སླེ་མིའམ་གླེ་མི་ཡུལ་ཚོ་གསུམ། འོམ་ལ་ཡུལ། གཙང་ལ་ཡུལ་དྲུག མུ་གུམ་སྟོད་སྨད། ཀརྨ་རོང་པ་ཡུལ་ཚོ་བཅུ་གཉིས་བཅས་ས་ཆ་གང་དུ་ཡོད་མེད་གུས་པས་ནུས་ཚོད་ཀྱིས་ལོ་འདི་དག་གི་རིང་ལ་འཚོལ་ཞིབ་བྱེད་ཀྱིན་ཡོད་ན། ལོ་རྒྱུས་ཡིག་ཆ་དང་ཉམས་ཞིབ་པ། ཡུལ་དངོས། ཡུལ་མི་བཅས་ལ་ཐུག་པ། འགྲོ་བ། འདྲི་པ་སོགས་ཕྱི་རྐྱེན་ནང་རྐྱེན་གྱིས་དཀའ་ངལ་བསྟུད་མར་ཡོད་པ་བཤད་མི་དགོས་ན། ཡང་བསྐྱུར་བཞག་ན་ག་ལ་འགྲིག་ཅེས་རང་སེམས་གསོ་བཞིན་དྲ་ཚིགས་ངོས་ཀྱི་གླེ་མི་ཡུལ་གྱི་པར་དང་བརྙན།  གླུ། བྲོ་སོགས་ལ་རོལ་མྱོང་ཙམ་བྱས་པ་དགའ་བ་བསྐྱེད་བཞིན་ཨ་རི་ན་བཅའ་བཞུགས་བྱེད་པའི་གླེ་མི་མཛངས་ཡུལ་གྱི་བླ་མ་རྡོ་རྗེར་གླེ་མི་དང་འབྲེལ་བའི་ལོ་རྒྱུས་ཡང་ཡང་བཀའ་འདྲི་བྱས་པ་ཡིན། བླ་མ་ལགས་བྲེལ་འཚུབ་ཀྱིས་ལན་རྒྱག་པའི་དུས་ཚོད་མེད་ན་ཡང་། བླ་མས་དཀའ་ངལ་གང་ལ་མ་འཛེམ་པར་དེ་གལ་ཆེན་པོ་རེད་ཅེས་ཡིག་ཐོག་བརྒྱུད་ནས་གཤམ་གྱི་གླེ་མི་ཡུལ་གྱི་ལོ་རྒྱུས་སྙིང་བསྡུས་ཙམ་ཐུགས་སྤྲོ་བོའི་ངང་ནས་བཏང་པ་ཐུགས་རྗེ་ཆེ་ཞུ།

གླེ་མི་ནི་བལ་ཡུལ་རྒྱལ་ཁབ་ཀྱི་ནུབ་བྱང་ཕྱོགས་སུ་གནས་པའི་སྟོད་མངའ་རིས་ཁོངས་སུ་གཏོགས་ཤིང་།གངས་དཀར་ཏི་སི་དང་མ་ཕམ་གཡུ་མཚོའི་ཉེ་འགྲམ་དུ་གནས་ཡོད། གླེ་མི་ནི་སྟོད་མངའ་རིས་སྐོར་གསུམ་གྱི་ཆ་ཤས་ཡིན་པའི་རྒྱུ་མཚན་ནི་མི་རབས་མང་པོའི་རིང་ལ་ཁྲལ་གསུམ་རེ་འཇལ་གྱིན་ཡོད་པ་དང་།ཡུལ་གྱི་གོམས་གཤིས།ཆོས་ལུགས་རིག་གནས་གང་ཅི་འཐད་ནས་མངའ་རིས་དང་གཅིག་པ་ཡིན། ཁྲལ་གསུམ་ནི། མི་ཁྲལ།གྲྭ་ཁྲལ།ཐབ་ཁྲལ་བཅས་སོ།།

མི་ཁྲལ་ནི་སྤུ་ཧྲེངས་རྫོང་ལ་འཇལ་པ་དང་གྲྭ་ཁྲལ་ནི་སྟོད་མངའ་རིས་མ་དགོན་ཏི་སི་རྒྱང་གྲགས་དགོན་ལ་འཇལ་གྱིན་ཡོད།དེ་མིན་ཐབ་ཁྲལ་ནི་བལ་པོའི་རྒྱལ་ཁབ་ལ་འཇལ་གྱིན་ཡོད། ཡུལ་གྱི་འཚོ་རྟེན་ནི་ཞིང་ལས་དང་འབྲོག་ལས་གཉིས་ལ་བརྟེན་ནས་འཚོ་གནས་བྱེད་ཀྱིན་ཡོད། གླེ་མི་ནི་གནའ་བོའི་སྟོད་མངའ་རིས་པུ་ཧྲེང་གི་ཁོངས་སུ་གཏོགས་པ་ཐེ་ཚོམ་བྱེད་མི་དགོས་ཏེ།སྔར་རྒན་པོའི་ཁ་དཔེ་དང་ད་ལྟ་འཚོ་བཞུགས་བྱེད་པའི་བགྲེས་པོ་དག་གི་ངག་ལ་ཉོན་དང་གསལ་བོར་མཁྱེན་ངེས། ཡིན་ནའང་ཕྱིས་ཀྱི་དུས་ འགྱུར་རྐྱེན་གྱིས་ད་ལྟ་བལ་པོ་རྒྱལ་ཁབ་ཀྱི་(karnali zone)ཀར་ན་ལེ་མངའ་སྡེའི་འུམ་ལ་རྫོང་(Humla)གི་ཁོངས་སུ་གཏོགས།

གླེ་མི་ཞེས་པའི་དག་ཆ་ལ་འབྲི་སྟངས་རྣམ་པ་གཉིས་སུ་སྣང་། གནའ་སྔ་མོའི་ཡིག་རྙིང་ཁག་ན་སླེ་མི་ཞེས་གསལ་བ་དོན་དག་གསལ་པོ་མི་སྣང་ངོ་། ཕྱིས་སུ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཡིད་བཞིན་ནོར་བུ་དབུ་བཞུགས་ཐོག་གླེ་མིའི་མཁས་དབང་རྣམས་ཀྱིས་ཞིབ་འཇུག་དང་བགྲོ་གླེང་ཚུལ་དུ་ས་ཆའི་གནས་སྟངས་དང་སྔར་རྒན་པོའི་ཁ་དཔེ་བཅས་ལ་ཞིབ་འཇུག་རབ་དང་རིམ་པ་གནང་ནས་གླེ་མི་ཞེས་བྲིས།

གླེ་མིའི་མིང་བྱུང་ཚུལ་ནི་ས་ཆའི་ཆགས་རབས་ལ་བརྟེན་ནས་བཏགས་པ་མངོན། དེ་ལྟར་ན་གླེ་ཞེས་པའི་སྒྲ་དོན་ནི་ཆུ་གཉིས་བར་དུ་འཇུག་ཅིང་། དཔེར་ན་ཡུལ་སྐད་དུ་ཆུའི་གླེ། ས་ཆའི་གླེ་སོགས་འབོད་སྲོལ་ཡོད་པ་བཞིན། གླེ་མི་ཡུལ་ཐོག་མ་ཆགས་ས་ནི་ཆུ་གཉིས་ཀྱི་བར་རམ་ཆུའི་གླེ་ལ་ཆགས་པ་ན་ས་ཆའི་མིང་ལས་ཡུལ་མིང་གླེ་མི་ཞེས་བྱུང་ཞིང་། ས་ཆའི་མིང་གཞན་ལ་མཚམས་མཚོ་ཟེར། མཚམས་མཚོ་ཞེས་པ་ནི། ཆུའི་གླེ་མཚམས་ན་མཚོ་ཆེན་པོ་ཞིག་ཡོད་པས་ན་གླེ་མི་མཚམས་མཚོ་པ་ཞེས་འབོད་སྲོལ་བྱུང་། ཡུལ་སྐད་དུ་མཚོ་དེའི་མིང་ལ་རྟ་ལུང་མཚོ་ཟེར་གྱི་ཡོད། མཚོའི་མདོག་ནི་གཡུ་ལྟར་སྔོ་བ་ལ་ཡིད་དབང་འཕྲོག་པ་མ་ཟད་སེམས་ཅན་འབུ་རིགས་དང་ཆུ་བྱ་སྣ་ཚོགས་གནས་ཡོད། དགུན་དུས་གྲང་ངར་ཆེ་བས་མཚོ་ལ་འཁྱགས་པ་ཆགས་སྟབས་འདབ་ཆགས་བྱ་ཡང་གནས་ཐུབ་ཀྱི་མེད། མཚམས་མཚོ་ནི་ད་ལྟ་མཇལ་རྒྱུ་ཡོད།

གླེ་མི་མཚམས་མཚོ་པ་ནི་གཙོ་བོ་ཞིང་འབྲོག་གཉིས་དང་ལག་ཤེས་རིགས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱིན་ཡོད། ཕྱིས་སུ་འབྱུང་བཞིའི་འགྱུར་ལྡོག་དང་ཟིང་འཁྲུག་གི་རྐྱེན་པས་གླེ་མི་མཚམས་མཚོ་པ་སིལ་བར་འཐོར་ནས་ད་བར་དུ་ལོ་ངོ་༣༠༠ལྷག་ཙམ་སོང་། ཡིན་ཡང་ལོ་དུས་ངེས་ཅན་ཞིག་མི་སྣང་། སྔར་གྱི་རྒན་པོའི་གཏམ་ལྟར་ན། གླེ་མི་མཚམས་མཚོ་པ་ཁ་ཐོར་རྩ་མེད་དུ་མ་སོང་པའི་སྐབས་སུ་གླེ་མི་ཡུལ་ཚོ་གསུམ་ཆགས་ཤིང་།གླེ་མི་མཚམས་མཚོ་པའི་མི་ཁ་ཤས་གླེ་མི་ཡུལ་ཚོ་གསུམ་ནང་ལ་བརྗེ་སྤོར་བྱས་ཚུལ་བཤད་སྟངས་མང་།ད་ལྟ་ཡོངས་སུ་གྲགས་པའི་གླེ་མི་ཡུལ་ཚོ་གསུམ་ནི། 1 གླེ་མི་དབལ་རྩེ།2 གླེ་མི་མཛངས། 3གླེ་མི་ཏིལ་བཅས་ཡིན།

ཡུལ་ཚོ་གསུམ་རེེར་དགོན་པ་རེ་མཇལ་རྒྱུ་ཡོད་པ་ནི། དབལ་རྩེ་རིན་ཆེན་གླིང་དགོན་དང་ མཛངས་འཕེལ་རྒྱས་གླིང་དགོན། ཏིལ་ཀུན་འཛོམས་དགོན་བཅས་ཡིན། དགོན་པ་རྣམས་ཀྱི་ཕྱག་འདེབས་པ་པོ་དང་ལོ་དུས་མི་འདྲ་ཡང་མཐོང་བ་བརྒྱུད་པའི་ཕྱག་བཞེད་དང་ཕ་ཆོས་བསྟན་སྙིང་གཙོ་པའི་ཕྱག་ཆེན་ལྔ་དང་ན་རོ་ཆོས་དྲུག་སོགས་ལ་ཀློག་པ་ཐོས་བསམ་གྱིས་ཉམས་ལེན་གནང་མཁན་གཅིག་པ་ཡིན།

དབལ་རྩེ་རིན་ཆེན་གླིང་དགོན་ཕྱག་འདེབས་མཁན་ནི་ལོ་ཙཱ་བ་ཆེན་པོ་རིན་བཟང་པོ་ཡིན། ཕལ་ཆེར་དུས་རབས་བཅུ་པའི་ཡས་མས་ནང་མངོན་ཏེ། ཁོང་སྟོད་མངའ་རིས་ལ་བཞུགས་པའི་རིང་ལ་གཙུག་ལག་ཁང་བརྒྱ་དང་བརྒྱད་བཞེངས་ཡོད། དབལ་རྩེ་རིན་ཆེན་གླིང་དགོན་ནི་གཙུག་ལག་ཁང་བརྒྱ་དང་བརྒྱད་ནང་ནས་དགོན་པ་རྙིང་གྲས་གཅིག་ཡིན། དགོན་པ་དེའི་ཆོས་བརྒྱུད་ཐོག་མ་ནི་བཀའ་གདམས་ཡིན་ཞིང་བར་དུ་ས་སྐྱའི་ཆོས་བརྒྱུད་ཆགས་ནས་ལོ་མང་རིང་ས་སྐྱ་པས་འཛིན་སྐྱོང་གནང་། དུས་ཕྱིས་སུ༧ཀླུ་སྒྲུབ་གཉིས་པ་འབྲི་གུང༧སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་ཐུགས་སྲས་སྤྱན་སྔ་ཤེས་རབ་འབྱུང་གནས་དང་གྲུབ་ཐོབ་སེངྒེ་ཡེས་ཤེས་སོགས་འབྲི་གུང་གི་སྒྲུབ་ཐོབ་དང་བླ་མ་མང་པོ་སྟོད་མངའ་རིས་ཁུལ་ལ་བྱོན་ནས་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གནང་ནས་རྒྱང་གྲགས་དགོན་པ་སོགས་དགོན་པ་མང་པོ་ཕྱག་བཏབས་ནས་སྒྲུབ་གྲྭ་དང་རྒྱུད་གྲྭ་བཅས་ཀྱི་སྡེ་བཙུགས་གནང་མཛད།

ཀླུ་སྒྲུབ་གཉིས་པ་འབྲི་གུང༧སྐྱོབ་པ་འཇིག་རྟེན་གསུམ་མགོན་དུས་སུ་རི་ཐམས་ཅད་འབྲི་གུང་གི་རི་པ་དང་། ཐང་ཐམས་ཅད་འབྲི་གུང་གི་ཐང་པ་ཞེས་བཤད་སྲོལ་བཞིན་ཆོས་བརྒྱུད་གནམ་གྱི་སྐར་ཚོགས་ལྟར་དར་ཁྱབ་ཆེན་པོ་བྱུང་བ་ལ་བརྟེན་ནས་མངའ་རིས་ཁུལ་དུ་དགོན་པ་མང་ཆེ་བ་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་ཡིན་པར་གྲགས། དེའི་སྐབས་སུ་དབལ་རྩེ་རིན་ཆེན་གླིང་དགོན་གྱི་དགེ་འདུན་པ་རྣམས་ཀྱིས་འབྲི་གུང་མཛངས་ཏིལ་ཆེན་དགོན་གྱི་དགེ་འདུན་མཉམ་དུ་་འཆད་རྩོད་རྩོམ་གསུམ་སོགས་ལ་བགྲོ་གླེང་ཟབ་རྒྱས་གནང་མཐར། དབལ་རྩེ་རིན་ཆེན་གླིང་དགོན་གྱི་དགེ་འདུན་པ་རྣམས་ཕམ་པས་དགོན་པ་དེ་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་ལ་བསྒྱུར་ཞིང་།གླེ་མི་ཡུལ་ཚོ་གསུམ་གྱི་མ་དགོན་དུ་ཆགས་ནས་ཡུལ་ཚོ་གསུམ་གྱི་དགོན་པའི་དུས་མཆོད་རྣམས་ལོ་མང་རིང་དབལ་རྩེ་རིན་ཆེན་གླིང་དགོན་དུ་ཚོགས་བཞིན་ཡོད།

ཕྱིས་སུ་དགེ་འདུན་པ་རྣམས་ཕན་ཚུན་མ་མཐུན་པའི་རྐྱེན་གྱིས་ཡུལ་ཚོ་གསུམ་གྱི་དགོན་པའི་དུས་མཆོད་རྣམས་མཉམ་དུ་ཚོགས་རྒྱུ་མཚམས་འཇོགས་གནང་ནས་དུས་མཆོད་རྣམས་སོ་སོར་ལུང་པའི་དགོན་པ་རུ་ཚོགས་རྒྱུ་བྱུང་།དབལ་རྩེ་རིན་ཆེན་གླིང་དགོན་གྱི་ནང་རྟེན་གཙོ་བོ་ནི། གདམས་པ་ལས་གྲུབ་པའི་རྣམ་པར་སྣང་མཛད་སྐུ་མེ་ཏིར་གསུམ་ཡོད་པ་གྲགས །

མཛངས་འཕེལ་རྒྱས་གླིང་དགོན་ནམ་ཏིལ་ཆེན་དགོན།

མཛངས་འཕེལ་རྒྱས་གླིང་དགོན་ནམ་ཏིལ་ཆེན་དགོན་ནི། དཔལ་རྒྱལ་བ་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པ་སྲོལ་གཏོད་པ་པོ་༧ ཀླུ་སྒྲུབ་གཉིས་པ་རྫོགས་པའི་སངས་རྒྱས་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་ཐུགས་སྲས་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་སྤྱན་སྔ་ཤེས་རབ་འབྱུང་གནས་སམ། དབོན་ཤེས་རབ་འབྱུང་གནས། འབྲི་གུང་གླིང་པ། འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས། ཤེས་རབ་འབྱུང་གནས། སོགས་ཁོང་གི་མཚན་གྱི་རྣམ་གྲངས་སོ།།

དེ་ཉིད་སྤྱི་ལོ༡༢༡༩ལོ་ནས། སྤྱི་ལོ༡༢༢༥ལོའི་བར་ལོ་བདུན་རིང་སྟོད་མངའ་རིས་ཕྱོགས་སུ་བཞུགས་པའི་རིང་མཛངས་ཏིལ་ཆེན་དགོན་ཕྱག་བཏབ། དགོན་དེ་ནི་དཔལ་རྒྱལ་བ་འབྲི་གུང་བཀའ་བརྒྱུད་ཀྱི་ལོ་རྒྱུས་ལྡན་པའི་དགོན་རྙིང་ཞིག་ཡིན། དགོན་པ་དེ་ཆགས་ས་ནི། མཛངས་ཡུལ་ནས་གྱེན་དུ་ཆུ་ཚོད་གཅིག་ལྷག་ཙམ་གྱི་སར་ཆགས་ཡོད། ད་ལྟའི་སྐབས་སུ་སྔར་གྱི་དགོན་ཤུལ་དང་མཆོད་རྟེན་སོགས་མཇལ་རྒྱུ་ཡོད་པ་མ་ཟད་དེའི་ཁུལ་ལ་སྒྲུབ་གྲྭ་ཡང་མང་པོ་ཡོད། དུས་ནི་དུས་རབས་བཅོ་ལྔ་ཡས་མས་སུ་ཡིན་པར་གྲགས། མཛངས་ཏིལ་ཆེན་དགོན་ནི་སྒྲུབ་གྲྭའི་དགོན་པ་ཞིག་ཡིན་སྙམ། གང་ཡིན་ཟེར་ན། དགོན་པ་དེའི་ཆགས་སྟངས་ནི་གྲོང་གསེབ་ནས་ཐག་ཅུང་ཙམ་རིང་བ་དང་གནས་དབེན་པ་ཡིན་ཞིང་།བྲག་རིའི་བར་མཚམས་ལ་གནས་ཡོད་སྟབས་ལུས་སེམས་གཉིས་ལ་མཁོ་བའི་གནས་དབེན་པའི་སྒྲུབ་གྲྭ་ཞིག་ཡིན་སྙམ།དགོན་པ་དེའི་གཡས་གཡོན་ལ་སྒོམ་ཕུག་མང་ཙམ་ཡོད་པ་དང་དམིགས་བསལ་དུ་དགོན་པའི་གཡས་རི་སྒང་ལ་སྒོམ་ཕུག་རྙིང་པ་ཞིག་མཇལ་རྒྱུ་ཡོད། སྒོམ་ཕུག་དེའི་ནང་དུ་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་ལོ་ངོ་དུ་མ་རིང་སྒོམ་སྒྲུབ་ཉམས་ལེན་གནང་ཞིང་། དེ་བཞིན་ཀླུ་སྒྲུབ་གཉིས་པ་འབྲི་གུང༧སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་ཐུགས་སྲས་སྤྱན་སྔ་ཤེས་རབ་འབྱུང་གནས་དང་གྲུབ་ཐོབ་སེངྒེ་ཡེས་ཤེས་ལ་སོགས་པའི་འབྲི་གུང་གི་གྲུབ་ཐོབ་མང་པོས་སྒོམ་སྒྲུབ་ཉམས་ལེན་གནང་བ་གྲགས། དུས་ཕྱིས་སུ་འབྲི་གུང་༧སྐྱབ་མགོན་ཆེ་ཚང་ཡི་བཞིན་ནོར་བུ་མཆོག་གིས་མཚམས་ཕུག་ཁ་ཤས་གསར་བསྐྲུན་གནང་ནས་སྒྲུབ་གྲྭ་རྒྱ་བསྐྱེད་གནང་། ད་ལྟ་ཡང་མཚམས་ཕུག་ཁ་ཤས་མཇལ་རྒྱུ་ཡོད། དེ་ལྟར་གླེ་མི་སེར་སྐྱ་ཐུན་མོང་ནས་བགྲོ་གླེང་རབ་དང་རིམ་པའི་འོག ཏིལ་ཆེན་དགོན་པ་ནི་མཛངས་ཡུལ་ནས་ཅུང་ཙམ་ཐག་རིང་ཞིང་།ཏིལ་ཆེན་དགོན་པ་ནི་གཙོ་བོ་སྒྲུབ་གྲྭ་ཞིག་ཡིན། དགུན་དུས་ཁ་བ་འབབ་ཚད་མང་པས་འགྲུལ་བཞུད་སྟབས་བདེ་མེད་ལ།དབྱར་དུས་འཐུང་ཆུ་དཀོན་པ་སོགས་མཐུན་རྐྱེན་ཉུང་བ་འགལ་རྐྱེན་མང་བ་ལ་བརྟེན་ནས་སྒྲུབ་གྲྭ་དང་རྒྱུད་གྲྭ་གཉིས་སོ་སོར་དགོས་གལ་ཆེ་བ་དགོངས། རྒྱུད་གྲྭ་ནི་ཡུལ་མི་རྣམས་ཀྱིས་ཕྱག་མཆོད་བྱེད་ས་དང་ཡུལ་གྱི་སྤྱི་རིམ་ཚོགས་ས།ཆོས་དང་རིག་གནས་ཁག་ལ་གྲོས་མོལ་གནང་སའང་ཆགས་ཡོད།

དེ་ལྟར་ན་ཏིལ་ཆེན་དགོན་པས་གཤམ་གྱི་གྲོང་ཚོའི་འགྲམ་དུ་གསར་བསྐྲུན་གནང་རྒྱུ་མང་མོས་ཀྱིས་ཐག་གཅོད་བྱས། བླ་མ་བསམ་འབྱོར་གཙོ་པའི་སྐྱ་སེར་ཡོངས་ནས་མཛངས་དགོན་འཕེལ་རྒྱས་གླིང་ཞེས་གསར་བསྐྲུན་གནང་། འཕེལ་རྒྱས་གླིང་ཞེས་པའི་མིང་འདོགས་དགོས་དོན་ནི། ཏིལ་ཆེན་དགོན་པ་ལས་འཕེལ་བ་ན་འཕེལ་རྒྱས་གླིང་ཞེས་གྲགས་སོ།

ནང་རྟེན་གཙོ་བོ་ནི། དགོན་རྙིང་ཏིལ་ཆེན་གྱི་རྟེན་གསེར་ཟངས་ལི་ལས་གྲུབ་པའི་རྡོ་རྗེ་འཆང་དང་སྟོན་པ་བཅོམ་ལྡན་འདས་སྨན་སྐུ།གཞན་ཡང་སྐུ་རྟེན་མང་པོ་བཞུགས་ཡོད།གསུང་གི་སྐོར་ལ་བཀའ་བསྟན་སོགས་ནང་བསྟན་གྱི་ཕྱག་དཔེ་གྲངས་ཀྱིས་མི་ལང་པ་བཞུགས་སོ།

ཏིལ་ཀུན་འཛོམས་མདོ་སྔགས་ཆོས་གླིང་ནི།  ཏིལ་ཀུན་འཛོམས་མདོ་སྔགས་ཆོས་གླིང་ནི་འབྲི་གུང་གི་བླ་མ་ཀུན་འཛོམས་ཀྱིས་དུས་རབས་བཅུ་གཉིས་ཡས་མས་སུ་ཕྱག་བཏབས་པའི་དགོན་རྙིང་ཞིག་ཡིན། དགོན་པའི་མཚན་ཡང་ཕྱག་འདེབས་པ་པོ་དང་ཡུལ་ལ་བརྟེན་ནས་ཏིལ་ཀུན་འཛོམས་མདོ་སྔགས་ཆོས་གླིང་ཞེས་གྲགས། ནང་རྟེན་གཙོ་བོ་ནི། གསུང་འབྱོན་བཀྲིས་འོད་འབར་ཞེས་སྟོན་པ་བཅོམ་ལྡན་འདས་གསུང་བརྗོད་པ་དང་ཡེ་ཤེས་ཀྱི་སྲུང་མ་ཨ་མགོན་གཉིས་བཞུགས་སོ།།

གླེ་མིའི་འཚོ་བ།

གླེ་མི་མཛངས་ཀྱི་འཚོ་བ་།གཙོ་བོ་ཞིང་འབྲོག་གཉིས་གཉེར་པ་དང་སྟོད་མངའ་རིས་ལན་ཚྭའི་གཏེར་ལ་བརྟེན་ནས་བརྗེ་ཚོང་བྱེད། དམིགས་གསལ་གྱི་གླེ་མིའི་གངས་རི་ལྷ་ཕོར་ཞེས་པའི་སྐད་གྲགས་ལ་བརྟེན་ནས་ཚོང་ལས་གཉེར་གྱི་ཡོད།གླེ་མི་ནི་ས་མཐོ་བ། གྲང་ངར་ཤུགས་ཆེ་བའི་རྐྱེན་པས་དགུན་དུས་གངས་འབབ་ཆེ་ཞིང་། པད་ཚལ་མང་པོ་སྨིན་གྱིན་མེད། ཞིང་པ་རྣམས་དམའ་སར་ས་རྡོ་ཤིང་གསུམ་གྱི་བསྐྲུན་པའི་ཁང་པར་གནས་སྡོད་བྱེད་པ་དང་། གྱོན་གོས་ནི་བལ་ལས་བསྐྲུན་པའི་སྣམ་ཕྲུག་ཐེར་མ་སྲབ་མཐུག་སྣ་ཚོགས་གྱོན། ས་ཆུའི་མཐུན་རྐྱེན་ལེགས་པས་འབྲུ་རིགས་གྲོ། ནས། སྲན། འབྲས། ཏིལ་སོགས་སྣ་ཚོགས་སྨིན ཞིང་།རྩམ་པ་ནི་རྒྱུན་སྤྱོད་ཀྱི་ཟོས་ཤིག་ཡིན། གཞན་ཡང་ཤ་མར། འོ་ཞོ། སྔོ་ཚལ་སོགས་འཚོ་བའི་མཐུན་རྐྱེན་འདོད་བློ་ཁེངས་ངེས་ཡོད། ཞིང་འབྲོག་གཉིས་ཀར་གསེར་དངུལ་དང་། གཡུ། བྱུར་སོགས་རྒྱན་ཆའི་རིགས་ཡུལ་ལུང་སོ་སོར་བཟོ་དབྱིབས་འདྲ་མིན་སྣ་ཚོགས་འདོགས་སྲོལ་ཡོད།

བུ་མོའི་ཉིན་རེའི་བྱེད་ལས་ནི། ཁང་པ་སྟངས་འཛིན་བྱེད་པ་དང་། ཁྱིམ་གཙང་མ་བཟོ་བ། ཟ་མ་བཟོ་བ། འཐུང་ཆུ་ལེན་པ། མཚམས་རེར་རི་ལ་མེ་ཤིང་འཐུ་རུ་འགྲོ་བ། ཞིང་ཁར་ཆུ་འདྲེན་པ་སོགས། མདོར་ན་ནང་ལས་ཆེ་ཆུང་ཚང་མ་འགན་འཁྱེར་གྱིན་ཡོད་། བུའི་ཉིན་རེ་བྱེད་ལས་གཙོ་བོ་ནི། ཚོང་ལས་གཙོ་བོ་གནང་གི་ཡོད། དགུན་དུས་སུ་རྒྱ་གར་དང་མངའ་རིས་ཕྱོགས་སུ་ཕྱིན་ནས་གངས་རི་ལྷ་ཕོར་འགྲུག་ཏུ་འགྲོ་གིན་ཡོད་དཔྱིད་ཀ་ཕོར་པ་ནང་ལ་འཁྱེར་ནས་ཚོན་རྩི་བཏང་ནས་སྟོད་མངའ་རིས་སྤུ་ཧྲེངས་ལ་ཚོང་དུ་འགྲོ་གིན་ཡོད། དཔྱིད་ཀ་དང་དབྱར་དུས་སུ་རྡོ་ལས་དང་ཁང་ལས་བཟོ་བཅོས་སོགས་གནང་གི་ཡོད། མཚམས་རེར་ཤིང་བཟོ་དང་ལག་ཤེས་སོགས་དངོས་པོ་མང་པོ་བཟོ་ཡི་ཡོད།

སྤྱིར་གླེ་མིའི་གཤིས་ཀ་ནི་མི་ཡ་རབས་སྤྱོད་བཟང་དང་གཤིས་ཀ་འཇམ་ཞིང་ཆོས་དད་ཆེ་བ་ཞིག་ཡིན། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལ་དད་པ་ཤིན་ཏུ་ཆེ། རྩ་བའི་ཆ་ནས་སྐད་རིགས་དང་རིག་གཞུང་ནི། བོད་ཀྱི་རིག་གཞུང་དང་གཅིག་མཚུངས་ཡིན། ལྷག་པར་དུ་སྟོད་མངའ་རིས་ལུགས་སྲོལ་དང་གཅིག་མཚུངས་ཡིན། སྟོད་མངའ་རིས་ནང་གསེས་ལའང་སྐད་རིགས་དང་རིག་གཞུང་མི་འདྲ་བ་དུ་མ་མངོན།

གླེ་མི་ནི་དེང་རབས་ཀྱི་ཚན་རིག་དང་། འཕྲུལ་ཆས་དར་རྒྱས་སོང་བའི་ཡུལ་གཞན་ལྟར་མཁོ་སྤྱད་ཕུན་སུམ་ཚོགས་པ་མེད་ཀྱང་། རང་སའི་ཐོན་ཁུངས་ཀྱིས་རང་མི་རྣམས་རང་མགོ་ཐོན་ངེས་ཡོད་པ་མ་ཟད། མ་བཅོས་ལྷུན་གྱིས་གྲུབ་པའི་ཡུལ་གྱི་བཀོད་པ་མཛེས་སྡུག་ལྡན་ལ། གནམ་གཤིས་དྲོད་གྲང་སྙོམས་པ། བརླན་གཤེར་ཆུང་བ། ས་ཆུ་རླུང་གསུམ་ཤིན་ཏུ་གཙང་བས་འགྲོ་བ་མི་དང་། སྲོག་ཆགས་སེམས་ཅན་རྣམས་ཀྱི་ལུས་སེམས་བདེ་བ་སྟེར་བའི་རང་བྱུང་གི་གསོ་སྨན་མཆོག་ཏུ་གྱུར་པའི་ཡུལ་ཁམས་ཤིག་ཡིན། གླེ་མི་ལ་མི་འབོར་སྡོམ༢༠༠༠ཡས་མས་སུ་ཡོད། དེང་གི་ཆར་གླེ་མི་ཁ་ཤས་བལ་ཡུལ་དང་ཡུལ་གྲུ་གཞན་ལ་གནས་པ་མང་ངོ་།།