དེ་ཡང་ད་ལོའི་ལོ་སྟོད་དུ་བོད་ལྗོངས་སློབ་ཆེན་དུ་དཔལ་ལྡན་འབྲུག་པ་ཞིབ་འཇུག་ལྟེ་གནས་ཞེས་པའི་ཚན་ཁག་དབུ་བརྙེས་པའི་ཉིན་མོར་གདན་ཞུས་སྐུ་འགྲོན་ནི་རྒན་བཀྲ་ལོ་ལགས་རེད་ལ། ཁོང་གིས་ཉིན་དེར་རྒྱལ་ཕྱི་ནང་ནས་འབྲུག་རྒྱལ་ཁབ་ཀྱི་ཞིབ་འཇུག་གནས་ཚུལ་སྐོར་ངོ་སྤྲོད་བྱེད་སྐབས་རྒྱལ་ཁོངས་དབྱིན་ཇི་ནས་ཡིན་པའི་མའེ་ཁོ·ཨ་རེ་སི་(Michael Aris)སམ་བོད་སྐད་དུ་ཨོ་རྒྱན་ཆོས་འཕེལ་དུ་འབོད་པས་སྤྱི་ལོ་1979་ལོར་དཔར་བའི་《འབྲུག་རྒྱལ་རབས་ཀྱི་ཆགས་རབས་མདོར་བསྡུས་》སམ་དབྱིན་སྐད་དུ་《Bhutan:The Early History of a Himalayan Kingdom》ཟེར་བའི་དེབ་དེ་ཡག་པོ་ཡོད་ཚུལ་གསུངས་པ་དང་། བསྐྱར་པར་མ་ཞིག་ཀྱང་ཞིབ་འཇུག་ལྟེ་གནས་ལ་སྐྱེས་སུ་ཕུལ། བར་གསེང་དང་བསྟུན་དེབ་དེ་ཕར་སློག་ཚུར་སློག་བྱས་པར་བར་བཅུག་ཅོང་རྙིང་གི་པར་ཞིག་གིས་ཡིད་ཀྱི་དུངས་བ་དྲངས་ཤིང་། དེར་བཞུགས་ཀྱི་རྒན་ཆུ་འབི་ཟླ་བ་ཚེ་རིང་མཆོག་དང་ཡང་བཀའ་མོལ་སློབ་སྟོན་ཞུས། ཕྱིས་ནས་དེབ་དེར་འཁོད་པའི་ཅོང་གི་ཚན་པ་ཞིབ་ཀློག་དང་འབྲེལ་ཡོད་ཀྱི་རྒྱུ་ཆའི་སྐོར་ལ་དོ་སྣང་གང་འཚམ་བྱས་པ་ལས་དེའི་གནས་སྟངས་སྐོར་རྒྱུས་ལོན་རོབ་ཙམ་བྱུང་ཞིང་། ཡིན་ཡང་བོད་ཀྱི་བཙན་པོའི་སྐབས་ཀྱི་ལོ་རྒྱུས་འཇུག་མཁན་ཚོར་དངོས་དཔང་གལ་ཆེན་འདི་ད་དུང་ཅུང་རྒྱུས་མེད་ཀྱི་ཚུལ་ན་ལུས་པས་གཤམ་ནས་འདིའི་སྐོར་ངོ་སྤྲོད་ཅུང་ཙམ་བྱེད་པར་འདོད་དོ།།

གོང་དུ་བསྟན་པ་བཞིན་ཅོང་རྙིང་འདི་ཐོག་མར་མའེ་ཁོ·ཨ་རེ་སི་ནས་དོ་སྣང་བྱུང་བ་བཞིན་དེབ་དེར་ཅོང་འདིའི་ངོས་གཅིག་གི་ཡིག་རྙིང་ངོ་བཤུས་ཀྱིས་བོད་བཙན་པོའི་སྐབས་ཀྱི་འབྲུག་བོད་བར་གྱི་ལོ་རྒྱུས་གནས་སྟངས་སྐོར་ལ་དབྱེ་ཞིབ་རོབ་ཙམ་གནང་འདུག་ལ། ཅོང་གི་ངོས་གཞན་གཉིས་སུ་ཡང་བོད་ཡིག་ལྷག་ཡོད་པའི་གནས་ཚུལ་ཅང་འཁོད་མི་འདུག་ན་ཁོང་ཡང་ས་དེར་ཡུལ་དངོས་རྟོག་ཞིབ་ཏུ་སླེབས་ཡོད་མེད་མི་གསལ། དེ་བཞིན་རྒན་བཀྲ་ལོ་ལགས་ཀྱིས་སྤྱི་ལོ་2012ལོར་བཏོན་པའི་རྒྱ་ཡིག་གི་དེབ་《ཆིན་རྒྱལ་རབས་སྐབས་ཀྱི་བོད་དང་འབྲུག་པ་》ཞེས་པར་མའེ་ཁོ་·ཨ་རེ་སི་ཡི་དེབ་ནས་ཅོང་ཡིག་འདི་བསྐྱར་ཕབ་གནང་འདུག

ཅོང་རྙིང་འདི་ཡོད་ས་འབྲུག་གི་བུམ་ཐང་རྫོང་ནས་སྤྱི་ལེ་བཞིའི་ས་ཆར་གནས་པའི་དཀོན་མཆོག་གསུམ་གྱི་ལྷ་ཁང་ངམ(པར་དང་པོར་གཟིགས)། 《པདྨ་བཀའ་ཐང་》དུ་རྩེ་ལུང་ལྷ་ཁང་ངམ་ཕྱིས་ཀྱི་པདྨ་གླིང་པའི་སྐབས་ཀྱི་ཆོས་འཁོར་ལྷ་ཁང་དུ་འབོད་པའི་ལྷ་ཁང་ཆུང་བ་ཞིག་ཏུ་འདུག་ཅིང་། བཤད་ཚུལ་གཅིག་ནི་སློབ་དཔོན་པད་མས་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་ལ་ས་དེར་ཡང་དབུས་ཀྱི་ཆོས་འཁོར་བསམ་ཡས་ནང་བཞིན་གཙུག་ལག་ཁང་ཐོག་བརྩེགས་གསུམ་པ་ཞིག་བཞེངས་དགོས་པའི་ཐུགས་བཀོད་ལྟར། བཙན་པོས་བློན་སྦ་མི་ཁྲི་བཞེར་མངགས་ནས་བཞེངས་པ་དང་། གཙུག་ལག་ཁང་གི་དང་པོའི་བཀོད་པ་དང་མཇུག་གི་རབ་གནས་སོགས་ཀྱང་སློབ་དཔོན་པདྨ་སྐུ་དངོས་ནས་མཛད། ཡིན་ཡང་བཤད་ཚུལ་གཞན་ཞིག་ཏུ་རྒྱལ་བོ་སྲོང་བཙན་སྒམ་པོར་གཏུགས།

ཡིན་ཡང་སྤྱི་ལོ་1039ལོར་བོན་གྱི་གཏེར་སྟོན་དྲག་ཚུལ་(Dragtshel)བྱ་བ་ཞིག་གིས་ས་འདི་ནས་གཏེར་བཞེས་པ་འབྲུག་པའི་ས་ཐོག་ནས་གཏེར་བཏོན་པ་ཐོག་མར་འཇོག་ཅིང་། སྤྱི་ལོ་1479ལོར་པདྨ་གླིང་བས་ལྷ་ཁང་འདི་ཉམས་གསོ་གནང་བར་ལྷོ་བྲག་ནས་བཟོ་བོ་ཀུན་དགའ་བོ་གདན་དྲངས་ནས་ལྡེབས་རིས་རྣམས་བསྐྱར་བཞེངས་དང་། རྣམ་སྣང་གི་རྡོ་སྐུའི་རྒྱབ་ནས་ལྷ་ཁང་ཉམས་གསོར་མཁོ་བའི་གསེར་དངུལ་གྱི་གཏེར་བཞེས་ཚུལ་སོགས་ཁོང་གི་རྣམ་ཐར་དུ་གསལ། དེའི་ཕྱིས་སོག་ཟློག་པ་བློ་གྲོས་རྒྱལ་མཚན་(1552-1624) ཕེབས་ཡོད་ལ། དེ་དུས་དཀོན་མཆོག་གསུམ་གྱི་ལྷ་ཁང་དུ་མཚན་འཕོ་འགྱུར་བྱུང་ཡོད་པ་རྟོགས་ནུས། ཡིན་ཡང་སྤྱི་ལོ་2010 ལོའི་ཟླ་གཉིས་པའི་ནང་ལྷ་ཁང་འདི་མར་མེས་མེར་ཚིགས་པས་པདྨ་གླིང་བའི་སྐུ་ཕྲེང་བཅུ་གཅིག་པས་གཞི་རྒྱ་ཆེ་བའི་ལྷ་ཁང་ཞིག་གསར་བཞེངས་གནང་འདུག

ཅོང་ངམ་དྲིལ་འདི་ལ་འབྲུག་པ་ནས་ཆོས་དྲིལ་དུ་འབོད་ཅིང་། དབྱིབས་སྤྱིའི་ཆ་ནས་བོད་བཙན་པོའི་སྐབས་ཀྱི་བསམ་ཡས་དགེ་རྒྱས་དང་ཁྲ་འབྲུག བྲག་ཡེར་བའི་དྲིལ་བུ་དང་འདྲ་ཆེ་མོད། སྒང་གི་འབུར་དུ་ཕབ་པའི་བཀྲ་ཤིས་པའི་མཚོན་རྟགས་རི་མོ་དང་བར་སྟོང་བགོད་སྟངས། ཡི་གེ་ཕབ་སའི་གོང་འགབ་སོགས་ལ་ཐུན་མིན་གྱི་ཁྱད་ཆེ། ཅོང་འདིའི་ངོས་གཅིག་མ་གཏོགས་གཞན་རྣམས་ཆགས་གྲུམ་ཤོར་ནས་ལྷུ་ལག་ཆ་མི་ཚང་ལ། རྩེའི་ཨུ་ཁུང་ཕུད། ཅོང་ལུས་སྟེང་བར་འགབ་གསུམ་དུ་བར་ཆོད་ཀྱིས་བཅད་འདུག་ཅིང་། ཕྲག་སྟེང་དུ་པད་འདབ་ཆེ་བ་བཞི་དང་ཆུང་བ་བཞི་བསྡེབས་ནས་ཡོད་ཅིང་། བར་ངོས་སུ་གཡས་གཡོན་བཞི་བགོས་ཀྱིས་བར་སྟོང་དུ་མེ་ཏོག་ལ་སོགས་ཀྱི་རི་མོ་ཕབ་ཡོད། འགབ་སྟོང་སུག་བཞིའི་རྣམ་པར་མངོན་ལ། ཅོང་ཡིག་རྣམས་བར་སྟོང་གི་རི་མོའི་གོང་འོག་དང་འགབ་སྟོང་དུ་འཁོད་འདུག ངོས་ཅུང་ཆ་ཚང་བར་ཡི་གེ་གོང་འོག་ཐིག་ཕྲེང་བཞི་དང་། ངོས་གཞན་དུ་ཡང་ཐིག་ཕྲེང་གཅིག་ནས་གཉིས་གང་རུང་ལྷག་འདུག འདིར་འཁོད་པའི་ཡིག་རྙིང་ནི་མའེ་ཁོ་·ཨ་རེ་སིས་དེབ་དུ་འཁོད་པ་གཞིར་བྱས་གྲོགས་དཀོན་མཆོག་དོན་འགྲུབ་ཀྱིས་བསྐུར་པའི་པར་ལ་གཞི་བྱས་ནས་ཅུང་དག་པར་བཅོས་ཡོད་མོད། ངོས་གཞན་གཉིས་ཀྱི་ཡི་གེའི་པར་གསལ་བོ་ཞིག་ད་དུང་མ་རགས་པ་ཁ་གསབ་གནང་རྒྱུར་ལུས་ཡོད།

པར་གཉིས་པ། མལ་ཁོ་ཨ་རེ་སིའི་དེབ་ནས་དྲངས།

ངོས་དང་པོའི་ཡི་གེ(པར་གཉིས་པར་གཟིགས)

ཐིག་ཕྲེང་དང་པོ།…པས་བཀྰསྩད་ཏེ…

ཐིག་ཕྲེང་གཉིས་པ།…བྱང་ཅུབ་…

ཐིག་ཕྲེང་བཞི་བ།…བགྱྀས་ནས།།ཅོང་མཁན་ལྀའུ་སྟང་ཅོང་

ཐིག་ཕྲེང་གསུམ་པ།…གསུ་བླུགས།

ངོས་གཉིས་པའི་ཡི་གེ(པར་གསུམ་པར་གཟིགས)

……

པར་གསུམ་པ།

ངོས་གསུམ་པ།

ངོས་གསུམ་པའི་ཡི་གེ (པར་གསུམ་པར་གཟིགས)

ཆོས་…བྱུང་དེ་དགྀ…

པར་བཞི་བ།

ཅོང་འདི་ཆགས་གྲུམ་ཐེབས་ཡོད་པ་མ་ཟད་བཤུ་ཐུབ་པའི་ཡི་གེ་ཡང་ཉུང་མོད་བཙན་པོའི་རྒྱལ་རབས་སྐབས་ཡིན་པ་དབྱིབས་དང་ཡིག་རྙིང་གི་འགྲོས་ལས་གཏན་འཁེལ་ཐུབ་ཅིང་། བཀའ་སྩད་པ་ལས་བཙན་པོའམ་རྗེ་བོ་གང་རུང་གི་བཀའ་བཀོད་འོག་བཞེངས་པ་ཡང་གསལ། ཡིན་ཡང་ཡང་སྙིང་བཙན་པོ་སུས་རིང་ཡིན་མིན་ཐད་སྟེང་གི་ཡི་གེ་ཁ་ཚང་བཤུ་མ་ཐུབ་པས་ཁ་ཚོན་གཅོད་དཀའ་མོད། མེ་ཁོ་·ཨེ་རེ་སིའི་བསྟན་པ་ལྟར་འདིར་བྱུང་བའི་བྱང་ཅུབ་ཞེས་པ་ཁྲ་འབྲུག་གི་ཅོང་བཞེངས་མཁན་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་འབྲོ་བཟའ་རྒྱལ་མོ་བཙན་རབ་ཏུ་བྱུང་བའི་མཚན་བྱང་ཆུབ་རྗེ་དང་འབྲེལ་བ་ཡོད་མེད་ཞིབ་ཏུ་བརྟག་པའི་གནས་ཤིག་ཡིན་ལ། ཁྲ་འབྲུག་གཙུག་ལག་ཁང་གི་ཅོང་མཁན་ཡང་རྒྱའི་དགེ་སློང་རིན་ཅེན་ཡིན་པ་བཞིན་འདིར་ཡང་ཅོང་མཁན་ལྀའུ་སྟང་ཅོང་ཞེས་བལྟས་ཚོད་ཀྱིས་རྒྱ་རིགས་ཡིན་པར་སྙམ་པ་ཞིག་སླེབས་པས་ཕྱོགས་གཉིས་པོར་ཐུན་མོང་གི་ཆ་མང་དུ་མཐོང་ལ། དེ་ལྟ་ཡིན་ན་གོང་གི་བཤད་སྒྲོས་རྣམས་དང་ཡང་མ་སྒྲིག་རང་མཐུན་བྱུང་ཡོད། གཞན་ཇག་རོང་དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་དང་ཁྲ་འབྲུག་གི་ཅོང་མཁན་རྟེན་དགེ་སློང་ཡིན་པ་དང་འདིར་རྟེན་སྐྱ་བོ་ཡིན་པའི་ཁྱད་པར་ཡང་འདུག་ཅིང་། འདི་ལས་བཙན་པོའི་རྒྱལ་རབས་སྐབས་རྒྱའི་བཟོ་བོ་སྐྱ་སེར་མང་པོ་ཞིག་བོད་ཁུལ་གྱི་ས་ཆ་ག་སར་སླེབས་ཡོད་པ་ཡང་མཚོན་ནུས། དེ་བཞིན་དགོན་པ་འདི་དེ་སྔའི་རྒྱ་ཁྱོན་ཆུང་ཡང་རྟེན་གཙོ་རྣམ་སྣང་དང་། སྒོ་རའི་ནང་གི་ཀ་རྡོ་པདྨ་ཅན་དང་རྡོ་རིང་གསུམ་ཀྱང་བཙན་པོའི་སྐབས་ཀྱི་གཙུག་ལག་ཁང་མང་པོར་ཡོད་པའི་མཚན་མ་ཁྱད་པར་བ་ཞིག་རེད།

མདོར་ན་ཅོང་འདི་ནི་ད་ལྟའི་བར་འབྲུག་གི་ས་ཁོངས་ནས་བྱུང་བའི་བོད་བཙན་པོའི་དུས་ཀྱི་དངོས་དཔང་ཉག་གཅིག་རང་ཡིན་པར་སྙམ་མོ།

དེང་སང་གསར་དུ་བཞེངས་པའི་ལྷ་ཁང་།

2018/11/8/ཉིན་གྱི་ལས་ཀའི་བར་གསེང་ནས་ཐོལ་བྱུང་དུ་སྦྱར་བ་དགེའོ།

 

དཔྱད་གཞིའི་ཡིག་རིགས།

Michael Aris.Bhutan:The Early History of a Himalayan Kingdom,Aris&Phillips Ltd.,Warminster⎯England,1979:33-41.

https://www.bhutanculturalatlas.org/599/culture/sites-structures/monasteries-temples/konchogsum-lhakhang/

扎洛.清代西藏与布鲁克巴[M].中国社会科学出版社,2012.