ཇི་སྐད་དུ《སྡོམ་གསུམ་རབ་དབྱེ》ལས །  དངོས་པོའི་གནས་ལུགས་འཆད་པ་དང་།  །སྐྱོན་ཡོན་བསྔགས་པ་རྣམ་གཉིས་ཡོད། །ཅེས་ཡི་གེའི་གཟུགས་སུ་ཕབ་པའི་སྐྱེ་བོའི་ངག་གི་རིག་བྱེད་སྤྱི་ལྡོག་ནས་རྟགས་དང་གཏན་ཚིགས་གང་རུང་ལ་བརྟེན་ནས་བརྗོད་འདོད་ཀྱི་དངོས་པོ་གང་དེའི་གནས་ལུགས་ལྷག་ཆད་འཁྲུལ་བ་མེད་པར་ཇི་ལྟ་བ་བཞིན་གཏན་དུ་དབབ་ལ་གཞོལ་བའི་དཔྱོད་པ་ལྷུར་ལེན་གྱི་རིགས་དང་།  རྟོག་བཏགས་དང་འཁྱོག་བརྗོད།  བསྡུས་བརྗོད་སོགས་ཀྱི་ཐབས་ལམ་ཉེ་བར་སྤྱད་དེ་བརྗོད་འདོད་ཀྱི་ཡུལ་གང་དེར་དགའ་སྐྱོ་ཆགས་སྡང་གི་ཡིད་འགྱུར་ཟོལ་གྱིས་སྤྲོ་བའི་སྒྱུ་ཐབས་ལྷུར་ལེན་གྱི་རིགས་ཏེ།  སྤྱིན་ལྡོག་ནས་རིགས་ཆེན་པོ་གཉིས་སུ་དབྱེ་རུང་བར་བསྟན་འདུག་པ་ལས།  སྐབས་བབ་ཀྱི་གླེང་གཞི་དཔྱད་རྩོམ་ཞེས་པ་སྔ་མའི་རིགས་གཏོགས་ཀྱི་སྐྱེ་བོའི་ངག་རིག་བྱེ་བྲག་པ་དེ་ཉིད་དེ། རྟོག་དཔྱོད་སྙན་ཞུ་དང་དམིགས་གཏད་དཔྱོད་འཇུག  མཐར་ཕྱིན་དཔྱད་རྩོམ་སོགས་ཀྱིས་མཚོན་པའི་རྩོམ་རིགས་དམིགས་ཀྱིས་བསལ་བ་དེའོ།  །

དེ་ལྟ་བུའི་ངག་རིག་གང་དེ་འབྲས་མེད་སྦུན་འཆར་དུ་མི་འགྲོ་བར་རང་ཕན་གཞན་སྨན་གྱི་རིག་པའི་ལེགས་སྐྱེས་རབ་འབྲིང་གང་རུང་ཞིག་ཏུ་འགྱུར་བར་བྱ་བ་ལ།  དམིགས་མེད་གཏད་མེད་ཀྱི་རྟོག་པ་སྤྲོ་ལུགས་དང་ཁྲལ་མངོན་སླ་བཅོས་ཀྱི་རྣམ་ཐར་སྐྱོང་ལུགས་ས་ལ་གཡུགས་ཏེ།  ཅིའི་ཕྱིར་འབྲི་བའི་དགོས་པ་དང་ཇི་ལྟར་འབྲི་བའི་ཚུལ། ཅི་ཞིག་སྟོན་པའི་ལྟ་བ་སྟེ།  མུ་ཏིག་ཕྲེང་བརྒྱུས་ལྟར་བརྗོད་བྱ་ཅི་རིགས་བསྒྲུབ་བྱ་དོན་གྱི་གཞི་གཅིག་ཏུ་འདིང་བྱེད་ཀྱི་རྒྱ་རིམ་པ་གསུམ་ལེགས་པར་ངེས་པའི་སྒོ་ནས་སོར་མོའི་འདེགས་འཇོག་མངོན་པར་འདུ་བྱེད་དགོས་པར་སྣང་ངོ་།  །

གཅིག

ནང་གི་སྐྱེ་མཆེད་མ་རིག་མུན་པའི་སྦུབས་ལས་ཡོངས་སུ་གྲོལ་ཏེ་རྟོགས་གྲོལ་གྱི་པདྨོའི་འཛུམ་ཞལ་དཔྱོད་ཤེས་ཀྱི་ངོ་བོར་རྒོད་པའི་སྐྱེས་བུ་རང་མཚན་པ་ཞིག་ཡིན་ཙ་ན།  མ་མཐར་ཡང་བདག་དང་པོར་གང་ནས་ཡོང་།  ད་ལྟ་གང་ན་གནས།  སླད་མར་གང་དུ་འགྲོ་ལྟ་བུའི་མི་ཚེའི་དཀའ་གནད་ཆེན་པོ་གསུམ་ལ་རྣམ་རྟོག་གི་འཕྲོ་འདུ་སྣ་ཚོགས་སྐྱོང་བ་གཤིས་སུ་གྲུབ་ངེས་པ་དེ་ལྟར།  རིགས་རྟོགས་ཀྱི་འོད་སྣང་ཅུང་ཟད་རྒྱས་པའམ་རྒྱུ་འབྲས་ཀྱི་བློ་མིག་ཅུང་ཟད་ཕྱེ་འདུག་པའི་མི་རིགས་ཡིན་ཙ་ན།  ཡུལ་ལུང་འདི་ཐོག་མར་ཇི་ལྟར་ཆགས།   བར་དུ་ཇི་ལྟར་གནས།  མཐའ་མར་གང་འདྲར་འགྱུར་ལྟ་བུའི་གནད་ཀྱི་དོན་ཆེན་དག་ལ་རྗེས་དཔྱོད་ཀྱི་རྟོག་པ་ཆད་མེད་དུ་སྤྲོས་ཏེ།  ཕ་ཨ་ཁུའི་འདུན་གྲོས་ལ་བབ་ལྷུང་མེད་ཅིང་།  ནང་ཕུ་ནུའི་ཁ་དོག་ལ་ཟད་སེམས་མེད་པ།  སྡེ་ཁྲ་མོའི་སྤྱི་ཚིས་ལ་ཉེས་ལྟུང་མེད་པར་བདེ་བའི་གནས་མལ་ཇེ་འཇམ་དང་སྐྱིད་ཀྱི་ཉི་མ་ཇེ་རིང་ལ་གཏང་ཕྱིར།  མེས་པོའི་ཁྲག་དང་རྔུལ་ཆུས་བཞེངས་པའི་རིག་གནས་སྲོལ་རྒྱུན་གྱི་གཙང་ཆབ་སྔོན་མོ་བསྐལ་པའི་ཡུར་ལམ་དུ་ཐབས་ཀྱིས་འདྲེན་པའི་སྦྱོར་བ་དང་།  བརྒལ་བརྟག་དཔྱོད་འཇུག་གི་ལམ་ནས་ཐོས་པའི་འདུ་སྒོ་གསར་པ་དང་རྟོགས་པའི་འབྱོར་བ་དང་པོ་འཚོལ་བའི་སྦྱོར་བ་གཉིས་ལྷུར་ལེན་པར་བྱེད་དེ།  དེ་ལྟ་བུའི་སྦྱོར་བའམ་མངོན་རྟོགས་ཀྱི་རིམ་པ་གཉིས་ལ་བརྟེན་ནས་སྐྱེ་བོ་རང་ལྡོག་གམ་རིགས་ཀྱི་འཁོར་བ་སྤྱི་ལྡོག་གི་ཁ་སྟབས་ཡར་བསྐྱེད་ནུས་པའི་ཕྱིར་རོ།  །དེ་ཡང་ཡིན་ཏེ།  འགྲོ་བ་མིའི་རིགས་ཀྱི་འཁོར་བ་འདི་ཉིད་གདོད་ནས་རྟག་པ་དང་བརྟན་པ་མེད་པར་སྐད་ཅིག་ཡུད་ཅིག་ལ་འགྱུར་བའི་ཆོས་ཉིད་ཀྱི་ཀློང་དུ་གནས་འཆའ་བའི་ཆོས་ཅན་ཡིན་གཤིས།  སྐྱེ་བོ་རྣམས་ཀྱིས་མ་བཅོས་གཉུག་མའི་ངང་ལ་སྣོད་བཅུད་ཀྱི་ཕྱི་ནང་གསང་བའི་གནད་གསེང་དག་ལ་སྐབས་བསྟུན་དུས་སྦྱར་གྱིས་འགལ་སྤོང་མཐུན་འཇུག་གི་སྤང་བླང་འཛོལ་མེད་ཚུལ་བཞིན་རྩོམ་པ་ལ་བརྟེན་ནས་སྲོག་གི་རྒྱུན་བསྲིང་བའི་དམིགས་པ་དེ་ཉིད་མངོན་དུ་བྱ་དགོས་པའི་ཕྱིར་རོ།  །

བྱེ་བྲག་ཏུ་བཤད་ན།  རིག་གནས་དཔྱོད་འཇུག་པ་གང་དེས།  བསམ་བློ་ལྟ་བས་མཚོན་པའི་གཞུང་ལུགས་ཀྱི་ཆ་ལ་རྣམ་པར་དཔྱད་དེ་རང་ཉིད་འཚོ་སའི་འཁོར་བའི་གནས་རིས་གང་དེ་ལ་མཐོང་ཐོས་གསར་པའི་འདུ་སྒོ་ཆད་མེད་དུ་བསྐྲུན་པ་དང་།  དཀའ་འཇིགས་སྡུག་གསུམ་གྱིས་མཚོན་པའི་འཁོར་བའི་མངོན་སུམ་གྱི་ཆོས་དག་ལ་ཡང་ཡང་དཔྱད་དེ་འགྲོ་རྣམས་སྤྲོ་བདེ་སྐྱིད་གསུམ་ལ་འགོད་བྱེད་ཀྱི་ཐབས་དང་ཤེས་རབ་ནུས་འཕེར་རྔོ་ཐོགས་ཅན་ཅི་རིགས་འཚོལ་བ།  ལེགས་ཉེས་བར་མས་མཚོན་པའི་སྲིད་ལུགས་ཀྱི་སྣང་གནས་དོགས་གསུམ་དང་ཆགས་གནས་འཇིག་སྟོང་གིས་མཚོན་པའི་སྣོད་བཅུད་ཀྱི་གཉུག་མའི་ཆོས་ཉིད་ནས།  འཇམ་རྩུབ་བར་གསུམ་གྱིས་མཚོན་པའི་བཟའ་བཏུང་ལོངས་སྤྱོད་ཀྱི་རྒྱུན་ལུགས་ཤེས་བྱ་ལྟ་བུ་སྔོན་ཆད་གཞན་གྱིས་བཤད་མྱོང་བསྒྲགས་མྱོང་གང་ཡང་མེད་པའི་གཞལ་བྱ་དག་གི“ཇི་ལྟ་བའི”གནས་ལུགས་གཞན་ལ་གོ་བཤད་མཚམས་སྦྱོར་གནང་བ། རྟགས་ཆོས་དོན་གསུམ་གྱིས་མཚོན་པའི་སྒྲུབ་ངག་ལ་བརྟེན་ནས་སྐྱེས་བུའི་རྒྱུད་ཀྱི་འདོད་ཆགས་ལ་སོགས་པ་ཕྱི་རོལ་ཡུལ་གྱི་དམིགས་རྐྱེན་ལ་བལྟོས་པ་མེད་པར་རང་གི་རིགས་མཐུན་དུ་གྱུར་པའི་བག་ཆགས་ཀྱི་སྟོབས་ལ་རག་ལས་ཡོད་པར་སྒྲུབ་པ་ལྟ་བུ་རྟགས་དང་གཏན་ཚིགས་ཀྱི་ལམ་ནས་གཞལ་བྱ་གང་དེ“ཅིའི་ཕྱིར”དེ་ལྟར་ཡིན་པའི་གནས་ལུགས་གཞན་ལ་གོ་བཤད་གསེད་འགྲོལ་གནང་བ།  དངོས་པོའི་སྟོབས་ཞུགས་ཀྱི་རིགས་པའི་ཉག་ཕྲན་འཛུམ་ཤེས་དེ་ཉིད་སྐབས་ཀྱི་མྱོང་བ་མངོན་སུམ་གྱི་གནམ་རུའི་རྒྱུད་ལ་ལེགས་པར་སྦྱར་ནས་གཞལ་བྱ་གང་དེའི་སླད་ཀྱི་སྐྱིད་སྡུག་ལེགས་ཉེས་དཔོག་པའི་འབེན་ལ་ཡོ་མེད་དུ་བསྣུན་ཏེ་གསོན་པའི་ཐར་ལམ་འཚོལ་ལ་བརྩོན་པ་རྣམས་ནི།  སྤྱི་ཚོགས་ཚན་རིག་ཆར་གཏོགས་ཀྱི་བརྒལ་བརྟག་དཔྱོད་འཇུག་ཅེས་པའི་མཛད་ཆེན་དོན་ཆེན་འདི་ཉིད་ཀྱི་བོགས་ནུས་སམ་མཐར་ཐུག་གི་དམིགས་རྩེ་འཁྲུལ་མེད་ཉིད་དོ། །

དེ་ལྟ་བས་ན། བརྒལ་བརྟག་དཔྱོད་འཇུག་གི་མཛད་ཆེན་དོན་དུ་གཉེར་མཁན་གངས་རིའི་སྨྱུག་ཐོགས་པ་རྣམས་ཀྱིས། ཁུར་བསམ་ཆེ་བསྐྱེད་ཀྱིས་ས་ལྒང་རིལ་མོའི་སྤྱི་ཆོས་སུ་གྱུར་པའི་བརྒལ་བརྟག་དཔྱོད་འཇུག་གི་དམིགས་རྩེ་དེ་རིགས་ཐུགས་ཀྱི་ཡོལ་གོར་ལེགས་པར་སྣོམ་པའི་ཉེར་བསྡོགས་སྔོན་དུ་འགྲོ་རྒྱུ་གཞིར་བཅས། ངེས་རྙེད་དགོས་ཆ་ཆེ་རིགས་སུ་གྱུར་པའི་དཔྱད་ཡུལ་ཏེ། རང་ཉིད་ཀྱིས་དོན་དུ་གཉེར་བྱའི་ཆེད་ལས་དང་ཉེ་བར་འབྲེལ་བས་རང་ལ་ངེས་ཆ་འདྲིས་ཆ་ཡོད་ཅིང་རིགས་ཀྱི་ཕྱི་ནང་བར་གསུམ་གྱི་ཡར་སྐྱེད་ལ་དགོས་བྱེད་ཆེ་བའི་གནད་དང་།  སྔོན་མེད་གསར་ཁྱད་ཆེ་བའི་དཔྱད་ཡུལ་ཏེ། ཕྱི་བལྟས་རི་མོ་འདྲ་ཡང་ནང་བལྟས་ཐིག་ལེ་མི་འདྲ་བའི་གནད།  སྐབས་ཀྱི་དོན་ཆེན་དུ་གྱུར་པའི་དཔྱད་ཡུལ་ཏེ།  སྨག་ལ་སྒྲོན་མེ་བཏེགས་ལྟར་རིག་ཚན་ཡར་རྒྱས་ལ་ཕྱར་བ་གྲུ་འདེགས་ཀྱི་དགེ་བོགས་ཆེ་བའི་གནད།  གླང་ཁལ་བེའུ་ཁུར་དུ་མ་སོང་བའི་དཔྱད་ཡུལ་ཏེ།  རང་གི་ཤེས་འཁོས་འཇོན་སྟོབས་ཀྱིས་འདྲོང་ཞིང་གཞན་ལ་བློ་འབྱེད་གསེར་གྱི་ལྡེ་མིག་ཏུ་སོང་བའི་གནད་ལ་སོགས་པས་མཚོན་པའི་གནད་ཀྱི་དོན་ཁྱད་པར་བ་དེ་རིགས་དཔྱད་ཡུལ་དུ་བསྣམ་རྒྱུ་སྨོས་མེད་ཐོག  །མེས་པོ་ཁོང་ཡངས་ཐེག་ཆེ་རྣམས་ཀྱིས། བསྟན་བཅོས་བྱེད་པོ་རྣམས་ལ་ང་རྒྱལ་མེད་པའི་དུལ་བ་དང་།  གཞན་གྱི་སྡུག་བསྔལ་བསལ་བར་འདོད་པའི་སྙིང་རྗེ་དང་།  གཞན་ལ་ཕན་གདགས་འདོད་ཀྱི་བྱམས་པ་དང་།  རང་གཞན་གྱི་དགེ་རྩ་བསྐྱེད་པའི་ཕན་སེམས་ཏེ།  བཟང་པོའི་ཡོན་ཏན་བཞི་ཅིས་ཀྱང་འཛོམ་དགོས་པའི་བླང་བྱ་བཏོན་འདུག་པ་ལྟར།  རིགས་ཀྱི་ཤེས་རིག་དང་འཁོར་བའི་ཁ་སྟབས་ཀྱི་ཡར་སྐྱེད་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ།  ཡུལ་ལུགས་དང་མ་འགལ་ཞིང་དཔྱོད་འཇུག་གི་ཆོས་ཉིད་དང་མཐུན་པའི་རང་ལྟ་འཐད་ལྡན་རེ་གདོན་ཨེ་ཐུབ་ལ་འབད་དགོས་པ་ལས། རང་ལ་ཡིད་བརྟན་གཞི་ནས་མེད་ཀྱང་ངེས་མེད་ཚུགས་མེད་ཀྱི་ཀློང་དུ་འབྱམས་ནས་ནེ་ཙོའི་ཀློག་འདོན་གྱི་ངག་སྒྲོས་སྙིང་པོར་རློམ་པ་དང་།  དཔྱོད་པའི་རིན་ཐང་སྲང་གང་མེད་ཀྱང་ཁེ་འདོད་གྲགས་འདོད་ཀྱི་སྲེད་པས་མྱོས་ཏེ་ཕྱིང་ཧྲུལ་གནམ་འཕྱར་གྱི་བརྟུལ་ཞུགས་ལ་མཐའ་གཅིག་ཏུ་སྤྱོད་པ།   ཆེས་ཆེས་ཟབ་ཟབ་རང་བློའི་རྩལ་གྱིས་ཁྱོག་རེ་མེད་ཀྱང་ཆེ་འདོད་མཐོ་འདོད་ཀྱི་རླུང་གིས་བཀྱགས་ནས་མཁྲེགས་འདྲེད་འབོལ་ཟུག་གི་རྣམ་ཐར་དཀྱུས་གཅིག་ཏུ་འཁྲབ་པ།  དཔྱད་ཡུལ་ཕྱོད་ཅན་འཁྲིས་ན་ཡོད་ཀྱང་དམིགས་མེད་གཏད་མེད་ཀྱི་ལིང་ཏོག་ཕོག་ནས་ཆུ་མེད་ཁྲོན་རྐོའི་ངལ་བ་ཐོད་ལ་ལེན་པ།  དཔྱད་བྱའི་ཁ་བྱང་ཁ་ལག་སྤྱོད་པའི་བབ་དང་འཚམ་ཡང་ཁྲལ་སེལ་སླ་བཅོས་ཀྱི་བློ་སྐྱོན་ཕོག་ནས་ལ་བཏུས་ལུང་བཏུས་ཀྱི་སྙིགས་རོ་ཐང་མར་བརྡལ་བ་སོགས་ཀྱིས་མཚོན།  མི་རུང་མི་ལོ་མི་འོས་པའི་བསམ་སྦྱོར་དག་ཤེས་ཡོན་པའི་འཇོན་ཁྱད་དུ་བརྩིས་ནས་དཔྱོད་འཇུག་གི་གཞི་གདིང་ལ་བརྩོན་ཚུལ་རྣམས་ནི།  བསྟན་བཅོས་རྩོམ་པའི་ཀུན་སློང་མ་དག་ཞད་ཅན་གྱི་དབང་དུ་ཤོར་ཚུལ་འབའ་ཞིག་ཡིན་གཤིས།  གཟུར་གནས་དྲང་སྤྱོད་སྤྱི་དོན་ཁུར་འཁྱེར་ལ་ཡིད་འཁྲེང་བའི་སྨྱུག་ཐོགས་པ་ཞེ་དཀར་ཐེག་ཆེ་རྣམས་ཀྱིས་ཤིན་ཏུ་ནས་གཟབ་པར་བྱ་བ་ཉིད་དེ། 《རྣམ་པར་གཏན་ལ་དབབ་པ་བསྡུ་བ》ལས་ཀྱང་།  “བསྟན་བཅོས་རྩོམ་སྐབས་ཆོས་ཀྱི་དོན་ཀུན་ཏུ་རྒྱས་པར་འགྱུར་རོ་སྙམ་པ་དང་།  སེམས་ཅན་རྣམས་ཁམས་དང་མོས་པ་སྣ་ཚོགས་པའི་ཕྱིར་ཁ་ཅིག་གི་དོན་དུ་འགྱུར་རོ་སྙམ་པ་དང་།  དོན་རྣམ་པར་དབྱེ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་།  དོན་འཐོར་བ་རྣམས་བསྡུ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་།  དོན་ཟབ་མོ་རྣམས་གསལ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་།  ཚིག་འབྲུ་མཛེས་པས་མཛེས་པ་བསྐྱེད་པར་བྱའོ་སྙམ་པ”སྟེ།  ཀུན་སློང་བཟང་པོ་དྲུག་གི་ཉེར་བསྡོགས་ཅིས་ཀྱང་སྔོན་དུ་འགྲོ་དགོས་པར་གསུངས་འདུག་པའང་བཤད་མ་ཐག་པའི་དོན་དེ་ལས་མ་འདས་པའི་ཕྱིར་རོ།  །

གཉིས།

ཕ་སྐད་དུ་རྩོམ་ཁོག་གམ་ས་བཅད་དང་དེང་སྐད་དུ་སྒྲིག་གཞིར་གྲགས་པའི་སྤྱི་མཚན་དུ་གྱུར་པའི་ཆོས་གང་དེ།  དཔྱད་རྩོམ་གྱི་ཐོག་མཐའ་བར་གྱི་བརྗོད་བྱ་རྣམས་རྩོམ་བྱང་དང་ཡ་བྲལ་དུ་མ་སོང་བར་བསྒྲུབ་བྱ་དོན་གྱི་གཞི་གཅིག་ཏུ་འབེབ་བྱེད་རྩིག་པའི་དཔེ་དབྱིབས་དང་ཁང་པའི་སྒྲོམ་གཞི།  རི་མོའི་སྐྱ་ཐིག  །ལུས་ཀྱི་བྱང་ཁོག་ལྟ་བུ་ཡིན་པས་ན།  ཇི་སྐད་དུ་འུ་ཅག་གི་བསྟན་བཅོས་སྔ་མ་དག་ལས།  སེང་གེའི་ལྟ་སྟངས་ཀྱིས་ཁྱད་པར་གྱི་གཞི་བླངས།  སྦལ་པའི་འཕར་འགྲོས་ཀྱིས་སྐབས་དོན་སོ་སོར་ཕྱེ།  རུས་སྦལ་བཞི་འགྲོས་ཀྱིས་ཚིག་གི་འབྲུ་མནན།  ངང་པའི་གོམ་འགྲོས་ཀྱིས་ཚིག་དོན་མཚམས་སྦྱར།  སྟག་གི་མཆོང་སྟབས་ཀྱིས་བརྗོད་བྱའི་དོན་དྲིལ་ནས་སྟོན་དགོས་གསུངས་པའི་རིགས་ལམ་དེ་ཡང་དག་པར་སྤྱད་ནས།  གང་བྲི་བར་བྱ་བའི་རྩོམ་ཁོག་སྤྱི་ལ་བཟོ་ཉེས་དྲས་ཐལ་དུ་མ་སོང་བའི་དབུ་ཞབས་སྐེད་གསུམ་གྱི་ལང་ཚོའི་སྐྱ་ཐིག་ལེགས་པར་བཏབ་རྗེས།  དོན་གྱི་གནད་ཟིན་པ་གཡག་རྒན་གྱི་སྣ་ནས་འཁྲིད་པ་ལྟ་བུ།  རྩ་བ་དང་ཡན་ལག་གི་ཆ་རྫོགས་པ་ཟླ་བ་ཉ་གང་བ་ལྟ་བུ། གཙོ་ཕལ་གྱི་ཁྱད་ཕྱེ་བ་རྒྱལ་བློན་གྲལ་དུ་བཞུགས་པ་ལྟ་བུ།  སྔ་ཕྱི་འབྲེལ་ཆགས་པ་ཀ་གདུང་འཕལ་ཀ་འཕྲོད་པ་ལྟ་བུ།  མོད་ཉུང་གི་གྲངས་རན་པ་རྡེའུ་ཤོ་མིག་ཏུ་བཀྲམས་པ་ལྟ་བུ།  སྤྱི་བྱེའི་དབྱེ་སྡུད་མ་ནོར་བ་བེའུ་བརྒྱ་མ་རྗེས་སྙེག་པ་ལྟ་བུ།  བསྒྲུབ་བྱའི་གནད་གཅིག་ཏུ་དྲིལ་བ་བཟང་དྲུག་འབྲུ་ཕུར་དུ་བླུགས་པ་ལྟ་བུ།  གཏན་ཚིགས་ཀྱི་གོ་རིམ་མ་འཁྲུགས་པ་རྒྱ་མཚོའི་རླབས་གཉེར་གཡོ་བ་ལྟ་བུའི་བརྗོད་དོན་ལེ་ལག་དང་བཅས་པའི་སྒོ་ནས་རྒྱས་བསྡུས་རན་པའི་གཞུང་སྤྱིའི་ས་བཅད་ལེགས་པར་བཀྲམས་ཏེ་གང་བྲི་བར་བྱ་བའི་རྩོམ་གྱི་ཁོག་པ་འབུབས་པའི་ཉེར་བསྡོགས་སྔོན་དུ་སོང་བས།  དབང་པོ་སྣ་ལྔ་ཚང་ཞིང་སྐྱེ་མཆེད་རྣམ་དྲུག་ཚང་བའི་དཔྱད་རྩོམ་རབ་འབྲིང་གང་རུང་རེ་འཁྱོང་ཐུབ་པ་ལས།  རྩོམ་པའི་སྐྱོན་ཏེ།  གཞུང་གི་སྤྱི་ཁོག་དཀྱུས་གཅིག་ཏུ་མ་ངེས་པར་ཁ་ཐོར་དུ་སོང་བ་ཕྲེང་རྡོག་ས་ལ་ཐོར་བ་ལྟ་བུ།  ལྟ་བའི་གནད་ལ་བརྡར་ཤ་མ་ཆོད་པར་ཚིག་འཇུ་ཤོར་བ་ལག་རྡུམ་བྲག་ལ་འཛེག་པ་ལྟ་བུ།  རྩོམ་ལུས་ཀྱི་ཡན་ལག་མ་རྫོགས་པར་ལྷག་ཆད་ནུས་སྟོངས་སུ་སོང་བ་ཟ་མ་མ་ནིང་གི་ལུས་རྟེན་ལྟ་བུ།  རྩོམ་མགོ་སྦོམ་ཞིང་རྩོམ་མཇུག་ཕྲ་ནས་མགོ་ཆེ་ལུས་རིད་དུ་སོང་བ་སྟག་མགོ་སྦྲུལ་ལ་སྤྲད་པ་ལྟ་བུ།  བརྗོད་བྱའི་དོན་ལ་གཙོ་ཕལ་མོད་ཉུང་གི་ཁྱད་མ་ཕྱེ་བར་མགོ་ལྟག་དབྱེར་མེད་དུ་བྱས་པ་སྡོང་དུམ་སོག་ལེས་གཏུབས་པ་ལྟ་བུ།  ཚིག་དོན་སྔ་ཕྱི་འབྲེལ་མི་ཆགས་པར་བཙན་གྱིས་བསྒྲིགས་པ་རྡོ་ཆག་སྐུད་པས་བཙེམས་པ་ལྟ་བུ།  བསྒྲུབ་བྱ་གཅིག་ཏུ་མ་ངེས་པར་ཡིན་མིན་བཅོ་བརྒྱད་ཀྱི་རྗེས་སྙེག་པ་རྔོན་པས་ཕག་རྒོད་བདའ་བ་ལྟ་བུ།  གཏན་ཚིགས་ཀྱི་གོ་རིམ་འཆོལ་ནས་སྔ་ཚིག་ཕྱི་འགལ་དུ་སོང་བ་བཟི་བོས་ལབ་རྡོལ་འབྱིན་པ་ལྟ་བུ།  ས་བཅད་ཀྱི་གྲངས་མངས་ནས་གཞུང་གི་དགོངས་པ་དཀྱུས་གཅིག་ཏུ་ལོན་ལ་གནོད་བྱེད་པ་སྡིག་སྲིན་གྱི་རྐང་ལག་བརྐྱངས་པ་ལྟ་བུ་སྟེ།  དེ་དག་ལ་སོགས་པའི་ལུས་སྐྱོན་རྣམས་བོང་བ་གསེར་གཟིགས་སུ་སོང་ནས་དཔྱད་རྩོམ་འབྲི་བའི་དཀའ་བ་དང་དུ་བླངས་པ་ཡིན་ན། ཡིད་ལ་ཇི་ལྟར་སྨོན་པ་ལྟར་གྱི་དཔྱད་འབྲས་དོ་མེད་ལེན་རྒྱུ་ཕར་ཞོག །ཤར་དུ་འགྲོ་འདོད་ནས་ནུབ་ལ་གོམ་པ་རྒྱག་པ་དང་ལྷ་མདུན་ལ་བཞག་ནས་བློ་འདྲེ་ལ་གཏོད་པའི་དཔེ་དོན་བདག་གིར་བྱ་ཉེན་ཡོད་པར་མ་ཟད།  དེ་ལ་བརྟེན་ནས་མི་ཚེ་ཧྲིལ་པོ་དགེ་སྐྱོན་གོ་ལྡོག་གི་མུན་པའི་ཀློང་དུ་བསྟིམ་ཉེན་ཡང་ཆེའོ། །

དེ་ལྟ་བས་ན།  ཞེ་བློ་བྲང་གསུམ་དཔྱོད་འཇུག་བརྒལ་བརྟག་གི་མཛད་ཆེན་དོན་ཆེན་གང་དེར་བསྟིམས་ཏེ།  དཔྱད་འབྲས་ཀྱི་དགེ་བོགས་ཆེན་པོས་སྤྱི་སྒེར་གཉིས་ལ་ཕན་ཅུང་ཟད་རེ་གདགས་འདོད་ཀྱི་སློབ་གྲོགས་གཟུར་གནས་དྲང་སྤྱོད་ལ་དུངས་མཁན་རྣམས་ཀྱིས།  མུན་ནག་འདོམ་འཇལ་གྱི་བྱ་བྱེད་དེ་རིགས་དུག་ལྟར་དོར་ཏེ།  ལེགས་ལམ་གང་ཆགས་ཀྱི་ལམ་ནས་མགོ་མཇུག་བར་གསུམ་དང་ཕྱི་ནང་གསང་གསུམ་གྱི་ཁོ་ལག་ཡོངས་སུ་རྫོགས་པའི་དྲི་ཟའི་ན་ཆུང་ལྟ་བུའི་རྩོམ་ཁོག་ཅིག་ཇུས་འཐེམས་མི་བྱ་ཐབས་མེད་ཡིན་ལ།   ཇི་སྐད་དུ་ཆོས་རྗེ་ས་པཎ་གྱིས་ཁོང་གི<<མཁས་པ་འཇུག་པའི་སྒོ>>ལས།  གཞུང་ལུགས་འཆད་པོ་རྣམས་ཀྱིས།  “མི་འཆད་པ་དང་།  ལེགས་པར་མི་འཆད་པ་དང་།  ཐེ་ཚོམ་གྱིས་འཆད་པ་དང་།  དཀའ་བའི་གནས་ལ་བྱིལ་བྱིལ་པོ་དང་།  དགོས་པའི་གནས་སུ་མི་སྤྲོ་བ་དང་།  མི་དགོས་པར་སྤྲོ་བ་དང་།  གོང་འོག་འཁྲུགས་པ་མི་བསྡེབ་པ་དང་།  མི་དགོས་པ་དཀྲུགས་ཏེ་བཤད་པ་དང་།  གོང་དུ་བཤད་རྒྱུ་འོག་ཏུ་འདོར་བ་དང་།  འོག་ཏུ་བཤད་རྒྱུ་གོང་དུ་ལེན་པ་དང་།  སྐབས་སུ་མ་བབ་པ་བཤད་པ་དང་།  བབ་པ་མི་བཤད་པ་དང་། བརྗོད་པ་མཐོ་དམན་ཅན་དང་།  མི་གསལ་བ་དང་།  སུབ་སུབ་པོ་དང་།  མྱུར་ཆེས་པ་དང་། བུལ་ཆེས་པ་དང་།  ཚིག་དང་དོན་ལེགས་པར་བརྡ་མི་འཕྲོད་པ་ལ་སོགས་པའི་སྐྱོན་རྣམས”གད་སྙིགས་ལྟར་སྤང་དགོས་པའི་བླང་བྱ་བཏོན་འདུག་པའང་དོན་འདི་ལས་ལོགས་ན་མེད་དོ། །

དེ་ལྟ་བུའི་གཟུགས་ཀྱི་སྐྱེ་མཆེད་ཡོངས་སུ་རྫོགས་པའི་རྩོམ་ཁོག་ཏུ་བཞུགས་སུ་གསོལ་བའི་བསྒྲུབ་བྱ་གང་དེ།   ཕྱོགས་རིས་བསྙེན་བསྲིང་དང་དད་པ་དག་སྣང། གཞན་ལྟ་གཞན་ལུགས་ཀྱི་པང་དུ་མ་བཞག་པར་བསྒྲུབ་བྱ་གོ་བར་བྱེད་པའི་རང་རྒྱུད་ཀྱི་གཏན་ཚིགས་ཡང་དག་གསུམ་དང་།  བསྒྲུབ་བྱ་གཞན་ལ་འདོམས་པའི་མཐུན་སྣང་གི་སྒྲུབ་ངག་ཡན་ལག་གསུམ་ལ་སོགས་པའི་གང་མཁོའི་ཆ་དཔྱད་ཕྱོད་ཅན་རྣམས་ཕན་ཚུན་གུང་བསྒྲིགས་པའི་རིགས་པའི་སྲང་ལ་ཉེ་བར་འཇལ་དགོས་པར་མ་ཟད།  བསྒྲུབ་བྱ་སྒྲུབ་ལུགས་དེ་དག་ཀྱང་དེང་གི་མིའི་རིགས་རིག་པ་དང་རིག་གནས་རིག་པ།  སྤྱི་ཚོགས་རིག་པ།  ཆོས་ལུགས་རིག་པ།  མི་ཆོས་རིག་པ།  སློབ་གསོ་རིག་པ་སོགས་ངེས་རྙེད་ཚད་ཐུབ་སྤྱན་མིག་གསུམ་པར་སྣང་བའི་རིག་སྒོ་གསར་པའི་དཔྱོད་ལུགས་དག་ལ་སྐབས་བསྟུན་བབ་འོས་ཀྱིས་སྦྱར་ཏེ། སྐབས་ཀྱི་བསྒྲུབ་བྱ་གང་དེར་གང་འགབ་དོགས་གཅོད་ཀྱི་རྟོག་པ་སྤྲོ་བ་སྨག་ལ་གློག་ཞགས་འཁྱུག་པ་ལྟ་བུ།  ལྟ་ལུགས་མྱོང་སྣང་མི་འདྲ་བ་རིགས་དྲུག་ཆུ་འགྲམ་ནས་འཕྲད་པ་ལྟ་བུ།    རང་གཞན་གྱི་བློ་སྒོ་འབྱེད་ནུས་པ་ཚན་རིག་འཕྲུལ་གྱི་ལྡེ་མིག་ལྟ་བུ།  ཕྱོགས་ཞེན་འཐེན་འཁྱེར་གྱིས་མི་གཡོ་བ་དབུས་ཀྱི་རི་རྒྱལ་ལྷུན་པོ་ལྟ་བུ།  ཚིག་དོན་གྱི་གཏིང་ཟབ་པ་བུར་ཤུན་གྱིས་བཏུམས་པའི་བུར་རོ་ལྟ་བུ།  སུན་འབྱིན་པའི་ཚིག་མདའ་མི་ཟུག་པ་ལྕགས་ཀྱི་ཕ་བོང་ཞུན་མ་ལྟ་བུ། བརྟན་ཚུགས་དང་བརླིང་ཆ་ཆེ་བ་བྲག་ལ་བཏབ་པའི་རྡོ་རྗེ་ཕུར་བ་ལྟ་བུའི་ལྟ་བ་མཐོ་ཡངས་ཟབ་གསུམ་ཅན་རེ་གདོན་ཨེ་ཐུབ་ལ་ལྟ་དགོས་པ་ལས།  ཇི་སྐད་དུ་རྫ་དཔལ་སྤྲུལ་ཞབས་ཀྱིས།  “མང་ལ་འབྲེལ་བ་མེད་པ།  དཔེ་དང་དོན་དུ་འགལ་བ།  དཔེ་མང་ཁུར་དུ་ལུས་པ་དེ།  མི་མཁས་ང་རྒྱལ་ཆེ་བ་ལ་འབྱུང་།  ཟོབ་ལ་ཟད་དུས་མེད་པ།  ལུས་མེད་ཡན་ལག་མང་བ།  འབྲེལ་མེད་གཏམ་གཞུང་རིང་བ་དེ།  རྒན་པོ་ཨུ་ཚུགས་ཅན་ལ་འབྱུང”གསུངས་པ་ལྟར།  གཏམ་ཉོག་རུམ་གང་སྨྲས་ཀྱང་བསྒྲུབ་བྱ་དངོས་དང་མི་འབྲེལ་བ་ལམ་བྱང་ལ་བཞག་ནས་འཁོར་ལོ་ནུབ་དུ་གཏོང་བ་ལྟ་བུ།  གཏན་ཚིགས་སྒྱེ་གང་སྤུངས་ཀྱང་སྒྲུབ་བྱེད་ཡང་དག་ཏུ་མི་འགྲོ་བ་བ་ཤར་ལ་བཏགས་ནས་ཕུབ་མ་ནུབ་ལ་འདེབས་པ་ལྟ་བུ།  དཔེ་མང་ཁུར་དུ་བརྩིགས་ཀྱང་བརྗོད་བྱའི་དོན་དང་མི་འགྲིག་པ་ཞྭ་དཔེ་ལྷམ་ལ་འགེབས་པ་ལྟ་བུ།  བདེན་ཡུས་དབྱངས་སུ་གྱེར་ཡང་ཕྱོགས་ལྷུང་འཐེན་འཁྱེར་གྱིས་བསླད་པ་རྩ་བ་དཀར་པོ་ལ་འགྲེལ་བ་ནག་པོ་རྒྱག་པ་ལྟ་བུ། ཚུལ་གསུམ་དཔང་རྟགས་ཚང་ཡང་དད་པ་དག་སྣང་གིས་དབུ་བཏུམས་པ་བུམ་ནང་གི་བུང་བ་མགོ་འཁོར་ལྟ་བུ། ལུང་རིགས་ཕྱུར་བུར་སྤུངས་ཀྱང་མི་ཚུལ་རིག་གནས་ཀྱི་བརྟག་ཐབས་དཔྱོད་ལུགས་མེད་པ་འཐེང་པོའི་གྱོལ་འགྲོས་ལྟ་བུ།  མྱོང་རྟོགས་དཔང་དུ་བཞག་ཀྱང་གཞི་གྲངས་ཡིག་རིགས་ཀྱི་སྒྲུབ་བྱེད་མི་ཚང་བ་སྲིན་བྱའི་རྫུན་དྲུག་ལྟ་བུ།  རིགས་ཞེན་ལ་རྒྱ་ཆེ་ཡང་ཕྱི་རོལ་སྤྱན་ལ་མ་སྣང་བས་སྲོལ་རྒྱུན་གྱི་སྐྱོན་ལ་ཆེ་མཐོང་དང་གསར་བཤད་ཀྱི་དགེ་ལ་དམན་མཐོང་བྱེད་པ་གངས་རི་སྔོ་སྣང་གི་དབང་ཤེས་ལྟ་བུ་སྟེ།  དེ་དག་ལ་སོགས་པའི་བརྟག་ཐབས་དཔྱོད་ལུགས་ཕྱོགས་ཀྱི་སྐྱོན་དང་ཉེ་ཞོ་རྣམས་བདག་གིར་བྱེད་ཞོར་སྒྲུབ་བྱེད་འགོད་པའི་ངལ་བ་དང་དུ་བླངས་པ་ཡིན་ན།  བསྒྲུབ་བྱའི་ཆོས་གང་དེ་ཐེ་ཚོམ་དང་སུན་འབྱིན་གྱིས་སྐད་ཅིག་སྐད་ཅིག་ལ་ཡོ་བར་འགྱུར་བ་འདམ་ལ་བཏབ་པའི་ཤིང་ཕུར་གྱི་དཔེ་དོན་ངོ་མར་འགྱུར་ངེས་པས་ན།  དེང་གི་རིག་སྒོ་གསར་པའི་ཆ་དཔྱད་ཕྱོད་ཅན་དེ་རིགས་དགོས་པ་ལ་མ་ཆད་ཅིང་མི་དགོས་པ་ལ་མ་ལྷག་པའི་སྒོ་ནས་སྤྱད་དེ།  རིག་གནས་དང་འཁོར་བ་དངོས་གཉིས་ཀྱི་ནང་གི་འབྲེལ་བའི་དོན་ལ་བློ་ཅུང་ཟད་རེ་སྨིན་རྒྱུ་གནད་ཀྱི་དོན་པོའོ། །

དེ་སྐད་དུ་ས་པཎ་གྱི《མཁས་འཇུག》ལས།  དོན་འདུས་ཚིག་གསལ་བརྗོད་པ་བདེ།  །ངག་ཉུང་ཚིག་སྙོམས་གཟུང་བ་སླ།  །བསྡུས་དོན་ཉིད་ཀྱིས་གཞུང་གོ་བ།  །དེ་འདྲ་གང་གིས་ཤེས་དེ་མཁས།  །གསུངས་པ་ལྟར།  དེ་ལྟ་བུའི་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ཁོ་ལག་ཡོངས་སུ་རྫོགས་པའི་རྩོམ་ཁོག་དེ་ཉིད་ཀྱང་།  དོན་གྱི་གནད་འདུས་ཤིང་ངག་གི་མདངས་གསལ་བ།  ཚིག་གི་སྡེབ་ལེགས་པ།  གསུང་གི་གདངས་འཁྲོལ་བ།  ལྟ་བའི་གནད་ཕིགས་པ། སྔ་ཕྱི་འབྲེལ་ཆགས་པ།  གཞན་གྱིས་རྟོགས་སླ་བ།  བལྟས་ན་མིག་འཛིན་པ།  ཉན་ན་རྣ་འཛིན་པ།  དཔྱད་ན་ཡིད་འཛིན་པའི་ཕ་སྐད་རྣལ་མའི་ངག་རིག་གི་ཀ་གདུང་ལྕམ་དྲལ་ལམ་འཁོར་གསུམ་དག་པའི་རྗོད་པ་གཙང་མའི་ལེ་ལག་གིས་མཛེས་པར་འབུབས་ཨེ་ཐུབ་ལ་འབད་དགོས་ཏེ།  དཔྱད་རྩོམ་གང་དེར་ཕྱི་མཛེས་ནང་སྡུག་གི་ཡོན་ཏན་སྟབས་གཅིག་ཏུ་རྫོགས་ན།  མཛེས་པ་རབ་ཀྱི་རྩེར་སོན་ཏེ་མཁས་པ་མགུ་བའི་ལེགས་སྐྱེས་གང་རུང་ཞིག་ཏུ་འགྱུར་ངེས་པ་ལས།  སུ་ཞིག་གིས་སོར་མོའི་འདུ་བྱེད་དག་བདེ་གསལ་གསུམ་དང་ངག་འཁྲི་བདེ་འཁྱུག་གི་གར་དུ་བསྒྱུར་ནུས་ཀྱི་ཡོན་ཏན་མཐའ་དག་སྣང་མེད་དུ་བཞག་ནས།  ཕོ་ཚོད་སྙེམས་པས་བརྗོད་བྱའི་དོན་མི་སྟོན་ཞིང་རྗོད་བྱེད་ཀྱི་བརྡ་མི་དག་པ།  ཚིག་གི་སྡེབ་འཁྲུགས་པ།  ངག་ཏུ་བརྗོད་མི་བདེ་བ།  ཅི་བཤད་གོ་དཀའ་བ།  གོང་འོག་བསྐྱར་ཟློས་མང་བ།  སྔ་ཚིག་ཕྱི་ལ་འགལ་བ།  ལ་སྐད་ལུང་སྐད་ཀྱིས་བཅིངས་པ་ལྟ་བུ་མ་ཡིན་མ་འཐུས་པའི་རྗོད་པ་རྙོག་མའམ་གཏམ་ཉེས་བརྒྱད་ཀྱི་འདམ་རྫབ་དཀྲུགས་ཆེས་ན།  དཔྱད་རྩོམ་གྱི་བསྒྲུབ་བྱ་ཇི་ལྟར་རྨད་དུ་བྱུང་ཡང་ཟླ་བ་སྤྲིན་གྱིས་བསྒྲིབས་པ་ལྟར་ངེས་མེད་མོག་མོག་ཏུ་གཏང་ངེས་པའི་ཕྱིར་ཏེ།   ཇི་སྐད་དུ་གངས་ཅན་མཁས་པའི་གཙུག་རྒྱན་རྗེ་བཙུན་ཙོང་ཁ་བས།  དེ་ལྟར་དོན་གྱི་གནད་རྣམས་མ་འཕྱུགས་ན།  །ཚིག་སྦྱོར་དམན་ན་ཉེས་པ་ཆུང་མོད་ཀྱང་།  །རྒྱལ་བ་ཉིད་ཀྱི་གསུང་རབ་བསྔགས་པ་ན།  །དོན་བཟང་བ་དང་ཚིག་འབྲུ་བཟང་པོ་ཞེས།  །གསུངས་ཤིང་ཤིན་ཏུ་དཀར་བའི་ཁང་བཟང་ལའང་།  །བསིལ་ཟེར་བྱེད་པའི་འོད་ཀྱིས་བྱུགས་པ་བཞིན།  །དོན་བཟང་བའང་ཡིད་འཕྲོག་ཚིག་སྦྱོར་གྱིས།  །སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར།  །གསུངས་པ་ལྟར་རོ།  །

གསུམ།

དེ་ལྟ་བུའི་དཔྱད་རྩོམ་ལ་དཔྱོད་འཇུག་གི་གཞི་མའི་དགོས་ཆ་སྟེ།  དཔྱད་རྩོམ་བྱེད་པོ་རང་ཉིད་ཁོ་ནར་གཏོགས་པའི་ལྟ་བ་ཐུན་མོང་མ་ཡིན་པ་གང་ཞིག་གདོན་པའི་རྩ་བའི་དགོས་བྱེད་དམ་མེས་པོ་ཚོས་གསུངས་པའི་དགོས་སོགས་ཆོས་བཞིའི་ཁྱད་ཡོན་དེ་ཚང་ན།  གཟོད་འབྲས་བུའི་བོགས་ཆེན་པོ་ཐོན་ན་མ་གཏོགས།  སྒྱུ་རྩོམ་ལྟར་ཚིག་གི་སྙན་ཆ་ཆེ་ལུགས་དང་ལུང་གི་རྒྱབ་རྟེན་མང་ལུགས།   དགའ་སྐྱོ་ཆགས་སྡང་གསལ་ལུགས་སོགས་ལྟར་སྣང་མིག་མཛེས་ཀྱི་ཕལ་བའི་དགེ་ཁོ་ནས་རྔོ་ཐོགས་རེ་མེད་པ་ཇི་སྐད་དུ་ས་སྐྱའི་པཎ་ཆེན་ཀུན་དགའ་རྒྱལ་མཚན་ཞབས་ཀྱིས་སྡེབ་སྦྱོར་གྱི་གཞུང་གསར་དུ་ཕྱེ་རྗེས།  སྔོན་ཆད་གངས་རིའི་ཁྲོད་འདིར་མཁས་རྣམས་ཀྱི།  །རྣ་བའི་སྣོད་དུ་ཉེ་བར་མ་ལྷུང་ཞིང་།  །ལྕེ་ཡི་དབང་པོས་ཀུན་ནས་མ་མྱངས་པ།  །རོ་བརྒྱའི་འབྱུང་གནས་དཔག་བསམ་ཤིང་འདི་བསྐྱེད།  ། ཅེས་དང་། སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་བ།  །དེ་འདྲ་གང་གིས་ཤེས་དེ་བློ་གྲོས་ལྡན།  །རྒན་པོ་རྣམས་ཀྱིས་ཡང་ཡང་རྣམ་དཔྱད་པའི།  །དོན་དེ་ཤེས་ཀྱང་དེ་ལ་ངོ་མཚར་མེད།  ། གསུངས་པ་ལྟར་དང་།   རྗེ་ཙོང་ཁ་བས།  དེ་སླད་རྗོད་བྱེད་སྒྲིག་དང་བརྗོད་བྱ་ལ།  །རང་ལ་ཡིད་བརྟན་ཅུང་ཟད་མེད་གྱུར་ཀྱང་།  །གཞན་གྱི་ཟེར་སྒྲོས་འབའ་ཞིག་རྗེས་འབྲངས་པའི།  །གཞུང་རྩོམ་སྒྲ་བརྙན་དེ་དག་ངལ་སོས་དང་།  །གསུངས་པ་ལྟར་ལགས་པས།  ཡུལ་ལུང་འདིའི་རིག་གནས་ཡར་སྐྱེད་ལ་ཕན་ཅུང་ཟད་རེ་གདགས་འདོད་ཀྱི་སྨྱུགས་ཐོགས་པ་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས།  མི་ཚེ་རི་ལ་བསྐྱལ་ཀྱང་རི་དྭགས་ངོ་མི་ཤེས་པའི་དཔྱོད་འཇུག་གི་སྒྲིབ་པ་མཐའ་དག་དུས་ལས་མི་ཡོལ་བར་རྩ་ནས་སྤངས་ཏེ།  ལྗོངས་འདིའི་དུས་བབ་ཀྱི་གཞི་མའི་དགོས་བྱེད་ཆེན་པོ་རང་ཉིད་ཀྱི་བྲི་བྱ་གང་དེའི་བཞེད་དགོངས་པདྨོའི་དབུས་སུ་ཡོ་མེད་གཟུར་མེད་དུ་བཞག་རྗེས།  མཐོང་ཐོས་མྱོང་གསུམ་གྱི་རིན་ཆེན་དང་པོའི་འདུ་སྒོ་གསར་པ་གངས་རིའི་ནང་རོལ་དུ་འདྲེན་པར་སྒྲོལ་བྱེད་གློག་གི་གྲུ་གཟིངས་ལྟ་བུ།  རིགས་ཀྱི་འཁོར་བའི་འཇུག་ལྡོག་ལ་ཡང་དག་པའི་ལམ་སྟོན་ཚུལ་བཞིན་གནང་བར་སྐྱ་བས་ཕྱུག་པའི་དེད་དཔོན་ལྟ་བུ།  ཕྱི་ནང་རིག་གནས་ཀྱི་མཛའ་གཅུགས་མཐུན་འབྲེལ་ལ་དགོས་འདོད་ཤར་སྐྱོད་ཀྱི་གསེར་ཟམ་འཛུགས་པར་ངོ་མཚར་འཕྲུལ་གྱི་བཟོ་བོ་ལྟ་བུ།  རིག་གནས་སྲོལ་རྒྱུན་གྱི་སྐུ་ཚེ་བརྟན་བརླིང་བརྗིད་གསུམ་གྱིས་བསྐལ་པའི་ཡུར་ལམ་དུ་འདྲེན་ལ་ཁྱིམ་པ་ཉམས་ཅན་རྩོལ་ལྡན་ལྟ་བུ།  གངས་རིའི་འོད་སྣང་ས་ལྒང་རིལ་མོའི་བླ་ནས་འཚེར་ལ་མཐུན་རྐྱེན་ལེགས་ཚོགས་སྐྲུན་པར་འབྱུང་བཞི་འདུས་པའི་དྲོད་གཤེར་ལྟ་བུ།  རྙིང་ཁུངས་ཞེན་འཛིན་གྱི་རྨོངས་སྨག་མཐའ་ནས་བསལ་ཏེ་ཁ་བའི་རྣམ་དཔྱོད་སྣང་བའི་སྟན་ལ་བཞུགས་སུ་གསོལ་བར་སྨག་རུམ་ཁྲོད་ཀྱི་སྒྲོན་མེ་ལྟ་བུ།  བགྲོ་གླེང་དྲི་སྡུར་གྱི་རིགས་པའི་རྦ་རླབས་དགུང་དུ་དཀྲུགས་ཏེ་ལྟ་བའི་འབབ་སོ་བདེན་གྱིས་ཐག་གཅོད་ལ་དྲི་བཞོན་རླུང་གི་བསེར་མ་ལྟ་བུ།  བདེན་རྫུན་དྲང་ལྡོག་གི་ཤན་རྩ་འདྲ་བདེན་རྒྱུ་འབྲས་ཀྱིས་ཕྱེ་སྟེ་ངན་པའི་སྒོ་གསུམ་རྩ་ནས་བསྒག་ལ་དཔའ་བོ་སྟག་གི་ཞལ་ལྕེ་ལྟ་བུའི་དགེ་བོགས་དམར་མོ་རེ་དངོས་ཤུགས་བརྒྱུད་གསུམ་ནས་འདོན་ཨེ་ཐུབ་ལ་ལྷག་བློ་ཆེར་བསྐྱེད་ཀྱིས་འབད་དགོས་ཏེ།  བརྩམས་གྲུབ་ཀྱི་ཕྱག་རྩོམ་དེ་ཉིད་བེད་མེད་སྟོང་ལུས་སུ་མི་འགྲོ་བར་རྩོམ་རབ་ཀྱི་གྲལ་དུ་ཆུད་དེ་བསྐལ་པ་བྱེ་བར་གནས་པ་ལ།  དེ་ལྟ་བུའི་སྲོག་གི་དབང་པོ་ཅིས་ཀྱང་ཞུགས་དགོས་པའི་ཕྱིར་རོ། །

དེ་ལྟ་མ་ཡིན་པར་ཇི་སྐད་དུ་རྗེ་ངག་དབང་བྱམས་པས།  རང་གི་བློ་གྲོས་རྩལ་གྱིས་མ་ལོངས་པས།  །གཞན་གྱིས་བྱས་པའི་ཚིག་ཟུར་འཆོས་པ་དང་།  །གཞན་ནས་བླངས་ཏེ་གཞན་དུ་འགོད་བྱེད་པ།  །སེང་གེའི་ལྷག་མ་ཟ་བའི་ཝ་དང་མཚུངས།  །གསུངས་པ་ལྟར་རང་ལྟ་རང་མྱོང་མེད་པར་གཞན་ལྟ་གཞན་ཟེར་གྱི་རྗེས་སུ་ཁ་ཕྱིར་འཁོར་མེད་པར་འབྲང་བ་དང་།  གསར་རྟོགས་གསར་རྙེད་མེད་པར་འཇིག་རྟེན་གྲགས་ཚོད་ཀྱི་གཏམ་རྙིང་མགྲིན་པའི་མཛེས་རྒྱན་དུ་འདོགས་པ།  སྒྲུབ་དང་སུན་འབྱིན་མེད་པར་ཟ་འཕྲོ་འཐུང་ལྷག་གི་ཁ་ཆུ་བྱིན་རླབས་དངོས་གྲུབ་ཏུ་སྒོམ་པ།  བརྒལ་བརྟག་རྗེས་དཔྱོད་མེད་པར་སྒྲུང་རབས་ངག་རྒྱུན་གྱི་ཕྱི་ཤུན་བསམ་བློ་ལྟ་གྲུབ་ཏུ་རློམ་པ།  རིགས་པའི་གཏད་སོ་མེད་པར་རང་ལུགས་གཞན་ལུགས་ཀྱི་དབྱེ་སྡུད་དུ་མ་རོ་གཅིག་གི་ངང་ལ་བཞག་པ་ཡིན་ན།  དཔྱད་རྩོམ་གང་དེས་རིགས་ཀྱི་འཁོར་བའི་ཕྱི་ནང་བར་གསུམ་ལ་ཐེབས་ངེས་ཀྱི་བག་ཆགས་སམ།  སྣེ་ཤན་མཛུབ་ཁྲིད་ཀྱི་གོང་ཐང་ཉམ་ཆག་རྩ་རལ་ཏུ་འགྲོ་ངེས་པ་དངོས་པོའི་གཤིས་ལུགས་སོ།  །

གཏམ་གྱི་མཇུག་མ།

ངག་དྲིལ་ན།  ཅིའི་ཕྱིར་འབྲི་བའི་དགོས་པ་དང་ཇི་ལྟར་འབྲི་བའི་ཚུལ།  ཅི་ཞིག་སྟོན་པའི་ལྟ་བ་གསུམ་གའི་རྩ་བའི་རྩ་བ་ཤེས་རབ་ཆེ་བ་དང་མང་དུ་ཐོས་པ་དང་ལྡན་པ།  བརྩོན་འགྲུས་ཀྱི་དཀའ་ཐུབ་བརྟན་པ་སྟེ་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་མམ།  ཇི་སྐད་དུ་རྗེ་ཙོང་ཁ་བས།  རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་།  །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།  །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།  །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།  །གསུངས་པའི་ས་སྟེང་མཁས་པའི་སྙིང་ནོར་གསུམ་མམ་རིན་པོ་ཆེ་རྣམ་པ་གསུམ་གྱི་ཕྱག་ལེན་དངོས་ལ་མ་ཐུག་པ་མེད་གཤིས།  བློ་དང་ལྡན་པ་དག་གིས་ཚེ་འདི་ཉིད་ལ་དམིགས་བཅས་དཔྱོད་བཅས་ཀྱི་ལྟ་གསར་ཐོས་གསར་ནམ་མཁའ་ལ་དར་ཆེན་འཕྱར་འདྲ་རེ་གདོན་ཐུབ་ཆེད།  དཔེ་མང་དཀྱུས་སུ་ཀློག་པའི་ངལ་བ་བརྒྱ་ཕྲག་ཆད་མེད་དུ་བསྟེན་ཏེ་སྲོལ་རྒྱུན་གྱི་སོ་ཁ་ལ་དེང་རབས་ཀྱི་རྣོ་དབལ་མང་དུ་བླུགས་ནས།  སྐྱེས་བུ་རང་མཚན་པ་རང་ཉིད་ཁོ་ནར་གཏོགས་པའི་གོ་རིག་མྱོང་གསུམ་གྱི་རྙེད་པ་རིན་ཆེན་མཐའ་མེད་པར་འཚོལ་ལ་སྙིང་སྟོབས་ཀྱི་འཇུག་པ་ཀུན་ནས་ཡངས་དགོས་སོ། །