ནང་དོན་གནད་བསྡུས།

དཔྱད་རྩོམ་འདིའི་ནང་དུ་སེམས་ཙམ་པའི་གྲུབ་མཐའི་སྤྱི་ཆིངས་དང་། དེ་ལས་འཕྲོས་ཏེ་ཕྱི་དོན་འགོག་པའི་རིག་པ་ལ་ཅུང་ཙམ་དཔྱད་ཁུལ་བྱས་ཡོད།

བརྡ་ཆད་གཙོ་བོ།

ཕྱི་དོན།  བདེན་གྲུབ།   རྡུལ་ཕྲན།  ཉེར་ལེན། 

ཐོག་མའི་མཆིད།

འདིར་གྲུབ་མཐའ་བཞིའི་ཡ་གྱལ་ཏེ་སེམས་ཙམ་པའི་ངོ་བོ་དང་།  དེའི་འདོད་ཚུལ་སྤྱི་སྡོམ་ཞིག་སྟེ།  དེའི་གཞུག་ཏུ་ལུགས་འདིའི་ཕྱི་རོལ་དོན་དུ་གྲུབ་པར་འགོག་པ་ལ་ཅུང་ཙམ་དཔྱད་པར་བྱའོ།།

༡ སེམས་ཙམ་པའི་གཞུང་གི་སྤྱི་ཆིངས།

དེ་ཡང་སེམས་ཙམ་པའམ་རྣམ་རིག་པའི་ལུགས་བཤད་པ་ལ། [1]ལུགས་འདིའི་སློབ་དཔོན་ནི་ཐོགས་མེད་སྐུ་མཆེད་དང་།  ཕྱོགས་གླང་།  བློ་བརྟན། ཆོས་སྐྱོང་སོགས་སློབ་དཔོན་ཆེན་པོ་རྣམས་ཡིན་པས། དབུ་རུ་འཕགས་པ་ཐོགས་པའི་མེད་ཀྱི་བྱུང་བ་ཅུང་ཟད་བརྗོད་ན།  བྲམ་ཟེ་མོ་གསལ་བ་ཚུལ་ཁྲིམས་ཞེས་པ་བུད་མེད་བློ་གྲོས་ལྡན་པ་ཞིག་ཡོད་པ་ལ།  ཐེག་པ་ཆེན་པོའི་བསྟན་པ་ཉམས་པར་ཆེས་མི་བཟོད་པས་སྙིང་སྟོབས་བསྐྱེད་དེ་བདག་ནི་བུད་མེད་ཀྱི་དབང་དུ་སོང་ཞིང་།  བདག་ལ་བུ་བསྐྱེད་ནས་ཐེག་ཆེན་པོའི་བསྟན་པ་སྤེལ་དུ་འཇུག་གོ་སྙམ་ནས་རྒྱལ་རིགས་དང་འགྲོགས་པ་ལས་ཐོགས་མེད་དང་།  བྲམ་ཟེ་རིགས་དང་འགྲོགས་པ་ལས་དབྱིག་གཉེན་འཁྲུངས་སོ།།

ནར་སོན་པ་ན་མ་ལ་ཕའི་བྱ་བ་དྲིས་པས།  མས་ཕའི་ལས་བསྒྲུབ་པའི་ཆེད་མ་སྐྱེད།  བསྟན་པའི་བྱ་བ་བསྒྲུབ་ཆེད་དུ་བསྐྱེད་པས་རིག་གནས་ལ་སྤྱོངས་ཤིག་གསུངས། དབྱིག་གཉེན་གྱིས་ཁ་ཆེའི་སློབ་དཔོན་འདུན་བཟང་གི་དྲུང་དུ་ཕེབས།  ཐོགས་མེད་ཀྱིས་སྔགས་ཀྱི་སློབ་དཔོན་དྲུང་དུ་སྒྱུ་འཕྲུལ་དྲ་བའི་དབང་ཞུས་པ་ལ།  མེ་ཏོག་བྱམས་པའི་སྟེང་དུ་ཕོག  རི་བྱ་རྐང་བྲག་ཕུག་ཏུ་བྱམས་པ་བསྒྲུབས་པས་ལོ་གསུང་སོང་ཡང་མ་འགྲུབ་པར་ཡིད་སྐྱོ་སྟེ་ཕྱིར་ཐོན་པའི་ལམ་དུ་རྒན་པོ་ལྕགས་གཤོལ་ཕྱིས་ནས་ཁབ་བྱེད་ཟེར་བ་དང་། ཡང་ལོ་གསུམ་ནས་ཕྱིར་ཐོན་པ་ན་ཆུ་ཐིགས་ཀྱིས་བྲག་ཟད་པ་དང་།  ཡང་ལོ་གསུམ་ནས་ཕྱིར་ཐོན་པ་ན་བྱ་སྒྲོས་བྲག་ཟད་པ་མཐོང་ནས་ལོ་བཅུ་གཉིས་བར་བསྒྲུབས་ཀྱང་རྟགས་བཟང་པོ་ཙམ་ཡང་མ་བྱུང་བར་ཕྱིར་ཕེབས་པ་ན། ལམ་དུ་ཁྱི་མོ་ཁོག་སྨད་འབུས་གང་བ་ལ་སྙིང་རྗེ་ཚད་མེད་པ་ཞིག་འཁྲུངས་ཏེ་འབུ་དང་ཁྱི་གཉིས་ཀ་སྲོག་བསྐྱབ་པའི་ཕྱིར།  རང་གི་བརླ་ཤ་བཅད་ནས་འབུ་ལྗགས་ཀྱིས་ལེན་པར་བརྩམས་པ་ན་ཁྱི་མེད་པར་བྱམས་མགོན་ཉི་མ་སྟོང་གི་གཟི་འོད་འཕྲོ་བ་གསལ་ལེར་བཞུགས་པ་མཇལ།  བྱམས་མགོན་གྱི་ཆོས་གོས་ལ་འཇུས་ནས་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་ཕེབས།  ཐེག་པ་ཆེན་པོའི་ཆོས་མཐའ་ཡས་གསན།  འཛམ་བུ་གླིང་གི་ཆོས་སྐལ་དུ་བྱམས་ཆོས་སྡེ་ལྔ་གདན་དྲངས།  ཐོགས་མེད་རང་གིས་ས་སྡེ་ལྔ་གསར་རྩོམ་མཛད་དེ་སེམས་པའི་ཤིང་རྟའི་སྲོལ་ཕྱེ།  སེམས་ཙམ་པ་ཞེས་བརྗོད་དགོས་པའི་རྒྱུ་མཚན་ཡང་ཁམས་གསུམ་སེམས་ཙམ་བདེན་གྲུབ་སྨྲ་བས་དེ་ལྟར་བརྗོད་པ་ཡིན་སྐད་དོ།།

ལུགས་འདིའི་གཞུང་ནི་མདོ་སྡེ་དགོངས་འགྲེལ་དང་།  ས་བཅུ་པའི་མདོ།  ལང་ཀར་གཤེགས་པའི་མདོ་སོགས་ལ་བརྟེན།  བྱམས་ཆོས་སྡེ་ལྔ་དང་།  ས་སྡེ་ལྔ།  སྡོམ་རྣམ་གཉིས། ཊ་ཀ་ར་ཎ་སྡེ་བརྒྱད་དེ་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུ་ཡང་སེམས་ཙམ་པའི་བརྟེན་སའི་གཞུང་ཡིན། སེམས་ཙམ་པ་ལ་དབྱེ་ན། ལུང་གིི་རྗེས་འབྲང་དང་།  རིགས་པའི་རྗེས་འབྲང་གཉིས།  ཡང་རྣམ་རྫུན་པ་དང་རྣམ་བདེན་པ་གཉིས། ས་སྡེ་ལ་སོགས་པ་གཞུང་གཙོ་སྨྲ་བ་རྣམས་ལུང་གི་རྗེས་འབྲང་དང་།  ཚད་མ་སྡེ་བདུན་སོགས་གཙོ་བོ་སྨྲ་བ་ལ་རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་ཡིན།  དྲང་ངེས་འབྱེད་ཚུལ་ལ་འཁོར་ལོ་དང་པོ་གཉིས་དྲང་དོན་དང་།  འཁོར་ལོ་ཐ་མ་ངེས་དོན་གྱི་མདོ་ལ་བཞེད།  དེ་ཡང་ཆོས་རྟོན།  དོན་ལ་རྟོན།  ངེས་དོན་ལ་རྟོན།  ཡེ་ཤེས་ལ་རྟོན་པ་སྟེ་བཞི་པོ་དེ་ལ་རྟོན་ནས་དྲང་ངེས་འབྱེད་པ་ཡིན་ནོ།། 

 

༢ ཕྱི་དོན་འགོག་པའི་རྩོད་པ་དངོས་བྱུང་ཚུལ།

དེ་ཡང་གཞུང་ལུགས་དང་།  གྲུབ་མཐའི་རྣམ་གཞག་སོགས་སུ་གཅིག་གྱུར་གྱི་སེམས་ཙམ་པའི་མཚན་ཉིད་འཇོག་པའི་སྐབས་སུ་ཕྱི་དོན་མི་བཞེད་ཅེས་ཡང་ཡང་འབྱུང་བ་ལྟར།  རང་ལུགས་ལ་ནི་སེམས་ཙམ་པའི་ཕྱི་དོན་མི་བཞེད་པར་རླུང་ལྟར་གྲགས་མོད་ཀྱང་། [2]  ཕྱི་དོན་བཞེད་མིན་ཐད་ཀྱི་དོགས་པ་བསླངས་ས་གཞན་ཞིག་ནི་སྔ་འགྱུར་རྙིང་མ་བའི་མཁས་པ་ཆེན་པོ་འཇུ་མི་ཕམ་པ་ཡིན་ཏེ། ཁོང་གི་གསུང་འབུམ་དམ་ཆོས་དོག་སེལ་ལས།  ཕྱི་ཞེས་པ་ནི་ནང་གི་ཤེས་པ་ལས་ཕྱི་རོལ་དུ་གྱུར་པ་དང་། དོན་ཞེས་པ་ནི་གཟུགས་སོགས་ཡིན་ནམ་མིན།  མ་ཡིན་ན་ནི་ཕྱི་རོལ་གྱི་གཟུགས་མེད་དེ།  རང་སེམས་ཕྱི་རོལ་ལ་ལྟར་སྣང་ངོ་ཞེས་པའི་རྣལ་འབྱོར་སེམས་ཙམ་པའི་གྲུབ་མཐའ་ལ་གང་ཡང་མི་ཕན་པའི་ཕྱི་དོན་མེད་ཅེས་པའི་ཚིག་ཙམ་དེ་བརྗོད་པས་ཅི་བྱ་སྟེ།  དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལས། [3] བརྗོད་བྱས་སྟོང་པ་བརྗོད་རྣམས་ཀྱི།།  འདི་དེ་མི་ཤེས་ཀྱིས་བསླད་ཡིན།།  ཞེས་གསུངས་པ་བཞིན་ནོ།།  གལ་ཏེ་ཡིན་ནི་ཐ་སྙད་དུ་ཕྱི་དོན་མེད་ན།  འདི་ལྟར་སྣང་བའི་གཟུགས་ལ་སོགས་པ་འདི་ནང་གི་ཤེས་པའི་རྫས་ཡིན་ནམ་མིན།  མིན་ན་ཕྱི་དོན་ཡང་དེས་གྲུབ་ལ།  ལྷན་ཅིག་དམིགས་ངེས་ལ་སོགས་པའི་རྟགས་ཀྱིས་གཟུང་འཛིན་རྫས་གཞན་མིན་པར་སྒྲུབ་པའི་རིགས་པ་ཇི་སྙེད་པའང་དོན་མེད་པར་འགྱུར་རོ།། 

རྫས་གཞན་མིན་ཀྱང་གཅིག་མིན་པར་སྒྲུབ་ན་ནི།  རྣམ་རྫུན་པ་ཁོ་ན་ལས་རྣམ་བདེན་པ་ལྟར་ན་ཇི་ལྟར་སྒྲུབ་སེམས་ཤིག་ཅེས་སོགས་རྩོད་པ་མང་དུ་བྱུང་།  རང་ལུགས་ལ་སེམས་ཙམ་པའི་ལུགས་ཀྱི་ཕྱི་དོན་འགོག་པའི་རྒྱུ་མཚན་ནི།  གྲུབ་མཐའ་འོག་མའམ། མདོ་སྡེ་པས་ཕྱི་དོན་སྒྲུབ་བྱེད་ཀྱི་རིགས་པ་གཙོ་བོ་ནི།  སྔོན་འཛིན་དབང་ཤེས་ཆོས་ཅན།  ཕྱི་རོལ་དོན་དུ་གྲུབ་པའི་སྔོན་པོ་མྱོང་བ་ཡིན་ཏེ།  དེ་ལས་སྐྱེས་ཤིང་དེ་དང་འདྲ་བའི་ཕྱིར་ཞེས་བཀོད་ནས།   དོན་དེ་ལས་སྐྱེས་ན་དོན་དེ་དང་རྫས་ཐ་དད་ཡིན་དགོས།  སྔོན་འཛིན་དབང་ཤེས་སྔོན་པོ་ལས་རྫས་ཐ་དད་ཡིན་ན།  སྔོན་པོ་ཕྱི་རོལ་གྱི་དོན་ཡིན་པ་འབད་མེད་དུ་གྲུབ་སྙམ་པའོ།།  དེ་འགོག་པའི་རིགས་པ་ནི།  རྗེ་ཙོང་ཁ་པ་ཆེན་པོའི་དྲང་ངེས་ལེགས་བཤད་སྙིང་པོ་ལས།  ཕྱི་རོལ་ལ་ལྟོས་པའི་གཟུང་འཛིན་འགོག་པ་ནི། ཐེག་བསྡུས་སུ་རྨི་ལམ་དང་གཟུགས་བརྙན་ལ་སོགས་པའི་རིགས་པ་དང་།  ཉི་ཤུ་པར་རྡུལ་ཆ་མེད་འགོག་པའི་རིགས་པ་དང་།   ཆོས་ཀྱི་གྲགས་པས་གཟུང་འཛིན་གྱི་མཚན་ཉིད་སྐྱེས་ལ་འདྲ་བ་འགོག་པའི་རིགས་པ་དང་།  ཕྱོགས་གླང་གི་རྡུལ་འདུས་པ་དང་ཕྲ་རབ་གཟུང་དོན་ཡིན་པ་འགོག་པའི་རིགས་པ་རྣམས་ཡིན་ནོ།། ཞེས་བྱུང་བ་ལྟར།  སེམས་ཙམ་པས་ཕྱི་རོལ་དོན་དུ་གྲུབ་པ་མི་འདོད་པས་སྐབས་འདིར་ཕྱི་རོལ་དོན་དུ་གྲུབ་པ་འགོག་པའི་རིགས་པའི་རྣམ་གྲངས་མང་པོ་ཞིག་ངོས་འཛིན་གནང་བ་ཡིན་སྐད་དོ།། 

༣ ཕྱི་དོན་འགོག་པའི་རིགས་པ་དངོས་ཀྱིས་དེ་མ་གྲུབ་པར་དགག་པ།

ད་ནི་ལུགས་འདིའི་དགག་བྱ་ཕྱི་དོན་འགོག་པའི་རིགས་པ་ཇི་ལྟར་འགོད་ཅེ་ན།  འདི་ལ་གཉིས་ཏེ།  ཕྱི་དོན་འགོག་པའི་ཡན་ལག་ཏུ་རྡུལ་ཆ་མེད་སོགས་བཀག་པ་དང་།  ཕྱི་དོན་འགོག་པ་དངོས་གཉིས་ལས།  དང་པོ་ལ་ཡང་གསུམ་ཡོད་དེ།  ཉི་ཤུ་པ་ནས་གསུང་པའི་རྡུལ་ཆ་མེད་སོགས་འགོག་ཚུལ་དང་།   ཆོས་ཀྱི་གྲགས་པ་རྣམ་འགྲེལ་དུ་མཚན་ཉིད་སྐྱེས་ལ་འདྲ་བ་འགོག་ཚུལ།  ཕྱོགས་གླང་གི་དམིགས་བརྟགས་སུ་རྡུལ་འདུས་པ་དང་།  ཕྲ་རབ་གཟུང་དོན་ཡིན་པ་འགོག་ཚུལ་བཅས་ཀྱིས་འདི་པའི་ལུགས་ཀྱི་ཕྱི་རོལ་དོན་དུ་གྲུབ་པ་དགག་པའོ།།  

༠༡ ཕྱི་དོན་འགོག་པའི་ཡན་ལག་དུ་རྡུལ་ཆ་མེད་སོཊ་བཀག་པ།

དང་པོ་འཆད་པ་ལ།   སློབ་དཔོན་དབྱིག་གཉེན་གྱི་ཉི་ཤུ་པ་ལས།   [4] འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར།། དྲུག་གིས་གཅིག་ཆར་སྦྱར་བ་ན།། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར།།  དྲུག་པོ་དག་ཀྱང་གོ་གཅིག་ན།། ཞེས་གསུངས།  ཆ་མེད་འགོག་ཚུལ་ནི་གལ་ཏེ་རྡུལ་ཆ་མེད་ཡོད་ན་ཆ་མེད་ཀྱི་རྡུལ་གཉིས་མཉམ་དུ་བཞག ཡང་ན་དབུས་རྡུལ་གཅིག་ལ་ཕྱོགས་གང་ས་ནས་རྡུལ་གྱིས་བསྐོར་བའི་ཚེ་དེ་དག་གོ་ས་འགོག་ནུས་ཀྱི་གཟུགས་ཅན་ནི་ཡིན། དེ་དག་བར་མཚམས་མེད་པར་གནས་པས་དེ་དག་ཕན་ཚུན་ཕྲད་དགོས་པ་ཡིན།  ཕྲད་ན་ཆ་ཐམས་ཅད་ནས་ཐམས་ཅད་དུ་ཕྲད་པ་ཡིན་ནམ།  ཡང་ན་ཆ་འགའ་ཞིག་ཕྲད་འགའ་ཞིག་མ་ཕྲད་པ་གང་ཡིན།  དང་པོ་ལྟར་ན་གོ་ས་འདྲེས་པ་འགྱུར་བ་དང་།  གཉིས་པ་ལྟར་ན་ཆ་མེད་ཡིན་པ་ཉམས་ཞེས་འགོག་པ་ཡིན།  རིགས་པ་དེ་ཕྱི་རོལ་དོན་དུ་གྲུབ་པར་འགོག་པའི་རིགས་པ་ཡིན་ཏེ། ཕྱི་དོན་ཞེས་པ་ནི་རྡུལ་ཆ་མེད་བསགས་པའི་རགས་པ་ཞིག་ལ་འཇོག་དགོས་པས་སོ།།

གཉིས་པ་འཆད་པ་ལ།   རྣམ་འགྲེལ་ལས། [5]  དོན་རིག་གང་ཡིན་སོ་སོར་རིག།  མངོན་སུམ་གང་འདི་ཉིད་དོ།། དེ་ནི་གང་གི་དོན་རིག་ཡིན།།  དེ་འདྲ་ལས་ཡིན་འཁྲུལ་བར་འགྱུར།། ཞེས་གསུངས།  དེའི་དོན་ནི་སེམས་ཙམ་པས་ཕྱི་རོལ་དོན་གྱི་ཡོད་པ་བློ་གང་གིས་རིག་ཅེས་དྲིས་པ་ན།  དོན་སྨྲ་སྡེ་གཉིས་ཀྱིས།  སྔོ་སེར་སོགས་སོ་སོར་རིག་ཅིང་འཇལ་བའི་མངོན་སུམ་གང་ཡིན་པ་འདི་ཉིད་ཡིན་ཞེས་ལན་བཏབ།  དེ་ལ་སེམས་ཙམ་པས།  དེ་འདྲའི་བློ་དེ་རྒྱུ་མཚན་གང་གིས་ཕྱི་རོལ་གྱི་དོན་རིག་པ་ཡིན་ཞེས་དྲིས་པ་ན། བློ་དེ་ཕྱི་དོན་དང་འདྲ་བ་ལས་དེ་རིག་པར་འཇོག་ཅེས་ལན་བཏབ། དྲི་ལན་དང་པོ་འཆད་པ་ལ་དོན་རིག་གང་ཞེས་པས་དྲི་བ་དང་།  སོ་སོར་རིག  མངོན་སུམ་གང་ཡིན་དེ་ཉིད་དོ།།  ཞེས་པས་ལན་འཆད་ལ།  དྲི་ལན་གཉིས་པ་འཆད་པ་ལ།  དེ་ནི་གང་གི་དོན་རིག་ཡིན།། ཞེས་པས་དྲི་བ་དང་།  དེ་འདྲ་ལས་ཡིན་ཞེས་པ་ལན་འཆད་པ་ཡིན་ནོ།། ཡང་དེ་དགག་པ་གཞན་ཞིག་ནི།  སློབ་དཔོན་རྒྱན་མཁན་པོའི་རྗེས་འབྲངས་མང་ཆེ་བས། སྔོ་འཛིན་མིག་ཤེས་སྐད་ཅིག་གཉིས་པ་ཆོས་ཅན།  སྔོ་འཛིན་མིག་ཤེས་སྐད་ཅིག་དང་པོ་གཟུང་དོན་དུ་བྱས་ནས་རྟོགས་བར་ཐལ།  སྐད་ཅིག་དང་པོ་ལས་སྐྱེས་ཤིང་དེ་དང་འདྲ་བའི་ཕྱིར།  དེ་དང་འདྲ་སྟེ།  སྔོན་པོའི་རྣམ་པ་ཅན་དུ་མཚུངས་པའི་ཕྱིར་ཞེས་བཀོད་ནས་དགག་པ་མཛད་དོ།། མཁས་གྲུབ་ཊྰིཀ་ཆེན་ལས་གོང་དུ་བཤད་པ་དང་ཅུང་མི་འདྲ་བ་ཞིག་གསུངས་ཡོད། 

གསུམ་པ་འཆད་པ་ལ།  དམིགས་བརྟགས་ལས། [6] དབང་པོ་རྣམ་པ་རིག་པའི་རྒྱུ།། ཕྲ་རབ་རྡུལ་དག་ཡིན་མོད་ཀྱང་།།  དེ་མི་སྣང་ཕྱིར་དེ་ཡུལ་ནི།། རྡུལ་ཕྲན་མ་ཡིན་དབང་པོ་བཞིན།། ཞེས་དབང་པོ་རྣམ་པ་རིག་པ་སྟེ།  མིག་སོགས་དབང་པོའི་ཤེས་པའི་རྒྱུ་རྡུལ་ཕྲ་རབ་དག་ཡིན་མོད། ཅི་སྟེ་ཡིན་དུ་ཆུག་ཀྱང་། དབང་ཤེས་ལ་རྡུལ་ཕྲ་རབ་རང་འདྲའི་རྣམ་པ་དེར་མི་སྣང་བའི་ཕྱིར།  དབང་ཤེས་དེའི་སྣང་ཡུལ་ནི་རྡུལ་ཕྲན་མ་ཡིན་ཏེ། དཔེ་ན།  མིག་གི་དབང་པོ་དབང་ཤེས་ཀྱི་རྒྱུ་ཡིན་ཡང་དེའི་དམིགས་ཡུལ་མ་ཡིན་པ་ཁྱེད་ཅག་གི་འདོད་པ་བཞིན་ནོ།། རིགས་པ་ནི།  གཟུགས་ཆོས་ཅན།  དབང་པོ་ཤེས་པའི་དམིགས་རྐྱེན་མ་ཡིན་ཏེ། ཕྱི་རོལ་གྱི་རྡུལ་ཕྲ་རབ་རེ་རེ་བ་དེའི་གཟུང་དོན་མ་ཡིན་པ་གང་ཞིག  དེ་དག་འདུས་པའང་དེ་ལྟར་མ་ཡིན་པའི་ཕྱིར།  དང་པོ་དེ་ཐལ། དེ་དབང་ཤེས་ལ་མི་སྣང་བའི་ཕྱིར།  མ་གྲུབ་ན།  རྡུལ་ཕྲ་རབ་དག་ཆོས་ཅན།  རང་འདྲའི་རྣམ་པ་གཏད་སྟོབས་ཀྱིས་དབང་ཤེས་ཡུལ་གྱི་རྣམ་ལྡན་དུ་སྐྱེད་བྱེད་ཡིན་པ་ཐལ་ལོ།  །  འདོད་མི་རིགས་ཏེ།  ཆ་མེད་ཡིན་པའི་ཕྱིར།  གཟུགས་མི་རྟག་པ་ཡང་གཟུགས་འཛིན་དབང་ཤེས་ཀྱི་དམིགས་རྐྱེན་ཇི་ལྟར་ཡིན་དཔྱད་པར་བྱའོ།།  རྟགས་གཉིས་པ་དེ་ཐལ།  འདུས་པ་རྫས་སུ་མེད་པའི་ཕྱིར།  དེ་ཡང་དམིགས་རྟགས་ལས། [7] གང་ལྟར་སྣང་དེ་དེ་གཉིས་ལས། །  རྫས་སུ་མེད་ཕྱིར་ཟླ་གཉིས་བཞིན།།  ཞེས་ཀྱང་གསུངས་སོ།། 

 

༠༢ ཕྱི་དོན་འགོག་པའི་རིགས་པ་དངོས་གཉིས་ཀྱིས་དེ་ཉིད་དགག་པ།

ཡང་འདིར། ཕྱི་དོན་འགོག་པའི་རིགས་པ་དངོས་ལ་གཉིས་ཏེ།  སེམས་ཙམ་པས་ཕྱི་དོན་མེད་ཅིང་ཤེས་པ་རང་བཞིན་གྱིས་ཡོད་པར་སྒྲུབ་པའི་སྒྲུབ་བྱེད་ཀྱི་རིགས་པ་གསུམ་བཀོད་ནས།  དེ་ཉིད་དཔེ་དང་སྦྱར་ཚུལ་དང་།  ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལས་ཕྱི་དོན་འགོག་ཚུལ་གཉིས་གསུངས་པ་ཡིན།

དང་པོ་ནི། རྗེ་ཙོང་ཁ་པའི་དབུ་མ་དགོངས་པ་རབ་གསལ་ལས་སེམས་ཙམ་གྱི་འདོད་པ་ཕྱོགས་སྔར་བླང་པའི་སྐབས་སུ་ཇི་ལྟར་འབྱུང་བ་བཞིན། དེ་ལ་སེམས་ཙམ་པས་ཕྱི་དོན་མེད་ཅིང་རྣམ་ཤེས་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དུ་རིགས་པ་གསུམ་བཀོད་དེ།  དེ་ཡང་འདི་ལྟར། སད་དུས་ཀྱི་རྣམ་ཤེས་ཆོས་ཅན། ཕྱི་རོལ་དོན་གྱིས་སྟོང་སྟེ།  རྣམ་ཤེས་ཡིན་པའི་ཕྱིར།  དཔེར་ན།  རྨི་ལམ་གྱི་རྣམ་ཤེས་བཞིན།  སད་དུས་ཀྱི་རྣམ་ཤེས་ཀྱི་དམིགས་པའི་ཡུལ་ཆོས་ཅན།  ཕྱི་དོན་དུ་སྣང་ཡང་དེ་མ་གྲུབ་པའི་རྫུན་པ་ཡིན་ཏེ།  ཡུལ་ཡིན་པའི་ཕྱིར།  དཔེར་ན།  རྨི་ལམ་གྱི་ཤེས་པའི་ཡུལ་བཞིན།  ཀུན་བྱང་གི་གཞི་གཞན་དབང་ཆོས་ཅན། ཁྱོད་རང་བཞིན་གྱིས་མེད་ན་ཁྱོད་ལ་བརྟེན་པའི་ཀུན་བྱང་གི་ཆོས་ཐམས་ཅད་མེད་པར་འགྱུར་ཏེ། དེ་མེད་ན་ཁྱོད་ཀྱི་རྟེན་མེད་པའི་ཕྱིར།  དཔེར་ན།  རུས་སྦལ་གྱི་སྤུའི་གོས་བཞིན་ནོ།།  ཞེས་སྨྲའོ།།  རྨི་ལམ་གྱི་ཤེས་པ་ཇི་ལྟར་སྦྱར་བ་བཞིན། སྐྲ་ཤད་འཛག་སྣང་ཅན་གྱི་དབང་ཤེས་དང་།  དེའི་ཡུལ་དཔེར་བྱས་ཏེ་རྟགས་སྦྱོར་སྔར་བཞིན་བཀོད་ནས་ཕྱི་རོལ་གྱི་དོན་མེད་པ་སྒྲུབ་པ་ཡིན་ལ།  དེས་ནས་གོད་དུ་བཤད་པའི་རྟགས་ཀྱིས་ཕྱི་དོན་མེད་པར་སྒྲུབ་པ་ན།  ཕྱིར་རྒོལ་སོ་སོའི་བློ་དང་འཚམས་པའི་དཔེ་མི་འདྲ་བ་དུ་མའི་སྒོ་ནས་སྒྲུབ་པར་མཛད་དེ།  དེ་ཡང་འཕགས་པ་ཐོགས་མེད་ཀྱི་ཐེག་བསྡུས་ལས།  [8] འདས་སོགས་དེ་བཞིན་རྨི་ལམ་དང་།།  གཟུགས་བརྙན་རྣམ་པ་གཉིས་པོ་ཡང་།།  དམིགས་པ་ཡོད་པ་མ་ཡིན་ཏེ།  དེ་ལ་དམིགས་པ་རུང་ཕྱིར་རོ།།  ཞེས་འདས་མ་འོང་དང་།  ད་ལྟར་གྱི་དུས་སུ་བློ་ལ་སྣང་བ་དང་།  དེ་བཞིན་ཁང་མིག་ཆུང་ངུར་ཉལ་བའི་གང་ཟག་གིས་རྨི་ལམ་དུ་གླང་པོ་ཆེའི་ཁྱུ་འཁྲིགས་པར་སྣང་བ་དང་།  རབ་རིབ་ཅན་ལ་སྐྲ་ཤད་འཛག་པར་སྣང་ཡང་།  དེ་ལྟར་སྣང་བ་ལྟར་དུ་མ་གྲུབ་པ་དང་།  མི་སྡུག་པའི་ཏིང་ངེ་འཛིན་ལ་ས་གཞི་ཀེང་རུས་ཀྱིས་ཁྱབ་པར་སྣང་བ་ལྟར་དུ་མ་གྲུབ་པ་རྣམས་དེའི་དཔེ་ཡིན་པ་གསུངས་པ་ཡིན་ནོ།།

གཉིས་པ།  ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལ་བརྟེན་ནས་ཕྱི་དོན་མེད་པར་སྒྲུབ་ཚུལ་ནི།  དཔལ་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་ལས། [9] ངེས་པར་བློ་དང་ལྷན་ཅིག་ཏུ།།  ཅིག་ཅར་དུ་ནི་མྱོང་གྱུར་བས།།  ཡུལ་ནི་དེ་ལས་གཞན་ཉིད་དུ།། རྣམ་གང་གིས་ནི་འགྲུབ་པར་འགྱུར།། ཞེས་འབྱུང་།  འདིའི་དོན་ནི།  སྔོན་པོ་དང་སྔོར་སྣང་དབང་མངོན་གཉིས་ཆོས་ཅན།  རྫས་གཞན་གྱིས་སྟོང་སྟེ།  ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར།  ཞེས་པའི་དོན་ལ་ཡིན་ལ།  འདིའི་ཚུལ་གསུམ་སྒྲུབ་ཚུལ་ལ་གཉིས་ལས།  ཁྱབ་པ་སྒྲུབ་པ་དང་།  ཕྱོགས་ཆོས་སྒྲུབ་པ་གཉིས།  དང་པོ་ནི།  རྣམ་འགྲེལ་ལས། [10] རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས།། མེད་པར་ཐ་དད་མཐོང་བ་བཞིན།།  ཞེས་འབྱུང་བ་ལས།  རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས་གསལ་བར་མཐོང་ཡང་ཕྱི་རོལ་དུ་ཟླ་བ་གཉིས་མེད་བཞིན་ཡིན་པའི་ཕྱིར་དང་།  ཡང་རྣམ་འགྲེལ་ལས། [11] སྔོ་སེར་ཐ་དད་དག་ལ་ནི།། མྱོང་བའི་ངེས་པ་ཡོད་མ་ཡིན།།  ཞེས་འབྱུང་བ་ལས།  སྔོ་སེར་བཞིན་དུ་རྫས་ཐ་དད་ན་ལྷན་ཅིག་དམིགས་ངེས་མི་རུང་བའི་ཕྱིར་རོ།།  ཞེས་རྩ་བའི་རྟགས་དེའི་མཐུན་དཔེ་དང་། མི་མཐུན་དཔེ་སོ་སོར་བཀོད་པའི་སྒོ་ནས་ཁྱབ་སྒྲུབ་པ་ཡིན།  ཕྱོགས་ཆོས་སྒྲུབ་པའི་སྐབས་སུ་ཡང་རྣམ་འགྲེལ་ལས། [12]  མྱོང་བ་མེད་པར་དོན་འགའ་འམ།།  དོན་མེད་པ་ཡི་མྱོང་བ་ཡང་།།  མྱོང་བར་འགྱུར་བ་མ་མཐོང་བ།།  དེས་ན་དེ་དག་ཐ་དད་མིན།།  ཞེས་འབྱུང་བ་ལས།  སྔོན་པོ་དང་སྔོར་སྣང་དབང་མངོན་གཉིས་ལྷན་ཅིག་དམིགས་ངེས་ཡིན་ཏེ།  སྔོན་པོར་དམིགས་པ་ན་ཡང་མྱོང་བ་སྔོ་འཛིན་རང་ཉིད་དམིགས་བྱེད་གྲུབ་བདེ་རྫས་གཅིག་ཏུ་མེད་པ་མི་རུང་ཞིང་།  དེ་བཞིན་དུ་སྔོ་འཛིན་པ་ནའང་དོན་སྔོན་པོ་མྱོང་བའི་སྔོ་འཛིན་གྱི་བློ་དེ་དང་། གྲུབ་བདེ་རྫས་གཅིག་ཏུ་མེད་མི་རུང་བར་ངེས་པར་དེ་གཉིས་འབྲལ་མི་རུང་བར་ལྷན་ཅིག་ཏུ་གནས་པའི་ཕྱིར་ཞེས་པའི་དོན་ཡིན་ནོ།། 

༤ མཐའ་སྡོམ།

ད་ནི་དཔྱད་རྩོམ་འདིའི་མཇུག་བསྡུ་བར་བྱ་བ་ལ། འདི་ལྟར། འདིར་སེམས་ཙམ་པའི་གྲུབ་མཐའ་འཆད་པའི་སྐབས་སུ་སེམས་ཙམ་རང་གི་མཚན་ཉིད་ཀྱི་སྟེང་དུ་ཕྱི་རོལ་དོན་དུ་གྲུབ་པ་མི་འདོད་ཅིང་ཞེས་ཡང་ཡང་འབྱུང་བས།  མཚམས་སུ་མཚམས་སུ་ཡང་འདིའི་སྐོར་ནས་བསམ་གཞིགས་བྱས། ཡིག་ཆ་བཙལ། མང་པོ་ཞིག་བྱས་མོད། ཤེས་བྱ་གཅིག་རྟོགས་ཚེ།  གཅིག་ཤེས་ཀུན་གྲོལ་གྱི་ཚུལ་དུ་འོང་བ་ལྟ་བུའི་མི་རིགས་གཞན་གྱི་རིག་གནས་དང་མི་མཚུངས་བར་བརྟེན། གྲུབ་མཐའ་འདི་ཉིད་ཀྱི་སྐོར་ནས་བྱུང་བའི་རང་གཞུང་རྒྱ་ཆེ་བ་དང་།  གཏིང་ཟབ་པ་ནི་ཚོད་ཅིག་མ་རེད་འདོད། 

ལྷག་ཏུ་རིགས་སྒྲུབ་ཀྱི་སྐབས་སུ་རིགས་པ་དག་མགོ་རྙོག་ཅིང་། ལུང་སྒྲུབ་ཀྱི་སྐབས་སུ་ཡང་ལུང་མང་པོ་ཞིག་དཔེ་ཆ་ཐར་ཐོར་ཀུན་ཏུ་བགྲངས་ཡོད་ཀྱང་། ལུང་དེ་གང་དུ་ཡོད་པ་དང་། ལེའུ་ཅི་ཞིག་ཡིན་པ་སོགས་ནི་རྩ་བ་ནས་གསལ་ཁ་མེད་པའི་ཁར། དཔེ་ཆ་གཞན་དུ་གཅིག་གིས་ལུང་བགྲངས་པ་དེ་ཉིད་གཅིག་གིས་དེར་བལྟས་རྗེས་སུ་ཏག་ཏག་བཤུས་པ་ལྟ་བུ་ཡིན་པ་ནི་བོད་ཀྱི་རྩོམ་པ་པོ་འམ།  དཔྱད་བརྗོད་པ།  ཞིབ་འཇུག་པ་དག་གིས་འབྲི་སྟངས་ལྟ་བུ་རེད་འདུག་པ་དེ་རེད།  དེ་བས་ད་རེས་དཔྱད་རྩོམ་འདི་ཉིད་ཀྱི་ལུང་ཁུངས་ངོ་མ་སྟེ།  རང་གཞུང་དུ་གང་ཡོད་པ་དང་།  ལེའུ་ཅི་ཞིག་ཏུ་འདུག་པ།  ཤོག་ངོས་གང་དུ་ཡོད་པ་སོགས་ཁ་གསལ་ཞིག་བགྱིས་ཡོད་པ་ནི་བདག་གི་དཀའ་ལས་བརྒྱབས་པའི་འབྲས་བུ་ཞིག་ཡིན།  སྤྱིར་ང་ཚོ་སུ་ཡིན་རུང་ཆོག  དཔྱད་རྩོམ་འབྲི་བ་དང་། ཞིབ་འཇུག་བྱས་པ་སོགས་སུ་ལུང་གཅིག་གིས་བགྲངས་ཟིན་པ་དག་ཅིག་གིས་བགྲང་རྒྱུ་དང་།  རིགས་པ་དག་ལ་ཡང་དེ་མཚུངས་ཀྱི་གཅིག་གིས་བཏང་ཟིན་པ་དག་གཅིག་གིས་གཏང་དགོས་པ་ནི་ཕལ་ཆེར་གཅིག་པ་ལྟ་བུ་དང་།  བསྐྱར་བཤད་ལྟ་བུ་ལས་གསར་བ་ཞིག་ནི་སུ་ལ་ཡང་དམིགས་བསལ་བཤད་རྒྱུ་མེད་པ་ལྟ་བུ་ཞིག་རེད་སྣང་། 

དེ་བས་གཞན་གྱིས་བྲིས་པ་མང་པོ་ལ་བལྟས། རང་གིས་ཀྱང་བསམ་གཞིགས་བྱས། ལུང་ནི་ཕལ་ཆེར་གཅིག་པ་ལྟ་བུ་ཡིན་ཡང་ཁུངས་ཁ་གསལ་དུ་བཟོ་རྒྱུ་དང་།  རིགས་སྒྲུབ་བྱེད་སྟངས་སོགས་ལ་མཁས་པ་སྔ་མ་དག་གིས་སྒྲུབ་སྟངས་མི་འདྲ་བ་ཧ་ཅང་མང་མོད།  དེ་དག་གི་ཁྲོད་ནས་མང་ཆེ་བ་རང་གིས་ཀླད་པ་འགུལ་ཅི་ཐུབ་བགྱིས་ཏེ་རིགས་པ་བཏང་ཁུལ་བྱས་པ་ཡིན། དེའི་རྒྱུ་མཚན་གཅིག་ནི་དཔྱད་རྩོམ་འདི་ཉིད་གང་བྱུང་དུ་བཤུས་པ་ལྟ་བུ་མི་འགྱུར་བའི་ཆེད་དུ་དང་། གཉིས་ནི་དཔྱད་བརྗོད་འདི་ཉིད་ལོ་རྗེས་མར་སླར་ཡང་བསྐྱར་བཅོས་དང་།  བསྐྱར་བསྣོན་བགྱི་འཆར་གྱི་ལས་གཞི་ཞིག་ཡོད་པས་ཀྱང་ཡིན། དེར་བརྟེན། རང་བློས་གང་ལྕོགས་ཀྱིས་དཔྱད་རྩོམ་འདི་ཉིད་བརྗོད་གཞི་འདིའི་ཐོག་ནས་བྲིས་པ་ཞིག་ཡིན་པས།  ནོར་འཁྲུལ་ཅི་ཞིག་བྱུང་ཡོད་པ་དག་ནི་དཔྱོད་ལྡན་ཀུན་གྱི་མདུན་སར་བཟོད་གསོལ་ཞུ་བ་ལགས་སོ།། 

 

 ཡུལ་ཝ་ར་ཎྰ་སའི་དྲང་སྲོང་ལྷུང་བའི་རི་དྭགས་ནགས་ཀྱི་ཉེ་འགྲམ་ཞི་འཚོ་དཔེ་མཛོད་ཁང་དུ་༢༠༡༧  ༡༡  ༢༩  ལ་མཇུག་གྲུབ་པར་བགྱིས་སོ།།  །།

 མཆན།

[1] <<གྲུབ་མཐའི་བྱུང་བ་བརྗོད་པ།>>   འབྲི་བ་པོ།  བློ་བཟང་ཚེ་རིང་།  བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་། ཤོག་ངོས། ༨༦ དུ་གསལ། 

 

[2] <<འཇུ་མི་ཕམ་པའི་བཀའ་འབུམ།>>  པོད།  ༡༣ པ།  དམ་ཆོས་དོག་སེལ།  མཛད་པ་པོ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ།  ཤོག་ངོས།  ༩༢༨ ནང་གསལ།  སི་ཁྲོན་དཔེ་སྐྲུན་ཚོགས་པ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 

[3] <<རྣམ་འགྲེལ་རྩ་བ།>>  གཞན་དོན་རྗེས་དཔག་གི་ལེའུ།  མཛད་པ་པོ།  དཔལ་ཆོས་ཀྱི་གྲགས་པ། ཐེ་ཝན་བོད་བརྒྱུད་ནང་བསྟན་ཐོས་བསམ་གླིང་།  ༢༠༠༨  ལོའི་དཔར་མ།  ཤོག་ངོས།  ༡༣༧ མཐར་རུ་གསལ། 

[4] <<ཉི་ཤུ་པའི་འགྲེལ་པ།>>  མཛད་པ་པོ།  སློབ་དཔོན་དབྱིག་གཉེན།  བསྟན་འགྱུར།  དཔེ་སྡུར་མ།  སེམས་ཙམ།  པོད།  ཤི་པ།  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༠༡ ལོའི་དཔར་མ།  ཤོག་ངོས།  ༩ པའི་དཀྱིལ་དུ་གསལ། 

[5] <<རྣམ་འགྲེལ་རྩ་བ།>>  མངོན་སུམ་ལེའུ།    མཛད་པ་པོ།  དཔལ་ཆོས་ཀྱི་གྲགས་པ། ཐེ་ཝན་བོད་བརྒྱུད་ནང་བསྟན་ཐོས་བསམ་གླིང་།  ༢༠༠༨  ལོའི་དཔར་མ།  ཤོག་ངོས། ༡༠༩ ཡི་དབུ་རུ་གསལ།

 

[6] <<དམིགས་པ་བརྟག་པ། >> མཛད་པ་པོ།  སློབ་དཔོན་ཕྱོགས་ཀྱི་གླང་པོ།  བསྟན་འགྱུར།  དཔེ་སྡུར་མ།  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།  ༢༠༠༡ ལོའི་དཔར་མ།  ཤོག་ངོས།  ༤༣༢ དབུ་ནས་གསལ། 

[7] <<དམིགས་པ་བརྟག་པ།>>  མཛད་པ་པོ།  སློབ་དཔོན་ཕྱོགས་ཀྱི་གླང་པོ།  བསྟན་འགྱུར།  དཔེ་སྡུར་མ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།  ༢༠༠༡ ལོའི་དཔར་མ། ཤོག་ངོས།  ༤༣༢ དཀྱིལ་ནས་གསལ།

[8] <<ཐེག་པ་ཆེན་པོ་བསྡུས་པ།>>  མཛད་པ་པོ།  འཕགས་པ་ཐོགས་མེད།  བསྟན་འགྱུར།  དཔེ་སྡུར་མ།  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།  ༢༠༠༡ ལོའིི་དཔར་མ། ཤོག་ངོས།  ༣༧ པའི་མཐའ་རུ་གསལ། 

[9] <<རྣམ་འགྲེལ་རྩ་བ།>>  མཛད་པ་པོ།  དཔལ་ཆོས་ཀྱི་གྲགས་པ།  ཐེ་ཝན་བོད་བརྒྱུད་ནང་བསྟན་ཐོས་བསམ་གླིང་།  ༢༠༠༨ ལོའི་དཔར་མ།  མངོན་སུམ་ལེའུ།  ཤོག་ངོས། ༡༡༦ དཀྱིལ་དུ་གསལ།  

[10] <<རྣམ་འགྲེལ་རྩ་བ།>>མཛད་པ་པོ།  དཔལ་ཆོས་ཀྱི་གྲགས་པ།  ཐེ་ཝན་བོད་བརྒྱུད་ནང་བསྟན་ཐོས་བསམ་གླིང་། ༢༠༠༨ལོའི་དཔར་མ། མངོན་སུམ་ལེའུ།  ཤོག་ངོས། ༡༡༦དཀྱིལ་དུ་གསལ།

[11] གོང་མཚུངས། 

[12] གོང་མཚུངས།