི་ཚིག་ཀྱང་རང་མོས་སྙན་ངག་ལྟར།ཚིགས་ཕྲེང་དང་པོ་གཉིས་ལ་ཡིག་འབྲུ་བཅུ་གཅིག་དང་།གསུམ་པ་ལ་དགུ།བཞི་བ་ལ་བརྒྱད།ལྔ་བ་ལ།ཡང་བསྐྱར་དགུ་བྱས་ནས་བྲིས་འདུག།

དེ་བཞིན་བ༷ཟོ་བ་ཤེས་གཉེར་ཚེ་རིང་ཟེར་པ་ཞིག་གིས་བྲིས་པའི་༼བཟོ་བ་མི་རབས་གསར་པ༽ཟེར་པ་རུ།

“བཟོ་བ་མི་རབས་གསར་པ་ཚོས།

འཁོར་ཁང་ནང་དུ་གསར་བརྗེ་བྱས།

སྟག་མགོ་དབྱིབས་ཅན་ཀམ་སྟེང་ལིན་དགག་ཁུང་དགག་བྱེད།

ལྕགས་ཀི་ཀམ་པས་རོ་ལངས་རྩ་འཛིན་ནག་པོ་གཏོར།”

འདི་དག་གི་རྩོམ་པ་པོ་ནི་བོད་རིགས་ཡིན་པ་དང་། ཡི་གེའང་བོད་ཡིག་རེད། བརྗོད་བྱ་ནི་མདོར་བསྡུས་ན་ལིན་དགག་ཁུང་དགག་ལ་གཞན་སྔོན་གྱི་བོད་ཀྱི་ལོ་རྒྱུས་ལ་དགག་པ་དང་། ཏྭ་ལའི་བླ་མ་སོགས་པ་དགག་པ་རྒྱབ་པ་དང་། རྗོད་བྱེད་ཚིག་ནི། པད་མ་འབུམ་གྱི་སྐད་ཆ་དྲངས་ནས་བཤད་ན། “ཚིགས་བཅད་ཀྱི་སྡེབ་སྦྱོར་དང་གོམས་སྲོལ་དང་ཡོངས་སུ་འགལ་ཏེ། ཚིག་གི་རྐང་པ་དང་། ཚིག་གི་གཅོད་མཚམས་སོགས་སྒྲིག་ཁྲིམས་མེད་པར་རང་མོས་སུ་སྤེལ་”བ་ཞིག་རེད།

གསུམ་པ། ༼ལིན་དགག་ཁུང་དགག་གི་འཐབ་གླུ༽ཤིན་ཏུ་གལ་ཆེན་པོ་མཐོང་གིན་འདུག། ཅི་ཡིན་ཞེ་ན། འདི་ནི་དོན་གྲུབ་རྒྱལ་ལྷ་སར་ཡོད་དུས། དཔེ་དེབ་གྲ་སྒྲིག་བྱེད་པའི་སྒང་ཡིན་པའི་མ་ཟད། གཅིག་བྱས་ནས་དེའི་རྩོམ་སྒྲིག་གི་ལས་ཀའང་བྱས་ཡོད་སྲིད། ཆོས་སྐྱོང་གིས་བཤད་ན། ༡༩༧༣་ལོའི་ཟླ་བདུན་པ་ནས་ཕྱི་ལོ་ཟླ་གསུམ་པའི་བར་དུ། དོན་གྲུབ་རྒྱལ་དབུས་ཕྱོགས་སུ་ཕེབས་པ་དང་། དེ་ནས་རེས་མོས་ཀྱིས་དཔེ་སྐྲུན་ཁང་དང་། ཚགས་པར་ལས་ཁུངས་སོགས་སུ་ཡིག་བསྒྱུར་གྱི་ལས་ཀ་བྱས། མང་ཆེ་ཤོས་དཔེ་སྐྲུན་ཁང་དུ་ལས་ཀ་བྱས་པ་དང་། དེ་ནས་ལྷོ་ཁ་ནས་ཀྱང་ཡུན་ཙམ་བསྡད། དོན་བཞིའི་ཟླ་གཉིས་པའི་ཚེས་དགུ་ཙམ་ལ་དཔར་འདེབས་ལས་ཁུངས་སུ་ལས་ཁུངས་སུ་ཕྱིན་ནས་ ལིན་དགག་ཁུང་དགག་གི་འཐབ་རྩོད་ལ་ཞུགས་པར་བཤད། འདི་ལས་ར་འཕྲོད་པ་ནི། དོན་གྲུབ་རྒྱལ་ནི་ལིན་དགག་ཁུང་དགག་གི་འཐབ་གླུའམ་རང་མོས་སྙན་ངག་དེ་དག་ལ་རྒྱུས་ཡོད་ཡིན་པ་མ་ཟད། དངོས་སུ་ཞུགས་མྱོང་བ་ཞིག་ཀྱང་རེད།གང་ལྟར་འདི་དག་ཐམས་ཅད་དོན་གྲུབ་རྒྱལ་ནི་བོད་ཀྱི་རང་མོས་སྙན་ངག་གི་སྲོལ་བཏོད་པ་པོ་མ་ཡིན་པ་དང་། བོད་ཀྱི་རང་མོས་སྙན་ངག་ཟེར་པ་བརྒྱད་ཅུའི་ནང་ལ་བྱུང་བ་མ་ཡིན་པར། ཚ་ཚ་འུར་འུར་གྱི་ང་བརྒྱད་དང་ལྷག་པར་ཏུ་རིག་གསར་དང་འབྲེལ་བ་ཡོད་པ་གསལ་བོ་མཚོན་ཐུབ་ཀྱིན་འདུག་བསམ།

རྩོམ་སྤངས་ཀྱི་སྒྲུབ་བྱེད་གསུམ་ལས་བསྐྱར་དུ། ལང་ཚོའི་རྦབ་ཆུ་ནི་བོད་ཡིག་གི་ཐོག་གི་རང་མོས་སྙན་ངག་གི་ཐོག་དང་པོ་མ་ཡིན་པ་དང་།དེ་ནི་གསར་བརྗེའི་སྙན་ངག་ལད་ཟློས་བྱས་པ། བོད་ཀྱི་སྙན་ངག་ཡིན་ན་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་དགོས་པའི་དབང་དུ་བཏང་ཡང་།སྲོལ་འབྱེད་པའི་ཆོ་ལོ་དེ་དོན་གྲུབ་རྒྱལ་གྱི་ཐོབ་མི་འོས་པ་བཅས་སྒྲུབ་ཐུབ་པར་བསམ་མོད།

 

སྙན་ངག་གསར་རྙིང་གི་རྩོད་གླེང་།

༡༩༧༨ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་བྱུས་བྱུང་བ་དང་། སྲིད་ཇུས་དེའི་འོག སྔོན་གྱི་རིག་གནས་བསྐྱར་གསོ་སོགས་རིམ་གྱིས་ཕྱེ་ཐུབ་པ་བྱུང་དུས། སྔོན་གྱི་བོད་རང་གི་སྙན་ངག་གི་གཞུང་སྟེ། མེ་ལོང་མའི་གཞུང་དང་། སྙན་ངག་གི་དཔེ་ཆ་མང་པོ་རིམ་གྱིས་བསྐྱར་དུ་པར་དུ་བཀོད་པ་དང་། སྐྱ་སེར་གཉིས་ཀྱིས་རིམ་གྱིས་སྔོན་གྱི་སྙན་ངག་དེ་དག་ལ་སློབ་གཉེར་བྱེད་པའི་མགོ་ཚུགས། ༡༩༨༡ལོ་ལ་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་༼སྙན་ངག་སྤྱི་དོན༽བསྐྱར་པར་བྱས་པ་དང་། དུང་དཀར་རིན་པོ་ཆེས་༡༩༨༢་ལོ་ལ་༼སྙན་ངག་ཚིག་རྒྱན་རིག་པའི་སྒོ་འབྱེད།༽ ༡༩༨༤ལོ་ལ་བསེ་ཚང་བློ་བཟང་དཔལ་ལྡན་གྱི༼ཚངས་སྲས་བཞད་པའི་སྒྲ་དབྱངས༽སོགས་རིམ་གྱིས་པར་དུ་བཀོད་ནས་ནས་སྔོན་གྱི་སྙན་ངག་གི་གཞུང་དང་། བོད་མཁས་པའི་སྙན་ངག་གཞུང་སོགས་རིམ་གྱིས་སློབ་པའི་སྐལ་བ་བྱུང་བ་དང་།སྙན་ངག་མེ་ལོང་དང་སྔོན་གྱི་སྙན་ངག་སོགས་ནི། ཀུན་གྱིས་དགའ་བ་དང་། དད་མོས་བྱེད་ས། སློབ་གཉེར་བྱེད་སའི་གཙོ་བོ་དེ་ཆགས་པ་རེད། འདི་ལྟར་བོད་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་དང་། ངར་ཤུགས་ཆེན་པོས་སྔོན་གྱི་སྙན་ངག་སོགས་ལ་དགའ་བ་དང་དུང་བ་ཆེན་པོར་བྱུང་ཕྱིར། རིམ་གྱིས་རིག་གསར་གྱི་སྐབས་སུ་བསྒྱུར་པའི་སྙན་ངག་དང་རང་མོས་སྙན་ངག་སོགས་ལ་མོས་པ་ཆུང་དུ་ཕྱིན་ནས་སློབ་མཁན་དང་དེ་ལ་དོ་སྣང་བྱེད་མཁན་ཉུང་བ་དང་། ག་ལེར་རིམ་གྱིས་སྟོང་ལ་ཉེ་བའི་དུས་ཤིག་ཐོན་པ་རེད།

དངོས་བྱུང་གི་གནས་ཚུལ་འདི་དག་གིས་རིག་གསར་སྐབས་སུ་མི་ཚེ་བསྐྱལ་བའི་མི་འདི་དག་གི་སློབ་གསོ་དང་། སེམས་ཁམས། མི་སྡེའི་གོ་གནས་བཅས་ལ་ཕོག་ཐུག་བྱུང་བ་དང་། དོགས་མ་བདེ་བ།གནས་ཚུལ་གསར་པ་དང་དུས་བསྟུན་གྱིས་འགྱུར་པ་བཏང་བ་ཞིག་ཆགས་ཡོང་བ་རེད།དེར་བསྟུན་ཁོ་ཚོས་ཀྱང་ཐབས་ཤེས་སྣ་མང་བཏོན་ནས་རིམ་གྱིས་བསྐྱར་གསོ་བྱེད་བཞིན་པའི་བོད་ཀྱི་ཤེས་རིག་ཡོངས་རྫོགས་དང་། གོམས་གཤིས། ལུགས་སྲོལ་སོགས་ལ་འགོག་རྒོལ་བྱེད་པའི་མགོ་བརྩམས་པ་དང་། ཁོ་ཚོས་དུས་སྐབས་དེའི་ཆབ་སྲིད་ཀྱི་སྐད་ཆ་སྟེ།༼དེང་རབས༽དང་༼སྲོལ་རྒྱུན༽གྱི་སྙན་ངག་ཟེར་པའི་མིང་ཐོག་ནས་སྙན་ངག་གི་རྩོམ་ལུས་གང་ཞིག་བོད་དུ་དགོས་མིན་གྱི་རྩོད་པ་ཤུགས་ཆེན་བརྒྱབ་ཡོད།སྤྱིར་བཏང་ཏིན་ཞོ་ཕེན་གྱི༼དེང་རབས་ཅན་བཞི༽མངོན་འགྱུར་མ་བྱེད་པའི་སྔོན་དུ། དེང་རབས་ཟེར་པའི་ཚིག་འདི་བེད་སྤྱོད་དེ་འདྲ་གཏོང་གིན་མེད། ཡིནའང་བརྒྱད་ཅུའི་ནང་ལ། དེང་རབས་ཅན་བཞིའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་དུས། སྔོན་གྱི་བོད་ཀྱི་རྩོམ་རིག་གིས་དེང་རབས་ཅན་བཞི་ལ་ཞབས་འདེགས་ཞུ་ཐུབ་མིན་དང་། སྲོལ་རྒྱུན་རྩོམ་རིག་གསར་དགོས་མིན་ལ་རྩོད་པ་ཆེན་པོ་བྱུང་ཡོད།ཡིནའང་རྩོད་པ་དེ་ནི།དོན་གྲུབ་རྒྱལ་སོགས་ཀྱིས་གསར་དུ་བསླངས་པ་མ་ཡིན་པར། ཀྲུང་གོ་སྤྱིའི་རྩོམ་རིག་གི་ཐད་ལ་རྩོད་པ་དེ་བྱུང་བ་ཡིན་འདུག

བོད་པ་ནང་ཁུལ་དུའང་བཤད་པ་དེ། མཐར་ཐུག་གི་རྩོད་པ་ནི་ཕྱོགས་གཉིས་ཙམ་རེད། ཕྱོགས་གཅིག་ནི། དོན་གྲུབ་རྒྱལ་སོགས་ཀྱི་མགོ་ཁྲིད་པའི་ཞེ་དགུའི་རྗེས་སུ་སྐྱེས་པའི་མི་ཁག་ཅིག་ཡིན་པ་དང་། འདི་ཚོ་ནི་མང་ཆེ་བ་ཞེ་དགུའི་རྗེས་སུ་སྐྱེས་པ་དང་། དེའི་སྔོན་གྱི་བོད་ཀྱི་ལོ་རྒྱུས་དང་། ཤེས་རིག མི་ཚེའི་མྱོང་བ་སོགས་ཅི་ཡང་མེད་ཁར། སློབ་གསོ་ཐམས་ཅད། སྐར་ལྔའི་དར་དམར་འོག་ནས་བྱུང་བ་ཤ་སྟག་རེད།

དོན་གྲུབ་རྒྱལ་ནི་འདིའི་སྐབས་ཀྱི་གལ་ཆེན་གྱི་མི་ཞིག་མཚོན་ཡོད་པ་དང་། ཁོའི་མི་ཚེ་དང་། སྙན་རྩོམ་གྱི་དཔེ་དེབ་སོགས་ལ་བལྟས་ན། དེའི་སྐབས་ཀྱི་འཐབ་རྩོད་གསལ་བོ་བྱས་ཡོད། ཁོ་ཚོས་རྩ་བའི་ཆ་ནས། མོའི་ཙེ་ཏུང་གི་རིག་གནས་ནས་སྙན་ངག་དང་རིག་གཞུང་དང་སྒྱུ་རྩལ་སྐོར་གྱི་གཞུང་ལུགས་བཀོལ་ནས། སྔོན་གྱི་སྙན་ངག་དང་དེ་དག་གི་གཞུང་ལུགས་ལ་དགག་པ་བྱས་ཡོད། ཁོ་ཚོའི་གཞི་འཛིན་ས་ནི། ༼ཏང་ནང་གི་ཡན་ལག་བརྒྱད་ལྡན་གྱི་རྩོམ་ཚུལ་ལ་ངོ་རྒོལ་བྱེད་དགོས༽ཞེས་པ་དང་། ༼ཨན་ཡན་གྱི་རིག་རྩལ་ཐོག་གི་གསུང་བཤད༽དང་༼དམངས་གཙོ་གསར་པའི་རྣམ་བཤད༽སོགས་ཡིན་པ་དང་། ང་བཞི་ལས་འགུལ་རྗེས་ཀྱི་རྒྱའི་མཁས་པ་མང་པོ་ཞིག་དང་། ལྷག་པར་ཏུ་མོའི་ཙེ་ཏུང་གིས་རྒྱ་ནག་གི་སྙན་ངག་དེ་ལ་དགག་པ་བྱས་ཡོད་པ་བཞིན་དུ། ཁོ་ཚོས་སྔོན་གྱི་སྙན་ངག་དག་ནི། ལྟ་གྲུབ་དང་། ལོ་རྒྱུས། སྒྱུ་རྩལ་གྱི་ཆ་ནས་དགག་པ་བརྒྱབ་ཡོད། ཐོག་དང་པོའི་ལྟ་གྲུབ་ཀྱི་ཐོག་ནས། མོའི་ཙེ་ཏུང་གི་ལྟ་བུ་གཞིར་བཟུང་ནས། མེ་ལོང་མའི་གཞུང་ནི། མཐོ་རིམ་མི་སྣ་དང་། སྐུ་དྲག ཆོས་ལུགས་ལ་ཞབས་འདེགས་བྱེད་མཁན་ཞིག་ལས། བོད་མི་དམངས་དང་ཁ་ཐག་རིང་བ་དང་། དེང་རབས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་འདི་ལ་མི་འཚམ་པ་བཤད་ཡོད། ལྔ་བཞིའི་ལས་འགུལ་རྗེས་སུ། རྒྱ་ནག་གི་ལྟ་བ་གསར་པ་འཛིན་མཁན་གྱི་མི་མང་པོ་ཞིག་གིས། སྔོན་ཀྱི་ཡན་ལག་བརྒྱད་ལྡན་གྱི་སྙན་ངག་གི་རྩོམ་གཤིས་ལ་དགག་པ་བརྒྱབ་ཡོད་པ་དང་། མོའི་ཙེ་ཏུང་གིས། “ཁུང་ཧྥུ་ཙིའི་གཞུང་ལུགས་དེ་ཚོ་ཆོས་ལུགས་ཀྱི་ལུང་ནང་བཞིན་བྱས་ནས་ཨུ་བཙུགས་ཀྱིས་མི་དམངས་རྣམས་དད་པ་བྱེད་དུ་བཅུག་ཐོག རྩོམ་རིག་འབྲི་མཁན་ཚང་མས་ཡིག་སྐད་རྐྱང་རྐྱང་བྱེད་ཀྱིན་ཡོད་པ་རེད། མདོར་བསྡུས་ན་སྐབས་དེའི་དབང་སྒྱུར་གྲལ་རིམ་དང་། དེའི་ལག་རོགས་ཀྱི་རྩོམ་ཡིག་དང་སློབ་གསོའི་ནང་དོན་དང་རྣམ་པ་གཉིས་ཀ་ཡན་ལག་བརྒྱད་ལྡན་གྱི་རྩོམ་ཚུལ་དང་ལུང་ཙམ་འཛིན་ཚུལ་གཅིག་རང་རེད།”ཅེས་རྒྱ་ནག་རང་གི་སྙན་ངག་རྣམས་ནི་དོན་གྱིས་དབང་སྒྱུར་གྲལ་རིམ་ལ་ཞབས་འདེགས་ཞུ་བྱེད་ཅིག་ལས་གཞན་ཅི་ཡང་མིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་རྩོམ་རིག་ནི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བྱེད་ཅིག་ཡིན་པ་བཤད་ཡོད། དེ་ལྟ་བུ་དག་དཔུང་དུ་བཞག་ནས། དོན་གྲུབ་རྒྱལ་སོགས་ཀྱིས་ཀྱང་། སྔོན་གྱི་བོད་ཀྱི་རྩོམ་རིག་དང་སྙན་རྩོམ་ནི་དབང་སྒྱུར་གྲལ་རིམ་ལ་ཞབས་འདེགས་ཞུ་བྱེད་ཅིག་ལས། ངལ་རྩོལ་མི་དམངས་ལ་ཞབས་འདེགས་ཞུ་བྱེད་ཅིག་མ་ཡིན་པར་བསྒྲུབས་ཡོད། དཔེར་ན། དོན་གྲུབ་རྒྱལ་གྱིས༼མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས༽ནང་། “དེའི་རྒྱུ་མཚན་གཙོ་བོ་ནི་སྔོན་ཆད་ཀྱི་རྩོམ་རིག་དང་སྙན་ངག་གི་ཞབས་འདེགས་ཞུ་ཡུལ་དེ་རྒྱ་ཆེ་བའི་བོད་རིགས་མི་དམངས་མང་ཚོགས་ཀྱི་ཐོག་ཏུ་མ་བཞག་པར། རིག་གནས་ཀྱི་ཆུ་ཚད་ཡོད་པའི་ཤེས་ཡོན་ཅན་གྱི་རིམ་གྲས་ཁོ་ནའི་སྟེང་ཏུ་བཞག་པའི་རྐྱེན་གྱིས་རེད” ཅེས་དང་། མི་མཐུད་དུ“རང་རེའི་རྩོམ་རིག་གི་ནང་ཚན་སྙན་ངག་དང་བོད་རིགས་མི་དམངས་བར་གྱི་འབྲེལ་བ་དེ་ཇེ་རིང་ཇེ་རིང་དུ་གྱུར་པའི་གནས་ཚུལ་བྱུང་བ་རེད”ཅེས་བོད་ཀྱི་སྙན་ངག་འདི་ནི། བོད་མི་དམངས་དང་ཁ་བྲལ་བའི་རྩོམ་ཞིག་ཡིན་པ་དང་། དེ་ནི་དོན་གྱིས་བཤུ་གཞོག་གྲལ་རིམ་ལ་ཞབས་འདེགས་བྱེད་པའི་རྩོམ་རིག་རེད་ཅེས་མངོན་གསལ་དོད་པོས་བཤད་ཡོད།

འདི་ནི་དུས་སྐབས་དེ་ལ་ཡོངས་སུ་ཁྱབ་པའི་བཤད་སྟངས་ཤིག་ཡིན་པ་དང་། སྲིད་གཞུང་གིས་ཀྱང་སྔོན་གྱི་རྩོམ་རིག་དང་སྙན་ངག་རྣམས་ནི་བཀས་བཀོད་རྒྱུན་འཛིན་གྱི་ཞིང་བྲན་ལམ་ལུགས་ལ་ཞབས་འདེགས་ཞུ་བྱེད་ཅིག་དང་། དེང་རབས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ནི་ངལ་རྩོལ་ཞིང་བྲན་མི་དམངས་ཀྱི་རྩོམ་རིག་ཅིག་ཡིན་ཞེས་ཡོངས་ཁྱབ་ཏུ་སྒྲོག་བཞིན་ཡོད།

གཉིས་པ། ཁོ་ཚོས་རིག་གཞུང་དང་སྙན་ངག་རྣམས་ནི་བོད་མི་དམངས་དང་ཁ་བྲལ་བ་དང་། མདོར་ན་དབང་སྒྱུར་གྲལ་རིམ་ལ་ཞབས་འདེགས་ཞུ་བྱེད་ཅིག་ཡིན་པ་བསྒྲུབས་རྗེས། སྙན་ངག་མེ་ལོང་མའི་གཞུང་དེ་བོད་རང་གི་མ་ཡིན་པར་རྒྱ་གར་ནས་རེད་ཅེས་དགག་ཡོད། དོན་གྲུབ་རྒྱལ་གྱིས“རང་རེའི་མཁས་པ་རྣམས་ལ་ཞན་ཆ་ཞིག་ཡོད་པ་ནི། རིག་གནས་དང་ལོ་རྒྱུས་ཀྱི་ཁུངས་རྒྱ་གར་ལ་གཏུགས་ཅི་ཐུབ་བྱེད་པ་དེ་རེད།”་ཅེས་སྙན་ངག་མེ་ལོང་མའི་ཁུངས་རྒྱ་གར་ཡིན་པ་ལ་དགག་པ་བརྒྱབ་ཡོད་པ་དང་།

གསུམ་པ། མོའི་ཙེ་ཏུང་གིས་“ཁ་རྒྱུན་ལས་དོར་ཚར་པའི་མིང་ཚིག་དང་མངོན་བརྗོད་སྤྱོད་རྒྱུར་ང་ཚོས་བློ་ཐག་རྦད་བཅད་ཀྱིས་ངོ་རྒོལ་བྱེད་དགོས་པ་ནི་བཤད་མ་དགོས་པ་རེད”ཅེས་ཡན་ལག་བརྒྱད་ལྡན་གྱི་རྩོམ་ལ་དགག་པ་བཞིན་དུ། བོད་ཀྱི་གསར་བརྗེ་བ་འདི་དག་གིས་ཀྱང་། བོད་ཀྱི་སྙན་ངག་ལ་མངོན་བརྗོད་དང་བརྡ་རྙིང་གིས་བཀང་ཡོད་པ་དང་། དེ་ནི་མི་སེར་དཀྱུས་མ་རྣམས་ཀྱིས་གོ་མི་ཐུབ་པ་ཞིག་ཆགས་ཡོད་ཅེས་སྔོན་གྱི་སྙན་ངག་གི་ཐ་སྙད་བེད་སྤྱོད་གཏོང་སྟངས་ལ་དགག་པ་བརྒྱབ་ཡོད་པ་མ་ཟད། ཚིགས་བཅད་ནི་ཡིག་འབྲུ་ལ་མང་ཉུང་མ་ཤོར་བར་སྙན་ངག་གི་གཞུང་དང་མཐུན་དགོས་པ་དང་།དེས་སྙན་ངག་གི་སེམས་ཀྱི་འགྱུར་པ་དང་། ཉམས་དང་འགྱུར་སྟོན་པ་ལ་བར་ཆད་བཟོས་ཡོད་པ་བཤད་ཡོད། དཔེར་ན་ཚེ་རིང་གནམ་རྒོལ་ཟེར་པས༡༩༨༦ལོའི༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽དེབ་བཞི་པར་འཁོད་པའི་༼སྙན་ཚིག་རྒྱ་མཚོའི་གསར་སྐྱེས་མེ་ཏོག༽ཅེས་པ་རུ། “སྔར་ལུགས་སྙན་རྩོམ་གྱི་ཐབས་ཤེས་ཁོ་ནར་བརྟེན་ནས་འཚོ་བ་མཚོན་པར་བྱེད་མཁན་གྱི་རྩོམ་པ་པོ་རྣམ་པར་ཆེས་མི་སེམས་འགུགས་པའི་སྒྱུ་རྩལ་གྱི་གཟུགས་བརྙན་གསར་སྐྲུན་བྱེད་རྒྱུའི་སེམས་ཤུགས་ཆེ་ཡང་སྔོན་ཡོད་ཀྱི་སྙན་རྩོམ་ལྟར་ན། ཚིག་སྦྱོིར་གྱི་ཐད་ལ་སྐད་གསར་ཁ་སྐད་དང་བྲལ་བའི་མངོན་བརྗོད་དང་བརྡ་རྙིང་གིས་སྤུད་དགོས་ལ། ཚིགས་བཅད་ལ་ཡིག་འབྲུ་མང་ཉུང་མ་ཤོར་བར་སྡེབ་སྦྱོར་གྱི་ལུགས་དང་མཐུན་དགོས་པ་སོགས་ཀྱི་འགལ་མི་ཆོག་པའི་བཀག་རྒྱ་དེ་ཚོ་སྙན་ངག་པའི་གཟུགས་བརྙན་བསམ་གཞིགས་ཀྱི་གྲུ་མོ་དེ་གསར་རྩོམ་གྱི་རྒྱ་མཚོར་ཅི་དགར་བསྐྱོད་རྒྱུར་འགལ་རྐྱེན་བཟོས་ནས་མི་རྣམས་ཀྱི་རྙོག་འཛིང་གི་བསམ་བློ་དང་སྣ་ཚོགས་ཀྱི་འཚོ་བ་ཇི་བཞིན་བདེ་བླག་ཏུ་མཚོན་པར་བྱ་རྒྱུ་ནི་ཆེས་དཀའ་བའི་གནས་སུ་ལགས”་ཞེས་བཤད་ཡོད་པ་ལྟ་བུ་རེད།

བཞི་བ། མོའི་ཙེ་ཏུང་གིས་སྔོན་གྱི་སྙན་ངག་དང་རིག་གནས་ཡོད་ཚད་གཏོར་ནས། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་གསར་པ་ཞིག་རྩོམ་རྒྱུ་ནི། ཀྲུང་གོ་གུང་ཁྲན་ཏང་གིས་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་པོ་ཞིག་ཡིན་པ་བསྟན་ཡོད། དེ་བཞིན་དོན་གྲུབ་རྒྱལ་སོགས་ཀྱིས་ཀྱང་སྔོན་གྱི་སྙན་ངག་དང་མ་འདྲ་བའི་སྙན་ངག་གི་གཞུང་ཞིག་རྩོམ་རྒྱུ་ནི། ཁོ་ཚོས་འགན་ཁུར་ཞིག་ཡིན་པ་བཤད་ཡོད་པ་དང་། དེ་ཡང་གཙོ་བོ་མོའི་ཙེ་ཏུང་གི་དགོངས་པ་གཙོ་བོར་བཞག་ནས་བསྒྲུབ་རྒྱུ་དེ་ཡིན་པར་བཤད་ཡོད། ༼སྦྲང་ཆར༽“མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པའི་མཛུབ་སྟོན་འོག དུས་དེབ་འདིས་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་། མི་རིགས་རང་གི་ཡི་གེས་རྩོམ་འབྲི་བ་གཙོར་བཟུང་ནས་ཁྱབ་གདལ་དུ་གཏོང་བ་དག་གཙིགས་སུ་འཛིན་པའི་བྱེད་ཕྱོགས་ལག་བསྟར་བྱེད་རྒྱུ་ཡིན”ཡིན་ཞེས་དང་། དོན་གྲུབ་རྒྱལ་གྱིས་དེ་ནི་ཁོ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པའི་སྙན་ངག་གི་གཞུང་ཞིག་རྩོམ་མ་ཐུབ་པ་ནི། ཁོ་ཚོ་གཞོན་ནུ་རྣམས་ཀྱི་ངོ་ཚ་རེད་ཅེས་བཤད་ཡོད། ཁོང་གིས་༼བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་ལྡེ་མིག་བཀླགས་པའི་མྱོང་ཚོར༽རུ་བཤད་རྒྱུར། “བཅིངས་འགྲོལ་བྱས་ནས་ལོ་ངོ་སུམ་ཅུ་ལྷག་འགོར་ཡང། འདི་ཙམ་གྱི་ལྟ་བ་ལ་ངོ་རྒོལ་བྱེད་མ་ཐུབ་པ་ནི་ང་ཚོ་གཞོན་ནུ་རྣམས་ཀྱི་ངོ་ཚ་ཞིག་ཡིན་པར་མ་ཟད། ང་ཚོའི་མི་རིགས་འདིའི་ངོ་ཚ་ཞིག་ཀྱང་རེད”ཅེས་བཤད་ཡོད་པ་ལྟ་བུ་རེད།

ཁོ་ཚོས་འདི་ལྟར། མོའི་ཙེ་ཏུང་གི་ལྟ་བ་དང་། གཞུང་གི་ཆབ་སྲིད་སོགས་བེད་སྤྱོད་བཏང་ནས་བོད་རང་གི་སྙན་རྩོམ་རང་ལ་དགག་པ་བྱས་ཡོང་དུས། ཁོ་ཚོ་ལ་ཐད་ཀར་དགག་པ་རྒྱག་ཐུབ་ཡོད་པ་མ་རེད། དེ་ནི་ཐད་ཀར་ཆབ་སྲིད་ལ་རག་ལས་པ་ཞིག་རེད། དེ་བས་ཁོ་ཚོ་ལ་དགག་པ་རྒྱག་མཁན་ཚོས་ཀྱང་། མོའི་ཙེ་ཏུང་དང་དུས་སྐབས་དེའི་གཞུང་གི་ཆབ་སྲིད་སོགས་བེད་སྤྱོད་བཏང་ནས་སྔོན་གྱི་སྙན་ངག་སོགས་ཀྱིས་ཀྱང་སྤྱི་ཚོགས་རིང་ལུགས་དང་། དེང་རབས་ཅན་བཞི་ལ་ཞབས་འདེགས་བསྒྲུབ་ཐུབ་པ་བཤད་ཡོད། ཚེ་ཏན་ཞབས་དྲུང་དང་། དུང་དཀར་རིན་པོ་ཆེ།བསེ་ཚང་བློ་བཟང་དཔལ་ལྡན་སོགས་ཀྱིས་རང་མོས་སྙན་ངག་གི་སྐོར་ལ་ཅི་ཡང་གསུངས་མེད་པ་དང་། ཁོང་ཚོས་ཀྱང་དེ་ནི་སྙན་ངག་གསར་པ་ཞིག་མིན་པ་གསལ་བོ་ཤེས་ཡོད་པ་རེད། ཡིནའང་རང་མོས་སྙན་ངག་ཟེར་པ་འདི་རིག་གསར་གྱི་སྐབས་སུ་བྱུང་བ་དང་།བཅོས་སྒྱུར་སྒོ་འབྱེད་ཀྱི་རྗེས་སུའང་དེང་རབས་ཅན་གྱི་མིང་ཐོགས་ནས་སྤེལ་བ་ཡིན་ཕྱིར། སྔོན་གྱི་མཁས་པ་འདི་དག་གིས་སྔོན་གྱི་སྙན་ངག་གི་གཞུང་བརྩམས་ནས་དེ་ཡང་དེང་རབས་ཅན་དང་མཐུན་པ་དང་། དགོས་མཁོ་ཡོད་པ་སོགས་སུ་སྒྲུབ་པ་ལས་གཞན་བྱེད་ཐུབ་ཡོད་པ་མ་རེད།

ཡིནའང་རང་མོས་སྙན་ངག་འདི་ལ་མཐའ་གཅིག་ཏུ་དགག་མཁན་བྱུང་མེད་པའང་མ་རེད། ཨ་ལགས་དོར་ཞི་ཚང་ནི། འདིའི་སྐོར་ལ་ཚིག་བརྗོད་དྲག་པོའི་སྒོ་ནས་དགག་མཁན་ཞིག་རེད། ༡༩༨༧་ལོའི་ཟླ་ཟེར་དུས་དེབ་གསུམ་པའི་ཐོག་ཏུ། ཁོང་གིས་༼སྙན་ཚིག་རྒྱ་མཚོའི་གསར་སྐྱེས་མེ་ཏོག་ཅེས་པའི་རྩོམ་ལ་ཅུང་ཟད་དཔྱད་པ༽ཟེར་པ་ཞིག་བཀོད་པ་དང་། དེའི་ནང་དུ་རྩོམ་རིག་རྙིང་པ་ཐམས་ཅད་འདོར་དགོས་པ་དང་། ཨེ་ཙིའི་ནད་དཔེ་རུ་བཀོད་ནས། གསར་པ་ཡིན་ན་ཡག་པའི་ཕྱོགས་ཡིན་ངེས་པར་བསྒྲུབས་ཏེ། འདི་ལྟར་“གལ་ཏེ་རང་གི་རིག་གནས་ཀྱི་རྒྱུན་བཟང་དང་ཚིགས་བཅད་སོགས་རྩོམ་རྒྱུན་བཟང་པོ་སོགས་ལ་རྙིང་བར་བཅད་ཅིང་། དེའི་སྲོལ་བཟང་མ་ཉམས་པར་འཛིན་པ་ལ་རྙིང་ཞེན་དུ་མཐོང་ནས་དགག་པ་བྱས་ན། གཞན་དག་གིས་མུ་སྟེགས་པ་ཞེས་མར་བཅད་དང་མཐོང་ཆུང་སོགས་མ་བྱས་ཀྱང་རང་ཉིད་མི་རིགས་ཅང་མེད་རིང་ལུགས་དང་དངོས་པོའི་ཆོས་ཉིད་དང་འགལ་བའི་སྟོང་ཧམ་ཡེ་འབྱམས་ཀྱི་འི་གཡང་སར་ལྷུང་བར་གྱུར་ཏ་རེ།”ཞེས་གསུངས་པ་ལྟར་རེད།

དེ་ལྟར་བརྒྱད་ཅུའི་ནང་ལ་དེ་ལྟ་བུ་ཚ་ཚ་འུར་འུར་གྱི་རྩོད་གླེང་དང་། དོན་གྲུབ་རྒྱལ་དང་དེའི་རྗེས་འཇུག་པ་དག་གིས་སྔོན་གྱི་སྙན་ངག་སོགས་ག་ལེར་བསྐྱར་དར་ཡོང་བ་དེ་ལ། མ་བཟོད་པའི་རྣམ་པ་ཤུགས་ཆེན་བསྟན་ནས། རིག་གསར་སྐབས་ཀྱི་ལྟ་གྲུབ་དང་། སྒྲུབ་བྱེད། རྩོམ་གཤིས་དེ་དག་སྲིད་གཞུང་གིས་ཆེད་དུ་བཙུགས་པའི་དུས་དེབ་སོགས་ལ་རྒྱ་ཆེན་དུ་སྤེལ་ནས། སྔོན་གྱི་སྙན་ངག་སོགས་རིག་གནས་བསྐྱར་དར་ལ་གནོད་པ་ཚབས་ཆེན་བཟོས་ཡོད། ང་རང་ལ་མཚོན་ནའང་དུས་སྐབས་དེ་ལ་བོད་ཡིག་ཐོག་མར་སྦྱངས་པ་ཡིན། ཐོག་དང་པོར་བོད་ཡིག་དར་དུས། སློབ་མ་རྣམས་ཀྱིས་ཐོག་མར་གེ་སར་གྱི་སྒྲུང་དང་། ཚངས་དབྱང་རྒྱ་མཚོའི་མགུར་གླུ་དང་། དེ་ནས་རིམ་གྱིས་མི་ལ་རས་པའི་རྣམ་ཐར་སོགས་ཀློག་པའི་མགོ་བརྩམས་པ་དང་། དགེ་སློབ་ཐམས་ཅད་ཀྱིས་སེམས་ཤུགས་ཆེན་པོས་སྔོན་གྱི་སྙན་ངག་སོགས་སྦྱངས་པ་དང་། དཔེར་བརྗོད་ཀྱང་བརྗོད་བྱ་འདྲ་མིན་གྱི་ཐོག་ནས་རྩོམ་ལུས་དེའི་ཐོག་ནས་བྲིས་པ་ཡིན། དེ་དག་ལ་སྤྱངས་པ་བྱས་པའི་རྐྱེན་གྱིས་རིམ་གྱིས་སྔོན་གྱི་གཞུང་ཆེན་དག་དང་། ཤེས་རིག་དེ་ཡང་ངོ་འཕྲོད་པའི་ང་ཚོའི་མི་རབས་འདི་བྱུང་བ་དང་། དོན་གྲུབ་རྒྱལ་སོགས་ཀྱིས་༼སྦྲང་ཆར༽སོགས་བེད་སྤྱད་ནས་རིག་གསར་གྱི་སྙན་ངག་འདི་མུ་མཐུད་དུ་རྒྱུན་འཛིན་བྱས་པ་ཡིན་ཕྱིར། བོད་ཡིག་ཤེས་མཁན་དག་གི་ཁྲོད་དུ་རྙིང་གཏོར་གྱི་ལྟ་བ་མཚོན་པའི་རིག་གསར་གྱི་སྙན་ངག་འདི་ལྟ་བུ་རྒྱུན་འཛིན་བྱེད་མཁན་བྱུང་བ་རེད།

 

དོན་གྲུབ་རྒྱལ་རང་མོས་སྙན་ངག་གི་སྲོལ་འབྱེད་པར་བཟོས་པ།

སྤྱིར་བཏང་རིག་གཞུང་གི་ཐད་ནས་བཤད་ན། སྔོན་མ་ཤེས་པ་གསར་དུ་ཤེས་པ་དང་། ཡིག་ཆ་མ་མཐོང་བར་ད་ལྟ་ཡོད་པའི་ཡིག་ཆ་ཐོག་ནས་རིག་གཞུང་གི་སྡོམ་ཚིག་བཞག་པ་དེ་འདྲ་ཡོད་སྲིད་པ་ཞིག་རེད། དེ་ནི་ཡིག་ཆ་གསར་པ་དང་རིགས་པ་གསར་པ་ཡོང་དུས། དེར་བསྟུན་གྱིས་སྔོན་གྱི་ནོར་བ་དེ་དག་ཡོ་བསྲང་བཅོས་ཏེ་གསལ་བོ་བཟོ་རྒྱུ་ནི། རིག་གཞུང་ཚུལ་ལྡན་གྱི་འགྲོ་ཚུལ་རྣལ་མ་དེ་རེད། ཡིནའང་བོད་ཀྱི་རང་མོས་སྙན་ངག་གི་སྐོར་གྱི་རྫུན་ཆེན་པོ་འདི་ནི། རིག་གསར་ནང་གི་ལས་བྱེད་པ་ཚོས་བསམ་བཞིན་དུ་རྫུན་ཆེན་པོ་ཞིག་བཟོས་ནས་བོད་ཕྱི་ནང་གཉིས་དང་། འཛམ་གླིང་བོད་རིག་པའི་ཁྲོད་དུ་རྫུན་ལབ་པ་ཞིག་རེད། གོང་དུ་བཤད་པ་བཞིན། རང་མོས་སྙན་ངག་ནི་ལོ་རབས་བརྒྱད་ཅུའི་ནང་བྱུང་བ་ཞིག་དང་། དོན་གྲུབ་རྒྱལ་གྱིས་གསར་དུ་བརྩམས་པ་ཞིག་རྩ་བ་ཉིད་ནས་མ་རེད། དོན་གྲུབ་རྒྱལ་དེང་རབས་བོད་ཀྱི་རྩོམ་རིག་དང་། ལྷག་པར་དུ་བོད་ཀྱི་རང་མོས་སྙན་ངག་གི་སྲོལ་འབྱེད་པ་རེད་ཟེར་པ།དོན་གྲུབ་རྒྱལ་འདས་པའི་རྗེས་སུ། མི་ཁག་ཅིག་གིས་ལོ་རྒྱུས་དངོས་ལ་དཔྱད་པ་ཡེ་ནས་མ་བཏང་བའམ། ཡང་ན་བསམ་བཞིན་དུ་བཟོས་པའི་ལོ་རྒྱུས་ཀྱི་རྫུན་ཆེན་པོ་ཞིག་རེད། རྫུན་དེ་ནི་ད་ལྟ་བོད་ཕྱི་ནང་གཉིས་ཁྱབ་ནས་ཀུན་གྱིས་ལོ་རྒྱུས་བདེན་པ་ལྟ་བུ་ཞིག་ལ་མཐོང་གིན་ཡོད་པ་རེད།

སྤྱིར་བཏང་དོན་གྲུབ་རྒྱལ་ནི། བོད་ཀྱི་རང་མོས་སྙན་ངག་གསར་གཏོད་མཁན་རེད་ཅེས་ཐོག་དང་པོ་བཤད་མཁན་དེ་སུ་ཡིན་པ་ཤེས་མ་སོང་། དོན་གྲུབ་རྒྱལ་ཡོད་དུས་སྐད་ཆ་དེ་འདྲ་ཞིག་སུས་ཀྱང་བཤད་མྱོང་མེད་པ་འདྲ། ཁོང་གི་གསུང་རྩོམ་ནང་དུའང་དེ་འདྲ་ཞིག་རྩ་བ་ཉིད་ནས་མི་འདུག་པའི་ཁར། བདག་གིས་བཅར་འདྲི་བྱས་པའི་ངོ་ཤེས་དང་། གྲོགས་པོ་དག་ལའང་བཤད་རྒྱུ་ཡེ་ནས་མི་འདུག བཤད་ཡམས་འདི་ནི་དོན་གྲུབ་རྒྱལ་འདས་རྗེས། རིམ་གྱིས་དོན་གྲུབ་རྒྱལ་གྱི་ལོ་རྒྱུས་དང་། གཏམ་རྒྱུད་མང་པོ་བཟོས་པའི་དུས་རིམ་གྱིས་དོན་གྲུབ་རྒྱལ་ནི་རང་མོས་སྙན་ངག་གི་གསར་གཏོད་མཛད་པ་པོ་རེད་ཅེས་བའི་བཤད་སྲོལ་འདི་བྱུང་བ་ཡིན་པ་འདྲ། ངས་བལྟས་ན་ཚེ་རིང་གནམ་མགོན་ཟེར་པའི་༡༩༨༦ལོའི༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽དེབ་བཞི་པར་འཁོད་པའི༼སྙན་ཚིག་རྒྱ་མཚོའི་གསར་སྐྱེས་མེ་ཏོག༽ཅེས་པའི་རྩོམ་དེ་ནི་སྔ་ཤོས་ཡིན་པ་འདྲ། གང་ལྟར་ཡིནའང་བར་སྐབས་ཤིག་ནས། སྐད་ཆ་འདི་ལོ་རྒྱུས་དངོས་ལྟ་བུ་ཞིག་ལ་ཆགས་ནས་རིམ་གྱིས་དེ་ལྟར་འབྲི་མགོ་བརྩམས་པ་དང་། དོན་གྲུབ་རྒྱལ་ལའང་མིང་གསར་དུ་བཏོད་པའི་མིང་སྣ་ཚོགས་བཏགས་ནས་ཕྱིར་བསྒྲགས་ནང་བསྒྲགས་བྱེད་ཀྱིན་ཡོད་པ་ཀུན་གྱིས་མཐོང་གསལ་རེད།

བོད་ནང་ལ་མཚོན་ན། ཁོ་ཚོས་རིག་གསར་དང་། ཞེ་དགུ་སོགས་ཅི་ཡང་གླེང་མི་ཕོད་པའམ་གླེང་མེད་པ་མ་ཟད། བརྒྱད་ཅུའི་ནང་ལ། བཅོས་སྒྱུར་སྒོ་འབྱེད་ཀྱི་རྗེས་སུ། དོན་གྲུབ་རྒྱལ་གློ་བུར་དུ་གནམ་ནས་འཕུར་ཡོང་བ་ལྟ་བུ་ཞིག་བྱས་ནས། རང་མོས་སྙན་ངག་བོད་མི་རིགས་སྐྱོབ་པའི་ཆེད་དུ་བརྩམས་པ་འདྲ་བ་ཞིག་བཤད་ཡོད། དེའི་རྗེས་རྟ་མགྲིན་༼༢༠༠༧༽དང་། རྣམ་སྲས༼༢༠༠༩༽། བདུད་ལྷ་རྒྱལ༼༢༠༡༠༽སོགས་ཀྱིས་རིམ་གྱིས་རྩོམ་འདྲ་མིན་བྲིས་ནས། བསྐྱར་དུ་ཡང་དུ་སྤེལ་ཡོད་པ་མ་ཟད། སྐད་ཆ་འདི་དངོས་ལྟ་བུ་ལ་ཆགས་ནས། ཀུན་གྱིས་རང་མོས་སྙན་ངག་ཟེར་པ་གོ་མ་ཐག་ཏུ་དོན་གྲུབ་རྒྱལ་ཟེར་པ་ཞིག་གླེང་མགོ་ཚུགས་བཞིན་པ་འདི་བྱུང་བ་རེད། དེ་བཞིན་རྩོད་གཞི་གཅིག་ཀྱང་མེད་པར། རིམ་གྱིས་སྐད་ཆ་འདི་དག་ཕྱི་རྒྱལ་དུ་ཡོད་པའི་བོད་པའི་ཁྲོད་དང་། ཕྱི་རྒྱལ་གྱི་མཁས་པའི་ཁྲོད་དུའང་ཁྱབ་པ་རེད།

ཕྱི་རྒྱལ་དུ་སྐད་ཆ་འདི་ཐོག་དང་པོ་སྤེལ་མཁན་ནི། རེབ་གོང་སྨད་པ་ནས་སྐྱེས་པའི་པད་མ་འབུམ་རེད། ཁོ་ནི་ཆུང་དུས་རིག་གསར་སྐབས་སུ་དམར་སྲུང་དམག་མི་བྱས་མྱོང་བ་དང་། དེ་ནས་ནུབ་བྱང་མི་རིགས་སློབ་གླིང་དུ་སློབ་གཉེར་བྱས་རྗེས། རྒྱ་གར་དུ་སོང་བ་དང་། དེ་རུ་བོད་པ་རྣམས་ནི། ཁོས་བཤད་ཚུལ་ལྟར་ན། ད་དུང་ཆོས་ལུགས་ཀྱིས་བཅིངས་པའི་དྲ་རྒྱ་ལ་ཐར་མ་ཐུབ་པ་བསམ་ནས། ༡༩༩༢་ལོ་ལ་ཁོས་༼མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་། སྙན་ངག་གསར་པའི་སྐོར་གླེང་བ༽ཞེས་པ་བྲིས་ནས། ལོ་དེའི་ཨི་ཊ་ལིར་རྒྱལ་སྤྱིའི་བོད་ཀྱི་གྲོས་དཔྱོད་ཚོགས་ཐེངས་གཉིས་པར་སྒྲོག་སྦྱོང་དང་། དེ་ནས་རྒྱ་གར་དུ་༼ཟླ་གསར༽ཞེས་པའི་ཐོག་ཏུ་བཀོད་པ་ཞིག་རེད། རྩོམ་ཡིག་འདི་བྲིས་རྗེས། ཕྱི་རྒྱལ་གྱི་བོད་མིའི་ཁྲོད་དུ། བགྲོ་གླེང་ཤུགས་ཆེན་བྱུང་བ་མ་ཟད། པད་མ་འབུམ་ལ་དངོས་སུ་ཀླན་ཀ་འཚོལ་བ་དང་། ལུས་ལ་འཇིགས་སྐུལ་བ་སོགས་ཀྱང་བཤད་རྒྱུན་འདུག གང་ལྟར་རྩོམ་འདི་བཙན་བྱོལ་གྱི་ “དམངས་གཙོ་ལག་ལེན་དུ་བསྟར་རྒྱུ”ཡིན་མིན་གྱི་ཚད་གཞི་ལྟ་བུ་ཞིག་ལ་བརྩིས་ནས་༡༩༩༩་ལོ་ལ་བསྐྱར་དུ་ཨ་མྱེས་རྨ་ཆེན་ཞིབ་འཇུག་ཁང་གིས་པར་སྐྲུན་བྱས་འདུག

རྗེས་སུ་པད་མ་འབུམ་གྱིས། སྐད་ཆ་དེ་ལ་གསལ་བཤད་ཀྱི་ཚུལ་དུ་དབྱིན་བསྒྱུར་མའི་ནང་དུ་འདི་ལྟར། “ངས་་་་་དེ་ལྟར་བྲིས་པ་ལ། བཙན་བྱོལ་དུ་རྩོད་རྙོག་བྱུང་ཞིང་། ཁག་ཅིག་གིས་སྔོན་གྱི་སྙན་ངག་སོགས་བརླག་འགྲོ་བ་དང་། མགྱོགས་པོ་མེད་པར་འགྲོ་བ་ཞིག་ཏུའང་ངོས་འཛིན་བྱས་ཡོད་པ་རེད།  འདི་ལ་གསལ་བཤད་ཅིག་བྱེད་འདོད་བྱུང་། འདི་མང་པོ་ཞིག་གིས་༼མི་རབས་གོང་མ༽དག་གིས་དེང་རབས་ཀྱི་རང་མོས་སྙན་ངག་ནི་ར་མ་ལུག་ལྟར་བོད་ཀྱི་སྙན་ངག་ཅིག་མ་ཡིན་པར་འདོད་པས།དེ་བས་ཕྲན་གྱིས་བཤད་དོན་ནི། དེང་རབས་སྙན་ངག་གིས་བོད་ཀྱི་རིག་གཞུང་གི་ས་ཟིན་ཡོད་པ་མ་ཟད། སྐད་ཆ་དེ་ནི་སྔོན་ཆད་ཀྱང་བདེན་པ་ཡིན་པ་དང་། ད་ལྟ་ནི་དེ་བས་ཀྱང་བདེན་པ་རེད། ད་ནི་རང་མོས་སྙན་ངག་མང་པོ་བྲིས་ཡོད་པ་དང་། འབྲི་བཞིན་པ་རེད། དེ་བས་ད་ནི་དགའ་མི་དགའི་གནད་དོན་ནི་ཅི་ཡང་མེད་ཅིང་། དེ་ནི་གཡུགས་མི་ཐུབ་པ་ཞིག་རེད།

གང་ལྟར་ཁོས་དོན་གྲུབ་རྒྱལ་དར་སྤེལ་དང་། བརྒྱུད་སྒྲོག་ལ་བརྟེན། ཕྱི་རྒྱལ་གྱི་མཁས་པ་དག་གིས་དོན་གྲུབ་རྒྱལ་དང་དེང་རབས་བོད་ཀྱི་རྩོམ་རིག་ཟེར་པའི་བཤད་ཚུལ་འདི་བྱུང་ནས། ཕྱི་རྒྱལ་གྱི་མཁས་པ་འགའ་ཤས་ཀྱིས་དོ་སྣང་བྱས་ནས། པད་མ་འབུམ་གྱི་ཆེད་རྩོམ་དབྱིན་ཡིག་སོགས་སྐད་རིགས་གཞན་དུ་བསྒྱུར་ཡོད་པ་མ་ཟད། དེང་རབས་བོད་ཀྱི་རྩོམ་རིག་ཟེར་པ་དང་། དམིགས་གསལ་ཞིག་ལ་བརྩིས་ནས་ཆེད་དུ་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད། འདིའི་ནང་དུ་བོད་པའི་མཁས་པ་ཚེ་རིང་ཤཱཀྱ་སོགས་དང་བླ་མ་སྐྱབས་སོགས་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་མཁས་པ་འགའ་ཤས་ཡོད་པ་རེད། འདི་དག་ཐམས་ཅད་ཀྱིས་ཀྱང་མདོར་བསྡུས་ན། རང་མོས་སྙན་ངག་ཟེར་པ་འདི། བརྒྱད་ཅུའི་ནང་ལ་བོད་ལ་བྱུང་བའི་སྙན་ངག་གི་རྩོམ་གཤིས་ཤིག་ཡིན་པ་དང་། དེ་ནི་དོན་གྲུབ་རྒྱལ་གྱིས་གསར་གཏོད་རེད་ཅེས་སྡོམ་ཚིག་འགོད་བཞིན་ཡོད་པ་དེ་རེད།

མཁས་པ་འདི་དག་གི་ཁྲོད་དུ་དེང་རབས་བོད་ཀྱི་རྩོམ་རིག་ཟེར་པ་འདི་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཤན་ཞུགས་ཙམ་རེད་ཡོད་སྲིད་ཀྱང་། རྩ་བའི་ཆ་ནས་བོད་རང་གིས་གསར་གཏོད་ཅིག་རེད་ཅེས་སྡོམ་ཚིག་རྒྱག་གིན་ཡོད་པ་རེད།འདི་དག་གི་ནང་ནས་ཉེ་ཆར་འབུམ་རམས་པ་བླ་མ་སྐྱབས་ཀྱི་འབུམ་རམས་པའི་དད་རྩོམ་ནི།སྥྱིའི་ཆ་ནས་ནུབ་ཀྱི་འབུམ་རམས་པའི་ཆེད་རྩོམ་ལྟར་གང་ལྟར་ནས་ཚད་ལྡན་དང་། བོད་མི་ཞིག་གིས་བྲིས་པ་ཡིན་པས་ལེགས་ཤོས་སུ་མཐོང་མོད། ཁོས་ཀྱང་དོན་གྲུབ་རྒྱལ་དང་དེང་རབས་བོད་ཀྱི་རྩོམ་རིག་ཟེར་པ་འདི་ནི། པད་མ་འབུམ་སོགས་ཀྱིས་བཤད་པ་ལྟར། མཐའ་གཅིག་ཏུ་གསར་གཏོད་དང་།ཡང་ན་སྲོལ་རྒྱུན་མ་ཡིན་པར་དོན་གྲུབ་རྒྱལ་སོགས་ཀྱིས་གེ་སར་སྒྲུང་དང་། དམངས་ཁྲོད་རྩོམ་རིག་ལ་བརྟེན་ནས་གསར་དུ་བཟོས་པ་གསུངས་འདུག དཔྱད་པ་འདི་ནི་མཐའ་གཅིག་ཏུ་བདེན་པ་མ་རེད་ཅེས་བཤད་དཀའ་ནའང་། བླ་མ་སྐྱབས་ཀྱིས་ཀྱང་ཞེ་དགུ་དང་། དོན་དགུའི་བར་དུ་བྱུང་ཞིང་། སྲིད་གཞུང་གིས་དཔར་སྐྲུན་བྱས་པའི་དཔེ་དེབ་དེ་དག་དང་། དེའི་ཤན་ཞུགས་དང་། ལྷག་པར་དུ་དོན་གྲུབ་རྒྱལ་སོགས་ཀྱི་མི་ཚེའི་དཔེ་དེབ་དེ་དག་མ་མཐོང་བར་མངོན་ཞིང་།གལ་སྲིད་དེ་དག་མཐོང་ཡོད་ཚེ།དེའི་སྐབས་ཀྱི་ལོ་རྒྱུས།ཆབ་སྲིད།སློབ་གསོ་བཅས་དང་།ལྷག་པར་དཔེ་དེབ་དེ་དག་གིས་དོན་གྲུབ་རྒྱལ་གྱི་རང་མོས་སྙན་ངག་སོགས་ལ་ཤན་ཞུགས་ཡོད་པ་གླེང་རྒྱུ་རེད་བསམ་གྱིན་འདུག།གོང་བཤད་ལྟར།རྩ་བའི་ཆ་ནས་དེང་རབས་བོད་ཀྱི་རྩོམ་རིག་ཟེར་པ་འདི་དང་། དོན་གྲུབ་རྒྱལ། དེང་རབས་བོད་ཀྱི་རང་མོས་སྙན་ངག་རྣམས་ནི། སྲིད་གཞུང་གིས་ཆེད་དུ་སྤེལ་བའི་རིག་གཞུང་ཞིག་གི་བསྐྱེད་འབྲས་དང་།ཁོ་ཚོའི་དོན་གྲུབ་རྒྱལ་ལྟ་བུ་ལ་ང་བརྒྱད་དང་རིག་གསར་སྔོན་གྱི་རྩོམ་རིག་གི་རྨང་གཞི་མེད་པར། གནམ་ལྡིང་གི་རྩོམ་རིག་ཅིག་ཡོང་སྲིད་པ་ཞིག་མ་རེད་བསམ་བཞིན་འདུག།སྤྱིར་བཏང་ཕྱི་རྒྱལ་གྱི་མཁས་པ་འདི་ཚོ་ལ་སྡོམ་ཚིག་དེ་ལྟ་བུ་འཇོག་པར་ཁག་མེད་པར་སྙམ།ཅི་ཡིན་ཞེ་ན། ཁོ་ཚོས་ལོ་རབས་ལྔ་བཅུ་ནས་བཟུང་སྟེ། བརྒྱད་ཅུའི་བར་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་པར་སྐྲུན་བྱས་པའི་དཔེ་དེབ་མཐོང་མྱོང་མེད་པ་དང་། ལག་ཏུའང་ཡོང་ཁག་པོ་རེད། དེ་བས་ཁོ་ཚོས་ཞིབ་འཇུག་བྱེད་དུས། རྒྱུ་ཆ་གང་ཡོད་དང་། སྐད་ཆ་འདྲི་ས་ཡོད་པ་དག་ལ་བརྟེན་ནས་ཞིབ་འཇུག་བྱས་པ་ཙམ་ལས་དུས་སྐབས་དེ་རང་ལ་ཉམས་མྱོང་དངོས་སུ་མེད། ཡིནའང་ཁོ་ཚོའི་སྐད་ཆ་ཉན་ས་ནི། རིག་གསར་སྐབས་སུ་སྐྱེས་པ་དང་། དོན་གྲུབ་རྒྱལ་གྱི་སློབ་གྲོགས་དང་། གྲོགས་པོ། ཁྱིམ་མི། ལྷག་པར་དུ་ཁོང་གི་སྐྱོན་གསང་མཁན་དང་། ཡོན་ཏན་ཁོ་ན་སྒྲོག་མཁན་དག་གི་སྐད་ཆ་དང་། ཡིག་ཆ་དེ་དག་ལ་བརྟེན་ནས་བྲིས་པ་ཤ་སྟག་་རེད་འདུག་པས། རྒྱུ་རྐྱེན་དེ་འདྲ་ཞིག་གི་དབང་གིས་ཁོ་ཚོས་ཀྱང་སྡོམ་ཚིག་དེ་འདྲ་ཞིག་འཇོག་དགོས་པ་བྱུང་བ་རེད།

མཐའ་སྡོམ།

དེ་ལྟར་རྒྱ་ནག་གི་རང་མོས་སྙན་ངག་གི་ལོ་རྒྱུས་དང་། ལྔ་བཅུའི་རྗེས་སུ་རྒྱའི་རང་མོས་སྙན་ངག་གི་དག་བོད་ཡིག་ཏུ་བསྒྱུར་ཚུལ། དེ་ནས་བརྒྱད་ཅུའི་ནང་དུ་སྙན་ངག་གསར་རྙིང་གི་རྩོད་གླེང་དང་།དེ་ནས་རང་མོས་སྙན་ངག་ལ་བཅངས་པའི་ལྟ་ཚུལ་བཅས་ཀྱི་ཐོག་ནས།ང་ཚོས་རིག་གཞུང་དང་ལོ་རྒྱུས་ཀྱི་སྡོམ་ཚིག་འདི་བརྒྱབ་ཆོག་པར་སྙམ།

༼༡༽བོད་ཀྱི་རང་མོས་སྙན་ངག་ཟེར་པ་འདི། ཏིན་ཞོ་ཕེན་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་བྱུས་རྗེས་སུ་གསར་དུ་བྱུང་བ་ཞིག་མ་ཡིན་པར། རྒྱ་ནག་གཞུང་གིས་སྲིད་ཇུས་ཀྱི་དགོས་མཁོར་དམིགས་ནས་བསྒྱུར་པའི་བོད་ཡིག་གི་དཔེ་དེབ་ནང་རྒྱ་ཁྱབ་ཏུ་ཡོད་པ་ཞིག་དང་། ལོ་རབས་དྲུག་ཅུའི་ནང་ནས་རྩོམ་སྟངས་དེ་འདྲ་ཡོད་པ་དང་། དོན་གྲུབ་རྒྱལ་སོགས་ཀྱང་ལས་དོན་དེ་ལ་ཞུགས་ནས་ཡོང་བ་ཡིན་ཕྱིར། དེ་ནི་བོད་ཀྱི་སྙན་ངག་ཅིག་མ་ཡིན་པ་དང་། བརྒྱད་ཅུའི་ནང་ལ་རང་སྐྱ་ཐུབ་པའི་ངང་ནས་གསར་དུ་བརྩམས་པ་ཞིག་རྩ་བ་ཉིད་ནས་མ་རེད།

༼༢༽བཅོས་སྒྱུར་སྒོ་འབྱེད་ཀྱི་རྗེས་སུ། རང་མོས་སྙན་ངག་ཟེར་པ་འདི་ད་དུང་མུ་མཐུད་དུ་གནས་ཐུབ་པ་བྱུང་བ་ནི། རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ལ་ཐད་ཀར་རག་ལས་པ་དང་། དེ་ཡང༼སྦྲང་ཆར༽ སོགས་དུས་དེབ་མང་པོ་བཏོན་པ་ལ་བརྟེན་ནས་གནས་ཐུབ་པ་བྱུང་བ་དང་། དེ་ནི་དེང་རབས་ཅན་གྱི་མིང་བཏགས་ནས་ཐད་ཀར་བོད་ཀྱི་ཤེས་རིག་བསྐྱར་གསོ་བྱེད་པ་ལ་ཁ་གཏད་དུ་ལངས་ནས་གནས་ཐུབ་པ་བྱུང་བ་དེ་རེད།

༼༣༽དེང་དུས་ཀྱི་བོད་ཀྱི་རང་མོས་སྙན་ངག་ཞིབ་འཇུག་པ་རྣམས་ནི། ཁ་ཅིག་གིས་བསམ་བཞིན་དུ་རྫུན་བཟོས་ནས་རིག་གནས་གསར་བརྗེའི་སྙན་ཚིག་ཅིག་བོད་ཀྱི་ཤེས་རིག་གི་ཆ་ཤས་སུ་གཏོང་ཐབས་དང་། ཁག་ཅིག་གིས་ལོ་རྒྱུས་ཀྱི་ཡིག་ཆ་དང་ཉམས་མྱོང་ཅི་ཡང་མེད་པར་སྡོམ་ཚིག་བརྒྱབ་པ་ཙམ་ཞིག་ལས་བོད་ཀྱི་རང་མོས་སྙན་ངག་རང་གི་ལོ་རྒྱུས་མ་རེད།

 

དཔྱད་གཞིའི་ཐོ་ཡིག།

དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ། པོད།༡,༢,༣,༤་༥ པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧

མོའི་ཙེ་ཏུང་། མོའི་ཀྲུའུ་ཞིའི་གསུང་བཏུས། པེ་ཅིང་། མི་རིགས་དཔེ་སྐུན་ཁང་། ༡༩༦༩

——— མོའི་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས།༼བོད་ཡིག༽གླེགས་བམ།༡,༢,༣༤།  པེ་ཅིང་། མི་ རིགས་དཔེ་སྐུན་ཁང་། ༡༩༦༧

——— མོའི་ཀྲུའུ་ཞིའི་གསུང་བཏུས། པེ་ཅིང་། མི་རིགས་དཔེ་སྐུན་ཁང་། ༡༩༦༩

——— མོའི་ཙེ་ཏུང་གི་བཀའ་རྩོམ། དམངས་གཙོའི་རིང་ལུགས་གསར་པའི་བསྟན་བཅོས། པེ་ཅིང་། ༡༩༥༢ ཀྲུང་དབྱང་མི་དམངས་སྲིད་གཞུང་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་ནས་དཔར་དུ་བསྐྲུན།

པད་མ་འབུམ། མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་། རྒྱ་གར་རྡ་རམ་ས་ལ། ༡༩༩༩།

———དྲན་ཐོ་རྡོ་རིང་མ། རྡ་རམ་ས་ལ། བོད་ཀྱི་དུས་བབ་ཚགས་པར་ཁང་། ༢༠༠༦

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བཟོ་ཞིང་དམག་གི་སློབ་གྲྭ་བ་དང་གསར་བརྗེའི་དགེ་རྒན། ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩིས་ལུགས་ཀྱི་བསླ་བྱ་ཞེས་བར་དགག་པ་རྒྱག་པ། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། ཟི་ལིང་། ༡༩༧༥

ཐུང་ཧོའི་ཀྲུའུ་བསྒྲིགས། གནམ་བདེ་སྒོ་མོའི་སྙན་ཚིག་འདྲ་བཤུས། མི་རིགས་དཔེ་སྐྲུན་ཁང་། པེ་ཅིང་། ༡༩༧༩

མེ་ལྕེ། རང་གྲོལ་ཉེ་མཇལ། ལན་ཀྲིག ཀན་སུའུ་མི་རིགས་དཔེ་སྐུན་ཁང་། ༢༠༡༣

ཆོས་སྐྱོང་། རང་གྲོལ་ཞིབ་འཇུག།   ལན་ཀྲིག ཀན་སུའུ་མི་རིགས་དཔེ་སྐུན་ཁང་། ༢༠༠༦

གསར་བརྗེའི་དཔེ་མཚོན་ཁྲང་ཞིའི་སྒྲུང་། ལྒང་བཞུ་དམར་པོའི་ལོ་རྒྱུས། ལྷ་ས། ༡༩༧༢ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

———སྐ་དཀར་བུ་མོ། ལྷ་ས། ༡༩༧༢ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

ལིན་དགག་ཁུང་དགག་གི་འཐབ་གླུ། ལྷ་ས། ༡༩༧༤ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

རྣམ་སྲས། བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག།   པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩

ལའོ་ཀོང་པིན། ལེའུ་ཏེ་པུན། ཡང་ཡི་ཡན་གྱིས་བརྩམས།མེ་ལྕེའི་དྲག་པོའི་ནང་གཏན་དུ་འཚོ་བ། ཟི་ལིང་། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་།༡༩༦༥

བློ་བཟང་ཆོས་རྒྱལ་གྱིས་བསྒྲིགས། རང་གྲོལ་ཞིབ་འཇུག  དེབ་ཕྲེང་། ༡,༢། ལན་ཀྲིག། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

དོར་ཞི།སྙན་ཚིག་རྒྱ་མཚོའི་གསར་སྐྱེས་མེ་ཏོག་ཅེས་པའི་རྩོམ་ལ་ཅུང་ཟད་དཔྱད་པ། ཟླ་ཟེར་དུས་དེབ། དེབ་གསུམ་པའི་ཐོག།༡༩༨༧

ཚེ་རིང་གནམ་རྒོལ། སྙན་ཚིག་རྒྱ་མཚོའི་གསར་སྐྱེས་མེ་ཏོག།—གསར་རྩོམ་སྙན་ངག་ཁག་བལྟས་རྗེས་ཀྱི་བསམ་ཚུལ། ༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽དེབ་བཞི་པར།༡༩༨༦

དབྱིན་ཇིའི་དཔྱད་གཞིའི་ཐོ་ཡིག།

ལོ་རན་དང་ཕེ་ཐུ་ཤ་སོགས་ཀྱིས་བསྒྲིགས་པའི་དེང་རབས་བོད་ཀྱི་རྩོམ་རིག་དང་སྤྱི་ཚོགས་ཀྱི་འགྱུར་པ།

Hartley, Lauran R., and Patricia Schiaffini-Vedani, ལོ་རན་དང་ཕེ་ཐུ་ཤ་སོགས་ཀྱིས་བསྒྲིགས་པའི།eds. Modern Tibetan literature and social change. Duke University Press, 2008

བླ་མ་སྐྱབས་ཀྱིས་བརྩམས་པའི།དེང་རབས་བོད་ཀྱི་རྩོམ་རིག་ལས་ངག་རྒྱུན་དང་རྩོམ་རིག་རྒྱུན་འཐུད་ཀྱི་སྐོར། 

Jabb, Lama.བླ་མ་སྐྱབས། Oral and Literary Continuities in Modern Tibetan Literature,The Inescapable Nation.Lexington Books, 2015.

ལོ་ཡ་རྡི་ཧ་ཧྥུ་ཐུ། རྒྱ་ནག་གི་རྩོམ་རིག་གི་ངོ་སྤྲོད་ཕྱོགས་བསྡུས། ༡༩༠༠–༡༩༤,སྙན་ངག་གི་སྐོར།གླེགས་བམ་གསུམ་པ།

Haft, Lloyd. Selective Guide to Chinese Literature, 1900-1949: The Poem v. 3. Leiden: Brill,1989.

ཆོས་ཉིད་དབང་མོ། བོད་ཀྱི་རང་མོས་སྙན་ངག་གི་འཁྲུལ་སྣང་གི་འཇིག་རྟེན་དེ། བོད་ཀྱི་དེང་རབས་རང་མོས་སྙན་ངག་གི་བརྗོད་བྱ་དང་།ཉམས་འགྱུར་ལ་ཐོག་མའི་དཔྱད་པ།

Robin, Françoise (1999): “The Unreal World of Tibetan Free Verse Poetry: A Preliminary Study on Topics and Themes in Contemporary Tibetan Free Verse Poetry”. In: Blezer, Henk (ed.), Religion and Secular Culture in Tibet. Leiden: Brill, 451 – 470. 

རེ་ཀ་ཝན་ཐ་ནན་གྱི་འབུམ་རམས་པའི་ཆེད་རྩོམ། དོན་གྲུབ་རྒྱལ་གྱི་གསུང་རྩོམ་ལས།བོད་ཀྱི་སྣང་བརྙན་བཞེངས་ཚུལ་ལ་བལྟ་བ།

Virtanen, Riika. “Tibetan Written Images: A Study of Imagery in the Writings of Dhondup Gyal.” (2011).

ཚེ་རིང་ཤཱཀྱ། ལོ་རབས་བརྒྱད་ཅུའི་ནང་ལ་ཀྲུང་གོ་རུ་དེང་རབས་བོད་ཀྱི་རྩོམ་རིག་ཇི་ལྟར་བྱུང་ཚུལ།

Shakya, Tsering. “The Development of Modern Tibetan Literature in the People’s Republic of China in the 1980s.’.” Modern Tibetan Literature and Social Change (2008): 61-85.

མེ་ཁྲུ་ལུ་ཡེ།ཀྲུང་གོའི་༡༩༣༧་ནས་ཏ་ལྟའི་རྩོམ་རིག།

Yeh, Michelle. “Chinese Literature from 1937 to the Present.” The Cambridge History of Chinese Literature 2 (2010): 565-696.

ཀྲང་གོ་ཐོ།ཀྲུང་གོའི་གུང་ཁྲན་ཏང་གི་བྱུང་ཚུལ།

Chang Kuo-t’ao, The Rise of the Chinese Communist Party (Lawrence: University Press of Kansas, 1971).

དཔྱད་གཞིའི་ཡིག་ཆ་ཁུངས་འདྲེན།