ནང་དོན་གནད་བསྡུས།

རྩོམ་འདིའི་ནང་དུ། སྤྱི་ལོ་༡༩༠༤ལོར་དབྱིན་ཇིའི་དམག་གིས་ལྷ་སར་བཙན་འཛུལ་བྱས་པས་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ཕྱི་སོག་ལ་བཙན་བྱོལ་དུ་ཕེབས་ཤིང་། དེ་རྗེས་ཀན་སུའུ་བརྒྱུད་མཚོ་སྔོན་དུ་ཕེབས་པ་དང་། སྤྱི་ལོ་༡༩༠༧ལོར་སྐུ་འབུམ་དུ་བཞུགས་སྐབས་ཀྱི་གནས་ཚུལ་གལ་འགངས་ཆེ་བ་སྐོར་ཞིག་ལ་དབྱེ་ཞིབ་དང་། བོད་དུ་ལུགས་སྒྱུར་གནང་སྐབས་འཕྲད་པའི་གནད་དོན་སྐོར་ཞིག་གི་རྒྱུ་རྐྱེན་ཐད་ལ་བསྐྱར་དུ་དཔྱད་འཇོག་དང་ཉམས་ཞིབ་རོབ་ཙམ་བྱས་ཡོད།

བརྡ་ཆད་གཙོ་བོ།

རྒྱལ་དབང་བཅུ་གསུམ་པ།  ཆིན་སྲིད་གཞུང་།   ལྐོག་ཇུས།   ལུགས་སྒྱུར།   གནད་དོན།

 

རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ནི།  རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ཁྲོད་ནས་མཛད་རྗེས་ཆེས་ཆེ་བའི་སྐུ་ཕྲེང་ཞིག་ཡིན་ལ། བོད་ཀྱི་ཆོས་སྲིད་གཉིས་ཆར་དང་ལྷག་པར་སྲིད་ལུགས་ཀྱི་ཐད་ལ་གཟིགས་རྒྱང་ཤིན་ཏུ་རིང་ཞིང་། སྐུ་ཚེགས་དཔེ་མེད་མྱངས་པ་དང་སྟོབས་ཤུགས་ཡོད་ཚད་ཕུལ་པའི་བོད་ཀྱི་ཉེ་རབས་ལོ་རྒྱུས་སྟེང་གི་སྐྱེས་བུ་རླབས་ཆེན་ཞིག་ཀྱང་ཡིན།  ཁོང་ནི་སྤྱི་ལོ་༡༨༧༦ལོར་བོད་ལྗོངས་དྭགས་པོ་རུ་སྐུ་འཁྲུངས་ཤིང་།  སྤྱི་ལོ་༡༨༩༥ལོར་ཆོས་སྲིད་ལུགས་གཉིས་ཀྱི་མཛད་འཕྲིན་སྐྱོང་བའི་དབུ་བརྩམས།  སྤྱི་ལོ་༡༩༠༤ལོར་དབྱིན་ཇིས་བོད་དུ་དཔུང་འཇུག་བྱས་པ་སོགས་ལ་བརྟེན་ནས་ཕྱི་སོག་ལ་བཙན་བྱོལ་དུ་ཕེབས་པ་དང་།  སྤྱི་ལོ་༡༩༡༠ལོར་མན་ཇུའི་དམག་གིས་བོད་ལ་བཙན་འཛུལ་བྱས་པ་ལ་བརྟེན་ནས་རྒྱ་གར་དུ་ཡུལ་བྱོལ་ལ་ཕེབས། སྤྱི་ལོ་༡༩༡༢ལོར་ཕྱིར་བོད་ཡུལ་དུ་ཕེབས་ཏེ་ལུགས་སྒྱུར་གྱི་མཛད་འཕྲིན་སྣ་ཚོགས་ཀྱི་དབུ་བརྩམས།

དེའི་སྐོར་ཅུང་ཞིབ་མོ་ནི་དེ་སྔ་ཁོ་བོས་བྲིས་པའི་«དུས་རབས་ཉི་ཤུ་བའི་བོད་ཀྱི་ལུགས་སྒྱུར་མཁན་པོ་རྣམ་གཉིས་»(«ཀྲུང་གོའི་བོད་ཀྱི་དྲ་བ»ཞེས་པར་གསལ།)ཞེས་པའི་རྩོམ་ཡིག་ནང་བྲིས་ཡོད་སྟབས་འདིར་བསྐྱར་ཟློས་མ་བྱས་པས་ཤེས་འདོད་ན་དེར་བལྟ་བར་འཚལ།

གཤམ་དུ་ཁོང་ཕྱི་སོག་ནས་བོད་་ཡུལ་དུ་ཕེབས་པའི་ལམ་བར་གྱི་གནས་ཚུལ་གལ་འགངས་ཆེ་ཤོས་སྐོར་ཞིག་དང་།  བོད་དུ་ལུགས་སྒྱུར་གནང་སྐབས་ཕྲད་པའི་གནད་དོན་སྐོར་ཞིག་གི་རྒྱུ་རྐྱེན་ཐད་ལ་བསྐྱར་དུ་དབྱེ་ཞིབ་དང་དཔྱད་འཇོག་ཅུང་ཙམ་བགྱི་བར་འདོད་དོ།།

རྒྱལ་དབང་མཆོག་གིས་ཁལ་ཁ་དང་ཆ་ཧར་སོགས་ནས་སེར་སྐྱ་བགྲང་ལས་འདས་པར་བཀའ་ཆོས་མང་དུ་བསྩལ་ཅིང་།  བསྒྲུབ་བྱ་ཁྲི་ལྷག་དགེ་ཚུལ་གྱི་བསླབ་པ་ལ་བཀོད་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་ཆེན་མང་དུ་བསྐྱངས་རྗེས། གཅིག་ནས་རྗེ་བཙན་དམ་པའི་སྤྲུལ་སྐུའི་བྱེད་བབ་ཅུང་ཟད་མ་ལེགས་པ་དང་།  གཉིས་ནས་བོད་གཞུང་གི་སྐུ་ཚབ་དང་གདན་ས་གསུམ་གྱི་མཐུས་མི་བཅས་ཀྱི་གདན་ཞུ་འབྱོར་བ་བཅས་ལ་བརྟེན་ནས་ཀན་སུའུ་ཡི་ས་ཐོག་བརྒྱུད་དེ་ཟི་ལིང་དུ་ཕེབས་ཤིང་།  དེ་ནས་བསུ་བ་རྒྱ་ཆེན་པོ་དང་བཅས་རྒྱལ་བ་གཉིས་པའི་འཁྲུངས་ཡུལ་སྐུ་འབུམ་བྱམས་པ་གླིང་དུ་ཕྱག་ཕེབས།  སྐུ་འབུམ་དུ་བགྲང་བྱ་གཅིག་ལྷག་བཞུགས་པའི་རིང་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་ལས་«ལམ་རིམ»སོགས་ཀྱི་སྐོར་དང་དཔའ་རིས་རབ་གསལ་ཚང་ལས་«སྙན་ངག་མེ་ལོང་»དང་སྒྲ་རིག་པ་སོགས་ལ་གསན་བཞེས་གནང་།  ཞར་དུ་སྐུ་འབུམ་དགོན་པའི་སྒྲིག་ལམ་སོགས་ལ་ཏག་ཐེར་དང་ལས་སྣེ་སྐོ་བཞག་སོགས་མཛད།  དེ་རྗེས་རྗེ་བཙུན་བརྟན་པའི་འཁོར་ལོའི་གནས་མཆོག་རི་བོ་རྩེ་ལྔར་གནས་གཟིགས་སུ་ཕེབས་ཤིང་།   དེར་བཞུགས་པའི་རིང་ཨ་རིའི་གཞུང་ཚབ་དང་འཇར་མན་དང་ཉི་ཧོང་།   ཨུ་རུ་སུ་སོགས་ཀྱི་མི་སྣ་དུ་མར་མཇལ་འཕྲད་གནང་།  སྐབས་དེར་གོང་མ་ཀོང་ཞི་དང་རྒྱལ་ཡུམ་ཚི་ཞི་གཉིས་ཀྱིས་ནན་གྱིས་གདན་ཞུ་གནང་བ་ལྟར་པེ་ཅིན་དུ་ཕེབས་ཏེ་ཕན་ཚུན་མཚམས་ཞུ་དང་ལེགས་སྐྱེས་འབུལ་རེས་གནང་ཞིང་།  བོད་ཀྱི་ལས་དོན་སྐོར་ལ་གསུང་གླེང་ཞིབ་རྒྱས་གནང་།

སྐབས་དེར་བོད་ཀྱི་སྐོར་དང་ཁོང་ལ་ཕེབས་བསུ་དང་རྗེས་མའི་འབྲེལ་ལམ་བྱེད་ཕྱོགས་སོགས་ཀྱི་ཐད་ལ་དགའ་སྐྱོའི་ཚོར་སྣང་ཅི་རིགས་བྱུང་བ་སྟེ།  «དེབ་ཐེར་གཡུ་ཡི་ཕྲེང་བ་»རུ་“སྔོན་རྩིས་ལྟར་ན་ཟླ8ཚེས6ཉིན་གོང་མ་ཡུམ་སྲས་རྣམ་གཉིས་ནས་མཇལ་འཕྲད་གནང་རྒྱུ་ཡིན་རུང་།  གོང་མ་དང་ཡུམ་ཚི་ཞི་ཐའེ་ཧུས་ཏྰ་ལའི་བླ་མར་མཇལ་འཕྲད་གནང་སྐབས་གུས་བཀུར་ཞུ་ལུགས་སྐོར་རྩོད་པ་ཆེན་པོ་བྱུང་སྟེ་མཇལ་འཕྲད་ཀྱི་དུས་ཚོད་ནར་འགྱངས་ཀྱིས་མཐར་ཚེས་20ཉིན་མཇལ་འཕྲལ་གནང་རྒྱུ་གཏན་འཁེལ་མཛད”① ཅེས་ཆིན་སྲིད་གཞུང་གིས་༧གོང་ས་མཆོག་གི་ཕེབས་བསུའི་སྐོར་ལ་བསླངས་པའི་རྩོད་རྙོག་སོགས་གནས་ཚུལ་མདོར་བསྡུས་རེ་བཤད་ཡོད།  ཡིན་ན་ཡང་«བླ་མ་རིན་པོ་ཆེ་ཤར་གདོང་ཚང་ལ་བཅར་འདྲི་བྱས་པའི་ཟིན་ཐོ»ཞེས་པ་ལས་དེའི་སྐོར་ཅུང་ཞིབ་མོར་འཁོད་འདུག་སྟེ། «ཁོང་﹙རྒྱལ་དབང་བཅུ་གསུམ་པ﹚པེ་ཅིན་ཏུ་ཕེབས་དུས་ཚི་ཤིས་ཐེ་ཧུག་གིས་རྒྱལ་དབང་ཚང་ལ་ཞེ་དྲག་མཐོང་ཆུང་བྱས་འདུག  ཧ་ལམ་བཟང་བཙོན་གྱི་ཚུལ་དུ་བཞུགས་པ་ཡིན་ཤག་རེད།  རྒྱལ་དབང་བཅུ་གསུམ་པས་མི་འདོད་ནའང་ཚི་ཤིས་ཐེ་ཧུག་ལ་ཕྱག་འཚལ་དགོས་པ་ལ་སོགས་བརྙས་བཅོས་ཚད་མེད་བྱས་པས། ག་ཤེད་ཅིག་ལ་རྒྱལ་དབང་བཅུ་གསུམ་པས་ཐར་ཐབས་ཙམ་བྱས་ནས་བྲོས་འོངས་པ་རེད་འདུག ”② ཅེས་གསལ། 

མཚམས་འདིར་ཁོ་བོ་ཅུང་ངོ་མཚར་བ་ཞིག་ནི།  སྐབས་དེར་ཆིན་སྲིད་གཞུང་ནང་ཁུལ་གྱི་ལུགས་སྒྱུར་བསམ་བློའི་རླབས་རྒྱུན་ཅུང་ཟད་འཇགས་ཡོད་ན་ཡང་། ནང་ལོགས་ས་ཆ་སོ་སོ་ན་རྒྱ་ནག་མི་དམངས་ཀྱིས་མན་ཇུའི་རྒྱལ་ཁབ་ལ་གྱེན་ལོག་བྱེད་པའི་ལས་འགུལ་བསྟུད་མར་ལངས་ཏེ་མན་ཇུའི་སྲིད་གཞུང་དེ་ཧ་ཅང་ཉེན་ཁའི་གནས་སུ་ལྷུང་སྟེ་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར་ཡོད་པའི་གནས་ཚུལ་དེ་རྒྱལ་དབང་བཅུ་གསུམ་པ་སྟོན་འཁོར་རྣམས་ཀྱིས་མ་གསན་པའམ་ཅི་སྟེ།  གང་ལྟར་ཆིན་སྲིད་གཞུང་ལ་རེ་བ་དེ་འདྲ་ཆེན་པོ་ཞིག་འཆང་དོན་ནི་ཅུང་ངོ་མཚར་བ་ཞིག་གོ་སྙམ། 

རྒྱལ་དབང་མཆོག་གིས་གོང་མ་ཀོང་ཞི་དང་རྒྱལ་ཡུམ་ཚི་ཞི་གཉིས་ལ་བོད་ཀྱི་བྱ་བ་གལ་འགངས་ཤིན་ཏུ་ཆེ་བས་ཕྱིན་ཆད་ཨམ་བྷན་བརྒྱུད་མ་དགོས་པར་ཐད་ཀར་གོང་མར་སྙན་སེང་ཞུས་ཚེ་ཕན་ཚུན་གཉིས་ཀར་ཕན་ཆ་ཆེ་བས།  དེ་ལྟར་ཆོག་མིན་བཀའ་གསུང་བསྩལ་པར་སྐབས་དེར་ལན་གང་ཡང་མ་བྱུང་།  དེའི་རྗེས་ཀྱི་གནས་ཚུལ་ནི་«གཡུ་ཕྲེང»ལས། “དེ་རྗེས་ལི་ཧན་ཡིན་ཞེས་པའི་ལས་ཁུངས་ཀྱིས་ཏྰ་ལའི་བླ་མ་མཆོག་ལ་ཡིག་ཐོག་ནས་བརྡ་ཐོ་ཕུལ་པར“གོང་མའི་བཀའ་བཞིན་ཏྰ་ལའི་བླ་མས་རྒྱལ་ཡུམ་ཧོང་ཐའི་ཧུའི་འཁྲུངས་སྐར་ཐོག་གུས་འདུད་ཆེན་པོ་ཞུས་པས་བདག་རྐྱེན་གནང་འོས་ཤིང་། བོད་དུ་ཕྱིར་ཕེབས་རྗེས་བདག་པོའི་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་ལ་བརྩི་སྲུང་སྔར་ལས་ནན་ཏན་ཆེ་བ་བྱེད་པའི་རེ་བ་ཡོད།  བྱ་བ་ཚང་མ་གོང་མར་ཐད་ཀར་གསེར་སྙན་མ་སྒྲོན་པར་བོད་བཞུགས་ཨན་བན་བརྒྱུད་དེ་ཞུས་ཐོག་བཀའ་ལན་སྒུག་དགོས། དེ་དོན་ཡིད་འཇགས་གྱིས།”ཞེས་ཟེར་བས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཆོག་ཆིན་ཀྲུང་དབྱངས་སྲིད་གཞུང་ལ་ཐུགས་ཡིད་ཡོངས་སུ་ཆད་དེ་ཐུགས་བློ་མི་བདེ་བར་གྱུར།”③ ཅེས་གསལ་བ་བཞིན། དེ་ནས་བཟུང་རྒྱལ་དབང་བཅུ་གསུམ་པ་མཆོག་དང་ཆིན་སྲིད་གཞུང་བར་ཕན་ཚུན་ཡིད་ཆེས་ཤོར་ཞིང་ཞེ་འགྲས་སུ་གྱུར་པའི་འགལ་བ་ཆེན་པོ་ཞིག་གི་མགོ་བརྩམས་ཡོད།

འདིའི་སྐོར་ལ་གོང་གསལ«ཟིན་ཐོ»དེ་ལས། “མན་ཇུ་སྲིད་གཞུང་གིས་ད་ནས་བཟུང་རྒྱལ་དབང་བཅུ་གསུམ་པའི་མཚན་གནས་﹚‘ཏྰ་ལའི་བླ་མ’ཞེས་པའི་གོ་ས་བླངས་ཟིན་པ་ཡིན་ཞེས་ཕྱོགས་ཡོངས་སུ་བསྒྲགས་པ་རེད། ཡིན་ན་ཡང་། བོད་དང་སོག་པོའི་ཡུལ་དུ་མན་ཇུ་སྲིད་གཞུང་གིས་བསྒྲགས་པའི་བཀའ་ཡིག་ལྟར་ངོས་ལེན་བྱེད་མཁན་གཅིག་ཀྱང་མི་འདུག  དང་ཐོག་མན་ཇུ་སྲིད་གཞུང་གི་སེམས་ལ།  མན་ཇུ་སྲིད་གཞུང་གིས་མངའ་འོག་གི་བློན་ཆེན་དང་། དཔོན་ཆེན་ཚོའི་གོ་གནས་ལེན་པ་ནང་བཞིན་གསལ་བསྒྲགས་བྱས་ཚར་རྗེས་རྒྱལ་དབང་བཅུ་གསུམ་པ་ལའང་ཐོབ་ཐང་གང་ཡང་ཡོད་རྒྱུ་མ་རེད་བསམས་ཡོད་ས་རེད།  ཕྱིས་སུ་བཀའ་ཡིག་དེས་རྒྱལ་དབང་བཅུ་གསུམ་པ་ལ་ཐེ་གཏོགས་གང་ཡང་ཐོན་མེད་པ་ཤེས་རྗེས།  མན་ཇུ་སྲིད་གཞུང་གིས་ཡང་བསྐྱར་རྒྱལ་དབང་བཅུ་གསུམ་པ་ལྐོག་ནས་བགྲོང་རྒྱུའི་ལས་གཞི་ཆེད་དུ་རྩ་འཛུགས་བྱས། ལས་གཞི་དེ་འགན་འཁུར་མཁན་གཙོ་བོ་ནི།  ཟི་ལིང་ཨམ་བྷན་དང་སྐུ་འབུམ་གྱི་བླ་མ་གཉིས་རེད་འདུག ”④ ཅེས་འཁོད་ཡོད་པ་དང་། རྒྱལ་དབང་བཅུ་གསུམ་པའི་རྗེས་ཀྱི་མཛད་ཕྱོགས་ལ་གཞིགས་ན་གོང་གསལ་གནས་ཚུལ་འདི་ནི་ཕལ་ཆེར་དོན་དངོས་ལོས་ཡིན་བསམས།

«མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ»སོགས་ལས་རྒྱལ་དབང་བཅུ་གསུམ་པ་སྐུ་འབུམ་དུ་བཞུགས་པའི་བར་སྐབས་ཤིག་ལ་ཆོས་རྗེ་དོན་རིན་པོ་ཆེའི་གདན་ས་བྱ་ཁྱུང་དགོན་པར་ཕེབས་ཚུལ་འཁོད་ཡོད་པ་དང་།  ཕེབས་རྐྱེན་ནི་གནས་མཇལ་གནང་བའི་ཆེད་ཁོ་ན་ཡིན་པར་བཤད་ཡོད།  ཡིན་ན་ཡང་གོང་གསལ་«ཟིན་ཐོ»དེ་ལས་རྒྱལ་དབང་མཆོག་བྱ་ཁྱུང་དུ་ཕེབས་རྐྱེན་སྐོར་ལ་འདི་ལྟར་གསུངས་ཡོད་དེ། “རྒྱལ་དབང་བཅུ་གསུམ་པ་སྐུ་འབུམ་དུ་བཞུགས་སྐབས་མཚན་ཞིག་ལ་གློ་བུར་དུ་སྐུ་འབུམ་དགོན་པའི་སྐོར་ལམ་ཡོངས་རྫོགས་དམག་གིས་བསྐོར་པའི་གནས་ཚུལ་བྱུང་བས།  རྒྱལ་དབང་བཅུ་གསུམ་པ་གཙོས་དྲུང་འཁོར་དང་བླ་སྤྲུལ་སོགས་ཀྱིས་འཇིགས་སྣང་ཆེན་པོ་སྐྱེས་ཏེ་ཅི་བྱ་གཏོལ་མེད་དུ་གྱུར།  དེ་ནས་རྒྱལ་དབང་ཚང་གིས་བླ་མ་རྣམས་ལ་ད་ནི་དངོས་ནས་མཐུ་སྟོབས་དང་ནུས་པ་ཅན་ཡོད་ན་བཀོལ་རན་རེད་གསུངས་པས།  ཚང་མས་ཁ་གྲགས་རྒྱུ་མེད་པར་ཁ་རོག་གེར་བཞུགས་པ་ལ།  བདེ་ཡངས་བློ་བཟང་བསྟན་འཛིན་ནོར་བུ་ཡར་བཞེངས་ཏེ་འདི་བཟློག་པ་དེ་འདྲའི་དཀའ་བ་མིན་གསུངས་ཏེ་གཏོར་མ་མཐོ་གང་བཟོས་ནས་དམིགས་སྒོམ་དང་བཅས་འཕངས་པ་ན།  གང་འཚམས་ཤིག་ནས་དགོན་པའི་ཕྱི་སྐོར་ནས་དམག་མི་མང་བོས་འུར་ལངས་པ་བྱུང་།  མཚམས་ཤིག་ལ་ཅི་ཡིན་འདི་ཡིན་མིན་པར་སྐུ་འབུམ་གྱི་བླ་མ་དམག་དཔོན་དེ་བཀྲོངས་སོང་ཞེས་ཚང་མས་སྐད་བརྒྱབ་པ་ཐོས།  དེའི་བར་ནས་རྒྱལ་དབང་བཅུ་གསུམ་པ་སྐུ་འཁོར་ཉུང་ཤོས་ཤིག་ཕྱི་ལོགས་སུ་ཐར་ཙམ་བྱས།  དེ་ནས་གསང་སྟབས་ཀྱིས་བྱ་ཁྱུང་ལ་མཚན་བརྒྱབ་ནས་ཕེབས་འོང་བ་རེད་ཟེར། ”⑤ ཞེས་སོ། །

«ཟི་ལིང་ཨམ་བན་ནས་ལམ་གྱི་འདུ་འགག་ཏུ་བཀྲམ་པའི་རྒྱ་བོད་ཤན་སྦྱར་ཁྲིམས་འདོམས་ཡི་གེ་»ཞེས་པ་ལས། “ཏྰ་ལའི་བླ་མ་སངས་རྒྱས་བསྟན་པ་ཡོངས་ཀྱི་བདག་པོར་བརྟེན། ཞིང་ཆེ་ཆུང་ཚང་མའི་དགོན་སྡེ་རྣམས་ནས་སྒྲིག་ལམ་ཁུར་མུས། དེང་སྐབས་གོང་མ་ཆེན་པོའི་བཀའ་དོན་བཞིན་ཟི་ལིང་དུ་ཕེབས་ནས། སྐུ་འབུམ་ལ་བཞུགས་འཇགས་མཛད་པ་ཡིན།་་་་་་དེང་སྐབས་ཞིབ་ན་མི་ངན་ཁ་ཤས་ནས་བར་དུ་དོན་མེད་དཀྲོག་རྐྱེན་ཅི་རིགས་ཀྱིས་ཆོས་ཁྲིམས་དང་། རྒྱལ་ཁྲིམས་ལམ་ལུགས་གང་དང་ཡང་མི་མཐུན་པ་ཧ་ཅང་ཚབས་ཆེ་བའི་བཀའ་ཁྲིམས་ལ་རྩི་མེད་སྣ་ཚོགས་བྱུང་བར་བརྟེན།་་་་་་”⑥ ཞེས་འཁོད་པར་དཔག་ན་གོང་གསལ་གནས་ཚུལ་འདི་ནི་ཕལ་ཆེར་བདེན་པར་སྣང་།

སྐུ་འབུམ་གྱི་བླ་མ་དམག་དཔོན་དེ་བཀྲོངས་རྐྱེན་སྐོར་ལ་ཡང་«ཟིན་ཐོ»དེ་ལས“ལ་ལས་དེའི་དགུང་མོ་བོད་ཀྱི་དམག་དཔོན་ཞིག་ཡོད་པ་དེས་གནས་ཚུལ་ངོ་མ་ཤེས་ནས་ལྐོག་ཏུ་བགྲོངས་པ་རེད་ཟེར།  ཡང་སྐོར་ཞིག་གིས་བླ་མ་དམག་དཔོན་དེའི་ཞབས་ཕྱི་བ་ཞིག་གིས་བགྲོངས་ཀྱང་ཟེར།”⑦ ཞེས་འབྱུང་ཞིང་།  ཁོ་བོས་ཕལ་ཆེར་བླ་མ་དེའི་ཞབས་ཕྱི་བས་བགྲོངས་ཞེས་པ་འདི་དོན་ལ་གནས་པར་བསམ་སྟེ། དེའི་རྒྱབ་ན་མི་གཞན་ཡོད་སྲིད་ཀྱང་དངོས་སུ་ལག་བསྟར་བྱེད་མཁན་ནི་ཞབས་ཞུ་བ་དེ་ཡིན་སྙམ། གང་ལྟར་གནས་ཚུལ་འདི་ལས་རྒྱལ་དབང་བཅུ་གསུམ་པ་མཆོག་དང་ཆིན་སྲིད་གཞུང་བར་གྱི་འགལ་བ་ཧ་ཅང་ཛ་དྲག་ཏུ་གྱུར་ཏེ་ཁྱོད་ཤི་ང་གསོན་གྱི་མཚམས་སུ་བསླེབས་ཡོད་པ་ཤེས་ཐུབ་བོ།།

སྤྱི་ལོ་༡༩༠༩ལོའི་ཟླ་༤ཚེས་༥ཉིན་རྒྱལ་དབང་བཅུ་གསུམ་པ་མཆོག་སྐུ་འབུམ་བྱམས་པ་གླིང་ནས་ཕྱག་བཏེགས་ཏེ་མཚོ་སྔོན་པོ་དང་ཞབས་དྲུང་སྒར་ཐོག  དབའས་གཞུང་།  ན་གོར་མོ།  ནག་ཆུ།  རྭ་སྦྲེང་། འཕན་པོ་སྒོ་ལ་བཅས་རིམ་པར་བརྒྱུད་ནས་ལྷ་ལྡན་ཉི་མའི་གྲོང་ཁྱེར་དུ་ཕེབས་ཤིང་།   གཙུག་ལག་ཁང་གི་ཡང་སྟེང་དུ་ཡོད་པའི་གཟིམ་ཆུང་དུ་འཁོད་དེ་གཞེས་བྱེས་ལྷན་འཛོམས་ཀྱི་ཟད་མི་ཤེས་པའི་དགའ་སྟོན་ལ་རོལ་ཏོ།།

སྤྱི་ལོ་༡༩༡༠ལོར་ལུའུ་ཅུན་རྒྱ་དམག་བྱ་བ་བོད་དུ་འབྱོར་ཏེ་ཉིན་དེ་གར་པོ་ཏ་ལ་དང་གཙུག་ལག་ཁང་སོགས་ལ་གང་བྱུང་དུ་མེ་མདའ་བརྒྱབ་ཅིང་།  མགྲོན་གཉེར་འཇམ་དབྱངས་རྒྱལ་མཚན་ཟེར་བ་དོན་མེད་དུ་བསད་པ་དང་།  ༧གོང་ས་རྒྱལ་བའི་དབང་བོ་ཡང་རྩིས་མེད་བྱས་པ་སོགས་ཀྱིས་བོད་ཀྱི་སེར་སྐྱ་མི་མང་ཁོང་ཁྲོ་ཆེན་པོ་ལངས་ཏེ་རྒོལ་རྩིས་བྱས་པར་གོང་ས་མཆོག་གིས་བཟོད་སྒོམ་བྱེད་དགོས་པའི་བཀའ་ཁྱབ་བསྩལ་པ་སོགས་ཀྱིས་བཀག་འགོག་གནང་། ཡིན་ན་ཡང་རྒྱ་དམག་གིས་མུ་མཐུད་དུ་ཧམ་པ་དཔའ་ཐལ་གྱིས་དྲག་སྤྱོད་བསྟུད་མར་སྤེལ་བས།  རྒྱལ་དབང་མཆོག་ཀྱང་བོད་མི་མང་དང་གཞུང་གི་རེ་བ་ལྟར་རེ་ཞིག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་རེད། 

གོང་གསལ་ལུའུ་ཅུན་རྒྱ་དམག་ལྷ་སར་འབྱོར་མ་ཐག་པོ་ཏ་ལ་སོགས་ལ་གང་བྱུང་དུ་མེ་མདའ་བརྒྱབ་ཅིང་མི་བསད་པ་དང་།   དམག་དཔོན་ཞིག་གིས་གོང་ས་མཆོག་ལ་ཡི་གེ་ཞིག་ཕུལ་པའི་ནང་“ཆོས་ཀྱི་བཀའ་ལུང་རང་འཇགས”ཞེས་པ་ཞིག་ལས་འཁོད་མེད་པ་ལ་དཔག་ན་མདོ་སྨད་སྐུ་འབུམ་ནས་བྱུང་བའི་དོན་རྐྱེན་དེ་ནི་བདེན་ཤས་ཆེ་སྟེ། ཆིན་སྲིད་གཞུང་གི་ལྐོག་ཇུས་ལམ་ལྷོངས་མ་བྱུང་བ་དང་།  ཁོ་ཚོས་རྒྱལ་དབང་མཆོག་གི་ཐོབ་ཐང་ལེན་བསམས་ཀྱང་ནུས་པ་མ་ཐོན་པས་ད་གཟོད“ཆོས་ཀྱི་བཀའ་ལུང་རང་འཇགས་”ཞེས་མི་བཤད་ཐབས་མེད་བྱུང་བར་སྙམ།

རྒྱལ་དབང་མཆོག་བོད་དང་གྱེས་ཏེ་གྲོ་མོ་དང་ཀ་ལོན་སྦུག་བརྒྱུད་ནས་རྡོ་རྗེ་གླིང་དུ་ཕེབས་ཤིང་།  སྐབས་དེའི་རྒྱ་གར་དབྱིན་གཞུང་གི་སྐུ་ཚབ་དང་འབྲས་ལྗོངས་སྐུ་ཚབ་སྦེལ་ཞེས་བྱ་བས་ཁོང་ལ་སྣེ་ལེན་གང་ལེགས་མཛད།  སྐབས་དེར་ཆིན་སྲིད་གཞུང་གིས་ཡང་བསྐྱར་ཁོང་གི་གོ་ས་བླངས་པ་དང་སྤྲུལ་སྐུ་གསར་དུ་འཚོལ་རྒྱུ་ཡིན་པ་སོགས་ཀྱི་གསར་འགྱུར་གང་སར་བསྒྲགས་པས།  ཆིན་སྲིད་གཞུང་དང་རྒྱལ་བ་ཐུབ་བསྟན་རྒྱ་མཚོ།  བོད་སེར་སྐྱ་མི་དམངས་བར་གྱི་འགལ་བ་དེ་སྔར་ལས་གཏིང་ཟབ་ཏུ་གྱུར། 

ཟླ་གཉིས་པའི་ནང་རྒྱལ་དབང་མཆོག་གིས་དབྱིན་ཇུའི་རྒྱལ་མོའི་སྐུ་ཚབ་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་རྒྱ་དམག་འཕྲལ་དུ་ཕྱིར་འཐེན་བྱ་རྒྱུར་རོགས་རམ་གནང་དགོས་པའི་འབོད་སྐུལ་གནང་བ་ལྟར་སྐུ་ཚབ་ཀྱིས་ཀྱང་དེ་དོན་དབྱིན་གཞུང་ལ་ཞུ་རྒྱུའི་ཁས་ལེན་བྱས། 

སྤྱི་ལོ་༡༩༡༡ལོར་རྒྱ་ནག་ནང་ཁུལ་དུ་སུན་ཀྲུང་ཧྲན་གྱིས་སྣེ་ཁྲིད་པའི་“ལྕག་ཕག་ལོའི་གསར་རྗེ་”ཞེས་པ་དེར་རྒྱལ་ཁ་ཐོབ་ཅིང་།  ཀྲུང་ཧྭ་མི་སེར་རྒྱལ་ཁབ་བཙུགས་པ་ཁྱབ་བསྒྲགས་བྱས་པ་དང་།  ཞིང་ཆེན་དང་ལྗོངས་བཅུ་ལྷག་གིས་ཆིན་སྲིད་གཞུང་དང་གྱེས་ཏེ་རང་བཙན་ཐོབ་པ་ཁྱབ་བསྒྲགས་བྱས་པས་ཆིན་སྲིད་གཞུང་གི་དབང་སྒྱུར་རྩ་བ་ནས་ཉམས་མགོ་ཚུགས།  དེ་འདྲའི་རྒྱབ་ལྗོངས་འོག་གོང་ས་མཆོག་དང་རྒྱ་གར་གྱི་བློན་ཆེན་མུ་ལ་ལ་རྣམ་གཉིས་ཀྱིས་རྡོ་རྗེ་གླིང་དུ་བོད་ཀྱི་ལས་དོན་སྐོར་གསང་བའི་གྲོས་མོལ་མང་བོ་གནང་ཞིང་།   ཟླ་བཟང་དགྲ་འདུལ་བོད་དུ་རྒྱ་དམག་ལ་ཕར་རྒོལ་བྱེད་པའི་བཀོད་འདོམས་བྱེད་པོར་མངགས་གཏོང་མཛད།   ད་དུང་ཨུ་རུ་སུའི་གོང་མར་བོད་ལ་རོགས་སྐྱོར་འབོད་སྐུལ་དང་ཨུ་རུ་སུའི་སློབ་གྲྭར་བོད་ཕྲུག་ཁ་ཤས་སློབ་གཉེར་དུ་བརྫངས།

སྤྱི་ལོ་༡༩༡༢ལོར་བོད་ཀྱི་སེར་སྐྱ་མི་མང་གི་རོགས་འདེགས་འོག  བོད་དམག་གིས་སྟོབས་ཤུགས་ཡོད་དགུས་ཟི་ཁྲོན་རྒྱ་དམག་ལ་ཕར་རྒོལ་དྲག་པོ་བྱས་པས་ད་གཟོད་བོད་སྡོད་རྒྱ་དམག་ལ་ཕམ་ཁ་ཆེན་པོ་བྱུང་སྟེ་ཕྱིར་འཐེན་བྱས་པས།  ལོ་དེའི་ཟླ་༥བའི་ནང་གོང་ས་མཆོག་ཕྱིར་བོད་དུ་ཆིབས་ཁ་བསྒྱུར་ཏེ་རྫ་ལེབ་ལ་དང་ཕག་རི་བཅས་བརྒྱུད་ཅིང་།  བསམ་སྡིངས་དགོན་དུ་ཟླ་༢ལྷག་བཞུགས་རྗེས་ལོ་དེའི་ཟླ་༡༢པའི་ཚེས་༡༦ཉིན་ལྷ་སར་ཞབས་སོར་འཁོད་དེ་དགའ་ལྡན་ཁྲི་བ་དང་བཀའ་བློན་སོགས་སེར་སྐྱ་དུ་མར་མཇལ་འཕྲད་དང་།  ཚེ་སྨོན་གླིང་མཁན་ཆེན་ལ་གཟེངས་བསྟོད་དང་བཅས་པའི་གསོལ་རས་བསྩལ་ཅིང་།  སྤྱན་གསལ་གནམ་གང་ངམ་ཟླ་བཟང་དགྲ་འདུལ་ཟི་ཁྲོན་རྒྱ་དམག་འགོག་མཁན་གྱི་དམག་སྤྱིར་བསྐོ་བཞག་གནང་བ་རེད། 

སྐབས་འདི་ཙམ་ནས་བཟུང་།  རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གཞན་ཡུལ་དུ་ཐེངས་གཉིས་ཙམ་ལ་བཙན་བྱོལ་དུ་ཕེབས་པ་སོགས་ལ་བརྟེན་ནས།  གངས་རིའི་ཕྱི་རོལ་གྱི་འཇིག་རྟེན་ཆེན་པོའི་འགྱུར་ལྡོག་དང་དཔལ་ཡོན་གྱི་ལྟད་མོ་སྤྱན་གྱི་གཟིགས་མོར་སྨིན་པས།  ཁོང་གི་ཐུགས་དགོངས་ལ་ཡང་རང་རེའི་གངས་ཅན་གྱི་ལྗོངས་འདིར་ཡང་དུས་ཀྱི་འཁོར་ཕྱོགས་དང་མཐུན་པའི་བཅོས་བསྒྱུར་གང་འཚམས་མ་བྱས་ཚེ།   མུ་མཐུད་དུ་གཞན་གྱི་རྗེས་སུ་ལུས་རྒྱུ་ཡིན་པར་མ་ཟད་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་གཞན་དག་གིས་ཁྱུར་མེད་དུ་གཏོང་རྒྱུའི་ཉེན་ཁ་ཡང་ཡོད་པར་དགོངས་ཏེ། བོད་ཀྱི་ཆོས་སྲིད་གཉིས་ཆ་ལ་ལུགས་སྒྱུར་གྱི་མཛད་འཕྲིན་སྐྱོང་བའི་དབུ་ཚུགས་པ་རེད།

«རྣམ་ཐར་རིན་ཆེན་ཕྲེང་བ»ལས། “དུས་ཕྱིས་རྒྱལ་ཁག་གཞན་འགའ་ཞིག་ནས་གངས་ལྗོངས་ཆབ་སྲིད་ཀྱི་དབང་བྱུས་བདག་གིར་བྱ་སེམས་འདོད་བརྣག་ཅི་ཆེའི་ཐོག  རྩོད་དུས་ཀྱི་རྒུད་པ་རིམ་བདོའི་སྐབས་འདིར་ཞི་དྲག་ཟུང་དུ་འབྲེལ་བའི་བྱ་བཞག་ཕན་བདེའི་སྲོག་སྲུང་དམ་པར་མེད་དུ་མི་རུང་བར་བརྟེན། དམག་དཔུང་གོ་ཧྲག་སྟོང་ཕྲག་གི་གྲངས་ལྡན་གསར་འཛུགས་དང་འབྲེལ་རྒྱལ་ཁག་གཞན་གྱི་ལུགས་ལྟར་འཕོང་རྩལ་གྱི་རྣམ་གྲངས་མང་བོར་ཆེད་གཉེར་གྱི་སློབ་སྦྱོང་བགྱིད་དུ་བསྩལ”⑧ ཅེས་གསུངས་པ་བཞིན།  དམག་དཔུང་གོ་ཧྲག་གསར་འཛུག་ནི་ཁོང་གི་ལུགས་སྒྱུར་གྱི་ཆ་ཤས་སམ་ཡང་ན་ནང་དོན་གཙོ་བོ་ཞིག་ཡིན་པས།  བོད་ལྗོངས་དམག་སྤྱི་ཁང་གསར་དུ་བཙུགས་ཤིང་སྐུ་སྲུང་ཟླ་བཟང་དགྲ་འདུལ་དམིགས་བསལ་ཛ་སག་གི་གོ་གནས་དང་དམག་སྤྱི་ཆེན་མོར་བསྐོས་ཤིང་།  རྩིས་དཔོན་ཁྲི་སྨོན་ནོར་བུ་དབང་རྒྱལ་ལ་ཐའེ་ཇིའི་གོ་གནས་དང་དམག་སྤྱི་གཞོན་པར་བསྐོ་བཞག་གནང་། དེའི་མངའ་འོག་ཏུ་མདའ་དཔོན་དང་རུ་དཔོན། བརྒྱ་དཔོན།  ལྡིང་དཔོན་བཅས་ཡོད་པ་དང་། དམག་དཔོན་ལ་དེ་སྔ་ས་རྟེན་ཡོད་པའི་དམག་མི་སུམ་སྟོང་ཐམ་པའི་སྟེང་ཉིས་སྣ་དང་བཞི་སྣ།  བརྒྱད་སྣ།  བཅུ་་གཉིས་དྲུག་སྣ་བཅས་འཕར་སྣོན་དང་།  རྗེས་སུ་གྲོང་དྲག་དམག་བཅས་ཁྱོན་ཀ་དང་དམག་སྒར་ནས་མ་དང་གྲོང་དྲག་དམག་བཅས་བཅུ་དྲུག་རིམ་པར་ཚུགས་ཏེ་བསྡོམས་པས་དམག་གྲངས་ཆིག་ཁྲི་ཙམ་ཡོད་པ་དེ་ལ་དམག་སྤྱི་ཁང་ནས་བཀོད་འདོམས་དང་འགན་འཁུར་བྱ་དགོས་པ་ཡིན།    

སྤྱི་ལོ་༡༩༡༤ལོ་ནས་༧གོང་ས་མཆོག་གི་ཐུགས་བཀོད་བཞིན་དཔོན་དམག་བློ་རིག་བཀྲ་བ་སྐོར་ཞིག་རྒྱ་གར་ལ་དམག་སྦྱོང་དུ་མངགས་ཤིང་།   ལ་ལ་རྒྱལ་རྩེ་དང་ལ་ལ་དབྱིན་ཇིའི་ཚོང་དོན་སྡོད་སྒར་དུ་དམག་སྦྱོང་དང་མཚོན་ཆ་བཀོལ་སྟངས་སོགས་བསླབ་ཏུ་བཅུག    དབྱིན་གཞུང་ནས་མེ་སྒྱོག་དང་འཕྲུལ་མདའ་སོགས་ཉོ་སྒྲུབ་དང་།  ཨུ་རུ་སུ་དང་དབྱིན་ཇི།  ཉི་ཧོང་བཅས་ནས་དམག་རྩེད་དགེ་རྒན་གདན་ཞུ་བྱས་ཏེ་བོད་དམག་ལ་དེང་དུས་ཀྱི་དམག་རྩལ་དང་མཚོན་ཆ་བཀོལ་སྟངས་སོགས་འཛུབ་ཁྲིད་གང་ལེགས་བྱས།    དེ་ལྟར་དམག་དཔུང་གསར་འཛུག་དང་སྦྱོང་བརྡར་གྱི་བྱ་བཞག་རྒྱུན་བསྐྱངས་ཏེ་བགྲང་བྱ་བཅུ་ཕྲག་ལྷག་འགོར་ཞིང་།  རིམ་གྱིས་འཕེལ་རྒྱས་སུ་འགྲོ་བ་དང་དུས་མཚུངས་སུ་མི་འདོད་པའི་འགལ་རྐྱེན་སྐོར་ཞིག་ཀྱང་ཕྱོགས་འགའ་ཞིག་ནས་ལྷགས་པ་སྟེ། ཕྱོགས་གཅིག་ནས་དམག་ཕོགས་ས་ཁྲལ་ཐད་བཀྲ་ཤིས་ལྷུན་པོ་དང་གཞུང་སའི་བར་འགལ་བ་བྱུང་བ་དང་།  ཕྱོགས་གཞན་ཞིག་ནས་སྐུ་སྲུང་དམག་མི་དང་བདེ་སྲུང་བའི་བར་འཁྲུག་རྩོད་ཤོར་བ་དང་།   དེ་མིན་མདའ་དཔོན་ན་གཞོན་ཚོགས་པའི་གྱེན་ལོག་སོགས་ཀྱིས་ཀྱང་སྐབས་དེའི་ཡར་རྒྱས་སུ་འགྲོ་བཞིན་པའི་དམག་དོན་གྱི་བྱ་བཞག་སྐོར་ལ་འགོག་གནོན་དང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

«བོད་ཀྱི་དམག་སྤྱི་ཆེ་བ་ཚ་རོང་ཟླ་བཟང་དགྲ་འདུལ»ཞེས་པ་ལས།   “﹙ཟླ་བཟང་དགྲ་འདུལ    ཁོང་ནི་ཞི་དྲག་གི་ལས་དོན་གང་ཅིའི་ཐོག་དེང་དུས་དང་་མཐུན་པའི་ཕྱག་ལས་མཛད་གནང་མཁན་ཞིག་རེད།  ལྷག་པར་དུ་དྲག་པོའི་དམག་དཔུང་མུ་མཐུད་དུ་ཡར་རྒྱས་གཏོང་རྒྱུ་དང་། རང་ས་རང་སྲུང་བྱེད་ཐུབ་པ་བྱ་རྒྱུ་བཅས་ནི་ཤིན་ཏུ་གལ་ཆེར་གཟིགས་ཏེ། ༧གོང་ས་ཆེན་པོའི་བཀའ་དགོངས་བཞིན་དམག་མི་ཁ་སྣོན་འདེམས་སྒྲུག་གནང་ཡང་། དེ་རྗེས་དམག་ཕོགས་བསྐྱོན་ཡག་ལ་སྐུ་ངལ་ཆེན་པོ་བྱུང་སྟེ། ཁྲལ་འབབ་བསྐྱར་གསོ་མ་གནང་ཐབས་མེད་བྱུང་།  དེ་རྗེས་སྡེ་དཔོན་ཁག་དང་བླ་བྲང་ཁག  དགོན་སྡེ་ཁག   སྒེར་བ་ཁག་བཅས་ལ་ས་ཞིང་ཁྱོན་ཆེ་ཡོད་རིགས་ཁོངས་ནས།   གཞུང་ལ་ས་ཁྲལ་བརྒྱ་ཆ་ཉི་ཤུ་རྩ་ལྔ་དམག་ཕོག་ཁ་སྣོན་དུ་འབུལ་ལམ་ཞུ་རྒྱུ་དང་།   ལྷག་པར་དུ། གཞིས་རྩེ་པཎ་ཆེན་བླ་བྲང་ལ།  གཞུང་ནས་ས་ཁང་ཆོས་གཞིས་ཁྱོན་ཆེ་༧རྒྱལ་བ་རིམ་བྱོན་སྐུ་དུས་སུ་གསོལ་རས་སྩལ་ཡོད་སྟབས།  ད་ལམ་གཞུང་ལ་སྐུ་ངལ་འཕྲད་སྐབས།   གཞུང་ལ་ས་ཁྲལ་བརྒྱ་ཆ་ཉི་ཤུ་རྩ་ལྔ་འབུལ་ལམ་ཞུ་རྒྱུ་གཏན་འཁེལ་ཟིན་ནའང་།  དྲག་པོའི་ལམ་ལུགས་ལ་མི་དགའ་བ་ཆེན་པོ་ཞིག་བྱས་པ་དེའི་ཐོག  པཎ་ཆེན་གྱི་བླ་བྲང་ནས་ས་ཁྲལ་འབུལ་ཕྱོགས་སྐོར་ལ་དཀའ་རྙོག་ཆེན་པོ་ཞིག་བྱུང་བ་དང་། གཞུང་དང་པཎ་ཆེན་གྱི་བླ་བྲང་གཉིས་དབར་ལོ་མང་རིང་ལ་ཐུགས་མཐུན་ཁྲིམས་གཙང་དེ་ཙམ་མེད་ཁར།   ད་ལམ་ཡང་ས་ཁྲལ་གནང་ཕྱོགས་དེའི་ཐད་སླར་ཡང་ན་ཚ་བསྐྱར་ལངས་ལྟ་བུས།  པཎ་ཆེན་རིན་པོ་ཆེ་མཆོག་གཞིས་རྩེར་བཞུགས་བཟོས་མ་བདེ་བར་གྱུར་ཏེ།  སྤྱི་ལོ་༡༩༢༣ལོར་རྒྱ་ནག་དང་སོག་ཡུལ་ལ་ཆིབས་ཁ་བསྒྱུར་གནང་བ་རེད།”⑨ ཅེས་གཞིས་རྩེ་དང་གཞུང་སའི་བར་གྱི་དམག་ཕྱོགས་ས་ཁྲལ་ཐད་ཀྱི་འགལ་བ་དེ་ཅུང་ཞིབ་མོར་འཁོད་ཡོད། 

«ཡབ་གཞིས་ལྷ་ཀླུའི་བྱུང་འཕེལ»ཞེས་པ་ལས།   “ང་རང་ལོ་བཅུ་གཅིག་ཏུ་སོན་སྐབས་པྰ་ལགས་གཞིས་རྩེར་གཙང་ཞིབ་ཏུ་ཕེབས་པ་རེད།  དེ་དུས་ང་རང་ཡང་ལྷན་དུ་འཁྲིད་གནང་བྱུང་ཞིང་།  པྰ་ལགས་གཞིས་རྩེ་ཁུལ་དུ་ཞིབ་འཇུག་གྲུབ་སྟེ་ལྷ་རྩེ་དང་།  ཤེལ་དཀར་ཁུལ་སོགས་ལ་ཕེབས།” ⑩ཞེས་ལྷ་ཀླུ་ཚེ་དབང་རྡོ་རྗེ་ལོ་བཅུ་གཅིག་སྟེ་སྤྱི་ལོ་༡༩༢༤ལོར་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གཞིས་རྩེ་ཁུལ་དུ་གཙང་ཞིབ་སྟེ་ཁྲལ་དོན་ཞིབ་གཤེར་དུ་སོང་བར་བཤད་པ་ལྟར།   ལུང་ཤར་ནི་གཞིས་རྩེ་སོགས་སུ་དམག་ཕོགས་ས་ཁྲལ་བསྡུ་མཁན་གྱི་གཙོ་བོའི་གྲས་ཡིན་ཞིང་། ཁོས་བོད་སྡེ་བ་གཞུང་གི་དོན་དུ་གཞིས་རྩེ་དང་བཀྲ་ཤིས་ལྷུན་པོར་ཚ་འདེད་དྲག་པོ་བཏང་བས་ཁོ་ཚོའི་བར་ལ་འགལ་བ་ཤུགས་ཆེན་བྱུང་སྟེ།   དེ་གའི་སྐྱ་སེར་སྐོར་ཞིག་གིས་ཁོ་ལ“བདུད་ཀྱི་སྤྲུལ་བ”ཞེས་འབོད་ཀྱིན་ཡོད། 

ག་དང་དམག་མི་དང་སྐུ་སྲུང་དམག་མིའི་འཁྲུག་རྩོད་སྐོར་ལ།  «བོད་ཀྱི་དམག་སྤྱི་ཆེ་བ་ཚ་རོང་ཟླ་བཟང་དགྲ་འདུལ་»ཞེས་པ་ལས།  “སྤྱི་ལོ་༡༩༢༤ལོར་ག་དང་དམག་མི་དང་སྐུ་སྲུང་དམག་མིའི་བར་ཕན་ཚུན་ལབ་རྩོད་ཐུག་པ་དང་།  ཕྱོགས་འཐེན་བྱས་ཏེ་གྲི་བརྒྱབ་རེས་བྱས་པས། ཟིང་ཆ་ཆེན་པོ་བྱུང་བ་མཁྱེན་ཚོར་བྱུང་རྗེས།  དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་དང་།   ལེགས་ལྡན་ཛ་སག   མདོ་མཁར་སྲས་ཕུན་ཚོགས་རབ་རྒྱས།  སྨོན་གྲོང་སྐུ་ངོ་དབུ་བཞུགས་ལྷན་རྒྱས་ཚང་མ་དངངས་སྐྲག་ཆེན་པོའི་ཐོག་དམག་སྒར་དུ་ཕེབས་ནས།  ཕན་ཚུན་གྱི་ལབ་རྩོད་དང་ཟིང་ཆ་རྣམས་ཐག་གཅོད་མཛད་པ་དང་།  བྱེད་གཏེ་གཙོ་ཁག་རྣམས་འཛིན་བཟུང་གིས་དོ་དམ་མཛད་པ་རེད། ……དེ་རྗེས་རིམ་བཞིན་བྱེད་གཏེ་མི་གཉིས་ལ་སྔར་ལུགས་ལྟར་བཀའ་ཆད་གནང་ནས།  དམག་མི་གཅིག་གི་ཨམ་ཅོག་གཏུབ་པ་དང་གཅིག་གི་རྐང་བ་ཡ་གཅིག་གཏུབ་སྟེ་བཀའ་ཉེས་བཏང་རྗེས་རྒྱུན་རིང་མ་སོང་བར།  དམག་མི་རྐང་བ་གཏུབ་པ་དེའི་རྨ་ལ་གཉན་ཁ་བརྒྱབ་སྟེ་ཚེ་མ་ཟིན་པས།  དེ་ལ་དཀའ་རྙོག་ཆེན་པོ་བཟོས་ནས་དམག་སྤྱི་ཚ་རོང་གིས་དབང་ཤེད་དང་ཁྲིམས་མེད་ལུགས་མེད་ཀྱིས།  ཁྲིམས་གཅོད་བྱས་ནས་དམག་མིའི་ཚེ་སྲོག་ལ་སྐྱོན་བཏང་བ་རེད་ཅེས་ལྷ་སའི་ནང་སྦིར་གྲགས་ཆེན་པོ་དང་།  དཀྲོག་གཏམ་མང་པོ་བཟོས་པ་རེད།  ……ལེགས་ལྡན་ལགས་ཁོ་རང་ད་ལམ་གྱི་ཡོང་རྐྱེན་ལ་ཐུགས་ཕམ་ཤིན་ཏུ་ཆེན་པོ་དང་།  ཐུག་འདོད་ཀྱང་ཆེན་པོ་ཞིག་བྱུང་ནས་སྐུ་སྲུང་དམག་སྒར་ནས་རྩ་དགོངས་ཞུས་ཏེ།  རྒྱ་གར་རྡོར་གླིང་དུ་ཁོ་རང་གི་ནང་མིའི་སར་ཕྱིར་ཕེབས་མཛད་པ་རེད།” ○11ཅེས་གསལ།  ཐེངས་འདིའི་དོན་རྐྱེན་གྱི་བྱེད་གཏེ་དག་ལ་ཅུང་ཚད་ལས་འདས་པའི་ལུས་ཆད་བཅད་པ་དང་།   དེ་ལ་བརྟེན་ནས་དམག་མི་ཞིག་གི་ཚེ་སྲོག་ཀྱང་ཤོར་བས།  བྱེད་ཕྱོགས་འདི་ལ་༧གོང་ས་མཆོག་ཀྱང་ཐུགས་ཧ་ཅང་མ་དགྱེས་པ་དང་ཐུགས་ཕམ་ཆེན་པོ་ཞིག་བྱུང་ཡོད་ཚོད་དུ་སྣང་ངོ་། །

དེ་མིན་མདའ་དཔོན་ཚོགས་པའི་གྱེན་ལོག་དང་ངོ་རྒོལ་ཐད་ལ།  «བོད་ཀྱི་དམག་སྤྱི་ཆེ་བ་ཚ་རོང་ཟླ་བཟང་དགྲ་འདུལ»ཞེས་པ་ལས།  “དེ་ནས་དམག་མིའི་དམག་ཕོག་ཁྲལ་ཆག་སྐོར་ལ་གསང་བའི་ཚོགས་འདུ་རྒྱས་འཛོམས་ཤིག་ཚོགས་གནང་བ་དང་།  དེ་དུས་གསར་བརྗེའི་ལས་འགུལ་ལ་ཤིན་ཏུ་མི་དགའ་བ་ཆེན་པོ་བྱས་ཏེ་རྩེ་ཞོད་ནང་ཁུལ་དུ་ཤོག་ཁག་གཉིས་བྱུང་བ་རེད། ཉིན་གཅིག་ཚོགས་འདུའི་ནང་དྲག་པོའི་དབུ་བཞུགས་གཅིག་ཀྱང་གདན་ཞུ་གནང་མེད་པས།  དྲག་པོའི་དཔོན་རིགས་གཞན་རྣམས་ཡ་མཚན་ཞིང་ཐུགས་དོགས་ཆེན་པོ་བྱུང་ནས།  སྡེ་དཔོན་རགས་ཁ་ཤག་ཕུན་ཚོགས་རབ་རྒྱས་ལགས་སར་བཀའ་འདྲི་ཞུ་བར་བཅར།  རགས་ཁ་ཤག་ཕུན་ཚོགས་རབ་རྒྱས་ལགས་ནི།  དེ་སྔ་ཚ་རོང་ཟླ་འདུལ་ལགས་དང་ལྷན་དུ་ས་སྲུང་ཕྱག་ལས་ལྷན་དུ་མཛད་ནས། ཚང་མས་ཁོང་ལ་ཐུགས་བློས་སྐྱེལ་བ་དང་ཡིད་ཆེས་ཆེན་པོ་ཞུ་གི་ཡོད།  དེ་ཉིན་ཁོང་ཡང་ཚོགས་འདུ་དེར་ཕེབས་མེད་པ་དང་སྟབས་འཁེལ་བར།  སྐུ་ངོ་ལུང་ཤར་སྐུ་རླུང་དང་བཅས་ཕྱིར་ཕེབས་ཏེ།  ཚོགས་འདུར་ཞུགས་མ་དགོས་པའི་རྒྱུ་རྐྱེན་བཀའ་རྩད་ཞུ་བར་བཅར་བས།  སྐུ་ངོ་ཁོ་རང་དང་དྲག་པོའི་དཔོན་རིགས་ཕན་ཚུན་དབར་རྩོད་གླེང་ཆེན་པོ་བྱུང་།  ཁོང་ནི་དེ་སྔ་བོད་གཞུང་ནས་ཤེས་རིག་སློབ་སྦྱོང་གི་ཆེད་དུ།  ཨིང་ལེནྡ་ལ་གཏོང་གནང་མཛད་པ་ཞིག་ཡིན་ཅིང་། ……གསར་བརྗེའི་ལས་འགུལ་ལ་མཐའ་གཅིག་དུ་དགག་བྱ་སྐྱོན་མཁན་ཞིག་བྱས་ཏེ།  ཁོང་ནས་དེ་ཉིན་གྱི་ཚོགས་འདུའི་སར་བོད་གཞུང་གི་དབང་ཆ་ཡོངས་རྫོགས་དང་༧གོང་ས་མཆོག་གི་སྐུ་དབང་དེ་ཡང་དྲག་པོ་རང་གིས་ལེན་འཆར་ཡོད་པའི་སྦིར་གཏམ་ཆེན་པོ་བསྒྲགས་པ་དང་། སེ་འབྲས་ཁུལ་ནས་གྲྭ་བ་བརྒྱ་ལྷག་ཆེད་མངགས་བསྐོང་འགུག་གིས་༧གོང་ས་མཆོག་གི་བཞུགས་ཡུལ་ནོར་བུ་གླིང་ག་དང་རྩེ་ཕོ་བྲང་། ཚོགས་གཙོ་བཞུགས་ཡུལ་བཅས་གང་སར་གྲྭ་བའི་སྲུང་བྱ་བཞག་སྟེ་ཟང་ཟིང་ཆེན་པོ་ཞིག་བཟོས། ”○12 ཞེས་དང་།  རྩིས་དཔོན་ཞྭ་སྒབ་པའི་«སྲིད་དོན་རྒྱལ་རབས་»ལས། དེ་རྗེས་བོད་དམག་ཆིག་ཁྲི་ཐམ་པ་འཛུགས་གནང་གི་དམག་ཕོག་འདུ་འགོད་ཀྱི་ཚོགས་འདུའི་ནང་དྲུང་རྩིས་ལ་སོགས་པའི་ཞི་བའི་ལས་བྱེད་མ་གཏོགས། མདའ་དཔོན་སོགས་དྲག་པོའི་འཐུས་མི་མེད་སྟབས།  ཞི་དྲག་ལས་བྱེད་དབར་འགལ་བ་བྱུང་སྐོར་རྩེ་མཁན་མགྲོན་ཆེ་བས་ཞིབ་དཔྱོད་སྐབས་དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་དངོས་སུ་ལེ་ཐོག་མ་ཐོན་རུང་། ནང་དོན་ལེ་འཁྲིའི་ཁོངས་ཡོད་པ་༧གོང་ས་ཆེན་པོས་མཁྱེན་ཏེ། ལོ་དེར་དམག་སྤྱི་ཚ་རོང་རྒྱ་གར་དང་། བལ་ཡུལ་ཁུལ་གནས་མཇལ་ནས་ཕྱིར་འཁོར་གྱིས་ཆུ་ཤུར་དུ་འབྱོར་དུས།  ཤོད་གཟིམ་འགག་ནས་ཡིག་ཆུང་བསྩལ་གསལ་བཀའ་བློན་རང་འཇགས་ལས་དམག་སྤྱིའི་ལས་འཁུར་ཕྱིར་འཐེན་གནང་། ”○13 ཞེས་གསལ་བ་ལྟར། དམག་ཕོག་ཁྲལ་ཆག་གི་ལས་དོན་སྐོར་གྱི་ཚོགས་འདུའི་སྟེང་དྲག་པོའི་འཐུས་མི་མ་བོས་པའི་རྒྱུ་རྐྱེན་ལ་བརྟེན་ནས་མདའ་དཔོན་ཚོགས་པས་ངོ་རྒོལ་བྱས་ཤིང་།  ཕྱོགས་གཉིས་བར་རྩོད་གླེང་དང་འགལ་བ་ཆེན་པོ་བྱུང་བ་དང་། དེ་ལ་བརྟེན་ནས༧གོང་ས་མཆོག་ཀྱང་ཐུགས་དགོངས་ཚོམས་ཏེ་ཟླ་བཟང་དགྲ་འདུལ་དམག་སྤྱིའི་གོ་གནས་ལས་ཕབ་པས་ཕྱོགས་གཉིས་བར་གྱི་འགལ་བ་དེ་དེ་བས་ཀྱང་གཏིང་ཇེ་ཟབ་ཏུ་གྱུར་ཅིང་།  དོན་རྐྱེན་འདི་ནི་རྗེས་ཕྱོགས་བོད་དམག་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བའི་འགལ་རྐྱེན་ཆེན་པོ་ཞིག་ཏུ་གྱུར་ཡོད།

«དམག་སྤྱི་ཆེ་བ་ཚ་རོང་ཟླ་བཟང་དགྲ་འདུལ»ཞེས་པ་ལས། “ཚ་རོང་དམག་སྤྱི་ཟླ་བཟང་དགྲ་འདུལ་ལགས་ནས་དམག་སྒར་གསར་རྒྱག་དང་དམག་མི་ཀ་ནས་ཉ་བར་གསར་འཛུགས་མཛད་ནས། རང་ས་རང་སྲུང་ཐུབ་པར་རྒྱལ་བའི་བཀའ་བཞིན་ཚགས་ཚུད་ཡོད་མུས་དེ་ལ་གཞུང་ཞབས་ཁག་ཅིག་དང་། གྲྭ་ཚང་མཁན་པོ། ལྷག་པར་དུ་བྲུམ་པ་ཛ་སག་ཁོ་རང་རྒྱལ་བའི་སྐུ་ཚ་ཡིན་པར་མ་ཟད།  དམག་སྤྱི་མཛད་ཡས་ལ་ཐུགས་རེ་ཆེན་པོ་ཡོད་སྟབས། ཁོ་རང་དང་ལུང་ཤར་གཉིས་ནས་དྲག་པོའི་ལས་འགུལ་དེར་མ་དགའ་བ་ཆེན་པོ་མཛད་ནས། ༧གོང་ས་མཆོག་ལ་འདྲ་མིན་སྣ་ཚོགས་ཞུས། ”○14 ཞེས་པ་ལྟར་ན། རྒྱལ་དབང་མཆོག་གི་སྐུ་ཚ་བྲུམ་པ་ཛ་སག་ཟེར་བ་དེར་རང་ཉིད་རྒྱལ་བའི་སྐུ་ཚ་ཡིན་སྙམ་ང་རྒྱལ་ཆེན་པོ་ཡོད་ཅིང་།  ལྷག་པར་དམག་སྤྱིའི་གོ་གནས་ལ་འདུག་རྒྱུའི་ཧམ་སེམས་ཆེན་པོ་ཡོད་སྟབས་རྒྱལ་དབང་མཆོག་དང་དམག་སྤྱི་ཟླ་བཟང་དགྲ་འདུལ་བར་གླགས་དང་རྒྱུ་རྐྱེན་སྣ་ཚོགས་བཙལ་ཏེ་སེལ་འཇུག་མང་བོ་བྱས་པས་༧གོང་ས་མཆོག་ཀྱང་ཟླ་བཟང་དགྲ་འདུལ་ལ་སྔར་གྱི་དེ་འདྲའི་ཡིད་ཆེས་མེད་པར་བཏང་ཡོད། 

གོང་གསལ་ཡིག་ཆ་འདི་ལས་ལུང་ཤར་ནི“མཐའ་གཅིག་ཏུ་གསར་བརྗེར་དགག་བྱ་སྐྱོན་མཁན་ཞིག་བྱས”ཞེས་དང་། ཡང་“ཁོ་རང་﹙བྲུམ་པ﹚དང་ལུང་ཤར་གཉིས་དྲག་པོའི་ལས་འགུལ་དེར་མ་དགའ་བ་ཆེན་པོ་མཛད” ཞེས་བཤད་པར་བརྟག་དགོས་ཏེ། ལུང་ཤར་གྱིས་གསར་བརྗེའམ་དྲག་པོའི་ལས་འགུལ་དེར་དགག་བྱ་བྱེད་དོན་ནི། ཁོ་རང་ལས་འགུལ་དེར་རྩ་བ་ནས་མ་དགའ་བ་ཞིག་མ་ཡིན་པར་དེ་ལ་རྒྱུ་རྐྱེན་ལྐོག་གྱུར་པ་གཞན་ཞིག་ཡོད་པར་ངེས་ཏེ།  ལུང་ཤར་གྱིས་དེ་སྔ་དམག་ཕོག་ས་ཁྲལ་གྱི་ཆེད་དུ་བཀྲ་ཤིས་ལྷུན་པོའི་དགོན་གཞུང་དང་ལྷག་པར་ཕོ་བྲང་རྒྱལ་མཚན་མཐོན་པོའི་ཕྱག་མཛོད་བར་དུ་འགལ་བ་ཆེན་པོ་བྱུང་སྟེ་ཕན་ཚུན་བར་ཁྱི་དང་ར་འཕྲད་པ་ལྟར་གྱུར་ཡོད།  ཡིན་ན་ཡང་«པཎ་ཆེན་སྐུ་ཕྲེང་དགུ་བའི་སྤྱན་གསལ་བློ་བཟང་གི་ལོ་རྒྱུས་མདོར་བསྡུས»ཞེས་པ་ལས། “སྐབས་དེ་ཙམ་ན་ཏྰ་ལའི་སྐུ་ཕྲེང་བཅུ་གསུམ་པའི་ཞབས་ཞུ་སྐད་གྲགས་ཆེ་ཤོས་ཚ་རོང་ཟླ་བཟང་དགྲ་འདུལ་དང་། པཎ་ཆེན་རིན་པོ་ཆེའི་ཞབས་ཞུ་ཆེ་ཤོས་སྤྱན་གསལ་བློ་བཟང་ཡིན་ཞིང་།  དེ་གཉིས་ལ་དམངས་ཀྱིས་ཟླ་བཟང་དགྲ་འདུལ་ལ་སྤྱན་གསལ་གནམ་གང་དང་། བློ་བཟང་ལ་སྤྱན་གསལ་བློ་བཟང་ཞེས་འབོད་ཀྱི་ཡོད་པ་རེད།……སྤྱན་གསལ་བློ་བཟང་དང་སྤྱན་གསལ་གནམ་གང་གཉིས་ཆབ་སྲིད་ཀྱི་དབང་ཆ་བྱུང་སྟངས་ཕལ་ཆེར་འདྲ་བོ་ཡོད་ཅིང་།  སྤྱན་གསལ་གཉིས་པོའི་དབར་བློ་དཀར་གྱི་འབྲེལ་བ་ཆེན་པོ་བྱུང་གཤིས་ཁོང་གཉིས་དབུས་གཙང་སོ་སོར་འགྲོ་འོང་སྐབས་ལག་རྟགས་སྤྲོད་རེས་དང་།  ཐུགས་སྤྲོ་གཏོང་བ་སོགས་མཛའ་གྲོགས་ཀྱི་མཐུན་ལམ་ཡོད་སྟབས་ཏྰ་ལའི་སྐུ་ཕྲེང་བཅུ་གསུམ་པས་སྤྱན་བློར་ཡང་མཉེས་པོ་གནང་གི་ཡོད”○15 ཅེས་འཁོད་པ་བཞིན་ཟླ་བཟང་དགྲ་འདུལ་དང་བཀྲ་ཤིས་ལྷུན་པོའི་སྤྱན་གསལ་བློ་བཟང་གཉིས་སྔར་ནས་མཐུན་ལམ་དང་འབྲེལ་འདྲིས་ཡག་པོ་ཡོད་ཅིང་།  ཕྱིས་སུ་ཡང་འབྲེལ་ལམ་དེ་མུ་མཐུད་དུ་རྒྱུན་བསྐྱངས་པས།  ལུང་ཤར་དང་སྤྱན་གསལ་བློ་བཟང་དབར་འགལ་བ་ཆེན་པོ་ཡོད་སྟབས་སྣང་ཚུལ་དེ་ལུང་ཤར་གྱི་མིག་ལམ་ལ་མ་རན་ཞིང་བློར་ཧ་ཅང་མ་བབས་པས་ད་གཟོད་ཟླ་བཟང་དགྲ་འདུལ་ནི་ལུང་ཤར་གྱི་མིག་ནང་གི་ཚེར་མ་ལྟ་བུར་གྱུར་ཅིང་།  དེ་ལ་བརྟེན་ནས་ཟླ་བཟང་དགྲ་འདུལ་གྱི་བྱ་བཞག་གང་ཅིའི་ཐད་ལ་འགོག་རྐྱེན་ཅི་རིགས་བཟོས་པ་ཞིག་ཡིན་པ་ལས། ལུང་ཤར་ནི་དམག་དཔོན་རྒྱ་སྐྱེད་དང་འཛུགས་སྐྲུན་སོགས་ལུགས་སྒྱུར་གྱི་བྱ་བཞག་ལ་མ་དགའ་བ་ཞིག་ལར་ནས་མ་ཡིན་སྙམ།  གལ་ཏེ་ལུང་ཤར་ལུགས་སྒྱུར་ལ་མི་དགའ་བ་ཞིག་ཡིན་ན་ཁོས་ཕྱིས་སུ་“སྐྱིད་ཕྱོགས་ཀུན་མཐུན”ཞེས་པའི་གསང་བའི་རྩ་འཛུག་བཙུགས་ནས་བོད་གཞུང་གི་ལམ་ལུགས་སྐོར་ཞིག་ལ་སྒྱུར་བཅོས་བྱ་འདོད་ཀྱི་ཀུན་སློང་དང་ལག་ལེན་སོགས་ཀྱང་འབྱུང་རྐྱེན་མེད་པར་འགྱུར་བས་སོ་སྙམ། 

དམག་དཔོན་གསར་འཛུག་དང་རྒྱ་སྐྱེད་ལས་གཞན། ད་དུང་ལུགས་སྒྱུར་གྱི་ལས་སྒོ་གཞན་དག་ལ་ཡང་འགལ་རྐྱེན་ཅི་རིགས་ཕྲད་པ་སྟེ།  «བོད་ཀྱི་དམག་སྤྱི་ཆེ་བ་ཚ་རོང་ཟླ་བཟང་དགྲ་འདུལ»ཞེས་པ་ལས། “སྐུ་ཞབས་སྨོན་གྲོང་ལགས་ནས་ས་གཏེར་འདོན་འདྲེན་གནང་བའི་སྐབས་སུ། ལུང་བའི་ནང་ས་བཅུད་ཉམས་ཆག་འགྲོ་རྒྱུ་དང་། སྲུང་མ་འཁྲུག་རྒྱུ།   ལུང་བར་མུ་གེ་ཡོང་རྒྱུ།  མི་སེར་ལ་བརྡབ་གསིག་ཡོང་གི་ཡོད་ཚུལ་སོགས་ཀྱི་རྙོག་དྲ་མང་བོ་ཞིག་བྱུང་མཐར།  མཐའ་མར་ས་གཏེར་ཡོད་པ་རྣམས་ཀྱང་སྒོ་རྒྱག་དགོས་བྱུང་བ་རེད། ”○16 ཅེས་པ་ལྟར་དང་།  དང་ཐོག་རྒྱལ་རྩེར་དབྱིན་ཡིག་སློབ་གྲྭ་བཙུགས་ཤིང་། སྐུ་དྲག་གི་ཕྲུ་གུ་སོགས་དེར་བསྐྱལ་ཏེ་སྦྱངས་འབྲས་ཀྱང་ལེགས་ན་ཡང་གདན་སའི་མཁན་པོ་དག་གིས་དེ་ཁྱབ་བརྡལ་དུ་སོང་ཚེ་བོད་མིའི་ལྟ་སྤྱོད་འགྱུར་རྒྱུ་དང་སངས་རྒྱས་བསྟན་པར་གནོད་སྐྱོན་ཆེན་པོ་ཡོང་བར་བསྙད་དེ་གཟིགས་རྒྱང་ཤིན་ཏུ་ཐུང་ངུས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་དང་།  དེ་མིན་ལུགས་སྒྱུར་ལ་མི་དགའ་བའི་སྐུ་དྲག་ཁག་གིས་ཀྱང་བཀག་འགོག་ཆེན་པོ་བྱས་པས་མཐའ་མཇུག་མཚམས་བཞག་དགོས་བྱུང་བའི་སྐོར་ཡང་གོང་གསལ་ཡིག་ཆ་དེ་ལས།  “སྐབས་དེའི་དབྱིན་ཇིའི་སྐད་ཡིག་དེ་བཞིན་འཛམ་གླིང་ནང་འགྲོ་རྒྱུག་ཆེ་ཤོས་ཤིག་ཡིན་པས།    mr.frank juqlow      ལགས་ནས་དགེ་རྒན་གནང་སྟེ།  ཁོང་གིས་གཞུང་སྒེར་གཉིས་ཀའི་ཁོངས་ནས་ཕྲུ་གུ་སྤྱང་གྲུང་འཛོམས་པ་སུམ་ཅུ་འདེམས་སྒྲུག་གིས།  རྒྱལ་རྩེར་གཏོང་གནང་མཛད་ཀྱང་ལོ་ཤས་རྗེས་དགོན་པ་ཁག་དང་།   རྩེ་ཤོད་གང་ས་ནས་གསར་བརྗེའི་ལས་འགུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་མཐར།  སློབ་ཕྲུག་དེ་རྣམས་རང་སར་ཕྱིར་སློག་གནང་དགོས་བྱུང་བ་རེད། ”○17 ཅེས་པ་ལྟར་རོ། 

 

ལུང་ཁུངས།

○1○3ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས། «དེབ་ཐེར་གཡུ་ཡི་ཕྲེང་བ་» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་རྙིང་དཔེ་སྐྲུན་ཁང་།    ཤ ༦༤༤

○2○4○5○7ཚངས་དབང་།  «བླ་མ་རིན་པོ་ཆེ་ཤར་གདོང་ཚང་ལ་བཅར་འདྲི་བྱས་པའི་ཟིན་ཐོ་»(ནང་ཁུལ་ཡིག་ཆ་)   བཙན་པོ་དྲ་ཚིགས།

○6བཀྲ་ཤིས་ཚེ་རིང་།   «བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་གཞུང་ཡིག་ཕྱོགས་བསྡུས་དྭངས་ཤེལ་མེ་ལོང་» མི་རིགས་དཔེ་སྐྲུན་ཁང་།   ཤ ༡༤༨- ༡༤༩

○8ཕུར་ལྕོག་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན། «རྣམ་ཐར་རིན་པོ་ཆེའི་ཕྲེང་བ་» ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ ༢༥༩- ༢༦༠

○9○11○12○14○16○17ཚ་རོང་དབྱངས་ཅན་སྒྲོལ་དཀར། «བོད་ཀྱི་དམག་སྤྱི་ཆེ་བ་ཟླ་བཟང་དགྲ་འདུལ་»  ལྡི་ལིར་ཆ་མན་ཨིན་ཏྲར་པིར་སེ་ཁང་།  ཤ ༤༥- ༤༦ ཤ ༨༡ -༨༢ ༤༦ – ༤༧ ༨༢- ༨༣

༤༤ ༤༨

○10པད་མ་རྣམ་རྒྱལ་སོགས། «བོད་ཀྱི་ཁྱིམ་རྒྱུད་ཆེན་པོ་བཅུའི་སྐོར་གྱི་ངག་བརྗོད་ལོ་རྒྱུས་» ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ ༨༢

○13མཛད་རྣམ་རྩོམ་སྒྲིག་ཚན་ཆུང་། «མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོའི་»ནང་དུ་«བོད་ཀྱི་སྲིད་དོན་རྒྱལ་རབས་»ཀྱི་ལུང་དྲངས་པ་ལ་གསལ།   (ནང་ཁུལ་ཡིག་ཆ་)ཤ ༥༣༨

○15བོད་རང་སྐྱོང་ལྗོངས་སྲིད་གྲོས་ཁྲིམས་ལུགས་མི་རིགས་ཆོས་ལུགས་ལོ་རྒྱུས་རིག་གནས་ཨུ་ཡོན་ལྷན་ཁང་། «བོད་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམས་སྒྲིག» མི་རིགས་དཔེ་སྐྲུན་ཁང་། ཤ ༡༧༣ -༡༧༤