༡ ཟླ་བ་གཙང་པོའི་གྲོག་རོང་བརྒྱུད་དེ་འགྲུལ་བཞུད་མགོ་རྩོམ།

སྤྱི་ལོ་༢༠༡༨ལོའི་ཟླ་༧ཚེས་༡༩ཉིན་ནས་མགོ་བཟུང་སྟེ་ཟླ་ཕྱེད་ཀྱི་རིང་ལ་ཟུར་མང་ཆོས་གྲྭ་ཆེན་མོའི་དབྱར་གནང་གི་དུས་ཚིགས་ལ་ཁེལ་ཞིང་། ཁོ་བོས་གསེར་གྱི་མདའ་རྩེ་བཞིན་འགུལ་བའི་དུས་ཚོད་ཐུང་ངུ་དེ་བེད་སྤྱད་ནས་ལོ་རྒྱུས་ཡོངས་གྲགས་ཀྱི་གནའ་ཤུལ་པུ་རི་ནམ་མཁའ་རྫོང་གི་ཡུལ་དངོས་སུ་ལོ་རྒྱུས་དང་རིག་གནས་ཉམས་ཞིབ་ཀྱི་ཆེད་དུ་ལམ་ལ་ཆས་གྲབས་བྱེད་པ་ཡིན།

ཐེངས་འདིའི་འགྲུལ་བཞུད་ཀྱི་ལམ་གྲོགས་ལ་གནའ་ཤུལ་ཉུལ་བར་ཁམས་དབང་མོས་པ་མཐུན་པའི་གྲོགས་རྩི་རང་ཤར་དང་ཁམས་སྨྱོན་གཉིས་ཡོད། ངེད་གསུམ་གྱིས་ཐོག་མར་ཟུར་མང་དགོན་ནས་ལམ་གྱི་རྒྱགས་ཕྱེ་དང་མཐུན་རྐྱེན་པར་ཆས་རྣམས་མཁོ་སྒྲུབ་བྱས་ཤིང་། དུས་ཚོད་བཞི་པ་ཏག་ཏག་གི་ཐོག་ནས་འཕྲུལ་རྟ་བཀོལ་ཏེ་རྒྱས་རྡོལ་ཁའི་ཀྱག་ཀྱོག་གི་གཞུང་ལམ་འདེད་དེ་འགྲུལ་བཞུད་ཀྱི་ལམ་དངོས་ལ་བསྐྱོད་པ་ཡིན།

དེ་ནས་རིམ་བཞིན་གངས་ལྗོངས་ཀྱི་མ་ཡུམ་འབོད་པའི་གཙང་པོ་གསུམ་གྱི་ཡ་གྱལ་ཟླ་བ་གཙང་པོའི་གྲོག་རོང་གི་བར་གྱི་ཁུག་པ་བརྒྱུད་ནས། ཁམས་ཆབ་མདོའི་ས་ཡི་ཆར་འབུམ་རྫོང་གི་ཅོ་ཧྲི་མདའ་རུ་ས་སྲོད་ཀྱི་དུས་མཚམས་སུ་སླེབས། བོད་སྡེའི་དུད་ཁྱིམ་དག་ལས་རུས་ཁྱིམ་ཆེན་མོ་ཅ་ཉ་གཉིས་ཀྱི་ནང་ཚན་ཉ་ཧེ་ཚང་དུ་གྲོགས་པོ་ངོ་ཤེས་ཤིག་བརྒྱུད་ནས་གནས་ཚར་གཡར་ཞིང་དེ་ནུབ་མོར་གཞིས་སྡོད་བྱས། ས་གནས་དེ་གའི་བོད་ཀྱི་ཁྱིམ་ཚང་དག་ནི་ས་ཁང་རྙིང་པ་ཐོག་བརྩེགས་ཅན་ཤ་སྟག་ཏུ་གྲུབ་པས། ཡིད་ཡུལ་ལ་གནའ་བོའི་བོད་གྲོང་ཞིག་ཏུ་ད་གཟོད་སླེབས་པའི་ཚོར་སྣང་འབྱམས་ཀླས་པ་བྱུང་།

ལྷག་ཏུ་ང་ཚོ་གནས་སྡོད་བྱེད་སའི་ཁང་པ་དེའང་གནའ་བོའི་ཁང་རྙིང་མིན་ཡང་བོད་ཀྱི་སྒྱུ་རྩལ་རང་བཞིན་ལྡན་པའི་རྡོ་བཟོས་གསར་དུ་བརྩེགས་པའི་ཐོག་བརྩེགས་གཉིས་ཅན་གྱི་བོད་ཁང་སྤུས་ལེགས་ཤིག་ཏུ་གྲུབ་ཅིང་། ཁང་པ་དེའི་ཕྱི་ཡི་རྡོ་བཟོའི་རྣམ་པ་དང་ནང་གི་ཤིང་གི་རྒྱན་བཀོད་སོགས་བོད་ཀྱི་སྲོལ་རྒྱུན་བག་ཆགས་ཤིག་གིས་ཡོངས་སུ་མཛེས་བཟོ་སྤྲས་པས། བོད་མིའི་འཚོ་བ་དང་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་དོད་པ་རྟོགས།

དེའི་ཕྱི་ཉིན་མོ་ཞོགས་པའི་དུས་ཚོད་༧:༣༠ཐོག་ནས་ལོངས་ཏེ་སྔ་ཇ་འཐུང་། སྔར་བཞིན་འགྲུལ་བཞུད་ཀྱི་ལམ་འཕྲང་ཟད་མེད་དེ་དག་བརྒལ་བས། རྫོང་ནང་འོག་གི་བར་དུ་འཕྲུལ་རྟ་བཀོལ་ཏེ་སླེབས། རྫོང་ནང་གི་ཡན་དུ་ནགས་ཀྱི་འཁྲིགས་པའི་རྐང་ལམ་ཀྱག་ཀྱོག་ཙམ་ལས་མེད་པས་གཅན་གཟན་སོགས་ལ་བག་སྐྲག་དང་འཇིགས་སྔངས་ཀྱིས་ཀི་རིང་གཏོང་བཞིན། གཡོན་གྱི་འགག་འཕྲང་དོག་པོའི་ལམ་བུ་རྐང་ཐང་གིས་འགྲིམ་ནས་སོང་། འོན་ཀྱང་གཡས་ཕྱོགས་སུ་དམར་གཡོའི་བར་དུ་འཕྲུལ་འཁོར་གྱི་ལམ་ཐབས་ཆགས་ཤིག་ཡོད་པ་རྗེས་ནས་རིག་ཀྱང་། ས་གནས་དངོས་ལ་རྒྱུས་ལོན་དེ་ཙམ་མི་མངའ་བས་ངེད་ཅག་དང་པོ་ཉིད་ལམ་བུ་གཡས་ནས་འཕྲུལ་རྟ་བཟུང་ནས་འགྲོ་མི་ཤེས།

མ་གཞི་ས་ཆ་འདི་ལ་དམར་གཡོ་ཞེས་ཐོགས་པ་ནི་ལོ་རྒྱུས་ཡོངས་གྲགས་ལྟར་བཙན་པོ་འུ་དུམ་གྱིས་རྒྱལ་སྲིད་བཟུང་བའི་དུས། དམ་ཆོས་སྣུབ་སྟེ་བསྟན་པ་ལ་ཆགས་འཇིག་འགངས་ཆེན་བྱུང་སྐབས། དམར་གཡོ་གཙང་གསུམ་དབུས་ནས་མདོ་ཁམས་ཀྱི་ཕྱོགས་སུ་བྲོས་ཏེ་པུ་རི་ནམ་མཁའ་རྫོང་དུ་གབ་བྱོལ་གྱིས་བཞུགས་པའི་འཆད་སྲོལ་ལྡན་པས། དེའི་རྒྱུ་མཚན་གྱིས་འདི་པའི་ས་ཆ་འགའ་ལ་དམར་གཡོ་ཞེས་བཏགས་པའི་ངག་རྒྱུན་ད་ལྟ་བར་མ་ཉམས་པ་ཡོད།

སྔ་དྲོའི་ཆར་གནམ་གཤིས་དྭངས་ཤིང་མཁའ་དབུགས་ཀྱང་གཙང་པས་རི་མགོར་རྒྱང་བསྐྱོད་ཀྱིས་འཛེགས་པས་དུས་ཚོད་༩:༦གི་ཐོག་ནས་རྫོང་ཁའི་འབྲོག་སར་སླེབས། ལྷས་ཀྱི་ཁོར་ཡུག་གི་མེ་ཏོག་སེར་ཆེན་དབུས་སུ་འབྲོག་མོ་ཚོས་འབྲི་མོའི་འོ་མ་ཕོངས་མེད་འཇོ་ཞིང་། བོད་ཀྱི་གཅེས་ནོར་འབྲི་གཡག་གི་ངུར་སྒྲས་ས་གཞི་ཡོངས་སུ་ཁེངས་བས་གྲོང་ཁྱེར་དང་འཕྲུལ་འཁོར་གྱི་སུན་སྣང་དེ་དག་གཏན་དུ་ཡལ་བར་གྱུར།

དེ་ནས་ལམ་གྱི་གནས་ཚུལ་དང་འགྲོ་ཕྱོགས་རྣམས་འབྲོག་མི་དེ་དག་ལ་འདྲི་རྟོག་བྱེད་དེ་རིམ་བཞིན་བསྐྱོད་པས། དུས་ཚོད་༡༠:༥ཡི་ཐོག་ནས་དབྱིངས་ཀྱི་བྱ་ལམ་དང་མཉམ་པའི་པུ་རི་གནམ་མཁའ་རྫོང་གི་ལ་མགོ་མཐོ་པོར་སླེབས་ཐུབ་སོང་།སླར་ཡང་པོ་ཏི་དགོན་དུ་ལ་མགོ་ནས་རྒྱབ་ལོགས་ཀྱི་རི་སུལ་བརྒྱུད་དེ་ཐུར་ལ་ཐག་རིང་པོར་འབབ་དགོས་པས། སྐྱ་ལམ་ཉག་གར་དུས་ཚོད་༡༠:༣༠ཐུག་རན་སྐབས་ཐོན་ཙམ་བྱུང་།

གནའ་བོའི་འབྲོག་དགོན་འདི་ལ་བསྐལ་པ་སྔ་ཕྱིའི་ལོ་རྒྱུས་ཀུན་ཏུ་བཙན་རྫོང་ཞེས་འབོད་ཅིང་། དེའི་རྒྱུ་མཚན་ནི་དགོན་པའི་གཡས་སུ་སྐྱ་མི་འགྲོ་ཐུབ་ཙམ་གྱི་འཕྲང་ལམ་དོག་པོ་གཅིག་དང་། གཡོན་དུ་རྐང་ཐང་གི་ལམ་དོད་ཙམ་ལས་སྐྱ་མིའི་འགྲོ་ལམ་ཙམ་ཡང་མེད་པས། ང་ཚོས་ལམ་གཡས་ཀྱི་སྣེ་མོའི་རི་གདོང་ཞིག་ལ་དུས་ཚོད་ཕྱེད་ཙམ་ལ་ངལ་གསོ་བྱས་ཏེ་ལམ་གྱིས་བྲོ་ཆས་གྱ་ནོམ་པ་ཟོས་པ་ཡིན།

ངལ་གསོའི་དབུགས་དབྱུང་ཅུང་ཙམ་གྱི་རིང་ལ་རང་བྱུང་པོ་ཏི་བརྩེགས་པ་འདྲ་བའི་བྲག་གཟར་དེ་དག་གི་མཐོན་ནས་སྤྲིན་དཀར་དང་བྱ་རྒོད་ཀྱི་འཕུར་རྩལ་ལ་བལྟས་ཤིང་། ལྟ་བས་ངོམས་པ་མེད་པའི་བར་སྣང་གི་འཇིག་རྟེན་ཡངས་མོ་དེ་ནས་སྙིང་སྟོབས་ལྷུན་ཆགས་ཀྱི་རི་རབ་ཞུན་མ་དང་ལོ་རྒྱུས་ཀྱི་རྨ་ཁ་བཞུར་མྱོང་བའི་རྦབ་ཆུ་དག་གིས་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག་པས་རྗེས་དྲན་ཙམ་གྱི་པར་བརྙན་ཐུང་ངུ་འགའ་བླངས།

སྔོ་སངས་དང་ས་འཛིན་གྱི་འཕྲེད་དུ་བསྐྱངས་བའི་པུ་རི་ནམ་མཁའ་རྫོང་གི་རྐང་ལམ་ཕྲ་མོ་དེ་མིག་གིས་མཐོང་བ་ཙམ་གྱིས་སེམས་སུ་ཟོལ་མེད་ཀྱི་འཇིགས་སྣང་དང་སྔངས་སྐྲག་གིས་འཕྱོ་རྩེན་གྱི་སྣང་བ་ཡོངས་སུ་འཁུམས་པར་གྱུར་ཅིང་།མེས་པོའི་ཤ་ཁྲག་གི་མཆོད་ཡོན་འབུལ་མྱོང་སའི་གཡང་གཟར་གྱི་རྐང་ལམ་འཕྲང་པོ་དེ་དོགས་ཟོན་གྱིས་འགྲིམ་ཞིང་དལ་མོར་བརྒལ་བས། མཐར་དུས་ཚོད་༡༡:༢༦ཐོག་ནས་ལོ་རྒྱུས་ཡོངས་གྲགས་ཀྱི་གནས་མཆོག་པོ་ཏི་དགོན་དུ་དངོས་སུ་སླེབས།

པུ་རི་ནམ་མཁའ་རྫོང་ངམ་པོ་ཏི་དགོན་དུ་ལོ་རྒྱུས་དང་རིག་གནས་ཉམས་ཞིབ་ཏུ་འགྲོ་རྒྱུ་ནི་ཁོ་བོའི་ཡུན་རིང་པོར་ཞེ་ཕུགས་སུ་འཆང་བའི་རྨི་ལམ་ཡིན་པས། དེ་རིང་རྨི་ལམ་དེ་ལྟེ་དབང་གིས་མངོན་གྱུར་བྱུང་བས་ཡིད་སེམས་སུ་དགའ་ཚོར་དཔག་མེད་ཅིག་སྐྱེས་སོང་།

༢ ལོ་རྒྱུས་ཀྱི་གཡང་ལ་ལྷུང་བའི་པུ་རི་ནམ་མཁའ་རྫོང་གི་གནའ་ཤུལ།

པོ་ཏི་དགོན་ནམ་ཡོངས་གྲགས་སུ་པུ་རི་ནམ་མཁའ་རྫོང་ནི་མདོ་ཁམས་ནང་ཆེན་དང་ཆབ་མདོའི་ས་མཚམས་ཏེ། འབྲི་ཟླ་ཟལ་མོ་སྒང་གི་ས་འཛིན་གྱི་ཏོག་ཏུ་མངའ། དེང་སྐབས་ཀྱི་སྲིད་འཛིན་ས་གནས་སྤྲེལ་ཚ་ཞང་སྲིབ་མདའ་རུ་ཆེན་གྱི་མངའ་ཁོངས་སུ་གཏོགས།

པོ་ཏི་པོ་ཧྲི་ལ་སྒྲ་ཟུར་ཆགས་ཏེ་ཡུལ་སྐད་དུ་པོ་ཧྲི་དགོན་ཞེས་འབོད། དེའི་རྒྱུ་མཚན་ཡང་བྲག་སྐྱིབས་འོག་གི་འཁོར་བའི་འབྲོག་དགོན་པ་འདི་ནི་རི་བོ་པོ་ཏི་ཁྲབ་ཆེན་གྱི་གཡོན་ངོགས་སུ་ཆགས་པས། རི་བོ་པོ་ཏི་ཁྲབ་ཆེན་ལ་པོ་ཏི་བརྩེགས་པ་འདྲ་བའི་ས་དབྱིངས་ཤིག་ཡོད་གཤིས་དགོན་པ་འདིའི་མཚན་ལ་པོ་ཏི་དགོན་ཞེས་ཐོགས་པའི་རྒན་རབས་པའི་ངག་རྒྱུན་ཁུངས་བཙུན་ཐོས་རྒྱུ་ཡོད།

འོན་ཀྱང་ཡིག་རྙིང་འགའ་རུ་སྤུ་རི་སྦས་ལུང་ཞེས་བྲིས་པར་མཐོང་ཡང་སྤུ་རི་ཞེས་པའི་ཡི་གེ་འདི་འབྲི་དགོས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གང་ལ་བཏུགས་ཡོད་པ་གསལ་བོར་མ་རྟོགས།

ཐོག་མར་དགོན་སྡེ་འདི་ཕྱགས་འདེབས་ཚུལ་ནི་གཏེར་ཆེན་མཆོག་གྱུར་གླིང་པའི་གནས་ཡིག་བརྒྱ་རྩ་ལས། གནས་དེར་མཁས་པ་མི་གསུམ་གྱིས་བཞེངས་པའི་མཆོད་རྟེན་ཡོད་ཅེས་གསུངས་པ་ལྟར། ཁྲི་དར་མས་དམ་ཆོས་འདུལ་བའི་བསྟན་པ་སྣུབ་སྐབས་དགེ་སློང་དམར་ཤཱཀྱ་མུ་ནེ་དང་གཡོ་དགེ་བའི་འབྱུང་གནས། གཙང་རབ་གསལ་གསུམ་གྱིས་སྤྲང་ཆས་མཛད་དེ་འདུལ་བའི་སྡེ་སྣོད་ཀྱི་གླེགས་བམ་དྲེའུ་ཁལ་གཅིག་བཀལ་ནས། དཔལ་གྱི་ཆུ་བོ་རི་ནས་མདོ་ཁམས་སྨད་དུ་གསང་གབ་ཀྱིས་ཕེབས་པས།ཁམས་ཀྱི་ས་ཆ་པུ་རི་ནམ་མཁའ་རྫོང་འདིར་བྲོས་བྱོལ་གྱིས་སྐུ་མཚམས་སུ་ཡུན་རིང་པོར་བཞུགས་ཏེ། གནས་འདིར་མཁས་པ་མི་གསུམ་གྱིས་དཀོན་མཆོག་གི་རྟེན་གཞི་མཆོད་རྟེན་བཞེངས་པར་གསུངས་ཤིང་།

ད་ལྟའང་པོ་ཏི་དགོན་དུ་ཁང་བརྩེགས་མཆོད་རྟེན་ཞིག་གསོ་བྱས་བཞག་པ་གསར་རྙིང་གཉིས་མཇལ་རྒྱུ་འདུག་ཅིང་རྙིང་པ་འདི་མཁས་པ་མི་གསུམ་གྱིས་བཞེངས་པའི་མཆོད་རྟེན་དེ་ཉིད་ཀྱི་བརྩེགས་རྨང་གཞི་བྱས་ཏེ་བསྐྱར་བཞེངས་གནང་བ་ཨེ་ཡིན་སྙམ།

མི་མེད་ལུང་སྟོང་གྱུར་པའི་དབེན་འཇགས་ཀྱི་བྲག་ཐེམ་འདི་ན་མཁས་པ་མི་གསུམ་གྱིས་སྒོམ་སྒྲུབ་དང་ཉམས་ལེན་སོགས་མཛད་དེ་ཞབས་ཀྱི་བཅགས་ཤིང་བྱིན་གྱིས་རླབས་པས་བསྟན་པ་ཕྱི་དར་གྱི་གནས་གཞིས་ཀྱི་དགོན་པ་ཐོག་མའི་གྲས་སུ་ངེས། དེའི་ཕྱིར་གསང་བའི་གནས་མཆོག་འདི་ནི་དམར་གཡོ་གཙང་གསུམ་ཁམས་སུ་གབ་གནས་ཡིན་པའི་འཆད་པའི་རྒྱུན་སྲོལ་རིང་པོའི་ལོ་རྒྱུས་ལྡན་སྟོབས།  གཙང་ལྔ་སྟེང་དང་དམར་གཡོ་ཞེས་ས་ཆ་འདིའི་བྱེ་བྲག་གི་མིང་འགའ་ཞིག་ལ་དམར་གཡོ་གཙང་གསུམ་པོའི་མཚན་གྱི་ཟུར་མ་ཉམས་བར་ད་དུང་གནས་བཞིན་ཡོད།

དུས་ཕྱིས་ཡབ་ཡུམ་འབྲུག་ནས་ཡིན་པའི་གཙང་ངོར་རི་དགོན་པའི་མཁན་པོ་ཞིག་སྤྱོད་པ་ལ་གཤེགས་ནས་ཁམས་ཕྱོགས་སུ་ཕེབས་པའི་སྐབས། སྦས་གནས་འདིར་རྩ་བའི་གདན་ས་མཛད་ཅེས་སྒོམ་སྡེའི་ལོ་རྒྱུས་གསེར་གྱི་ལྡེ་མིག་ཏུ་འབྱུང་ཡང་། རྗེས་སུ་ངོར་པ་ཡབ་སྲས་ཞབས་ཀྱིས་པོ་ཏི་དགོན་འདི་ཐུན་མིན་གྱི་གདན་ས་མཛད་དེ་དར་ཞིང་རྒྱས་པའི་ལོ་རྒྱུས་བྱུང་བ་ཙམ་བདེན་མོད་ཅིང་། འོན་ཀྱང་གཙང་ངོ་རུ་དགོན་པའི་མཁན་པོ་ངག་དབང་ཡོན་ཏན་རྒྱ་མཚོ་ནི་ངོར་དགོན་པའི་གདན་རབས་དྲུག་ཅུ་རེ་དགུ་པ་ཡིན་ཞིང་། ཁོང་གི་ཡབ་ཡུམ་འབྲུག་པ་མིན་པར་ཁམས་འབྲོང་མདའི་ནས་ཡིན་པའི་ཁོ་བོས་རྣམ་ཐར་ཁུངས་ཐེག་པོ་རྟོགས། ངོར་མཁན་པོ་འབྲུག་ཡུལ་ལ་ཕེབས་མྱོང་ཞིང་། འབྲུག་པའི་དབུ་ལྷ་མཛད་པའི་ལོ་རྒྱུས་ཏོག་ཙམ་མངའ་གཤིས་དེའི་རྒྱུ་མཚན་གྱིས་དེ་ལྟར་འཁྲུལ་བ་ཡིན་ནམ།ཡང་ན་ཡབ་ཡམ་གྱི་གནས་གཞིས་འབྲོང་མདའ་ནས་ཡིན་པས་འབྲོང་མདའ་དང་འབྲུག་པ་གཅིག་ཏུ་ནོར་བ་སོགས་གང་ལྟར་ཡང་ཡབ་ཡུམ་འབྲུག་པ་ཡིན་ཞེས་པ་མ་དག་རྒྱུན་འབྱམས་སུ་སོང་བར་མངོན།

པོ་ཏི་དགོན་གྱི་ད་ལྟ་གྱང་ཞིག་ཏུ་ལུས་པའི་ལྷ་ཁང་འདི་དག་ནི་ངོར་པ་ཡབ་སྲས་ཀྱི་སྐུ་དུས་ཀྱི་སྔ་ཙམ་ལ་བཞེངས་ཤིང་དཔལ་ས་སྐྱའི་རིང་ལུགས་འཛིན་པའི་དགོན་པ་ཡིན་པར་འདོད་དེ། ལྷ་ཁང་གི་གྱང་ལྷ་རྣམས་ཀྱི་གཙོ་བོ་དཔལ་ལྡན་ས་སྐྱ་གོང་མ་རྣམ་ལྔ་བྲིས་ཡོད་ཅིང་། གྱང་གི་ངོས་གཞི་འགའ་རུ་ས་སྐྱ་པའི་ཡིད་དམ་ཀྱཻ་རྡོ་རྗེ་དང་ལེགས་ལྡན་གུར་གྱི་མགོན་པོ་སོགས་བཞེངས་ཡོད། འདུ་ཁང་གི་ཕྱི་ཡི་གྱང་ངོས་ཀྱང་ས་སྐྱའི་རྡུལ་ཚོན་དམར་སྔོན་གྱི་གྱང་རྩི་གསོལ་བ་ད་དུང་རྟགས་མ་ཡལ་བར་ཅུང་ཙམ་རེ་མངོན།

ཡང་སྙིང་ལོ་རྒྱུས་ཡོངས་གྲགས་ཀྱི་ཨན་ཁྱུང་གནམ་རྫོང་ཞེས་པ་ནི་པུ་རི་ནམ་མཁའ་རྫོང་དང་གཅན་ཚའི་གནམ་རྫོང་སོགས་གང་ཞིག་ཡིན་མིན་གྱི་ཐད་དུ་མདོ་སྟོད་སྨད་ཀྱི་མཁས་པ་སོ་སོའི་བཞེད་པའི་ཚུལ་མི་འདྲ་བ་རེ་ཡོད་མོད་ཀྱང་། བོད་ཀྱི་གནས་རི་དང་དགོན་རྙིང་ཁག་ལ་མཁས་གྲུབ་གཞན་ལས་མཁྱེན་རླབས་མངའ་བའི་སྤྲུལ་པའི་གཏེར་སྟོན་མཆོག་གྱུར་བདེ་ཆེན་གླིང་པའི་ཞལ་སྔ་ནས་མཛད་པའི།《མདོ་ཁམས་ཨན་ཆུང་གནམ་རྫོང་གི་གནས་ཡིག་ལས།》ལྷ་རྩ་བ་གསུམ་ལ་ཕྱག་འཚལ་ལོ། །རྗེ་ཨོ་རྒྱན་པདྨའི་གཏེར་ཡིག་ལས། །ཁམས་མདོ་སྨད་ཨན་ཆུང་གནམ་རྫོང་དེ། །རི་མཆོད་རྟེན་འདྲ་བ་ཡོད་ཅེས་གསུངས། །དེ་སྤུ་རི་བྲག་འདི་ཡིན་པར་ངེས།།བྲག་མཆོད་རྟེན་བུམ་པའི་དབྱིབས་ཅན་ལ། །དཔལ་ཧེ་རུ་ཀ་དཔལ་རང་བྱུང་བཞུགས།།དེའི་གཡས་ཕྱོགས་གཡོན་ཕྱོགས་ཐམས་ཅད་དུ། །མགོན་ཚེ་དཔག་མེད་དང་སྤྱན་རས་གཟིགས། །རྗེ་ཨོ་རྒྱན་འཕགས་མ་སྒྲོལ་མ་དང་། །དཔལ་བདེ་མཆོག་ཀྱཻ་རྡོ་གསང་བ་འདུས། །སྔགས་ཡིག་འབྲུ་བཛྲ་གུ་རུ་སོགས། །སྐུ་གསུང་དང་ཐུགས་ཀྱི་རྟེན་མང་བཞུགས། །གནམ་འཁོར་ལོ་རྩིབས་བརྒྱད་མཆོག་གི་གནས། །ས་པདྨ་འདབ་བརྒྱད་མཆོག་གི་གནས། །བྲག་རྒྱལ་སྲས་སྣ་བདུན་མཆོག་གི་གནས། །ཤིང་བཀྲ་ཤིས་རྫས་བརྒྱད་མཆོག་གི་གནས། །དབུས་ཆོས་སྐུ་མཆོད་རྟེན་འདི་ཉིད་ལ། །ཡིད་དག་པས་བསྐོར་བ་གསུམ་བྱས་ན། །མི་རིགས་ལྡན་སྐལ་བཟང་ཆོས་སྐུ་རྟོགས། །བོད་ཕལ་བས་ངག་ནས་གང་བཟླས་པའི། །སྔགས་དུང་ཕྱུར་གཅིག་ཏུ་འགྱུར་བར་ངེས། །དོན་འདི་སྐད་བརྗོད་པའི་ཚུལ་འདིའང་། །གནས་འདི་འབྲེལ་རྟོགས་ལྡན་དཀོན་རྒྱལ་གྱིས། །ཚུལ་འདི་བཞིན་དགོས་ཞེས་སྐུལ་བའི་ངོར། །བོད་བསྟན་འགྲོ་སྤྱི་ཡི་བདེ་ཐབས་སུ། །བུ་མཆོག་གྱུར་བདེ་ཆེན་གླིང་པ་ཡིས། །རི་མགུལ་སྐུ་རྒྱལ་བསྟོད་པའི་ཚེ། །ཡུལ་ཐམས་ཅད་མཐོང་བའི་ས་རུ་བྲིས། །དེས་རྣམ་པ་ཀུན་ཏུ་དགེ་གྱུར་ཅིག །ཞེས་གནས་འདི་གའི་ངོས་འཛིན་དང་ཕན་ཡོན་སོགས་རྒྱས་པར་གསུངས་ཤིང་།

རྗེ་མཆོག་གླིང་ཞབས་ཀྱིས་ཨན་ཁྱུང་གནམ་རྫོང་ནི་སྤུ་རི་ནམ་མཁའ་རྫོང་འདི་ཉིད་ཡིན་པར་ངེས་ཞེས་ཐུགས་ཐག་ཆོད་པོས་བདེན་གསུང་གི་རྡོ་རྗེའི་བཀའ་བསྩལ་ཞིང་། ཨན་ཁྱུང་གནམ་རྫོང་ལ་རི་མཆོད་རྟེན་འདྲ་བ་ཡོད་ཅེས་རྗེ་ཨོ་རྒྱན་པདྨ་ཞབས་ཀྱིས་གསུངས་པའང་། འབུམ་རྫོང་ནས་ཚུར་ལ་བལྟས་ན་པོ་ཏི་དགོན་པའི་རྒྱབ་རི་འདི་ལ་སྐུ་གདུང་ཆ་བརྒྱད་ཀྱི་མཆོད་རྟེན་རང་བྱུང་དད་ལྡན་ཐུན་མོང་གི་སྣང་ངོར་མཇལ་ཐུབ་པ་ཞིག་ཡོད།

ད་དུང་སངས་རྒྱས་བྱང་སེམས་དང་དཔའ་བོ་མཁའ་འགྲོ་ཡོངས་རྫོགས་ངང་གི་འདུ་བའི་གནས་ཡིན་པར་སློབ་དཔོན་པདྨ་འབྱུང་གནས་དང་སྤྲུལ་པའི་གཏེར་སྟོན་རྣམས་ཀྱི་ལས་དག་པའི་གཟིགས་སྣང་འབའ་ཞིག་ལས་གྲུབ་པ་དང་། རང་བྱུང་བྲག་དང་ཤིང་གི་ར་བས་སྣོད་བཅུད་བྱེད་པོས་བསམ་བཞིན་ཡོངས་སུ་བསྐོར་བ་ལྟར། ངོ་མཚར་ཁྱད་པར་ཅན་གྱི་སྒྲུབ་གནས་འདིར་བསམ་གཏན་བསྒོམ་ན་ཉམས་རྟོགས་ངང་གི་སྐྱེ་ཡོང་ས་འདུག་སྙམ་པའི་བབ་ཕེབས་དང་བྱིན་ཆགས་ཀྱི་སྣང་བ་འབྱུང་ཞིང་། དམ་པའི་སྐྱེས་ཆེན་ཚོས་རྫུ་འཕྲུལ་གྱིས་གཏེར་ནས་བཏོན་པ་འདྲ་བའི་ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་དྭངས་མོ་ཞིག་ཀྱང་རི་རྒོད་མགོ་ལ་མེར་མེར་ལྷོག་ལྷོག་ཏུ་འཁྱིལ་བཞིན་ཡོད།

གདན་ས་འདིའི་རྟེན་གྱི་གཙོ་བོ་དམར་གཡོ་གཙང་གསུམ་གྱིས་བཞེངས་པའི་མཆོད་རྟེན་ལ་གྲུབ་ཐོབ་ཁམས་པ་མི་གསུམ་གྱིས་རབ་གནས་ཞལ་བྱང་ཅན་བཞུགས་པའི་ལོ་རྒྱུས་གནས་ཡིག་བརྒྱ་རྩ་རུ་འབྱུང་བས། ཀརྨ་པ་དུས་གསུམ་མཁྱེན་པ་དང་ཕག་མོ་གྲུབ་པ། གསལ་སྟོང་ཤོ་སྒོམ་གསུམ་དགོན་འདིར་བྱོན་མྱོང་བའི་ལོ་རྒྱུས་ཡོངས་གྲགས་ཙམ་གྱུར་ཀྱང་། སྐུ་ཡུན་ཇི་ཙམ་བཞུགས་པ་དང་མཛད་ཕྲིན་གྱི་མཐའ་ག་ཚད་སྐྱོང་བ་སོགས་རྒྱས་པར་མ་གསལ། དུས་ཕྱིས་རྨ་སེ་རྟོགས་ལྡན་བློ་གྲོས་རིན་ཆེན་ཡབ་སྲས་རྣམས་ཀྱང་པོ་ཏི་དགོན་དུ་སྒྲུབ་པ་མཉམ་ལེན་གནང་སྟེ་བཞུགས་མྱོང་བའི་ལོ་རྒྱུས་ཟུར་མང་གི་ཆོས་འབྱུང་དག་ཏུ་མཇལ་རྒྱུ་ཡོད།

གཞན་ཡང་ཚར་པ་ཆོས་རྗེ་སོགས་གནས་འདིར་ཕེབས་ཏེ་བདག་རྐྱེན་གནང་སྐད་ཞིག་ཀྱང་ཐོས་པས། གངས་ཅན་གྲུབ་པའི་དབང་ཕྱུག་རྗེ་མི་ལ་རས་པའི་སྐུ་བརྙན་གྱང་བྲིས་རྙིང་མ་ཞིག་བྱིན་རླབས་ཀྱི་མཚན་ཁ་མ་ཉམས་ཤིང་སྐུ་བརྙན་ལ་གས་ཆག་གང་ཡང་མ་བྱུང་བར་པོ་ཏི་དགོན་དུ་བཞུགས་འདུག་པས་གདུལ་བྱའི་དད་པ་དང་བཀའ་བརྒྱུད་གོང་མ་དེ་དག་གིས་ཐུགས་བསྐྱེད་ཡིན་པར་ངེས།

༣ ལྡེབས་རིས་དང་གསེར་བྲིས་མཚོན་པའི་པོ་ཏི་དགོན་གྱི་རིག་གནས་ཕྱིར་རྟོག།

ལོ་རྒྱུས་རང་བཞིན་ཅན་གྱི་པོ་ཏི་དགོན་པའི་གཙོ་ཁང་ལ་འདུ་ཁང་བརྗིད་ཆགས་ཆེ་ཆུང་གཉིས་སུ་བཞེངས་ཡོད་ཅིང་། རེ་རེའི་རྒྱ་ཁྱོན་གྱི་ཚད་ཁོ་བོས་གོམ་པས་སྟབས་བདེར་འཇལ་བས། ལྷ་ཁང་དང་པོའི་སྣ་ལ་གོམ་པ་༡༢དང་འཕྲེད་ལ་གོམ་པ་༡༠ཡོད། ལྷ་ཁང་གཉིས་པའི་སྣ་ལ་གོམ་པ་༡༦དང་འཕྲེད་ལ་གོམ་པ་༡༠བཅས་ཀྱིས་གྲུབ་ཡོད།

ད་སྐབས་ལྷ་ཁང་འདི་གཉིས་ཀྱི་བརྩེགས་རྨང་དང་གྱང་ཞིག་ཐར་ཐོར་ཙམ་ལས་དངོས་སུ་ཁང་རྙིང་གི་ཐོག་འོག་བར་གསུམ་ཡོངས་རྫོགས་མིག་ལམ་དུ་མཐོང་རྒྱུ་མེད་ཀྱང་། སྔ་མའི་དགོན་འདི་པའི་པར་བར་རྙིང་ཞིག་ནས་ལྷ་ཁང་གཡོན་མའི་གྱང་ཞིག་ངོགས་སུ་ཐོག་བརྩེགས་བཞི་ཡི་ལྕམ་གདུང་གི་ཁུངས་གསལ་བོར་མཇལ་རྒྱུ་ཡོད་པས། ལྷ་ཁང་ཆེ་བ་ལ་ཐོག་བརྩེགས་བཞི་དང་ཆུང་བ་ནི་ཁང་ཀླད་དང་བྲག་ཐེམ་གཉིས་ཀྱི་བར་སྟོང་ཐུང་བས་ཐོག་བརྩེགས་གཉིས་ལས་མེད་པར་སྣང་། ད་དུང་གཙོ་ཁང་དེ་གཉིས་ཀྱི་གཡས་སུ་གོ་ཆག་བྱུང་ཟིན་པའི་ཁང་ཞིག་དེ་ནི་དུད་དྲེག་གིས་གྱང་གཡས་གཡོན་དང་རྒྱབ་ཀྱི་བྲག་ངོགས་ཡོངས་སུ་ཁེབས་པས་པོ་ཏི་དགོན་པའི་ཇ་ཆེན་ཁང་ཡིན་པ་དང་། གཡོན་གྱི་ཁང་ཞིག་དེ་ནི་དེང་སང་ཡང་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་ཚ་ཚ་ཐོར་བུ་དང་མཆོད་རྟེན་གྱི་ཚ་ཚ་དུམ་བུ་སོགས་ཀྱིས་གང་བས་སྔ་མ་ཚ་ཁང་ཨེ་ཡིན་སྙམ།

ཚ་ཚའི་ལྷ་སྐུ་འདི་ག་ནི་དེང་སྐབས་ཀྱི་ཚ་བརྐོས་སྤུས་ལེགས་ཀྱི་ནང་དུ་བླུག་པ་ཇི་བཞིན་ཡིད་དམ་ཞལ་ཕྱག་མང་པོ་ཅན་དང་སངས་རྒྱས་ཀྱི་སྐུ་ཉེར་ལྔ་རེ་ཚ་ཚ་གཅིག་ལ་བཞུགས་ཀྱང་ཞལ་དང་སྤྱན་ནི་འབུར་དུ་དོད་ཅིང་མཚན་བྱང་དཔེ་བྱད་སོགས་ཤིན་ཏུ་གསལ་བར་མཇལ་རྒྱུ་བྱུང་།

གང་ལྟར་དགོན་པ་འདིའི་ཆོས་སྲིད་ཀྱི་གནས་བབ་སྦས་གསང་བྱེད་པའི་རྒྱུ་མཚན་གྱིས་ལོ་རྒྱུས་ཡོངས་གྲགས་སུ་མ་གྱུར་ཀྱང་དོན་དངོས་སུ་བསྟན་པ་ཕྱི་དར་ནས་དབུ་བཟུང་སྟེ། དམ་པའི་ཆོས་ཀྱི་གནས་གཞི་གྲགས་ཆེན་ཞིག་ཡིན་པ་དང་། རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་སྒོམ་སྡེའི་ནང་བསྟན་རིག་གནས་ཀྱི་གན་མཛོད་ལྟ་བུར་གྱུར་པས། ཆོས་ལུགས་ཀྱི་ངོས་ནས་ཡིན་ན་འདྲ། ཆབ་སྲིད་ཀྱི་ངོས་ནས་ཡིན་ན་འདྲ། དགོན་སྡེ་འདིའི་ལོ་རྒྱུས་དང་རིག་གནས་ཕྱིར་རྟོག་བྱེད་རྒྱུའི་འགན་འཁྲི་ནི་ལྡོག་མེད་ཅིག་ཏུ་འཁུམས། དེ་བས་ཁོ་བོར་པུ་རི་ནམ་མཁའ་རྫོང་གི་ཡུལ་ངོས་ལ་སོང་སྟེ། ལོ་རྒྱུས་འཕོ་འགྱུར་ཁྲོད་ཀྱི་གནའ་ཤུལ་གྱི་གནས་བབ་དང་། པོ་ཏི་དགོན་པའི་གསེར་འོད་འཕྲོ་བའི་ལྡེབས་རིས་ཞིག་རོ་དང་བཀའ་བསྟན་གསེར་བྲིས་འཐོར་བུ་དག་ལ་རང་གིས་ནུས་པའི་ཉམས་ཞིབ་ཨེ་ཐུབ་བལྟས་པ་ཡིན།

མ་གཞི་ལོ་རྒྱུས་ཀྱི་ངོ་བོ་དང་རྣམ་པ་མི་གསལ་བའི་དོན་རྣམས་ཧམ་པ་དང་ཕོ་ཚོད་ཀྱིས་དབྱེ་ཞིབ་བྱེད་རྒྱུ་ཧ་ཅང་དཀའ་ཡང་། ད་ལམ་དཔྱད་གཞི་ཡིག་ཆ་དང་ཡུལ་ངོས་ཉམས་ཞིབ་སོགས་རྒྱུ་ཆ་གང་འཚམས་ཤིག་བསགས་ནས་འབྲི་བར་འདོད་པས། གལ་ཏེ་ནོར་བ་རྒྱུན་འབྱམས་སུ་སོང་ཡོད་ཚེ་ལོ་རྒྱུས་སྤྱན་ཡངས་པ་ཚོས་དོགས་སེལ་དང་དགོངས་འཆར་རེ་བསྩལ་བའི་ཟུར་དུ་འཕྲོས་ཏེ་སྙན་ཞུ་ཡིན།

འདུ་ཁང་ཆུང་བའི་གྱང་གཞིས་ངོས་གཡོན་དུ་ལྡེབས་རིས་ཀྱི་གཙོ་ལྷ་རྒྱལ་བ་རིགས་ལྔ་དང་ལེགས་ལྡན་གུར་གྱི་མགོན་པོ་བཅས་བཞེངས་ཤིང་། དེའི་འཁོར་དུ་སངས་རྒྱས་སྟོང་སྐུ་ལྟ་བུ་སངས་རྒྱས་ཀྱི་སྐུ་བརྙན་བྱིན་ཅན་ཆུང་ངུ་ཤ་སྟག་གང་བ་བཞུགས། རྒྱལ་བ་རིགས་ལྔའི་སྐུ་ནི་ནང་པའི་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཇི་བཞིན་མཚན་བཟང་དང་སྐུ་མདོག་བོད་ཀྱི་གནའ་བོའི་དགོན་རྙིང་རྣམས་སུ་བཞེངས་པའི་རིགས་ལྔའི་ལྡེབས་རིས་དེ་དག་དང་ཆུ་ལ་ཆུ་བཞག་གི་ཚུལ་དུ་བྲིས་པ་མཇལ། ལྷ་ཁང་འདིའི་ཕྱོགས་གཞན་གྱི་ལྡེབས་རིས་རྣམས་ལའང་རིན་ཐང་གཞལ་མཐའ་བྲལ་བ་ཡོད་ངེས་ཀྱང་དགོན་སྡེ་འདིའི་རིག་གནས་ཉམས་རྒྱུད་ཀྱི་ཁྲོད་ནས་རྩ་མེད་དུ་སོང་ཟིན་པས། གྱང་ཞིག་འཐོར་བུ་ཞིག་གི་ངོས་ལ་མཆོག་ཟུང་གཉིས་གང་ཡིན་ན་མ་ངེས་པའི་གནས་ བརྟན་བགྲེས་པོ་བཞེང་སྟབས་སུ་མཁར་བསིལ་ཁེལ་བའི་ལྡེབས་རིས་ཤིག་མཇལ་རྒྱུ་འདུག །

འདུ་ཁང་ཆེ་བའི་དཀྱིལ་གྱི་གྱང་ངོས་ལ་དཔལ་ལྡན་ས་སྐྱ་གོང་མ་རྣམ་ལྔ་སོ་སོ་པཎ་ཞྭ་ཅན་གྱི་ལྡེབས་རིས་དང་དབུ་སྐྲ་ཅན་བཅས་དགེ་བསྙེན་དང་རབ་བྱུང་གི་ཆ་ལུགས་སུ་བྱིན་ཆགས་ཀྱིས་བཞེངས་ཤིང་། ཀྱཻ་རྡོ་རྗེ་དང་ཡི་དམ་རྟ་ཡི་དབུ་ཅན་སོགས་ཞལ་ཕྱག་མང་བའི་ས་སྐྱ་པའི་ཡིད་དམ་འགའི་ལྡེབས་རིས་བཞེངས་འདུག་ཀྱང་། ཚོན་མདངས་དག་ཅིང་སྐུ་བརྙན་ཕྱེད་ཀྱང་ཞིག་ཚར་བས་ལྷ་སོ་སོ་གསལ་བོར་ངོས་འཛིན་བྱེད་ཐབས་བྲལ། གྱང་གཞིས་དེའི་མཐའ་སྐོར་ཞིག་ན་རྗེ་བཙུན་མི་ལའི་ལྡེབས་རིས་ཀྱི་སྐུ་འབྲིང་པོ་ཞིག་ཀྱང་བཞེངས་པ་མཇལ་སོང་བས་གློ་བུར་དད་གུས་གདུང་ཤུགས་དྲག་པོ་བྱུང་། ས་རུ་གྱེལ་བའི་གྱང་དུམ་ཞིག་གི་ངོས་སུ་རྒྱལ་ཆེན་སྡེ་བཞིའི་ནང་གི་པི་ཝང་འཛིན་མཁན་གྱི་རྒྱལ་པོ་ཞིག་གི་ལྡེབས་རིས་ཤིག་ཡོད་པས་ཡུལ་འཁོར་སྲུང་གི་ཡིན་ཞིང་། ཐལ་རྡུལ་གྱི་གསེང་ནས་གྱང་ལྷ་དེའི་ཕྱེད་ཙམ་མཇལ་བས་དེ་ལ་དཔག་ན་རྒྱལ་ཆེན་སྡེ་བཞི་སྐྱ་བྲིས་ཤིག་དགོན་པ་འདིར་ཡོད་ངེས་ཡིན།

སྤྱིར་ལྡེབས་རིས་འདི་རྣམས་ཀྱི་ལྷ་ཚུགས་དང་སྐུ་ཉམས་སོགས་གང་གི་ཆ་ནས་ཡིན་ན་གསོན་ཉམས་ལྡན་པ་ཤ་སྟག་བཞེངས་སྐྲུན་བྱས་ཡོད་ཅིང་། སྐུ་གཟུགས་ཆེ་ཆུང་དང་། ཞལ་གྱི་དཀྱིལ་འཁོར་དང་རྒྱན་ཆ་ལུགས་སོགས་གང་ཞིག་མཇལ་ན་དད་པའི་སྤུ་ལོངས་བ་བཞུགས་ངེས་ཀྱང་། ད་སྐབས་བདག་མེད་དུ་ཉི་འདེ་ཆར་རྒོད་དུ་གྱུར་པས་ལྷ་སྐུ་དེ་དག་གི་ཚོན་མདངས་ཡལ་ཞིང་སྐྱ་ཤས་ཆེ་བས་དེ་ཙམ་བྱིན་ཆགས་ཀྱི་སྣུམ་པོ་མཇལ་བའི་ཚོར་བ་མ་བྱུང་། འདུ་ཁང་དཀྱིལ་གྱི་གྱང་ངོས་གཡས་སུ་གསེར་སྐུ་བཞུགས་ས་བོད་ཀྱི་ཤིང་གི་ཀུན་དགའ་ར་བ་གནང་བཞིན་གྱང་ཁུངས་བྲུས་པ་ཞིག་ད་ལྟ་སྟོང་སངས་ངེ་ལྷགས་འདུག་ཅིང་། སྔོན་མ་གསེར་སྐུ་ཁང་ཞེས་པའི་ལྷ་ཁང་ནང་དུ་རིན་ཐང་གཞལ་དུ་མེད་པའི་གསེར་སྐུ་ལི་མ་ཁང་ཤོག་གཅིག་ཡོད་ཅེས་གྲགས་པ་གསེར་སྐུ་ལྷ་ཁང་འདི་ཉིད་དང་ལྷ་ཁང་ནང་གི་གསེར་སྐུ་ལི་མ་བཞུགས་སའང་དེ་ཉིད་ཡིན་པར་ཤིན་ཏུ་འདོད།

ད་དུང་རིག་གསར་དང་བེ་རིའི་དམག་འབྱེད་བྱེད་པའི་དུས་སྐབས་སུ་སྒོམ་སྡེའི་སྐུ་གསུང་ཐུགས་རྟེན་ཡོངས་རྫོགས་པོ་ཏི་དགོན་འདིར་ཁྱེར་ནས་སྦས་པའི་ལོ་རྒྱུས་འབྱུང་བས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བསྟན་འགྱུར་རིན་པོ་ཆེ་ཤོག་ནག་ལ་གསེར་དངུས་བྲིས་པ་ཆ་བུངས་ཆེན་ཞིག་བཞུགས་ཞེས་གསུངས་པ་ལས།

དེང་སྐབས་སུ་བཀའ་བསྟན་གསེར་བྲིས་དང་དངུལ་བྲིས་ཀྱི་ཤོག་ལྷེ་ཐོར་ཟགས་རེ་འགའ་ཐལ་རྡུལ་དང་ཆར་རླུང་གི་བར་ན་འཚང་བཞིན་ཡོད་པས། འབུམ་རྒྱས་འབྲིང་བསྡུས་གསུམ་གྱི་གསེར་བྲིས་ཤོག་ནག་ཐོར་བུ་རེ་གཉིས་དང་མདོ་ཕལ་པོ་ཆེ་སོགས་བཀའ་འགྱུར་དངུལ་བྲིས་འཐོར་བའི་ཤོག་ནག་ལྡེབ་མ་དུམ་བུ་རེ་འགའ་མཇལ་རྒྱུ་རྙེད་པ་ལས། བསྟན་འགྱུར་གསེར་དངུས་བྲིས་པའི་ཤོག་ནག་ལྷེ་མ་གཅིག་ཀྱང་མཇལ་སྐལ་མ་བྱུང་།

གཞན་མཚན་བྱང་དང་མཛད་བྱང་མི་གསལ་བའི་རེ་ལྕག་ལ་བྲིས་པའི་འདོན་ཆོག་དང་བསྐང་གསོལ་འཐོར་བུ་རེ་འགའ་ཡང་བཞུགས། འབུམ་གསེར་བྲིས་མའི་ནང་དུ་ཀཽ་ཤི་ཀ་ལ་ཡི་གེའི་གཟུགས་ཀོའུ་ཤི་ཀ་འདི་འདྲ་བྲིས་ཡོད་པས་བཀའ་བསྟན་འདི་དག་དུས་ཚིགས་ནམ་ཞིག་བྱུང་བ་ཡིག་གཟུགས་ཞིབ་འཇུག་པས་དེ་ལ་དཔག་ན་ཅུང་ཙམ་ཤེས་ཐུབ་སྙམ།

བཀའ་འགྱུར་གསེར་བྲིས་དངུལ་བྲིས་ཀྱི་ཡིག་གཟུགས་འདི་དག་ནི་བོད་སྔ་རབས་ཀྱི་གསེར་བྲིས་ཡིག་གཟུགས་སྤྱིར་ལྟར་ཡིག་འབྲུ་རྡོར་ཞིང་གོང་འོག་བསྟར་འགྲིག་པས། བོད་ཀྱི་གནའ་བོའི་ཡིག་གཟུགས་སྒྱུ་རྩལ་ཁྱད་ཆོས་དེ་དག་བུར་དུ་དོད་པར་མངོན།

མདོར་ན་སྔོན་གདན་ས་འདི་ཙམ་ལ་བཞུགས་པའི་གསེར་དངུས་བྲིས་པའི་བཀའ་བསྟན་རིན་པོ་ཆེ་དང་གཏང་གདབ་ཏུ་མེད་པའི་གསེར་སྐུ་ལི་རྙིང་། ལོ་རྒྱུས་ཀྱི་འཕོ་འགྱུར་མཚོན་པའི་ལྡེབས་རིས་སོགས་རིག་དངོས་རྩ་ཆེན་དག་ནི་མདོ་ཁམས་སྟོད་སྨད་ཙམ་མ་ཟད་བོད་གངས་ཅན་ལྗོངས་ཀྱི་རིན་ཐང་གཞལ་དུ་མེད་པའི་ཁྱད་ནོར་འབའ་ཞིག་ཏུ་འཁུམས་པས། ཀླད་མེད་ཀྱི་སྒང་པ་ཕྱི་རབས་པ་འགས་ལྐོག་བཙོང་དང་གཏོར་བརླག་བྱེད་ཤོར་བ་ནི་ལོ་རྒྱུས་ཀྱིས་བསབ་ཏུ་མེད་པའི་ནག་ཉེས་ཀྱི་རིགས་སུ་གཏོགས།

ཁོ་བོས་དུས་ཚོད་གཅིག་ཡན་མན་གྱི་རིང་ལ་ལོ་རྒྱུས་དང་རིག་གནས་ཕྱིར་རྟོག་གི་ཡུལ་ངོས་ན་ཉམས་ཞིབ་བྱེད་པའི་ཚོར་འདུ་ཟབ་མོས་གདོང་པ་གཟེར་ཞིང་ཡིད་གཏིང་ནས་ངེས་འབྱུང་སྤུ་ཟད་མ་རེ་སྐྱེ་དགོས་བྱུང་།

  ལོ་རྒྱུས་ཆགས་འཇིག་གིས་སློང་བའི་སེམས་ཁྲལ་དམར་རྗེན་མ།

སྒོམ་སྡེ་ལུང་པར་བེ་རིའི་མཐའ་དམག་བྱུང་སྐབས། མདོ་ཁམས་སྟོད་ཀྱི་སྐུ་གསུང་ཐུགས་རྟེན་གཙོ་བྱེད་པའི་རིན་ཐང་གཞལ་མཐའ་བྲལ་བའི་རིག་དངོས་ཤུལ་བཞག་གི་རྒྱུ་རྙིང་རྩ་ཆེན་གང་ཡོད་རྣམས་བཙན་རྫོང་འདིར་ཁྱེར་ཞིང་གསང་སྦས་བྱེད་པའི་ལོ་རྒྱུས་དངོས་ཡོད་མཆིས་པས། མཁས་གྲུབ་རྒྱལ་པོས་མཛད་པའི་གཙོ་མདའ་དགོན་པའི་ལོ་རྒྱུས་ལས། སྐུ་གསུང་ཐུགས་རྟེན་འགངས་ཆེན་རིགས་སྤུ་རི་སྤས་ལུང་དུ་བསྐྱལ་བས་གནོད་མ་ཐེབས། ཞེས་གསུངས། རྗེས་སུ་བེ་རིའི་དམག་འཁྲུག་ཞི་འཇགས་སུ་སོང་སྟེ་སྔར་གྱི་དགོན་གནས་འགའ་ཞིག་ནི་ཉམས་གསོ་མ་ཐུབ་ནས་སྐུ་གསུང་ཐུགས་རྟེན་རྣམས་འདིར་ལྷགས་ཤིང་།

དགོན་སྡེ་འགའི་གནས་གཞིས་བསྐྱར་དུ་བཙུགས་ཐུབ་ཀྱང་ད་དུང་མཐའ་དམག་འབྱུང་བར་དོགས་ནས་རྟེན་རྣམས་གནས་དེར་བཞག་པར་མངོན་ཞེས་སྒོམ་སྡེའི་ལོ་རྒྱུས་རྣམས་སུ་གསལ། ཡང་སྒོམ་སྡེའི་ལོ་རྒྱུས་གསེར་གྱི་ལྡེ་མིག་ལས། བེ་རིས་བཅོམ་རྗེས་ནས་ཙོང་མདའ་དགོན་པ་ནས་འདིར་བླ་བརྐོས་མངགས་སྲོལ་ཡོད་འདུག་ཀྱང་སྔ་མ་རྣམས་མི་གསལ། ཕྱིས་ཧྲི་ཐོ་ངག་དབང་ལྷ་རྒྱལ། ཧྲི་ཐོ་རིན་ཆེན་འཇིགས་མེད། ཧྲི་ཐོ་ཕུན་བཟང་། ནང་ཆེན་ཀུན་དགའ། ཧྲི་ཐོ་རིག་འཛིན། འབུ་རྒྱོ་ཤེས་རབ་རྣམས་བྱོན་པ་ལས། ང་བརྒྱད་ལོའི་སྔོན་ཙམ་དུ་ཧྲི་ཐོ་རིམ་བྱུང་གི་ཕ་གཞིས་སུ། སྤུ་རི་ནས་ཁྱེར་ཡོང་བའི་ཐང་རྙིང་འབོལ་ཆེན་དང་། སྐུ་འདྲ་མཆོད་རྟེན་སོགས་རིན་ཐང་གདབ་ཏུ་མེད་པ་ཡོད་སྐད་ད་ལྟའི་རྒན་རབས་རྣམས་ཀྱི་ངག་རྒྱུན་ལས་མངོན་སུམ་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་ཞེས་ཀྱང་གསུངས།

འོན་ཀྱང་རིག་གནས་གསར་བརྗེ་ཆེན་མོ་སྐབས་ངོ་རུ་མཁན་པོ་ངག་དབང་ཡོན་ཏན་རྒྱ་མཚོ་མཆོག་གཙང་ངོ་རུ་དགོན་དུ་འབུལ་སྐྱེལ་ལ་བྱོན་པ་དང་དུས་མཚུངས་སུ་ཁེལ་བས་པོ་ཏི་དགོན་ནང་དུ་མ་བཞུགས་ཞེས་གྲགས་པས། ངོར་པའི་ཕྱག་མཛོད་བསྟན་པས་རང་ཉིད་ཀྱི་ཤི་གསོན་ལ་མ་བལྟས་པར་བསྟན་དགོན་ཆགས་འཇིག་ཁོ་ན་ལ་ཐུགས་བསམ་གཞིག་སྟེ། ཁོང་གི་ཕྱག་མཛོད་རོགས་པ་ཚེ་རིང་ཕུན་ཚོགས་དང་ཕྱག་མཛོད་བསྟན་པ་ཁོང་རྣམ་གཉིས་ཀྱིས་རང་སྲོག་དབེན་དུ་བཞག་ནས་པོ་ཏི་དགོན་པའི་རྫ་ལམ་གཡས་གཡོན་གཉིས་སྲུང་སྐྱོབ་བྱས་ཏེ་རྒྱ་དམག་བུངས་ཆེན་བསད་ཀྱང་མང་སྣ་ཉུང་གིས་མ་ཁོག་ནས། མཐར་ཚེ་སྲོག་གི་སྙིང་པོ་འབྲོག་དགོན་པ་འདི་ལ་ཕུལ་ཏེ་ངོར་པའི་ཕྱག་མཛོད་རྣམ་གཉིས་སྐུ་ཚེགས་མང་པོ་མྱོང་སྟེ་འདས་གྲོངས་བྱུང་ཚུལ་བཤད་རྒྱུན་ཡོད་ཅིང་། དེ་ནས་མདོ་ཁམས་ཡུལ་གྱི་དགོན་སྡེ་ཕལ་མོ་ཆེ་དང་མཚུངས་པར་བསྟན་དགོན་འདིའང་དུས་འགྱུར་གྱི་ཐལ་ཕུང་ཀློང་ན་འཐིམ་པར་གྱུར།

སྒོམ་སྡེའི་ལོ་རྒྱུས་ནང་ངོར་བསྟན་པ་ལ་ངོར་ཚ་བསྟན་པ་ཞེས་བྲིས་བཞག་པར་སྣང་ཡང་བསྟན་པ་ནི་ངོ་རུ་མཁན་པོའི་ཚ་བོ་མ་ཡིན་པར་སྐུ་མཆེད་དག་མ་ཡིན། དེས་ན་ངོར་ཚ་རྟ་མགྲིན་དབང་རྒྱལ་དང་ངོར་མཆེད་བསྟན་པ་འདི་གཉིས་ཕན་ཚུན་ནོར་སོང་བར་སྙམ། སྔོན་ཚེ་ངོ་རུ་མཁན་པོ་མཆོག་ནང་ཆེན་རྒྱལ་པོའི་དབུ་བླར་གྱུར་ཏེ་སྤུ་རི་ནམ་མཁའ་རྫོང་ངམ་པོ་ཏི་དགོན་གདན་སར་ཕུལ་བ་དང་། ངོར་པའི་ནོར་མ་སྤུ་རོང་ཡར་འགག་གི་ས་ཆ་ར་ཆེན་ནང་ན་ཡོད་ཅེས་གྲགས་ཤིང་། ངོར་མཁན་པོའི་ཡབ་འཛི་མདའ་དཔོན་ཀར་དགའི་ཡུམ་གཞན་ཞིག་གི་གདུང་སྲས་སྐུ་མཆེད་འགའ་ཞིག་ཡོད་ཀྱང་རིག་གསར་གྱི་དུས་ནས་ཕྱི་ཕྱོགས་སུ་འཁྱལ་ཏེ་ད་སྐབས་ངོར་པའི་གདུང་རྒྱུད་ཁ་ཤས་ཤིག་འདན་མ་དང་རྒ་ཁོག་ཡོད།

དེ་ནས་བཟུང་སྟེ་ད་བར་དགོན་ས་འདི་མི་མེད་ལུང་སྟོང་གི་འབྲོག་དགོན་པ་འབའ་ཞིག་ཏུ་ལྷགས་པས། སྐུ་གསུང་ཐུགས་རྟེན་མང་ཤོས་ཤིག་སྐབས་དེར་མཐའ་དམག་གིས་གཡང་དང་མཐའ་ལ་བཏབ་སོང་བའི་བཤད་རྒྱུན་ཡོད་ཅིང་། རེ་འགའ་ལུས་ཡོད་པ་རྣམས་ཀྱང་མེས་པོ་རྐང་འདྲེན་པ་དག་གིས་སྔོག་འདོན་བྱས་ཏེ་ས་མཐར་བསྐྱལ་ཟིན་པའི་གཏམ་ངན་སྒོམ་སྡེའི་ལོ་རྒྱུས་ནང་དུ་ས་བཅད་མ་སྟོང་ཙམ་ཞིག་བཀོད་ཡོད་པ་མཐོང་།

པོ་ཏི་དགོན་པའི་འདུ་ཁང་ནི་པུ་རི་ནམ་མཁའ་རྫོང་གི་བྲག་སྐྱིབས་སུ་བཙན་ས་བཟུང་སྟེ་བཞེངས་ཡོད་པས། བླུན་རྨོངས་ཀྱི་ཚོས་བསམ་བཞིན་དུ་མ་གཤིག་ན་རང་བྱུང་གི་ཆར་ཆུས་འཇིགས་ཞུམ་ཡེ་ནས་མི་དགོས་བར་སྣང་།འོན་ཀྱང་ད་སྐབས་རྗེ་བཙུན་གྱི་མི་ལའི་མཐའ་མཇུག་གི་ཕ་གཞིས་བཞིན་ཀ་བཞི་གདུང་བརྒྱད་ཀྱི་གསེར་ཁང་དང་དངུལ་ཁང་གཙོས་པའི་ལྷ་ཁང་དེ་དག་ཐལ་ཕུང་གི་ཀློང་ན་མགོ་བཞུག་ཡོངས་སུ་རྫོགས་ཏེ་གྱེལ་ཟིན་ཞིང་། བྱིན་རླབས་ཀྱི་གཟི་འོད་མཆེད་པའི་རྒྱལ་བ་རིགས་ལྔ་དང་ས་སྐྱའི་པཎ་གྲུབ་རིམ་བྱོན་གྱི་ལྡེབས་རིས་དེ་དག་གི་སྤྱན་རས་བྲུས་ཤིང་ཞལ་ངོ་ཡང་སྟག་གྲི་སོགས་མཚོན་གྱིས་བཅོམ་ཟིན་པས་མཇལ་བ་ཙམ་གྱིས་སྙིང་རླུང་འཚང་པ་བྱུང་།

ད་དུང་གསེར་བྲིས་དངུལ་བྲིས་ཐལ་མར་བརྡལ་བའི་བཀའ་བསྟན་རིག་གནས་ཀྱི་བང་མཛོད་དེ་དག་ལས་ཤོག་ནག་འཐོར་ཟགས་འགའ་རླུང་བསིལ་བུས་མྱ་ངན་གྱི་རང་མདོག་སྟོན་ཏེ་ཕར་ཁྱེར་ཚུར་ཁྱེར་བྱེད་བཞིན་པ་མཆིས། སྐྱེ་དགུའི་གཡུ་དུད་དང་མི་མ་ཡིན་གྱི་བྲག་ཅ་ཙམ་གྱིས་སྟོང་བའི་འབྲོག་དགོན་པའི་གནའ་ཤུལ་ན་འཇག་མའི་རྩྭ་ཕུང་རེ་རེས་ཁེར་རྐྱང་གི་ཤུ་གླུ་ཤུགས་ཀྱིས་གྱེར་ཞིང་། ལོ་རྒྱུས་ཀྱི་དཀའ་སྡུག་མྱོང་བའི་བྲག་ཐེམ་དག་ནས་ཀྱང་རྔུལ་ཆུ་ལྟར་བཞུར་བའི་གནམ་ཆུའི་ཐིགས་པ་རེ་རེས་མྱ་ངན་གྱི་སྤྱན་ཆབ་བསིལ་བ་དང་ཀུན་ནས་མཚུངས།

སྔོན་ཚེ་འདུ་འཛིན་གྱིས་དབེན་པའི་བྲག་ཐེམ་འདི་ནས་དམར་གཡོ་གཙང་གསུམ་གྱིས་བསྟན་པའི་མེ་རོ་གསོས་ཏེ་གངས་ཅན་གྱི་ལྗོགས་སུ་ཐུབ་བསྟན་གྱི་ཕྲིན་ལས་ཉི་ཟླ་ནང་བཞིན་སླར་ཡང་ཤར་བར་མཛད་མྱོང་ཞིང་། འདས་དུས་ལྡོམ་པོའི་རིལ་སུལ་འདི་ནས་གྲུབ་ཐོབ་ཁམས་པ་མི་གསུམ་སོགས་བསྙེན་སྒྲུབ་ཀྱིས་ཐུགས་དམ་མཛད་དེ་ས་འདི་དང་ཆུ་འདི་རྣམས་དག་པ་རབ་འབྱམས་ཀྱི་རང་བཞིན་དུ་ཞབས་མཐིལ་གྱིས་ཡང་ཡང་བཅགས་མྱོང་ཡང་། ད་ནི་འཁོན་ཆུང་བའི་བྱ་བྱེའུ་ཡི་གནས་མལ་དང་རྔོན་པའི་དགྲ་ལ་འཇིགས་པའི་རི་དྭགས་ཀྱི་ཚང་ལམ་དུ་གྱུར་ཟིན།

ཁོ་བོ་པུ་རི་ནམ་མཁའ་རྫོང་ལ་དངོས་སུ་སླེབས་ནས་འདི་པའི་ལོ་རྒྱུས་དང་རིག་གནས་ལ་ལྟོས་བཅས་ཀྱིས་རྒྱུས་ལོན་ཅུང་ཙམ་ཐུབ་སྟེ་མིའི་བསམ་ཐོག་ཏུ་རྟ་རྒྱུགས་པས་དགའ་བ་ཚད་མེད་སྐྱེས་ཤིང་། རྗེས་སུ་གྲུབ་པའི་སྒྲུབ་གནས་འདི་དང་ཁ་གྱེས་ལ་ཉེ་སྐབས་ཡིད་ལ་གདུང་སེམས་དྲག་པོ་ཞིག་ཀྱང་སྐྱེ་དགོས་བྱུང་།

མ་གཞི་ད་སྐབས་ས་གནས་འདིར་བང་ཁང་གསར་པ་ཆུང་ངུ་ཞིག་གསར་བཞེས་བྱས་འདུག་ཀྱང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྱང་གཞིས་ཀྱི་ལྡེབས་རིས་དག་ནི་གྱེལ་མ་གྱེལ་གྱི་ས་མཚམས་སུ་ལྷུང་ཞིང་། གྱང་གཞིས་འགའ་ཞིག་གི་བརྩེགས་གཞི་ས་རྡོ་རྣམས་རྨང་ནས་བྲུས་ཟིན་པས་སང་གྱེལ་གནངས་གྱེལ་ལ་ཉེ་བ་དང་། གྱང་ངོས་ཀྱི་ལྷ་ཚོགས་རྣམས་ཀྱང་གདུལ་བྱ་མཐའ་མའི་ཡུལ་དུས་ལ་གཟིགས་ཏེ་ཞིང་གཞན་དུ་ཕེབས་ལ་ཉེ་བས་དེ་དག་སྲུང་སྐྱོབ་དང་ལྟ་རྟོག་བྱེད་མཁན་གཅིག་ཀྱང་མེད་དོ་སྙམ།

དེ་བས་བསྟན་པའི་གནས་གཞིས་འདི་ལ་ངེས་པ་དོན་གྱི་ཐུགས་འགན་བཞེས་མཁན་རེ་ཡོད་ན། གྱང་གཞི་འདི་དག་དང་གྱང་གཞི་འདི་དག་གི་ལྡེབས་རིས་སྲུང་སྐྱོབ་བྱེད་རྒྱུ་མ་བཀལ་ཕྲག་ལ་བབ་པའི་འོས་འགན་དུ་མཐོང་བས། དེ་ལྟར་བྱེད་པའི་གསོལ་འདེབས་པུ་རི་ནམ་མཁའ་རྫོང་གི་སྔོ་སངས་སྟོང་པའི་འོག་ནས་ཨ་ལན་མེད་པའི་བྲག་ཅར་ལན་བརྒྱར་འབོད་པ་ཡིན།

ད་ནི་དུས་ཚོད་༡༢:༣༠ཐུག་པས་ཁོ་བོས་ལྡོམ་པོའི་གྱང་ཞིག་དེ་དག་དང་གྱང་གཞི་ངོས་ཀྱི་ལྡེབས་རིས་འཐོར་ཞིག་རྣམས་ལ་ཕྱིར་མིག་ཡང་ཡང་ཅེར་ཏེ། པུ་རི་ནམ་མཁའ་རྫོང་གི་པོ་ཏི་བྲག་ཐེམ་བར་པའི་རྫ་ངོགས་ལ་འཛེགས་པ་ཡིན། པོ་ཏི་བྲག་ཐེམ་བར་པ་ལ་དམིགས་བསལ་རྐང་ལམ་ཟེར་བ་ཅི་ཡང་མེད་ཅིང་གཡང་ངོགས་གཟར་བས་ཡར་འཛེགས་སྐབས་ཁོ་བོ་ཤིན་ཏུ་སེམས་འཚུབ་བྱུང་ཞིང་། ངས་གནས་གྲོགས་གཉིས་ལ་སྔ་མ་ང་ཚོ་མར་ཡོང་ས་ནས་ཕྱིར་ལོག་བྱེད་དགོས་པར་བཤད་ཀྱང་མ་ཉན་པར་བྲག་ཐེམ་ནས་འདི་ནས་ཨུ་ཚུགས་ཀྱིས་འཛེགས་ཤོར་བས་ང་ཡང་རྗེས་རྗེས་ནས་སོང་སྟེ་ཧ་ཅང་གཟབ་ནན་བྱེད་དགོས་པར་བཤད། ངེད་ཚོ་མི་བུ་གསུམ་པོ་སྤྲ་སྤྲེའུ་བཞིན་བྲག་ངོས་ཀྱི་ཤིང་དང་རྩྭ་འཇག་ལ་རྐང་འཐམ་ལག་འཐམ་གྱིས་འཁྱུད་དེ། དཀན་གཟར་གྱི་བྲག་ཐེམ་ངོགས་ཀྱི་རྡོ་འབུར་དག་ལ་ལག་པས་དམ་པོར་འཇུ་བཞིན་འཛེགས་པས། མཐར་དུས་ཚོད་༡:༡༠ཐོག་ནས་པུ་རི་ནམ་མཁའ་རྫོང་གི་བྲག་ཕུག་གོང་མར་འུ་ཐུག་སླེབས་ཙམ་བྱུང་།

བྲག་ཕུག་འདིའི་ནང་དུ་ཁང་མིག་གཉིས་ཀྱིས་ཤག་ཆོད་ཅིང་། ཁང་པ་རེ་རེའི་རྒྱ་ཁྱོན་གྱི་ཚད་ནི་སྣ་ལ་གོམ་པ་༥དང་འཕྲེད་དུ་གཅིག་ལ་གོམ་པ་༥དང་གཅིག་ལ་༦ཙམ་འདུག ། ཁང་པའི་མཐའ་ངོགས་གཡང་ཁ་གྱུར་ནས་རྡོ་བརྩེགས་ཀྱིས་བསྐངས་ཡོད་པས་བྲག་ཐེམ་ནས་བྲག་ཕུག་ནང་དུ་འགྲོ་བ་མི་མཐར་ཙམ་བྱུང་།གཞན་བྲག་ཕུག་ནང་དུ་གྱང་ལྷ་དང་ཡིག་རྙིང་འཐོར་ཟགས་སོགས་ནི་ལོ་རྒྱུས་སྐྱར་ཞིབ་ཀྱི་རྒྱུ་ཆ་གཞན་གྱིས་དབེན་ཞིང་ཚ་ཚ་འཐོར་བུ་རེ་འགའ་ཙམ་བཞུགས། འདི་ནི་ས་ཆ་དང་ལམ་གྱི་འཕྲང་དོག་སོགས་ལ་གཞིག་ན་མཚམས་དམ་པའི་སྒྲུབ་ཁང་ཞིག་ཨེ་ཡིན་སྙམ།

པུ་རི་ནམ་མཁའ་རྫོང་གི་བྲག་ཐེམ་གོང་འོག་བར་གསུམ་འདི་དང་འདིའི་ས་གནས་ཀྱི་མཐོ་ཚད་བཅས་མཚོ་ཕག་འཇལ་བྱེད་ང་ཚོའི་ཁ་པར་ལ་མེད་པས་དམིགས་བསལ་དེང་གི་ཞིབ་འཇུག་གི་ཐབས་ལམ་དེས་སྟོང་ཆ་བྱུང་བས་དོ་སྣང་བྱེད་མཁན་ཀུན་ལ་དགོངས་གསོལ་ཞུ།

བྲག་ཕུག་དེ་ཉིད་དུས་ཚོད་ཕྱེད་ཙམ་གྱི་ཡུན་ལ་མཇལ་ནས་སླར་ཡང་པོ་ཏི་བྲག་ཐེམ་གོང་མར་སོང་སྟེ་བྲག་པང་གི་མཚམས་ནས་ཡང་ཡང་འཛེགས་པས། དུས་ཚོད་༡:༣༩ཐོག་ནས་ལ་རྐེད་དུ་ཤུག་པའི་བསིལ་གྲིབ་འོག་ཏུ་ངལ་གསོ་བྱས་ཤིང་། བཏུང་ཆུ་ལྷག་མ་རྣམས་རྔུབ་པས་གཞི་ནས་ལམ་གྱི་དཀའ་དུབ་སེལ། མུ་མཐུད་དེ་ལམ་མགོར་འཛེགས་པས་དུས་ཚོད་༢:༨ཐོག་ནས་སླར་ཡང་པུ་རི་ནམ་མཁའ་རྫོང་གི་མཁའ་དབྱིངས་ཀྱི་ལ་རྩེ་མཐོ་པོ་པོ་ཏི་དགོན་ནང་ནས་ཚུར་རྒྱག་ཐུབ་པ་བྱུང་།

དེ་ནས་སྔར་བཞིན་རྫོང་ཁའི་འབྲོག་ས་ལ་མར་བབས་ཏེ་ཉ་ཧེ་ཚང་གི་འབྲོག་ཁྱིམ་དུ་དགོང་ཇ་དལ་འཐུང་བྱས་ཤིང་། དུས་ཚོད་༢:༤༡ཐོག་ནས་རིམ་བཞིན་རྫོང་ནང་ནས་ཐུར་ལ་ཡོང་བས་ཆུ་ཉལ་མདའ་རུ་སླེབས།

ད་ཐེངས་ཉིན་གསུམ་གྱི་འགྲུལ་བཞུད་ཀྱི་མཇུག་ཡོངས་སུ་བསྡོམས་པའི་ཆེད་མདོ་ཁམས་མཆོད་རྟེན་དཀར་ཆུང་གཡས་སུ་བཞག་སྟེ་ནང་ཆེན་ནས་ཕ་ཡུལ་གྱི་ཕྱོགས་སུ་ཆས་སོང་།

 

༢༠༡༨/༧/༢༠ ཉིན་སྙོམས་ལས་པ་མུན་གྲོལ་གྱིས་ཁམས་ཆབ་མདོའི་ས་ཆ་གནས་མཆོག་འབུམ་རྫོང་གི་འགྲུལ་བཞུད་ལམ་བར་ནས་མགོ་བཟུང་སྟེ་མཇུག་ཟུར་མང་གི་འབྲོག་ས་དབྱིངས་བཀར་ལ་འདབས་སུ་རྫོགས་པར་བྲིས། །