___བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོའི་བཟོ་རིག་རྗེས་ཤུལ་ལས་འཕྲོས་པ། 

སྤྱིར་མི་རིགས་ཤིག་གི་རིག་གནས་ཀྱི་དར་རྒུད་ནི་སྤྱི་ཚོགས་ཀྱི་རླབས་རྒྱུན་དང་འཕེལ་རྒྱས་ཀྱི་གོ་རིམ་ནང་འབྱུང་སྲིད་པའི་སྣང་ཚུལ་ཞིག་ཡིན་མོད།  འོན་ཀྱང་མིའི་རིགས་ཀྱི་རིག་གནས་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་རིགས་དེའི་དམངས་ཡོངས་ལ་རག་ལས་པའི་འདུ་ཤེས་ཀྱི་བསྐྱེད་འབྲས་ཤིག་ལགས་ཕྱིར། ང་ཚོས་བོད་མི་རིགས་ཀྱི་མེས་པོ་དག་གིས་ཀྱང་གོ་ལ་ཟླུམ་པོའི་གྲུ་ཟུར་ཞིག་ནས་ཁྱིམ་གཞི་ཆུང་བ་ཞིག་བསྐྲུན་པ་ནས་དབུ་ཚུགས་ཏེ་འཛམ་གླིང་གི་ཤེས་རིག་འཕེལ་བའི་གོ་རིམ་ནང་ལག་རྗེས་གྱ་ནོམ་པ་ཞིག་བཞག་དང་འཇོག་མུས་སུ་མཆིས་སོ། །  ཡིན་ནའང་དུས་ཀྱིས་བརྡས་ཡོང་བའི་ཚ་རླབས་ངར་ངར་ཞིག་གི་ནང་དུ་རང་རེའི་རིག་གནས་ཀྱི་རྒྱུན་ཐག་འདིར་ཡང་གནོད་པའི་གཙེས་ཤིང་”རིག་གསར”ཞེས་པའི་དུས་རླུང་ཞིག་གི་ནང་དུའང་ཚུད་མྱོང་། གོད་ཆགས་འདིས་བོད་ཀྱི་དགོན་སྡེའི་རིག་གནས་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་པ་མ་ཟད། ལྷག་དོན་བོད་ཀྱི་གནའ་ཤུལ་རིག་གནས་རྫོགས་མཐའ་མེད་པ་ཞིག་བློ་ཡི་ཡུལ་དུ་མ་གྱུར་པར་འཇིག་ཉེན་བྱུང་སྟེ་ད་ལྟ་ཤུལ་ཙམ་ཡང་མི་མཐོང་བར་རྡུལ་གྱི་ཕུང་བོ་ཞིག་དང་གཞི་གཅིག་ཏུ་འདྲེས་པར་གྱུར་ཚེ། ང་ཚོ་རྗེས་རབས་དག་ལ་བློ་ཕངས་རེ་ཆད་ཀྱི་བསམ་བློའི་ཚུར་སྣང་ཞིག་ནམ་ཡང་འཁྱེར་འོང་གིན་འདུག རྒུད་པ་ནས་དར་བ་ནི་འཇིག་རྟེན་གྱི་ཆོས་ཉིད་དུ་ལགས་ན། ཕྱོགས་གཞན་ཞིག་ལས་བསམ་བློ་བཏང་ཚེ། དགྲ་འདི་དག་གྲོགས་སུ་གྱུར་བ་ནང་བཞིན་ལོ་རབས་སུམ་ཅུ་པ་ནས་དབུ་བརྩམས་སྟེ་ཕྱི་གླིང་གི་ཉམས་ཞིབ་པ་མང་པོ་ཞིག་བོད་ནང་དུ་ལྷགས་ཏེ་བོད་ཀྱི་རིག་གནས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པའི་མགོ་ཚུགས་ཤིང་འུ་ཅག་གི་རིག་གནས་འདིའང་འཛམ་གླིང་གི་རིག་གནས་འཕེལ་བའི་མ་ལག་དེའི་ནང་དུ་ཚུད་དེ་མི་རིགས་གཞན་གྱི་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད། འདི་དག་གི་དགེ་མཚན་གྱིས་ད་ལྟ་བོད་རིག་པ་ཞེས་རིགས་དང་ས་མཚམས་ཀྱིས་མ་དབྱེ་བའི་དུས་སྐབས་གསར་བ་ཞིག་ཀྱང་ཐོན་ཡོད་དོ། །

རེབ་གོང་གི་བཟོ་རིག་པའི་ངོས་ཐད་ནས་ཕྱིར་མིག་གིས་ཅུང་ཙམ་དཔོགས་པར་གྱུར་ན།  བཟོ་རྒྱུན་དང་བྲིས་རྒྱུན་མང་པོ་ཞིག་བྱུང་ཡོད་པ་མ་ཟད་དེར་འབྲེལ་གྱི་བཟོ་རིག་ཁྱུ་མཆོག་བསམ་གྱིས་མ་ཁྱབ་པ་རེབ་གོང་གི་བཟོ་རིག་པའི་ལོ་རྒྱུས་སུ་བྱོན་ཏེ་ད་ལྟ་རང་ཅག་གིས་གླེང་བཞིན་པའི་རེབ་གོང་སྒྱུ་རྩལ་ཞེས་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་ཡོད་པ་འདི་ཉིད་ལྟ་བུ་ཞིག་ཏུ་འཕེལ་ཞིང་རྒྱས་ཡོད་པ་ལགས་སོ། ། ཡིན་ནའང་ད་ལྟའི་དུས་སྐབས་འདི་ལྟ་བུར་འཛམ་གླིང་དཔལ་འབྱོར་ཅན་དུ་ཕྱོགས་པ་དང་ལྷན་དུ་རང་རེའི་རེབ་གོང་གི་སྒྱུ་རྩལ་འདི་ལ་འཇིག་ཉེན་རབ་དང་རིམ་པ་ཞིག་འཁྱེར་ཡོང་བཞིན་པ་ལྷ་བྲིས་པའི་སྡེ་འདིར་མིག་མཐོང་ལག་ཟིན་ཡིན།  སྔོན་མའི་བཟོ་བོ་དག་ནི་རིག་གནས་ཆེ་བ་ལྔར་འདྲིས་ཆེ་ཞིང་སྤང་རྟོག་གི་ཡོན་ཏན་གཞན་ལས་མ་རྨོངས་པ་ཞིག་དང་ཉམས་ལེན་གྱི་གོ་རིམ་ནང་དུ་ལྷ་སྐུའི་སྣང་བརྙན་སེམས་སུ་སྒོམ་པའི་ནུས་མཐུ་བླ་མེད་ཅིག་གིས་འབྲི་ཡུལ་དུ་སྣང་བ་དག་གཟུགས་ཅན་དུ་འགོད་པའི་ཐབས་དམ་པ་ཞིག་ལགས་པས་ན་རྟོག་པའི་སེམས་འགྱུ་ལས་ཐོན་ཅིང་བདེ་བར་འགོད་ཕྱིར་དུ་ལྷ་སྐུའི་སྣང་བརྙན་འབྲི་བཞེངས་ཀྱི་ལས་སུ་ཞུགས་པས་ན་དྲུང་གཏོགས་དང་དབུ་ཆེན་སོགས་ཀྱི་གོ་མིང་འཁུར་ཡོད།  སྙིགས་མའི་དུས་འདིར་ཚང་མས་དཔལ་འབྱོར་འཚོལ་ཐབས་སུ་བསྙེག་ཅིང་ཕོ་མོ་དང་རིགས་རྒྱུད་སོགས་ཀྱིས་མཚམས་མ་ཕྱེས་པར་གང་ཟག་སུ་ཡང་རུང་བ་ཞིག་གིས་ལག་རྩལ་དང་བརྡ་ཐབས་ཤིག་ལ་བརྟེན་ནས་ལྷ་སྐུ་བཞེངས་པའི་ཕན་ཡོན་གང་ཡིན་ཆ་མ་འཚལ་མོད། གཟུགས་མེད་ཀྱི་རིག་གནས་འདི་ཉམས་རྒུད་དུ་འགྱུར་བཞིན་པ་བཟོ་བོའི་ཀུན་སྤྱོད་ཀྱི་ཚད་གཞི་ལས་ང་ཚོ་ལ་ངེས་ཤེས་འགོངས་ཐུབ་པ་ལགས། དུངས་ཞེན་དང་སྔོན་མའི་བག་ཆགས་ཤིག་སད་པ་ནང་བཞིན་ང་འདིའི་ཕྱོགས་སུ་སྐུལ་ཅིང་འཇུག་པའི་ཚེ་ན།  རྒྱུས་མེད་ནས་རྒྱུས་ཡོད་ཀྱི་མི་མང་པོ་ཞིག་ངས་གྲོགས་སུ་གྱུར་ཞིང་།  ལན་རེར་རང་ཉིད་ལ་ཡ་མཚན་པའི་རྨི་ལྟས་ཀྱི་མཚན་མ་ཡང་བྱུང་མྱོང་།

དེ་ནི་སྤྱི་ལོ་ཉིས་སྟོང་བཅུ་བཞིའི་ལོར་ང་རང་གིས་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་དུ་སློབ་གཉེར་བྱེད་པའི་དུས་ཤིག་རེད། སྐབས་དེར་མཚན་གྱི་རྨི་ལམ་དུ་མཚན་མང་པོ་ཞིག་མཐུད་དེ་ངས་ཆོས་དཔེ་སྣ་རིང་ཞིག་བསྟུད་མར་ཀློག་བཞིན་འདུག   སྐབས་དེར་ངས་ཅི་ཡང་མ་ཚོར་ཡང་རྨི་ལམ་དེར་ཡ་མཚན་སྐྱེས་མྱོང་ལ་གཞན་ལའང་བཤད་མྱོང་ཡོད། རྗེས་སུ་ངས་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་དུ་《སྒ་རུ་བློ་བཟང་ཤེས་རབ་ཀྱི་བཟོ་རིག་པའི་མཛད་རྗེས་སྐོར་གླེང་བ།》ཞེས་པ་ཞིག་བརྗོད་གཞིར་བཟུང་སྟེ་བྲིས་པ་ཡིན། དེའི་གོ་རིམ་ནང་དུ་རེབ་གོང་གི་བླ་ཆེན་ཁག་གི་གསུང་འབུམ་དང་རྣམ་ཐར་ཇི་སྙེད་ཅིག་དཔེ་ཀློག་བྱེད་པར་གཞོལ་བའི་སྐབས་སུ་སྔོན་གནས་རྗེས་དྲན་གྱི་ཚུལ་གྱིས་ད་གཟོད་ངས་སྔོན་ཆད་རྨི་བཞིན་པའི་རྨི་ལམ་དེའི་བག་ཆགས་སད་པར་གྱུར། སློབ་མཐར་ཕྱིན་རྗེས་རེབ་གོང་བརྒྱལ་བུའི་ལྷ་བཟོ་བསོད་ནམས་དར་རྒྱས་དང་འདྲིས་པར་གྱུར།  ཁོང་ནི་རིག་གནས་ལ་དུངས་ཞེན་དང་ལྷག་པར་དུ་ལྷ་བྲིས་ཀྱི་སྐོར་ལ་དོ་སྣང་བྱེད་མཉེས་མཁན་ཞིག་རེད།  ངས་ཀུ་རེའི་ཚུལ་དུ་ཁོང་ལ་ཁྱོད་ནི་སྒ་རུའི་བློ་བཟང་ཤེས་རབ་ཀྱི་གཅུང་བོ་བསོད་ནམས་དར་རྒྱས་ཟེར་བ་ཞིག་ཡོད་པ་དེའི་སྐུ་སྐྱེ་ཡིན་ས་རེད་ཅེས་རྩེད་མཚར་ཀྱང་བྱས་པ་ཡིན།  གང་ལྟར་ལས་ཀྱིས་བགོས་པའམ་ཡང་ན་རེབ་གོང་རིག་གནས་མྱུར་སྐྱོབ་ཀྱི་ཆེད་དུ་ང་ཚོས་རང་ནུས་ཀྱིས་བྱ་བ་ཙག་ཙིག་བསྒྲུབས་ཟིན་པའམ་སྒྲུབ་མུས་སུ་ཡོད།  ད་ལོའི་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་པའི་ཚེས་ཉེར་གསུམ་ནས་མགོ་བཟུང་སྟེ་ཟླ་བཅུ་བའི་ཚེས་བདུན་བར་གྱི་ཉིན་བཅོ་ལྔའི་ནང་དུ་ང་དང་བསོད་ནམས་དར་རྒྱས་གཙོ་བྱས་པའི་ལས་གྲོགས་སྐོར་ཞིག་གིས་བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོའི་བཟོ་རིག་རྗེས་ཤུལ་འཚོལ་ཞིབ་དང་བསྐྱར་ཞིབ་ཀྱི་ལས་ཀ་བྱས་པ་ཡིན། ང་ཚོ་ཐོག་མར་བིས་མདོ་དགོན་ནས་ལམ་དུ་ཆས་ཤིང་མཇུག་དེ་སྒོ་དམར་དགོན་ནས་བསྡུས་པ་ཡིན། གཤམ་ནས་འདིའི་ཐད་ཀྱི་ཞིབ་ཕྲའི་གནས་ཚུལ་ཞིག་འགོད་རྒྱུ་ལགས།

1.བིས་མདོ་དགོན་པའི་སྐོར། 

དགོན་འདིའི་ལོ་རྒྱུས་དེ་སྔོན་སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱི་རྣམ་ཐར་《རྟོགས་བརྗོད་བྱིན་རླབས་འདོད་འཇོ》ཞེས་པར་ལྟ་ཀློག་བྱེད་དུས་རྒྱུས་ལོན་རགས་ཙམ་བྱུང་བ་ཡིན། 《བིས་མདོ་དགོན་ཆེན་གྱི་གདན་རབས》ལྟར་ན། རྗེའི་དངོས་སློབ་སྡོམ་བརྩོན་ཤེས་རབ་རྒྱལ་མཚན་བྱ་བས་རྗེ་ཐམས་ཅད་མཁྱེན་པས་དགའ་ལྡན་འདེབས་པའི་སྔ་ལོ་ཆུ་རྟ་ལ་བཏབ་ཅེས་མཁས་པའི་དབང་པོ་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་གསུངས་འདུག  ཚེ་ཏན་ཞབས་དྲུང་གི་《བསྟན་རྩིས་ཀུན་བཏུས》གཞིར་བཟུང་ཚེ། དགོན་འདི་བཏབ་པའི་ལོ་ནི་རབ་བྱུང་བདུན་པའི་ཆུ་རྟ་སྤྱི་ལོ1402ལོར་འཁེལ་འདུག    རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་ལྷ་སའི་སྨོན་ལམ་ཆེན་མོ་སྲོལ་བཏོད་པ་དང་དགའ་ལྡན་དགོན་བཏབ་པའི་ལོ་ནི་སྤྱི་ལོ1409ལོ་ཡིན་པས། དགའ་ལྡན་བཏབ་པའི་སྔ་ལོར་ཞེས་ཀྱང་ཚིག་དེར་འགལ་ཆ་སོགས་ཅི་ཡང་མ་མཆིས་ཤིང་དོན་དངོས་དང་མཐུན་པར་སེམས་སོ། །

དེ་ནས་གཡེར་གཤོང་སྐུ་ཕྲེང་གཉིས་པ་སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱིས་ཆོས་རྗེ་གྲགས་པ་རྒྱལ་མཚན་པ་ལ་འདིར་མཚན་ཉིད་གྲྭ་ཚང་འཛུགས་དགོས་པ་དང་དགེ་འདུན་གྱི་འདུལ་ཁྲིམས་གཙང་མ་མཛད་རྒྱུ་སོགས་ཀྱི་ཞལ་ཏ་གནང་སྟེ། རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ཏེ། སྤྱི་ལོ1711ལོའི་ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་ལ་མཚན་ཉིད་གྲྭ་ཚང་གསར་དུ་བཙུགས། བླ་མར་དགེ་བའི་བཤེས་གཉེན་ཆེན་པོ་ལོ་པ་རབ་འབྱམས་པ་བསྐོ་བཞག་མཛད་ཅིང་།  གཞུང་བརྒྱ་སྨྲ་བའི་དབང་ཕྱུག་རྗེ་འགའ་དྭགས་ངག་དབང་འོད་ཟེར་པ་ཁྲིར་བསྐོས་ཞེས་འཁོད་འདུག  ལྷག་པར་དུ་དུས་སྐབས་དེར་དགོན་འདིར་རྟེན་བཞེངས་སོགས་བྱ་བ་ལས་ཀྱི་འཁོར་ལོ་སྒྲུབ་མཁན་ནི་སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱི་སློབ་མའི་ཐུ་བོར་གྱུར་བ་སྒ་རུ་བློ་བཟང་ཤེས་རབ་དང་གཅུང་བསོད་ནམས་དར་རྒྱས་གཉིས་ཡིན་པ་ཁོང་གི་རྣམ་ཐར་དུ་གསལ་བས་འདིར་མང་པོ་མི་འཆད་དོ། ། འདིར་ངེད་ཀྱིས་དོ་སྣང་བྱ་ཡུལ་དུ་གྱུར་བའི་གང་ཟག་དེ་སུ་ཡིན་ཞེ་ན། བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོ་ཉིད་ལགས་པས། 《མདོ་སྨད་ཆོས་འབྱུང་། 》དུ། “ བིས་མདོའི་དགོན་ཆེན་བཀྲ་ཤིས་ཆོས་འཁོར་གླིང་གི་གདན་ས་ཤིང་སྟག་(སྤྱི་ལོ1794ལོར་)ནས་བིས་ཐང་དཔལ་ལྡན་རྒྱ་མཚོས་ལོ་བདུན་རིང་བསྐྱངས། འདི་ཡོན་ཏན་སྤྱི་དང་ལྷ་བྲིས་ལ་རྩེར་སོན། དེའི་སྤྲུལ་སྐུ་དངོས་གྲུབ་དཔལ་ལྡན་ཕུན་ཚོགས། དེའི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་རྒྱ་མཚོ། གསེར་ཁ་བསོད་རྒྱམ་པའི་སྤྲུལ་སྐུ་དགེ་འདུན་དངོས་གྲུབ་རྒྱ་མཚོ། ཆུ་དམར་ཆུང་བ་ལུག་རྭ་སྤྲུལ་སྐུ་ཐུབ་བསྟན་བཀྲ་ཤིས་ལུང་རིགས་ནོར་བུ་སོགས་ཐམས་ཅད་སྐྱེ་རྒྱུད་དང་ནང་ཁག་ཅན་སྐུ་འཕྲེང་རིམ་བྱོན་གྱིས་ཆོས་སྡེའི་འཆད་ཉན་གྱི་ཁུར་བཞེས་བཞིན་པར་ཡོད། ”ཅེས་འཁོད་འདུག    ཡིན་ནའང་《བིས་མདོ་གདན་རབས》སུ་ཤིང་ཡོས་ནས་བིས་མདོ་དགོན་པའི་ཁྲིར་བཞུགས་ཞེས་གསལ་བས། ཕྱི་མའི་ལྟ་ཚུལ་འདིའི་རྗེས་སུ་འབྲངས་པ་ཡིན་ན་ཤིང་ཡོས་ཡིན་དུས་སྤྱི་ལོ་1795ལོ་ཡིན་པ་དང་གདན་ས་ལོ་བདུན་རིང་བསྐྱངས་པ་ཡིན་ཚེ་སྤྱི་ལོ1801ལོར་འཁེལ་ཡོད།

དགོན་པ་འདིར་ཡ་རྫི་རྫོང་ཐོག་ནས་སྤྱི་ལེ་17ཙམ་ཡོད་པ་དང་། བྱང་ཐིག་གི་གནས་ས་35°44’59″དང་ཤར་ཐིག་གི་གནས་ས་102°20’48″རུ་འཁེལ་འདུག  མཚོ་ངོས་ལས་མཐོ་ཚད་རྨིད2530ཡིན་ལ། ད་ལྟ་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་ཚུད་ཡོད། ངེད་དང་བསོད་ནམས་དར་རྒྱས་གཉིས་ཀྱིས་དགོན་དེའི་གྲྭ་བཙུན་འཇམ་དབྱངས་བློ་གྲོས་ལགས་བརྒྱུད་དེ་བིས་མདོ་དགོན་ཆེན་གྱི་ལོ་རྒྱུས་འབྲི་མཁན་ཨ་ཁུ་འཇིགས་མེད་བརྩོན་འགྲུས་ངོ་ཤེས་སུ་གྱུར་ཅིང་། ཁོང་ལ་བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོའི་སྐོར་གྱི་ལོ་རྒྱུས་དྲིས་པ་ཡིན། ཡིན་ནའང་བིས་ཐང་ཚང་གི་ལོ་རྒྱུས་བྲིས་པའི་དཔེ་ཆ་སོགས་ཧ་ཅང་དཀོན་པས་ཁོང་ལའང་གསལ་ཆ་དེ་འདྲ་མི་འདུག  འོན་ཀྱང་ཁོང་གིས་འཆད་པ་ཡིན་ན་སྔོན་ཆད་ཨ་ལགས་བིས་ཐང་ཚང་གི་ནང་ཆེན་དུ་བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོས་བཞེངས་པའི་ཞལ་ཐང་འགའ་མཐོང་མྱོང་ཡོད་པ་མ་ཟད། དེའི་ཁྲོད་ཀྱི་ནག་ཐང་གཅིག་དམ་ཅན་ར་བཞོན་རེད་ཟེར་བའི་རྒྱུ་མཚན་བསྙད་འོང་དུས་བདག་དང་བསོད་ནམས་དར་རྒྱས་གཉིས་ཀྱི་སེམས་ལ་སྤྲོ་སྣང་འཕེལ་ཞིང་མྱུར་དུ་འཇལ་འདོད་ཀྱི་བསམ་བློ་ཞིག་འགོག་མེད་དུ་རྒྱུད་ལ་ཤར་བས་དེ་མ་ཐག་ཏུ་དཀོན་གཉེར་ལ་འབྲེལ་བ་བྱས་ཏེ་པར་དུ་བསྐྱོན་པའི་འཆར་གཞི་འཐེན་ནའང་དཀོན་གཉེར་གྱིས་ཐང་ག་དེ་དག་མ་མཐོང་ཚུལ་དང་མེད་པའི་སྐོར་གྱི་སྐད་ཆ་ལབ་འོང་བས། ངེད་གཉིས་ཀྱང་ཅི་བྱ་གཏོལ་མེད་དུ་གྱུར། དེའང་རྒྱུ་མཚན་མེད་པ་ཞིག་མ་ཡིན་ཏེ་གང་འདོད་དུ་རྒྱུས་མེད་ཀྱི་མི་གཉིས་ལ་གནའ་ཐང་འགའ་སྟོན་རྒྱུ་ཁག་པོ་ཡིན་སྲིད་ཀྱི་རེད་སྙམ། གལ་སྲིད་ཐང་ག་དེ་དག་གི་པར་རིས་རག་ཐུབ་པར་གྱུར་ཚེ་ང་ཚོ་རེབ་གོང་གི་བཟོ་རིག་པའི་ལོ་རྒྱུས་ཀྱི་ཁ་ཇེ་གསལ་དུ་འགྲོ་ཐུབ་པར་མ་ཟད། རྗེས་རབས་པ་དག་ལའང་སྔོན་མའི་ཐང་གའི་བྲིས་རྒྱུན་ལ་དཔེར་བལྟ་སའི་དཔྱད་གཞི་གལ་ཆེན་ཞིག་མཁོ་སྤྲོད་བྱས་ཡོད་པ་ལགས་སོ། །

ཕྱི་དྲོའི་ཆར་ངེད་དང་བསོད་ནམས་དར་རྒྱས་གཉིས་ནས་མཆོད་རྟེན་ཞིག་གི་རྒྱབ་ངོས་སུ་བཞག་ཡོད་པའི་གནམ་རྒྱན་གྱི་རི་མོ་གཉིས་མཐོང་བྱུང་། གནམ་རྒྱན་དེར་ངས་ཞིབ་ཏུ་མཇལ་དུས་སྒ་རུའི་ཕྱག་རྒྱུན་ཞིག་མིན་འགྲོ་སྙམ་པའི་ངེས་ཤེས་ཤིག་རྒྱུད་ལ་བལྟམས། དེ་དག་པར་དུ་བསྐྱོན་རྗེས་ཞིབ་ཕྲའི་ལམ་ནས་བསྡུར་བ་བྱས་འོང་དུས་གཉན་ཐོག་སྨོན་ལམ་སྤྱི་བའི་ལྷ་ཁང་གི་གནམ་རྒྱན་དང་ཡོངས་སུ་མཐུན་པར་མ་ཟད་འབྲི་ལུགས་ཀྱང་ཤིན་ཏུ་འདྲ་བོ་སྣང་བས་ངེད་ཀྱིས་གནམ་རྒྱན་འདི་ནི་དུས་རབས་བཅོ་བརྒྱད་པའི་ནང་དུ་འཇོག་གིན་ཡོད་པ་མ་ཟད། སྒ་རུའི་ཕྱག་རྒྱུན་ཡིན་པར་འདོད་དོ། ། གལ་ཏེ་དགོན་པ་འདི་རིག་གསར་གྱི་གོད་ཆགས་ནང་དུ་ཚུད་མེད་ཚེ། ལྷ་ཁང་གི་ལྡེབས་རིས་སོགས་ལྷག་ལུས་སུ་བསྡད་ཡོད་པས་ངེད་ཅག་གི་ཞིབ་འཇུག་ལ་འདི་ལྟ་བུའི་དཀའ་ངལ་ཡང་འཕྲད་མི་སྲིད་དོ། །

དུས་རབས་བཅོ་བརྒྱད་པ།  ཚེ་དཔག་མེད།  ཤིང་རིས།                                         

2.ཧོར་རམ་སྒར་གྱི་སྐོར། 

ཧོར་རམ་སྒར་ཞེས་པ་ནི་རྗེས་སུ་བྱུང་བའི་མིང་ཞིག་ཡིན་ལ། 《མཁན་ཆེན་དགེ་འདུན་རྒྱ་མཚོའི་(1679–1764)རྣམ་ཐར་》དུ་ཧོ་རན་ཞེས་བྲིས་འདུག དགོན་པ་འདི་ནི་ཡ་རྫི་རྫོང་ནས་སྤྱི་ལེ་24མཚམས་སུ་ཆགས་ཡོད་ཅིང་། ད་ལྟའི་ཀ་རིང་གྲོང་གསེབ་ཀྱི་ཧོར་རམ་སྡེ་བར་ཡོད།

ཀུན་རིག

འཇིགས་བྱེད་ལྷ་བཅུ་གསུམ།

རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ་སྤྱི་ལོ་1725ལོར་མཁན་ཆེན་དགེ་འདུན་རྒྱ་མཚོས་ཕྱག་བཏབ་ཅེས་འབྲེལ་ཡོད་ཀྱི་དཔྱད་གཞི་ཞིག་མཐོང་སོང་། དགོན་འདིའི་གནས་ས་ནི་བྱང་ཐིག་35°47’40″དང་ཤར་ཐིག་102°14’33″རུ་འཁེལ་ཡོད། ལྷ་ཁང་གི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་24.03དང་། མཐོ་ཚད་ལ་རྨིད་3.23འདུག  ནང་ངོས་སུ་བྲིས་འབུར་གཉིས་ཀའི་ལམ་ནས་བཞེངས་པའི་ལྷ་སྐུའི་ནང་དོན་འདི་ལྟ་སྟེ།

སློབ་དཔོན་ཆོས་གྲགས།

ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དཀྱིལ་འཁོར།

འཇིགས་བྱེད་ལྷ་བཅུ་གསུམ་དང་ཀུན་རིག  རྗེ་ཡབ་སྲས་གསུམ། རྒྱལ་བ་སེང་གེ་ང་རོ། སངས་རྒྱས་བཅོམ་ལྡན་འདས་ལོངས་སྐུའི་ཆ་བྱད་ཅན། རྒྱལ་བ་བྱམས་པ་མགོན་པོ།  ཚེ་དཔག་མེད།  རྒྱལ་བ་རྡོ་རྗེ་འཆང་། སྟོན་པ་ཤྰཀྱ་ཐུབ་པ།  འཇམ་དབྱངས་ཆོས་འཁོར། མགོན་པོ་ཕྱག་དྲུག་སོགས་ཡོད། གནམ་རྒྱན་དུ་ལྟུང་བཤགས་ལྷ་སོ་ལྔ་དང་སྒྲོལ་མ་ཉེར་གཅིག རྒྱན་དྲུག་མཆོག་གཉིས། འོད་དཔག་མེད་ཞིང་བཀོད།  ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དཀྱིལ་འཁོར།  བླ་རྒྱུད་ཁག་ཅིག་བཅས་བཞུགས།  ཕྱི་ངོས་ཀྱི་ཁྱམས་སུ་གནམ་རྒྱན་ལ་ལྟུང་བཤགས་ལྷ་སོ་ལྔའི་ཆ་ཤས་ཤིག་དང་ཚེ་རིང་མཆེད་ལྔ།  ཁྲོ་བོའི་རིགས་འགའ་མཆིས་ཀྱང་ཡུན་རིང་སོང་བས་རྐྱེན་གྱིས་བསུབ་སྟེ་ངོས་འཛིན་དཀའ་བར་སྣང་། ལོགས་རིས་སུ་རྒྱལ་ཆེན་རིགས་བཞི་དང་གཞི་བདག་ལ་གཉན་ཆེན་དང་བྲག་དམར་གཉིས་འདུག

ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི་མ།

འོད་དཔག་མེད་ཞིང་བཀོད།

ཧོར་རམ་སྒར་དང་ཐག་ཉེ་བའི་སར་བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོའི་འཁྲུངས་གཞིས་ཏེ་བིས་ཐང་སྡེ་བ་ཡོད་པས། ངེད་གཉིས་དེའི་སྐོར་ལའང་རྒྱུས་ལོན་བྱེད་དུ་སོང་བ་ཡིན།  བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོ་ནི་ས་དེ་གའི་ཉིན་པའི་གནམ་ལྷ་ཚང་ནས་འཁྲུངས་པར་བཤད་ཅིང་། ཡབ་དང་བཟོ་དམ་པ་སོགས་བསྟེན་ནས་བཟོ་རིག་སྐོར་ལ་ཐོས་བསམ་དོན་གཉེར་བྱེད་མཁན་ཞིག་ཡིན་པ་ཨ་ཁུ་བརྩོན་འགྲུས་རབ་རྒྱས་ཀྱི་ཞལ་ལས་ཐོས་པ་ཡིན། ད་ལྟ་ཁོང་གི་འཁྲུངས་གཞིས་དེ་འཇིག་ཅིང་ཁང་པ་གསར་བ་བརྒྱབ་ཡོད་མོད།  ཡིན་ནའང་གཞི་ས་གསར་འབུབ་བྱེད་དུས་བིས་ཐང་ཁོང་གི་རིང་དུ་ཡོད་པའི་སྔོན་མའི་དུས་ཀྱི་སྰཙྪ་འགའ་གཞི་ཤུལ་ནས་ཐོན་འདུག  ལྷག་པར་དུ་ཁོང་ཚང་གི་ཁྱིམ་དུ་བིས་ཐང་འཇའ་མོ་དཔལ་ལྡན་སྐུ་ཕྲེང་རིམ་བྱོན་གྱི་དུས་སུ་ཉར་ཚགས་བགྱིས་ཡོད་པའི་ལག་བསྐོར་མ་ཎི་དང་མཆོད་ཀོང་། འདོན་ཆོས་ཀྱི་དཔེ་ཆ་སྣ་རིང་སོགས་མཆིས།  དེའི་ཁྲོད་དུ་འཕགས་པ་བརྒྱ་སྟོང་བ་དང་བྱང་ཆུབ་ལམ་རིམ་སོགས་ཀྱི་དཔེ་རྙིང་དམིགས་བསལ་ཅན་འགའ་ཡང་འདུག  འདི་དག་ནི་ངེད་གཉིས་ཀྱི་འཚོལ་བྱའི་ནང་དོན་གྱི་གྲས་མིན་པས་འདིར་བཏང་སྙོམས་སུ་འཇོག་པར་བྱེད་དོ། །

བིས་ཐང་དཔལ་ལྡན་རྒྱ་མཚོའི་གཞིས་ཤུལ།

གཞིས་ཤུལ་ནས་ཐོན་པའི་སྰཙྪ།

 

 

   3.ཆུ་བཟང་མ་ཎི་ཁང་དང་ཤར་སྐྱབས་མགོན་བླ་བྲང་གི་སྐོར།   

《རོང་བོ་དགོན་ཆེན་གྱི་གདན་རབས》སུ། “སྐྱབས་མགོན་སྐུ་ཕྲེང་གསུམ་དགེ་འདུན་འཕྲིན་ལས་རབ་རྒྱས་1740–1795པའི་དུས་སུ་འཇའ་མོ་དཔལ་ལྡན་རྒྱ་མཚོར་གྲགས་པའི་པིར་ཐོགས་དབང་བོ་ཞིག་བྱོན་ཏེ་གཉན་ཐོག་བྱམས་ཆེན་སོགས་བཞེངས་པ་དང་། མར་ནང་ཆུ་བཟང་མ་ཎི་ཁང་དང་དེར་ཡོད་པའི་སྐྱབས་མགོན་གྱི་བླ་བྲང་སོགས་སུ་བྲིས་པའི་རི་མོ་ཡང་ད་ལྟ་ཕྱོགས་ཙམ་མཐོང་རྒྱུ་འདུག ཁོང་གི་ཕྱག་རིས་ཀྱི་རྒྱུན་ནི།  ནགས་ཀྱི་ལྷ་བཟོ།  གཉན་ཐོག་བཀའ་བཅུ།  སྒར་བའི་ལྷ་བཟོ།  དེ་ནས་གཉན་ཐོག་ལྷ་བཟོ་ཞེས་ཡོངས་སུ་གྲགས་པའི་མགོ་ཚུགས།  འཇའ་མོ་དཔལ་ལྡན་གྱི་རིགས་རུས་ནི་བིས་ཐང་འཇའ་མོ་ཡིན། བིས་མདོའི་བྱམས་ཆེན་བཞེངས་སྐབས་བསམ་གཏན་གླིང་གི་དགེ་སློང་ངག་དབང་ཆོས་འཕེལ་དང་། སྤྲུལ་སྐུ་བསོད་ནམས་དར་རྒྱས་རྣམས་གྲགས་ཆེ། ཁོང་བིས་མདོ་དགོན་ཆེན་གྱི་ཁྲིར་བཞུགས། ད་ལྟའི་བར་སྤྲུལ་སྐུའི་རབས་ཡོད། འདི་བའི་ཕ་ལྷ་བྲིས་པ་ཆེན་པོ་ཞིག་ཡིན། ”ཞེས་འཁོད་འདུག

ཡང་སྐྱབས་མགོན་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱི་རྣམ་ཐར་དུ།  ཁོང་དགུང་ལོ་ང་བཞི་པར་སོན་པའི་སྔ་ཕྱིར་འཇའ་མོ་དཔལ་ལྡན་ཞེས་པའི་ལྷ་བྲིས་པ་སྐད་གྲགས་ཅན་དེར་སྟོན་པའི་འཁྲུངས་རབས། གནས་བཅུ། ཇོ་བོ། རྗེ་ཐམས་ཅད་མཁྱེན་པ་རྣམས་ཀྱི་རྣམ་ཐར། སྐལ་ལྡན་རྣམ་ཐར་བདུན་ཐང་། མི་ཏྲ་རྡོར་ཕྲེང་གི་དཀྱིལ་ཐང་སོགས་བཞེངས་སུ་བཅུག་པ་དང་། སྣར་ཐང་ནས་བཀའ་འགྱུར་གདན་དྲངས་པ་སོགས་ཕྱག་དཔེ་མང་པོ་བསྒྲུབས་པ་དང་། ཤར་གྱི་བླ་བྲང་ཆེན་མོ་རྒྱ་བསྐྱེད་དེ་བསྐྲུན་ཞེས་བཀོད་ཡོད་པའི་ཚིག་ཟུར་ལ་བརྟག་ཚེ། ཞལ་ཐང་འདི་དག་བཞེངས་པའི་དུས་སྐབས་ནི་ཕལ་ཆེར་ཁོང་གི་ཚེ་མཇུག་ཏུ་འཁེལ་ཡོད་པ་འདྲ་ཞིང་། སྤྱི་ལོ་1794ལོའི་གོང་ཙམ་ཡིན་འདུགལྷག་པར་དུ་སྐུ་ཕྲེང་གསུམ་པ་ཁོང་གཉན་ཐོག་ཏུ་འཁྲུངས་ཤིང་མཛད་པ་སོགས་རེབ་གོང་ནས་བསྐྱངས་ཕྱིར་མར་ནང་ཆུ་བཟང་གི་སྐྱབས་མགོན་བླ་བྲང་དང་འབྲེལ་བ་ཅི་ཡང་མ་མཆིས་མོད། སྐུ་ཕྲེང་བཞི་བ་བློ་བཟང་ཆོས་གྲགས་རྒྱ་མཚོ་མར་ནང་ཆུ་བཟང་ར་ལོ་ཐང་དུ་སྤྱི་ལོ་1795ལོར་འཁྲུངས་ཤིང་། དགུང་ལོ་བཅུ་གཉིས་པར་ཆུ་བཟང་བླ་བྲང་དུ་ཆུ་བཟང་སྤྲུལ་པའི་སྐུ་དང་ལྷན་ཅིག་ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེང་གེ་ལས་རབ་བྱུང་བཞེས་པར་མཚན་བློ་བཟང་ཆོས་གྲགས་རྒྱ་མཚོ་ཞེས་གསོལ་ཞེས་པར་གཞིགས་ན།  དགུང་ལོ་བཅུ་གཉིས་པའི་ལོ་ནི་སྤྱི་ལོ་1806ལོར་འཁེལ་འདུག  དེ་ཡིན་དུས་འདིའི་ཡར་སྔོན་དུ་སྐྱབས་མགོན་བླ་བྲང་བཞེངས་ཡོད་པ་ཤེས་ཐུབ་པས། ལྷ་ཁང་འདིའི་རྟེན་བཞེངས་ཀྱི་ལས་མཐའ་དག་བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོ་ནས་དབུ་ཆེན་གྱི་འགན་ཁུར་ཏེ་ཁོང་གི་ཕྱག་གཡོག་དག་གིས་དུས་སྐབས་འདིར་བགྱིས་པར་ང་ཚོ་ལ་ངེས་ཤེས་འགོངས་ཐུབ་བོ། །

གནས་འདིར་ང་རང་ཐེངས་གཉིས་ལ་རྟོག་ཞིབ་དུ་སོང་བ་ཡིན། ད་ཐེངས་བསོད་ནམས་དར་རྒྱས་དང་ངེད་གཉིས་ཀྱིས་རྒན་པོ་ཚེ་རིང་དོན་གྲུབ་ལ་འབྲེལ་བ་བྱས་ཏེ་ཁོང་གི་རོགས་རམ་ལ་བརྟེན་ནས་འདིའི་ནང་ངོས་ཀྱི་བན་རིས་དང་གནམ་རྒྱན་དག་པར་དུ་བསྐྱོན་ཐུབ་པ་བྱུང་།  འདིའི་སྐོར་གྱི་གནས་ཚུལ་ས་དེ་གའི་མི་སུ་ལའང་རྒྱུས་མངའ་མི་འདུག སྔོན་ཆད་ཀྱི་སྐྱབས་མགོན་བླ་བྲང་དེ་ད་ལྟ་ཞིག་གསོ་བྱས་ཏེ་གསར་བ་གསར་རྐྱང་དུ་བསྒྱུར་འདུག

 

དཔལ་ལྡན་ལྷ་མོ།

ཚེ་དཔག་མེད།                              

ལོགས་ཀྱི་འདུ་ཁང་གི་གནམ་རྒྱན་དག་ལྷག་ལུས་སུ་བསྡད་ཡོད་པ་འདི་ནི་བིས་ཐང་ཁོང་གི་བྲིས་རྒྱུན་འཁྲུལ་མེད་ཡིན་པས་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་འཁུམས་སོ། ། ས་འདིའི་གནས་ས་ནི་བྱང་ཐིག35°48’51″དང་ཤར་ཐིག102°13’38″རུ་འཁེལ་ཡོད། ལྷ་ཁང་འདིའི་མཐོ་ཚད་ལ་རྨིད3.78དང་། ནང་ངོས་ཀྱི་ཞེང་ཚད་ལ་རྨིད7.8དང་།  དཀྱུས་ལ་རྨིད7.8བཅས་ཡོད། བསྡོམས་པས་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་15.6འདུག  ལྷ་ཁང་གི་གྱང་ལྡེབས་སུ་སངས་རྒྱས་སྟོང་སྐུ་དང་གནམ་རྒྱན་གྱི་ངོས་སུ་ཚེ་དཔག་མེད་བརྒྱ་ཐང་།  རྣམ་ཐོས་སྲས།  དཔལ་ལྡན་ལྷ་མོ། ལྷ་མོ་ལོ་གྱོན་མ།  སེང་གདོང་མ། དམ་ཅན་རྡོ་རྗེ་ལེགས་པ། རྒྱལ་ཆེན་རིགས་བཞི།  སྒྲོལ་ལྗང་། མི་ལ་རས་པ། སྟོན་པ། མི་འཁྲུགས་པ།  སངས་རྒྱས་སྨན་བླ། རྟ་མགྲིན། ཆོས་རྒྱལ། ཀླུ་དབང་རྒྱལ་བོ།  ཇོ་བོ་རྗེ། རྗེ་ཙོང་ཁ་པ། རྒྱལ་བ་རྡོ་རྗེ་འཆང་། གདུགས་དཀར་མོ།  ལྷ་མོ་ནོར་རྒྱུན་མ།  གུ་དྲག  གནས་བརྟན་བཅུ་དྲུག་སོགས་ཀྱི་ལྷ་སྐུའི་སྣང་བརྙན་བཞེངས་འདུག

གནས་བརྟན་སྒྲ་གཅན་འཛིན།

རྒྱ་ནག་ཧྭ་ཤང་། 

ཛམ་བྷ་ལ་སེར་པོ།

གཡོན་ཕྱོགས་ཀྱི་བྱམས་ཁང་དུ་གནམ་རྒྱན་ལ་ལྟུང་བཤགས་ལྷ་སོ་ལྔ་དང་གྲུབ་ཆེན་བརྒྱད་ཅུ།  ཚེ་དཔག་མེད་ཀྱི་དཀྱིལ་འཁོར།  འཇིགས་བྱེད་ཀྱི་དཀྱིལ་འཁོར། ལོགས་ཀྱི་བན་ངོས་སུ་ས་དགེ་བཀའ་རྙིང་གི་བླ་བརྒྱུད་ཁག་ཅིག་འདུག  ལྷ་ཁང་འདིའི་དཀྱུས་ལ་རྨིད11.5དང་ཞེང་ཚད་ལ་རྨིད5.6འདུག  མཐོ་ཚད་ལ་རྨིད3.27ཡོད་ལ། བསྡོམས་པའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ17.1ཡོད། ཡིན་ནའང་ལྷ་ཁང་འདིའི་ནང་ལོགས་ཀྱི་ལྡེབས་བྲིས་དག་ལ་ཞིབ་འཇལ་བྱེད་དུས་བིས་ཐང་ཚང་གི་བྲིས་རྒྱུན་དང་རྦད་དེ་མི་འདྲ་བས། འདི་དུས་སྐབས་དེར་ལྷ་བྲིས་པ་གཞན་ཞིག་གིས་བཞེངས་པའམ་ཡང་ན་ཁོང་གི་བྲིས་རྒྱུན་དེ་རྗེས་རབས་པས་ཞིག་གསོ་རབ་དང་རིམ་པ་བྱས་ཏེ་ངོ་བོ་གཞན་ཞིག་ཏུ་བསྒྱུར་འདུག་པའི་ཆའང་མཆིས་སོ། །

མི་ལ་རས་པ།

མགོན་དཀར།

འདིར་དམིགས་བསལ་གྱིས་བཤད་འདོད་པ་ཞིག་ནི་ལྷ་ཁང་འདི་བཞེངས་ནས་ད་ལྟའི་བར་དུ་ལོ་ངོ་ཉིས་བརྒྱ་ལྷག་འགོར་ཟིན་ལ། ནང་གི་ཤིང་རིས་དག་ཧ་ཅང་རྩ་ཆེན་པོ་ཡིན་པ་ནི་སྨོས་མ་དགོས་སོ། ། ཡིན་ནའང་ལོ་འདི་གའི་རིང་དུ་གནའ་རྫས་རྟོག་དཔྱོད་སྡེ་ཁག་གིས་འདིར་དོ་སྣང་མ་བྱས་པར་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཀྱི་ཆོག་མཆན་ཐོབ་མེད་པ་འདི་ནི་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་ཤིག་རེད། དེ་བས་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་གནའ་རྫས་སྲུང་སྐྱོབ་ཚན་པའི་གྲས་སུ་ཚུད་རྒྱུ་ནི་ས་དེའི་ཡུལ་མིའི་རེ་བ་ཡིན་ལ་ངེད་ཀྱིས་ཀྱང་འདིར་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་ནང་འཇོག་དགོས་པའི་རེ་ཞུ་ཞིག་བྱས་པ་ཡིན་ནོ། །

4.སྣང་ར་གསེར་ཁང་གི་སྐོར།  

《བྱ་ཁྱུང་གདན་རབས། 》སུ། ཆོས་རྗེ་དོན་གྲུབ་རིན་ཆེན་ལ་སྣང་རའི་ཨ་མྱེས་དོན་གྲུབ་སེང་གེས་སྦྱིན་བདག་བྱས་ཏེ་སྣང་རའི་གསེར་ཁང་དུ་གྲགས་པ་འདི་བཞེངས།  ལྷ་ཁང་དེར་དུས་གསུམ་སངས་རྒྱས། ཉེ་སྲས་བརྒྱད། མི་གཡོ་བ་སྔོན་པོ། རྟ་མགྲིན་བེ་ཅོན་ཅན་རྣམས་བཞུགས། དམ་ཅན་སྲུང་མར་བསྐོས་ཏེ་རྟེན་ཐང་ཆོས་རྗེའི་ཤངས་ཁྲག་གིས་བཞེངས། གཉན་ཆ་ཤིན་ཏུ་ཆེ། དེར་ཚོགས་པ་མང་པོར་ས་སྡེའི་བཤད་པ་ཡང་གནང་བར་གྲགས།  དེའི་ཕྱིར་ཡབ་རྗེ་གསེར་ཁང་བས་ཀྱང་། སྣང་རའི་གསེར་ཁང་འདི་ཆོས་རྗེ་དོན་གྲུབ་རིན་ཆེན་པས་ས་སྡེའི་བཤད་པ་གནང་བའི་གནས་ཡིན་གསུངས།  གསེར་ཁང་འདི་ནམ་བཞེངས་པའི་དུས་ཚིགས་གསལ་བོ་མ་མཐོང་ཡང་རྩ་བ་ཚང་གིས་བྱ་ཁྱུང་བཏབ་པའི་འཕྲོ་ཡིན་པར་བཤད།  དེ་ན་བྱ་ཁྱུང་དགོན་ནི་རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ1349ལོར་བཏབ་པ་ཡིན་ཚེ། སྣང་རའི་གསེར་ཁང་ཡང་ལོ་ཚིགས་འདིའི་གཡས་གཡོན་དུ་བཏབ་པ་ཤེས་ཐུབ། དགོན་པ་འདི་རྗེས་སུ་རྒྱ་བསྐྱེད་གནང་མཁན་ནི་ཀུན་མཁྱེན་འཇིགས་མེད་དབང་པོ་ཡིན་པར་གྲགས།

《བིས་མདོ་གདན་རབས། 》ལས་བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོའི་སྐོར་འཆད་དུས། ཆོས་རྗེ་དོན་གྲུབ་རིན་ཆེན་1309—1385གྱིས་ས་སྡེའི་བཤད་པ་མཛད་པའི་གནས་སྣང་རྭའི་གསེར་ཁང་གི་གཡོན་ངོས་བྱམས་ཁང་། ཚོ་ལྔའི་ལེ་བོ་དགོན་བསམ་གྲུབ་བདེ་ལྡན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་སོགས་སུ་ཡང་རི་མོའི་བཀོད་པ་མཐོང་བས་ཡིད་འཕྲོག་པ་མང་པོ་མཛད། བླ་བྲང་འདུ་ཁང་གི་སྒོར་རྨ་ཆེན་སྦོམ་རའི་སྐུ་འབྲི་བཞེད་ཀྱིས་སྐྱ་རིས་བཏབ་པ་གྲུབ་མ་ཐག་གློ་བུར་དུ་ཆར་དྲག་བྱུང་བ་ལྷ་གཉན་ཆེན་པོ་དགྱེས་པའི་མཚན་མར་གླེང་ཞེས་འཁོད་འདུག ཡང་མཇུག་ཏུ་དཀོན་མཆོག་འཇིགས་མེད་དབང་བོས་(1728–1791)ཀྱང་རྗེ་འདི་ལ་བློས་བསླང་གི་དོགས་གཅོད་མང་དུ་གནང་བར་མཐའ་ཆོད་པའི་བཀའ་ལན་ཐོགས་མེད་དུ་ཕུལ་བས་ཐུགས་དགྱེས་པའི་རྩེར་སོན་ཅེས་དང་། རྗེ་འདིས་དཀོན་མཆོག་འཇིགས་མེད་དབང་བོ་སོགས་ལས་དབང་ཁྲིད་ལུང་བཤད་ཀྱི་སྐོར་དུ་མ་བཞེས་ཤིང་། ཞབས་དཀར་ཚོགས་དྲུག་རང་གྲོལ་(1781–1851)དགུང་གྲངས་གཞོན་དུས་བིས་ཐང་དཔལ་ལྡན་པ་ལས་དབང་ལུང་མན་ངག་གསན་པར་རྣམ་ཐར་ལས་བཤད།

ཉིན་དང་པོར་ངེད་ལ་གྲོགས་བཙུན་ཐར་བཀྲ་ཤིས་ཀྱིས་རོགས་རམ་བྱས་ཏེ་སྣང་རའི་གསེར་ཁང་གི་སྐོར་ལ་རྒྱུས་ལོན་བྱེད་དུ་སོང་དུས་རྒྱལ་བ་རིགས་ལྔ་བཞུགས་སའི་ལྷ་ཁང་དང་དེའི་བསྐོར་ལམ་ལ་ཡུལ་དངོས་རྒྱུས་ལོན་ཙམ་བྱས་པ་ལས་ཞིབ་ཕྲའི་ཆ་ནས་རྒྱུས་ལོན་བྱེད་མ་ཐུབ་པར་ཕྱིར་ལོག་ཡོང་བ་ཡིན།  ཕྱིར་བསླེབས་རྗེས་དོགས་གཞི་ཞིག་སེམས་སུ་སྣང་བ་ནི་བསྐོར་ལམ་གྱི་ལྡེབས་བྲིས་དེ་དག་རེད། བསྐོར་ལམ་གྱི་ལྡེབས་རིས་དེ་དག་ཕལ་ཆེར་ཀུན་མཁྱེན་འཇིགས་མེད་དབང་བོའི་དུས་སྐབས་སུ་བཞེངས་པར་ངེས་ཤེས་རྙེད། ལྷག་པར་དུ་གཙན་ཚའི་དགེན་ཚེ་དབང་རྡོ་རྗེ་ནས་ཡང་དུ་བསྐྱར་དུ་སྐུལ་བ་ལྟར། ཐེངས་གཉིས་པར་ང་དང་བསོད་ནམས་དར་རྒྱས། ལས་གྲོགས་སངས་རྒྱས་རྒྱ་མཚོ་གསུམ་གྱིས་གྲྭ་བཙུན་དཀོན་གཉེར་སངས་རྒྱས་རྒྱ་མཚོ་དང་ལྷ་བཟོ་ཕག་གོ་གཉིས་ལ་འབྲེལ་བ་བྱས་ཏེ་གཡོན་ངོས་ཀྱི་བྱམས་ཁང་དང་འདུ་ཁང་བཅས་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་པ་ལགས།

དགོན་པ་འདིར་གཙན་ཚ་རྫོང་ཐོག་ནས་ལམ་ཐག་སྤྱི་ལེ་བདུན་ཙམ་ཡོད་པ་དང་། གནས་འདི་བྱང་ཐིག35°53’35″དང་། ཤར་ཐིག102°31’4″ཡི་སྟེང་དུ་འཁེལ་ཡོད།  མཚོ་ངོས་ལས་མཐོ་ཚད་སྨི1850འདུག  སྣང་རའི་གསེར་ཁང་གི་དུས་གསུམ་སངས་རྒྱས་ལྷ་ཁང་ནང་ངོས་སུ་བཞུགས་པའི་རྒྱལ་བ་རིགས་ལྔའི་ལྡེབས་རིས་དག་ཕལ་ཆེར་དགོན་པ་བཏབ་པའི་ལོའམ་དུས་རབས་བཅུ་བཞི་དང་བཅོ་ལྔ་ཙམ་གྱི་ནང་དུ་བཞག་ན་འགྲིག་ཅིང་། ལྡེབས་རིས་དག་གི་རི་མོའི་འབྲི་སྟངས་ནི་གྲོ་ཚང་རྡོ་རྗེ་འཆང་དང་འདྲ་མཚུངས་སུ་སྣང་བས་དེ་གཉིས་ཕལ་ཆེར་དུས་མཉམ་ཞིག་མིན་འགྲོ་སྙམ། བསྐོར་ལམ་གྱི་ལྡེབས་བྲིས་དག་སྨན་ཐང་ལུགས་ཀྱི་རི་མོའི་ལུགས་ལྟར་བཞེངས་ཡོད་པ་མ་ཟད། དུས་རབས་བཅོ་བརྒྱད་ཙམ་གྱི་ནང་རེད་འདོད། ལྷ་ཁང་དེའི་བསྐོར་ལམ་དུ་གཡོན་ནས་བརྩིས་པའི་ལྡེབས་རིས་དང་པོར་རྒྱལ་བ་བྱམས་པ། ཁ་གཏད་དུ་ཀླུ་དབང་རྒྱལ་བོ། དེའི་མཐའ་བསྐོར་དུ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ། མདུན་དུ་མགོན་པོ་ཕྱག་དྲུག་པ་བཅས་བཞུགས། དེ་ནས་རིམ་བཞིན་གཙོ་སྐུ་སྟོན་པ་གཙོ་འཁོར་གསུམ་དང་གཡས་གཡོན་དུ་ལྟུང་བཤགས་ལྷ་སོ་ལྔ། ཁ་གཏད་དུ་ཛམ་ལྷ་སྟོང་སྐུ། རིམ་བཞིན་གཙོ་སྐུ་དུས་གསུམ་སངས་རྒྱས་ཀྱི་མཐའ་བསྐོར་དུ་སྒྲོལ་མ་སྟོང་སྐུ་དང་།

ཀླུ་དབང་རྒྱལ་བོ།

རྒྱལ་ཆེན་རིགས་བཞི།                                

དེའི་ཁ་གཏད་དུ་སྟོན་པ་གཙོ་འཁོར་གསུམ་དང་རྗེ་ཡབ་སྲས་གསུམ་ལ་གནས་བརྟན་བཅུ་དྲུག་དང་རྒྱལ་ཆེན་རིགས་བཞིའི་བསྐོར་བ། ཟུར་དུ་སྒྲོལ་མ་ཉེར་གཅིག་བཅས་བཞུགས། ཡང་རིམ་བཞིན་རྗེ་ཡབ་སྲས་གསུམ་ལ་གནས་བརྟན་བཅུ་དྲུག་དང་སྒྲོལ་མ་ཉེར་གཅིག་གིས་བསྐོར་བ། ཁ་གཏད་དུ་ཚེ་དཔག་མེད་སྟོང་སྐུ། སྟོན་པ་གཙོ་འཁོར་གསུམ་ལ་སྒྲོལ་མ་དང་གནས་བརྟན་གྱིས་བསྐོར་བ། ཁ་གཏད་དུ་ཀུན་མཁྱེན་འཇིགས་མེད་དབང་པོའི་སྣང་བརྙན་བཅས་ཡོད། དེ་ནས་རྒྱལ་ཆེན་རིགས་བཞི་དང་ཁ་གཏད་དུ་རྗེ་ཡབ་སྲས་གསུམ་ལ་སྒྲོལ་མ་ཉེར་གཅིག་དང་ཛམ་སེར་སོགས་ཀྱིས་བསྐོར་བ་བཅས་སོ། །

གནས་བརྟན་མ་ཕམ་པ།

རྗེ་ཙོང་ཁ་པ།

ཀུན་མཁྱེན་འཇིགས་མེད་དབང་བོ།

ཚོགས་ཆེན་འདུ་ཁང་འདིར་ཐོག་བརྩེགས་རིམ་པ་གཉིས་ཡོད་ཅིང་། གཅིག་ཐོག་གི་གཡོན་ངོས་ནས་བརྩིས་པའི་ལྡེབས་རིས་དང་པོར་ཆོས་རྒྱལ་ཕྱི་སྒྲུབ། དེ་ནས་རིམ་བཞིན་མགོན་པོ་ཕྱག་དྲུག སྒྲོལ་མ་དཀར་མོ།  གནས་བརྟན།  འཇིགས་བྱེད།  ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། རྒྱལ་བ་མར་མེ་མཛད། སྟོན་པ་གཙོ་འཁོར་གསུམ། རྒྱལ་བ་བྱམས་པ། འཇམ་པའི་དབྱངས། ཀླུ་དབྱངས་རྒྱལ་བོ། གནས་བརྟན། སྒྲོལ་ལྗང་། དཔལ་ལྡན་ལྷ་མོ། མགོན་དཀར་ཡིད་བཞིན་ནོར་བུ་སོགས་བཞུགས།

 

གནས་བརྟན་ཡན་ལག་འབྱུང་།

 

ཨ་མྱེས་རྨ་ཆེན།                             

ཉིས་ཐོག་གི་གྲལ་དཀྱིལ་དུ་རྗེ་ཙོང་ཁ་པ་དང་། གཡས་ཕྱོགས་སུ་ཀུན་མཁྱེན་འཇིགས་མེད་དབང་བོ། རིམ་བཞིན་གུ་རུ་མཚོ་སྐྱེས། དམ་ཅན་སྡེ་བཞི། གཡོན་ངོས་སུ་ཆོས་རྗེ་དོན་གྲུབ་རིན་ཆེན། བླ་སྐུ་མཚན་བྱང་མི་གསལ་བ་ཞིག  ཨ་མྱེས་རྨ་ཆེན་བཅས་ཡོད།

གནས་བརྟན་བ་ཀུ་ལ།

དམ་ཅན་རྡོར་ལེགས།

གཡས་ངོས་ཀྱི་བྱམས་ཁང་དུ་དམ་ཅན་ར་བཞོན་དང་། རྒྱལ་ཆེན་ཡུལ་འཁོར་སྲུང་། འཕགས་སྐྱེས་བོ། དེ་ནས་དུས་གསུམ་སངས་རྒྱས་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བ།  རིམ་བཞིན་རྒྱལ་ཆེན་རྣམ་ཐོས་སྲས་དང་སྤྱན་མི་བཟང་། སེང་གདོང་གཙོ་འཁོར་གསུམ་བཅས་བཞུགས་སོ། །

དམ་ཅན་ར་བཞོན།

སངས་རྒྱས་མར་མེ་མཛད།

རྒྱལ་ཆེན་རྣམ་ཐོས་སྲས།

ཚོགས་ཆེན་འདུ་ཁང་དང་བྱམས་ཁང་གི་ལྡེབས་བྲིས་དག་ནི་སྔོན་གྱི་ཚེ་བིས་ཐང་འཇའ་མོ་དཔལ་ལྡན་གྱིས་བཞེངས་པ་རི་མོའི་འབྲི་ལུགས་སོགས་ལས་ཤེས་ཐུབ། བསྟན་པ་ཡང་དར་གྱི་དུས་སུ་སྐུ་ཕྱོགས་རྐང་ཚ་ཚང་གི་ཡོངས་འཛིན་གྲགས་པ་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཆེན་མོ་དགེ་འདུན་རྒྱ་མཚོས་སྐུལ་བ་ལྟར་ལྷ་བཟོ་ཕག་གོས་སྔོན་གྱི་ལྡེབས་བྲིས་དག་ཞིག་གསོ་བྱས་རྐྱེན་སྔོན་མའི་ཚོན་མདངས་ཀྱི་ཉམས་བོར་ཡོད་ཀྱང་རུས་ཚུགས་དང་བཅད་ཀྱི་རིམ་པ། ན་བཟའི་ཉམས་འདོན་ཚུལ་སོགས་ད་ལྟའང་མ་ཉམས་པར་གནས་ཡོད་པའི་རྐྱེན་གྱིས་བིས་ཐང་ཚང་གི་རི་མོའི་ཉམས་འགྱུར་གྱིས་ཡོངས་སུ་ཕྱུག་འདུག་ལ། རྗེས་རབས་པས་ལག་ཤེས་སྐོར་གྱི་ཤེས་བྱ་ལེན་པར་ལྡེབས་བྲིས་འདི་དག་དཔྱད་གཞིའི་རྒྱུ་ཆ་གཙོ་ཆེ་ཤོས་སུ་འཁུམས་སོ། །

5.གཉན་ཐོག་བཀྲ་ཤིས་དར་རྒྱས་གླིང་གི་སྐོར། 

དགོན་པ་འདིར་རེབ་གོང་ཁུལ་ཐོག་ནས་སྤྱི་ལེ་གཉིས་ལྷག་ཡོད་པ་དང་། ཤར་ཐིག་35°32’5″དང་། བྱང་ཐིག་102°1’23″སྟེང་དུ་འཁེལ་ཡོད། མཚོ་ངོས་ལས་མཐོ་ཚད་སྨི2510ཡོད། 《རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ》དང་《གཉན་ཐོག་དགོན་པའི་གདན་རབས》སོགས་སུ་དགོན་འདིའི་ལོ་རྒྱུས་ནི་འདི་ལྟ་སྟེ། དགོན་པ་དེ་ནི་སྤྱི་ལོ1665ལོར་གཉན་ཐོག་དཔོན་རབས་བཅུ་བ་ཐོའུ་པ་ཙོང་དཀོན་མཆོག་དར་རྒྱས་གྱིས་གནས་འདིར་སྒྲུབ་ཁང་ཞིག་བརྩིགས་ནས་ཐོག་མའི་གནས་གཞི་བཟུང་བ་དང་། དེ་ནས་སྤྱི་ལོ་1695ལོར་འདན་གྲུབ་ཆེན་ངག་དབང་བློ་བཟང་བསྟན་འཛིན་གྱིས་གཉན་ཐོག་ཐོའུ་པ་ཙོང་དཀོན་མཆོག་དར་རྒྱས་ཀྱི་སྲས་དཔལ་ཆེན་སྟོབས་རྒྱས་དང་སྦྱིན་བདག་ཏུ་འབྲེལ་ཏེ་གནས་འདིར་གསེར་གྱི་གླེགས་བམ་མང་པོ་དང་། སྐུ་འདྲ་སྣ་ཚོགས་གསར་བཞེངས་གནང་། ཡིག་བྲིས་དང་ལྷ་བྲིས་ཀྱི་རྒྱུན་དར་སྤེལ་བཏང་བ་སོགས་ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ནས་དགོན་མིང་ལ་གཉན་ཐོག་བཀྲ་ཤིས་དར་རྒྱས་གླིང་ཞེས་གསོལ་ཏེ་ཕྱག་འདེབས་མཛད། དགོན་པ་འདིའི་མིང་ལ་བཀྲ་ཤིས་དར་རྒྱས་གླིང་ཟེར་དོན་ནི། ཐོའུ་པ་ཙི་དཔལ་ཆེན་སྟོབས་རྒྱས་ཀྱིས་རང་གི་ཡབ་མེས་ཀུན་དགའ་བཀྲ་ཤིས་ཀྱི་མིང་གི་མཇུག་གི་ཡིག་འབྲུ་གཉིས་དང་། རང་གི་ཡབ་ཆེན་དཀོན་མཆོག་དར་རྒྱས་ཀྱི་མིང་གི་མཇུག་གི་ཡིག་འབྲུ་གཉིས་ཏེ་གཉིས་ཀ་ཕྱོགས་གཅིག་ཏུ་བསྡོམས་ནས། གཉན་ཐོག་བཀྲ་ཤིས་དར་རྒྱས་གླིང་ཞེས་བཏགས་སོ། གྲུབ་མཐའ་ཐོག་མ་རྙིང་མ་དང་རྗེས་སུ་དགེ་ལུགས་པར་གྱུར་བ་ཞིག་ཡིན། 《བིས་མདོ་གདན་རབས། 》སུ། གཉན་ཐོག་སྒར་བཀྲ་ཤིས་དར་རྒྱས་གླིང་དུ་བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོས་བྱམས་པའི་སྐུ་དང་། ལོགས་རིས་སུ་གནས་བཅུའི་རྣམ་ཐར་ཡང་བཞེངས། དེ་དུས་ཕྱག་གཡོག་པ་ཚེ་རིང་དོན་གྲུབ་སོགས་ལྷ་བྲིས་རྩེར་སོན་འགའ་ཞིག་ཀྱང་བྱུང་། བྱམས་པའི་ནང་བཞུགས་སུ་པིར་མང་དུ་ཕུལ་ཏེ་ཐུགས་སྨོན་མཛད་པས་ལྷ་རྒྱུན་དེ་ག་ད་ལྟ་གོང་འཕེལ་དུ་ཡོད་ཅེས་ཟེར།

ཡང་《གཉན་ཐོག་གདན་རབས། 》སུའང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་བོའི་1728—1791སྐུ་དུས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་མེ་མོ་བྱིའི(སྤྱི་ལོ1756)ལོར་ལྷ་བཟོ་མཁས་པ་བིས་ཐང་དཔལ་ལྡན་དང་སྣང་རའི་ལྷ་བཟོ། མ་ཁ་ལྷ་བཟོ། ཅོ་ནེ་ལྷ་བཟོ་སོགས་ཕྱོགས་དུ་མ་ནས་པིར་ཐོགས་དབང་པོ་མཁས་སྒྲུག་བདུན་ཅུ་སྐོར་གྱིས་ལོགས་རིས་ལ་སངས་རྒྱས་སྟོང་སྐུ་སོགས་འདུ་ཁང་སྔ་མའི་སྐབས་སུ་གང་ཡོད་ཚད་ལས་མ་ཉམས་པར་བཞེངས་པའི་སྟེང་དུ་འཇམ་དབྱངས་ཀུན་གཟིགས་ཀྱི་ཞིང་བཀོད།  ཀླུ་དབང་རྒྱལ་པོ།  གནས་བཅུ། རྒྱལ་བ་དང་པཎ་ཆེན་གྱི་འཁྲུངས་རབས། སྒྲོལ་མ་ཉེར་གཅིག གདུགས་དཀར། རྟ་མགྲིན། སེང་གདོང་མ་སོགས་སངས་རྒྱས་བྱང་སེམས་དུ་མའི་སྐུ་བརྙན་དང་། སྒོ་འཕྱོར་ལ་ལྡེབས་རིས་སྔ་མའི་སྟེང་རྨ་ཆེན་གྱི་སྐུ་སོགས་བསྣན་ནས་བཞེངས། དགུང་ལོ་ལྔ་བཅུ་བ་ཆུ་ཕོ་སྟག་(སྤྱི་ལོ1782)བཅུ་གཅིག་པའི་ཚེས་ཉེར་དྲུག་ལ་གདན་སར་བབས་པ་གཉན་ཐོག་སྒར་བས་བྱམས་ཆེན་གསར་བཞེངས་ཀྱི་རབ་གནས་ལ་འབྱོན་དགོས་ཀྱི་གསོལ་བ་ནན་ཏན་ཆེར་བཏབ་སྟེ་དེར་ཆིབས་བསྐྱོད། ”ཞེས་གསུངས་འདུག  གཉན་ཐོག་བྱམས་ཁང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་གླང་(སྤྱི་ལོ1781)ལོར་བཞེངས་པ་དང་ཕྱི་ལོར་ཀུན་མཁྱེན་མཆོག་གདན་དྲངས་ཏེ་རབ་གནས་མཛད་པའོ། །

རྒྱ་ནག་ཧྭ་ཤང་།

གནས་བརྟན་ནགས་ན་གནས།

དགེ་བསྙེན་དྷ་རྨ་ཏ་ལ།

བྱམས་ཁང་ཆོས་འཛིན་ལྷ་ཡི་ཕོ་བྲང་དུ་ལོགས་རིས་ལ་གནས་བཅུའི་རྟོགས་བརྗོད། སྟོན་པ་གཙོ་འཁོར་གསུམ།  གཡེར་གཤོང་དགེ་འདུན་ཟླ་གྲགས། ཤར་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱི་མཐའ་བསྐོར་དུ་དབེན་ས་ཟུང་འཇུག་བརྒྱུད་པའི་ཕྲེང་བ་སོགས་བླ་སྐུ་བཅུ་དྲུག་ཅན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་མཐའ་བསྐོར་དུ། གསེར་གླིང་བ་དང་ཇོ་བོ་རྗེ། འབྲོམ་སྟོན་པ། དཔལ་ལྡན་དགོན་པ་བ། སྣེའུ་ཟུར་བ། འཕགས་པ་གྲོལ་སྡེ། རྣམ་སྣང་མཛད། སློབ་དཔོན་སེང་གེ་བཟང་པོ་སོགས་བླ་སྐུ་བཅུ་བདུན། མཁན་ཆེན་དགེ་འདུན་རྒྱ་མཚོའི་མཐའ་བསྐོར་དུ། ཟླ་བ་གྲགས་པ་དང་ས་སྐྱ་པཎ་ཆེན་སོགས་བླ་སྐུ་བཅོ་བརྒྱད་ཅན། ཀུན་མཁྱེན་འཇིགས་མེད་དབང་བའི་མཐའ་བསྐོར་དུ་གྱེར་སྒོམ་པ། སངས་རྒྱས་དཔལ་སྟོན། ནམ་མཁའ་རྒྱལ་པོ། འདུལ་འཛིན་གྲགས་པ་རྒྱལ་མཚན། བླ་མ་དབུ་མ་བ། མཁས་གྲུབ་དང་བ་སོ་ཆོས་རྗེ་སོགས་བླ་སྐུ་བཅུ་དྲུག་ཅན།  འདན་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན།  རྒྱལ་བ་སེང་གེ་ང་རོ།  ཀུན་རིག མི་འཁྲུགས་པ།  ཚེ་དཔག་མེད།  རྣམ་སྲས།  ཆོས་རྒྱལ།  དམ་ཅན།  རྟ་མགྲིན་སོགས་མང་པོ་ཞིག་མཆིས།  དུས་འགྱུར་དང་གོད་ཆག་ག་གེ་མོའི་དབང་གིས་རིག་དངོས་རྩ་ཆེན་མང་དག་ཅིག་འཇིག་ཅིང་ད་ལྟ་མཐོང་ཆོས་སུ་གྱུར་དཀོན་ནའང་ལོགས་རིས་དག་དུས་ད་ལྟའང་མ་ཉམས་པར་གནས་ཡོད།

པཎ་ཆེན་བློ་བཟང་ཆོས་རྒྱན།

ལྡེབས་བྲིས་ཀྱི་ཆ་ཤས།

ལྡེབས་བྲིས་ཀྱི་ཆ་ཤས།

6.སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་།  

རེབ་གོང་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་ནི་རེབ་གོང་རྫོང་ནས་བྱང་ཕྱོགས་སུ་གཉན་ཐོག་སྡེ་བ་བརྒྱུད་དེ་སྤྱི་ལེ་བརྒྱད་ཀྱི་མཚམས་སུ་བསྐྱོད་ན་ད་གཟོད་བསླེབ་ཐུབ་པ་ཡིན། གནས་འདི་ནི་ཤར་ཐིག་102°2’27″དང་བྱང་ཐིག་35°34’7″རུ་འཁེལ་ཡོད། མཚོ་ངོས་ལས་མཐོ་ཚད་སྨི2410ཡོད། 《རེབ་གོང་ཡུལ་སྐོར་ཟིན་ཐོ》དང་《སྒོ་དམར་དགོན་པའི་གདན་རབས》སོགས་སུ་རབ་བྱུང་བཅུ་གཅིག་པའི་ལྕགས་ཡོས་སྤྱི་ལོ་1651ལོར་སྒོ་དམར་གྲུབ་ཆེན་བློ་བཟང་ཆོས་དར་གྱིས་སྐུལ་བ་ནང་བཞིན་ཡབ་རྗེ་སྐལ་ལྡན་རྒྱ་མཚོས་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་ཞེས་པའི་མཚན་གསོལ་གནང་སྟེ་ཕྱག་འདེབས་མཛད་པར་གྲགས།  གྲུབ་མཐའ་དགེ་ལུགས་པ་ཡིན། ཁོང་དམ་པ་རྣམ་གཉིས་ཀྱིས་ཐོག་མར་ས་བསླངས་སྦྱངས་བརྟག་སོགས་མངོན་པར་བཏང་ནས་ས་འཛིན་ལྷ་ཁང་དང་། གཡོན་ཕྱོགས་སུ་བྱམས་ཁང་། རིམ་བཞིན་སྒོ་དམར་གྲུབ་ཆེན་བློ་བཟང་ཆོས་དར་གྱིས་འདུ་ཁང་། བཙན་ཁང་རྟེན་དང་བརྟེན་པ་གསར་བཞེངས་སྐྲུན་གནང་། རྗེས་སུ་སྒོ་དམར་གྲུབ་ཆེན་སྐུ་ཕྲེང་གཉིས་པ་གྲགས་པ་རྒྱ་མཚོས་སྔོན་གྱི་འདུ་ཁང་དེ་བཙན་ཁང་དུ་བསྒྱུར། སྤྱི་ལོ་1801ལོར་གཡེར་གཤོང་སྐུ་ཕྲེང་གསུམ་པ་དགེ་འདུན་ཟླ་གྲགས་ཀྱིས་བྱམས་ཁང་རྟེན་དང་བརྟེན་པ་གསར་བཞེངས་མཛད། གཡེར་གཤོང་དགོན་བསམ་གཏན་ཆོས་འཕེལ་གླིང་གི་རྒྱལ་བ་མི་འཁྲུགས་པའི་གོས་སྐུ་ཆེན་མོ་དེ་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་ལ་གནང་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་དུ་བཙུགས། དགོན་པ་འདི་ཉིད་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་དང་ཆོས་པ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན། གཡེར་གཤོང་མཁན་པོ་སྐུ་ཕྲེང་རིམ་བྱོན། རོང་རྒན་སྐུ་ཕྲེང་རིམ་བྱོན། སྒོ་དམར་གྲུབ་དབང་བློ་བཟང་རྒྱ་མཚོ། ཁྱད་པར་དུ་སྒོ་དམར་གྲུབ་ཆེན་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་དགོན་པ་འདིར་རྟེན་གསུམ་བཞེངས་པར་མཐུན་རྐྱེན་གང་ལེགས་བསྐྲུན།

《རོང་བོ་དགོན་ཆེན་གྱི་གདན་རབས། 》སུ། སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་དུ་རབ་བྱུང་བཅུ་གསུམ་པའི་བགྲང་བྱ་ང་ལྔ་བར་སྤྱི་ལོ1801ལོར་རྗེ་བཙུན་དགེ་འདུན་ཟླ་གྲགས་《1733—1811》ཀྱིས་བྱམས་ཁང་སུམ་ཐོག་རྟེན་བརྟེན་པ། གཙོ་བོའི་ཁྲི་ཁའི་གཡས་གཡོན་དུ་རྗེ་སྐུ་དང་ཁོང་ཉིད་ཀྱི་འདྲ་སྐུ་བཅས་བཞེངས། བཟོ་བོ་བིས་ཐང་དཔལ་ལྡན་དང་བ་ཡན་སོགས་ཡིན། མཁན་པོ་འཇམ་དབྱངས་ཀྱིས་འདོད་གསོལ་བརྩམས། ཉིན་རེར་ཡོན་ཆབ་སྟོང་འབུལ་གྱི་སྲོལ་བཙུགས། གྱན་ཐང་རྣམས་སྒར་བའི་ལྷ་བཟོས་བཞེངས་ཞེས་ཀྱང་འཁོད་ཡོད།

གནས་བརྟན་སྦེད་བྱེད།              

གནས་བརྟན་དུས་ལྡན།

བྱ་ཁྱུང་།

གོང་འཁོད་ཀྱི་ནང་དོན་ལས་བྱམས་ཁང་གི་བཟོ་བོ་བིས་ཐང་འཇའ་མོ་དཔལ་ལྡན་ཡིན་པར་ང་ཚོ་ལ་ངེས་ཤེས་རྙེད་ཐུབ། ང་དང་བསོད་ནམས་དར་རྒྱས་སོགས་ཀྱིས་དགོན་འདིར་བིས་ཐང་ཚང་གི་བཟོ་རིག་རྗེས་ཤུལ་འཚོལ་སྡུད་བྱེད་དུས་ལྡེབས་རིས་མང་ཤོས་ཤིག་འཇིག་ཟིན། ཡིན་ནའང་གདུང་ལྕམ་གྱི་བར་མཚམས་སུ་ལྷ་སྐུ་འགའ་ཞིག་སྣང་ཡང་འདི་དག་རྗེས་སུ་ཉམས་གསོ་བྱས་པའི་ཆ་ཞིག་ཀྱང་འདུག   ཕྱི་ངོས་ཀྱི་སྒོ་འཕྱོར་དུ་རྒྱལ་ཆེན་རིགས་བཞི་དང་རྨ་ཆེན། བྱ་ཁྱུང་སོགས་ཀྱི་ལྷ་སྐུའི་སྣང་བརྙན་བཞུགས་ཀྱང་ལོ་མང་སོང་ཞིང་ཉི་མར་ལྡེ་བས་ཚོན་རྩི་དག་ཡོད་ལ་སྔོན་མའི་ཆ་དེ་འཛིན་རྒྱུ་ཧ་ཅང་ཁག་པོ་རེད།

 

རྨ་རྒྱལ།

ལྡེབས་བྲིས་ཀྱི་ཆ་ཤས།

ལྡེབས་བྲིས་ཀྱི་ཆ་ཤས།

 

7.བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོའི་བཟོ་རིག་མཛད་རྗེས་དག་ལོ་ཚིགས་གོང་བསྒྲིགས་ཏེ་རེའུ་མིག་ཏུ་འགོད་པ། 

ལོ་ཚིགས།   རྟེན་བཞེངས་ཀྱི་སྐོར།  དཔྱད་ཡིག་གི་སྐོར།

1725ལོ། ཧོར་རམ་སྒར་དུ་བྲིས་འབུར་གྱི་སྐུ་བརྙན་བཞེངས། མི་གསལ། །

1756ལོ། བླ་བྲང་བཀྲ་ཤིས་འཁྱིལ་དུ་ལྷ་བཟོ་མཁས་པ་བིས་ཐང་དཔལ་ལྡན་དང་སྣང་རའི་ལྷ་བཟོ། མ་ཁ་ལྷ་བཟོ། ཅོ་ནེ་ལྷ་བཟོ་སོགས་ཕྱོགས་དུ་མ་ནས་པིར་ཐོགས་དབང་པོ་མཁས་སྒྲུག་བདུན་ཅུ་སྐོར་གྱིས་ལོགས་རིས་ལ་སངས་རྒྱས་སྟོང་སྐུ་སོགས་འདུ་ཁང་སྔ་མའི་སྐབས་སུ་གང་ཡོད་ཚད་ལས་མ་ཉམས་པར་བཞེངས་པའི་སྟེང་དུ་འཇམ་དབྱངས་ཀུན་གཟིགས་ཀྱི་ཞིང་བཀོད།  ཀླུ་དབང་རྒྱལ་པོ།  གནས་བཅུ། རྒྱལ་བ་དང་པཎ་ཆེན་གྱི་འཁྲུངས་རབས། སྒྲོལ་མ་ཉེར་གཅིག གདུགས་དཀར། རྟ་མགྲིན། སེང་གདོང་མ་སོགས་སངས་རྒྱས་བྱང་སེམས་དུ་མའི་སྐུ་བརྙན་དང་། སྒོ་འཕྱོར་ལ་ལྡེབས་རིས་སྔ་མའི་སྟེང་རྨ་ཆེན་གྱི་སྐུ་སོགས་བསྣན་ནས་བཞེངས། 《གཉན་ཐོག་དགོན་པའི་གདན་རབས། 》《ཀུན་མཁྱེན་འཇིགས་མེད་དབང་པོའི་རྣམ་ཐར། 》

1763ལོ། ཁོང་དགུང་ལོ་གྱ་བཞིར་སོན་པའི་སྐབས་རོང་བོ་དགོན་ཆེན་གྱི་སྨོན་ལམ་ཆེན་མོར། དབང་གི་ཆ་རྐྱེན་ལ་དཀྱིལ་ཐང་ཞིག་ངེད་ཀྱི་ཕུ་བོ་དཔལ་ལྡན་ལྷ་བྲིས་ལ་མཁས་བའི་ཁོ་ལ་བཟོ་རུ་བཅུག་ནས་འབུལ་ཞུས་ཏེ། དེ་འཕྲལ་ཁོ་རང་གི་གཟིམ་ཤག་དུ་ས་འདུལ་བྱས། དཀྱིལ་འཁོར་གྱི་ཐིག་ཚད་ལྡན་ལེགས་པར་བཏབ་སྟེ་དཀྱིལ་འཁོར་གྱི་གཙོ་བའི་སྐུའི་སྐྱ་རིས་འདེབས་སྐབས་ཕྱི་ལོགས་ཤག་མཚེས་ལྟ་བུ་ཞིག་ཏུ་ཌཱ་མ་རུའི་སྒྲ་སྙན་པ་ཞིག་ལན་དུ་མར་དཀྲོལ་བྱུང་བས་ཐམས་ཅད་ཀྱིས་རྟེན་འབྲེལ་ལེགས་པའི་མཚན་མར་གོ་ཞེས་གསལ། 《མཁན་ཆེན་དགེ་འདུན་རྒྱ་མཚོའི་རྣམ་ཐར། 》

1781ལོ། གཉན་ཐོག་བྱམས་ཁང་དུ་གནས་བཅུའི་རྟོགས་བརྗོད། སྟོན་པ་གཙོ་འཁོར་གསུམ།  གཡེར་གཤོང་དགེ་འདུན་ཟླ་གྲགས། ཤར་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱི་མཐའ་བསྐོར་དུ་དབེན་ས་ཟུང་འཇུག་བརྒྱུད་པའི་ཕྲེང་བ་སོགས་བླ་སྐུ་བཅུ་དྲུག་ཅན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་མཐའ་བསྐོར་དུ། གསེར་གླིང་བ་དང་ཇོ་བོ་རྗེ། འབྲོམ་སྟོན་པ། དཔལ་ལྡན་དགོན་པ་བ། སྣེའུ་ཟུར་བ། འཕགས་པ་གྲོལ་སྡེ། རྣམ་སྣང་མཛད། སློབ་དཔོན་སེང་གེ་བཟང་པོ་སོགས་བླ་སྐུ་བཅུ་བདུན། མཁན་ཆེན་དགེ་འདུན་རྒྱ་མཚོའི་མཐའ་བསྐོར་དུ། ཟླ་བ་གྲགས་པ་དང་ས་སྐྱ་པཎ་ཆེན་སོགས་བླ་སྐུ་བཅོ་བརྒྱད་ཅན། ཀུན་མཁྱེན་འཇིགས་མེད་དབང་བའི་མཐའ་བསྐོར་དུ་གྱེར་སྒོམ་པ། སངས་རྒྱས་དཔལ་སྟོན། ནམ་མཁའ་རྒྱལ་པོ། འདུལ་འཛིན་གྲགས་པ་རྒྱལ་མཚན། བླ་མ་དབུ་མ་བ། མཁས་གྲུབ་དང་བ་སོ་ཆོས་རྗེ་སོགས་བླ་སྐུ་བཅུ་དྲུག་ཅན།  འདན་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན།  རྒྱལ་བ་སེང་གེ་ང་རོ།  ཀུན་རིག མི་འཁྲུགས་པ།  ཚེ་དཔག་མེད།  རྣམ་སྲས།  ཆོས་རྒྱལ།  དམ་ཅན།  རྟ་མགྲིན་སོགས་མང་པོ་ཞིག་མཆིས། 《གཉན་ཐོག་དགོན་པའི་གདན་རབས། 》

1790ལོའི་ཡས་མས། ཤར་སྐུ་ཕྲེང་གསུམ་པའི་སྐྱབས་མགོན་བླ་བྲང་དུ་ཁོང་དགུང་ལོ་ང་བཞི་པར་སོན་པའི་སྔ་ཕྱིར་འཇའ་མོ་དཔལ་ལྡན་ཞེས་པའི་ལྷ་བྲིས་པ་སྐད་གྲགས་ཅན་དེར་སྟོན་པའི་འཁྲུངས་རབས། གནས་བཅུ། ཇོ་བོ། རྗེ་ཐམས་ཅད་མཁྱེན་པ་རྣམས་ཀྱི་རྣམ་ཐར། སྐལ་ལྡན་རྣམ་ཐར་བདུན་ཐང་། མི་ཏྲ་རྡོར་ཕྲེང་གི་དཀྱིལ་ཐང་སོགས་བཞེངས་སུ་བཅུག 《དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱི་རྣམ་ཐར། 》

1795ལོ། 《བིས་མདོ་དགོན་ཆེན་གྱི་ཁྲིར་བཞུགས་ཏེ་གདན་ས་ལོ་བདུན་རིང་བསྐྱངས། 》 《བིས་མདོ་གདན་རབས། 》《རོང་བོ་དགོན་ཆེན་གྱི་གདན་རབས། 》

1801ལོ། སྒོ་དམར་བྱམས་ཁང་སུམ་ཐོག་རྟེན་བརྟེན་པ། གཙོ་བོའི་ཁྲི་ཁའི་གཡས་གཡོན་དུ་རྗེ་སྐུ་དང་ཁོང་ཉིད་ཀྱི་འདྲ་སྐུ་བཅས་བཞེངས། བཟོ་བོ་བིས་ཐང་དཔལ་ལྡན་དང་བ་ཡན་སོགས་ཡིན། 《སྒོ་དམར་དགོན་པའི་གདན་རབས། 》

1806ལོའི་ཡས་མས། ཤར་སྐུ་ཕྲེང་བཞི་བའི་སྐྱབས་མགོན་བླ་བྲང་དུ་བྲིས་འབུར་གྱི་སྐུ་བརྙན་བཞེངས། 《མར་ནང་ཆུ་བཟང》 《བློ་བཟང་ཆོས་གྲགས་རྒྱ་མཚོའི་རྣམ་ཐར། 》

མཇུག་བསྡུ་བ། 

བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོའི་བཟོ་རིག་རྗེས་ཤུལ་དག་གནད་དུ་ཐིངས་པའི་ལམ་ནས་ཀུན་གྱི་འདྲེན་བྱེད་ཀྱི་ཡུལ་དུ་བསྟར་རྒྱུ་ནི་ལས་སླ་བོ་ཞིག་མ་ཡིན་ཏེ། སྐྱེས་ཆེན་དག་གི་རྣམ་ཐར་ཇི་སྙེད་ཅིག་ལ་ལྟ་ཀློག་བྱས་ཏེ་ཡུན་གྱིས་བཙལ་འཚོལ་བྱེད་དགོས་སྙམ་ཡོད། གུས་པས་ལོ་འདི་འགའི་རིང་དུ་དཔེ་ཀློག་ཅུང་བགྱིས་པའི་དཔྱད་ཡིག་འདི་དག་ལ་གཞི་བཅོལ་ནས་འདིར་མདོ་ཙམ་གླེང་ན། དམ་པ་ཁོང་ནི་དུས་རབས་བཅོ་བརྒྱད་པའི་ནང་འཚོ་བཞུགས་བྱས་ཤིང་བཟོ་རིག་པའི་ཐད་ལ་ལག་རྗེས་ཤིན་ཏུ་ཆེ་བའི་ངེས་དོན་གྱི་མཁས་པ་ཞིག་ཡིན་པ་བིས་པ་མི་ཕམ་ཟླ་བས་མདོ་སྔགས་རིག་གནས་ཀུན་ལ་མཁྱེན་པ་གཞན་དྲིང་མི་འཇོག་པའི་ངེས་པ་དོན་གྱི་མཁས་པ་ཆེན་པོ་དཔལ་ལྡན་རྒྱ་མཚོ་ཞེས་སྔགས་བརྗོད་གཞན་ལས་ཁྱད་ཐོན་དུ་མཛད་འདུག་པ་མ་ཟད། 《མཐོང་བ་དོན་ལྡན་བསོད་ནམས་བརྒྱ་བའི་སྐུ། ། གསེར་རིའི་མཆེད་དང་ཟ་འོག་གོས་དྲུབ་ཏུ། ། མཁྱེན་རབ་འཇམ་དཔལ་དབྱངས་དང་མི་གཉིས་པ། ། དཔལ་ལྡན་རྒྱ་མཚོའི་རྣམ་དཔྱོད་འཕྲུལ་གྱིས་བཞེངས། ། 》ཞེས་ཁོང་གི་ལྷ་བྲིས་ཀྱི་རི་མོར་གདེང་འཇོག་ཚད་མཐོན་པོ་བྱས་འདུག

《བིས་མདོ་གདན་རབས་》སུ།  བིས་ཐང་འཇའ་མོ་དཔལ་ལྡན་ལྷ་རིས་པར་གྲགས་པ་དཔལ་ལྡན་རྒྱ་མཚོ་ནི།  ཁ་སྒང་སངས་རྒྱས་རྒྱ་མཚོ་ཞེས་པའི་རི་ཁྲོད་པ་བཟང་པོ་ཞིག་གི་སྐྱེ་བར་བླངས། བིས་ཐང་དུ་སྐུ་འཁྲུངས་ཤིང་གཞོན་ནུ་ནས་གཞུང་ལུགས་སྤྱི་དང་ཁྱད་པར་རི་མོ་འབྲི་བག་ཆགས་སད་དེ་ལྷ་བྲིས་ལ་ཤིན་ཏུ་མཁས་པར་གྱུར་ཅེས་དང་། བཟོ་རིག་པའི་རྗེས་ཤུལ་དག་གོང་འཁོད་ལས་གཞན་ཚོ་ལྔའི་ལེ་བོ་དགོན་བསམ་འགྲུབ་བདེ་ལྡན་སོགས་སུའང་ཞལ་ཐང་སོགས་བཞེངས་ཡོད་པར་གྲགས་ལ། དཀྱིལ་འཁོར་དུ་མའི་བློས་བསླངས་ལའང་ཤིན་ཏུ་མཁས། དཀོན་མཆོག་འཇིགས་མེད་དབང་བོས་ཀྱང་རྗེ་འདི་ལ་བློས་བསླང་གི་དོགས་གཅོད་མང་དུ་གནང་བར་མཐའ་ཆོད་པའི་བཀའ་ལན་ཐོགས་མེད་དུ་ཕུལ་བས་ཐུགས་དགྱེས་པའི་རྩེར་སོན།  སྐུ་དྲུང་དུ་ནམ་བཅར་ལ་བློས་བསླང་སོགས་ཀྱི་དོགས་གནས་ཀྱི་དྲི་བས་དཀའ་དཀར་གཏད་པས་སླན་ཆད་སྐུ་མདུན་དུ་འགྲོ་འོང་མི་བྱེད་ཅེས་ཀྱལ་ཀ་ཡང་མཛད།  རྗེ་འཇམ་དབྱངས་བཞད་སྤྲུལ་དཀོན་མཆོག་འཇིགས་མེད་དབང་བོ་སོགས་ལས་དབང་ཁྲིད་ལུང་བཤད་ཀྱི་སྐོར་དུ་མ་བཞེས་ཤིང་འཆད་སྤེལ་ཡང་སྐལ་ལྡན་འགའ་རེར་མཛད། ཞབས་དཀར་ཚོགས་དྲུག་རང་གྲོལ་(1781—1851)དགུང་གྲངས་གཞོན་དུས་བིས་ཐང་དཔལ་ལྡན་པ་ལས་དབང་ལུང་མན་ངག་གསན་པར་རྣམ་ཐར་ལས་བཤད་པ་ཡང་སྐུ་ཕྲེང་ཕྱི་མ་ལ་དུས་མི་འགྲིག་པ་འདྲ་བས་འདི་བ་ཡིན་ནམ་བརྟག”ཅེས་འཁོད་ཡོད།

ཐེངས་འདིའི་བསོད་ནམས་དར་རྒྱས་དང་ངེད་གཉིས་ཀྱི་འཚོལ་ཞིབ་ཀྱི་བརྒྱུད་རིམ་འདིའི་ནང་དུ་གུས་པ་རང་ཉིད་ལའང་ཁོང་གི་བཟོ་རིག་སྐོར་ལ་ཡང་དག་པའི་ལྟ་ཚུལ་ཅིག་རྙེད་ཅིང་། ཡིག་ཚང་དང་ཡུལ་དངོས་རྟོག་དཔྱོད་ཀྱི་མྱོང་བའི་ཐོག་ནས་འདྲ་རིས་རིག་པར་བརྟེན་ཏེ་བསྡུར་བའི་ལམ་གྱིས་ཁོང་གི་བྲིས་རྒྱུན་ལ་དཔྱད་འཇོག་ཙམ་བྱས་ན། ཁོང་གི་རི་མོའི་བྲིས་རྒྱུན་ནི་སྨན་ཐང་ལུགས་ཡིན་པ་དང་།  ཡུལ་ལྗོངས་ཀྱི་བཀོད་པ་རྒྱ་ཆེ་ཞིང་ཚོས་གཞི་སྣུམ་ཤས་ཆེ་བ།  ན་བཟའ་མཐུག་པོར་གསོལ་ཅིང་ལྟེབ་གཉེར་གྱི་ཆ་ཤིན་ཏུ་མང་བ།  བཅད་སྣ་རིང་ཞིང་ཉམས་འགྱུར་ཕུན་སུམ་ཚོགས་པ། ཞལ་དབྱིབས་ཀྱི་ཉམས་འདོན་ཚུལ་ལ་རིགས་དུ་མ་མཆིས་ཤིང་བཟོ་བོ་གཞན་ལས་དམིགས་བསལ་གྱི་ཉམས་སྣང་ཐོན་འདུག  ལྷག་པར་དུ་གནས་བརྟན་གྱི་རིགས་བྲིས་པ་ལ་ཧ་ལས་པའི་ཉམས་འགྱུར་གྱིས་ཕྱུག་ཡོད་ཅིང་ལྡེབས་བྲིས་དང་གནམ་རྒྱན་སོགས་གང་ལའང་གནས་བརྟན་གྱི་རིགས་འདུག་པས་ཁོང་གི་འབུར་ཐོན་གྱི་ཁྱད་གཤིས་དེ་ང་ཚོས་དེའི་སྟེང་ནས་བཙལ་ན་འགྲིག་པར་སེམས་སོ། ། དམ་པ་ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་སྐོར་ཡིག་ཚང་སོགས་ལས་མ་ཐོན་པས་འདིར་ཞིབ་གསལ་གྱིས་འཆད་རྒྱུ་ཅུང་ཁག་པོ་འདུག བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོས་སྐོར་སླད་མར་ཞིབ་རྒྱས་ཀྱིས་དཔྱད་རྩོམ་ཞིག་ཉེ་ཆར་ངེད་ཀྱིས་འབྲི་རྩིས་ཡོད་པས་དེའི་སྐོར་མཁྱེན་འདོད་མཁན་དང་དོགས་གནས་དག་སེལ་མཁན་ཚོས་སྐབས་རྗེས་མའི་དུས་དེབ་སོགས་སུ་དོ་སྣང་མཛད་པར་མཁྱེན་མཁྱེན་ཞུ། ། ཁ་དྲོ། བཀྲ་ཤིས།

《ལུང་འདྲེན་དཔྱད་ཡིག》

【1】བིས་པ་འཇམ་དབྱངས་གྲགས་པ།  སྐལ་ལྡན་རྒྱ་མཚོ། འཇམ་དབྱངས་བློ་གྲོས།  ངག་དབང་དགེ་འདུན་བཅས་ཀྱིས་བརྩམས།  《བིས་མདོ་དགོན་ཆེན་བཀྲ་ཤིས་ཐོས་བསམ་ཆོས་འཁོར་གླིང་གི་གདན་རབས་གཙོ་བོར་གྱུར་པའི་དམ་པ་རྣམས་ཀྱི་རྟོགས་པ་བརྗོད་པ་དད་པའི་ཆུ་བོ་གཞོལ་བའི་འབབ་སྟེགས་ཞེས་བྱ་བ་བཞུགས་སོ། ། 》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  [M]1991.4

【2】འཇིགས་མེད་ཐེག་མཆོག་གིས་བརྩམས།  《རོང་བོ་དགོན་ཆེན་གྱི་གདན་རབས། 》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  [M] 1988.5 

【3】བློ་བཟང་སྙན་གྲགས་ཀྱིས་བརྩམས།  《གཉན་ཐོག་བྱམས་པ་གླིང་གི་ལོ་རྒྱུས། 》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  [M]2000.4

【4】བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས།  《མདོ་སྨད་ཆོས་འབྱུང་། 》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  [M]

【5】བློ་བཟང་དགེ་འདུན་གྱིས་བརྩམས།  《སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་དཀར་ཆག་བཞུགས་སོ། ། 》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  [M] 1991.2

【6】འཇིགས་མེད་དམ་ཆོས་རྒྱ་མཚོས་བརྩམས།  《ཤར་སྐལ་ལྡན་རྒྱ་མཚོའི་སྐྱེས་རབས་རྣམ་ཐར་བཞུགས་སོ། ། 》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  [M] 1997.3

【7】ཚེ་ཏན་ཞབས་དྲུང་གིས་བརྩམས།  《བྱ་ཁྱུང་གདན་རབས་བཞུགས་སོ། ། 》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། [M]1984.4

【8】ཚེ་ཏན་ཞབས་དྲུང་གིས་བརྩམས།  《བསྟན་རྩིས་ཀུན་བཏུས། 》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། [M]1982.12

【9】བདེ་ཆེན་པཎྚི་ཏ་ངག་དབང་འཇམ་དབྱངས་དཔལ་ལྡན་གྱིས་བརྩམས། 《མཁན་ཆེན་དགེ་འདུན་རྒྱ་མཚོའི་རྣམ་ཐར་བཞུགས་སོ། ། 》 ཤིང་དཔར་པར་མ།