ལུག་མགོ་དང་ཕྱེ་མར་བཤམ་མཆོད་ཀྱི་བྱུང་བ།
ལུག་མགོ་ནི་གནའ་བོའི་བོད་ཀྱི་ཕ་མེས་བདུན་བརྒྱུད་ཀྱི་མཚུན་ལྷ་མཆོད་པའི་ཡོ་ཆས་བཟང་པོ་ཞིག་ཏུ་བརྩི་སྲོལ་ཡོད་པ་སྟེ། དེ་ཡང་ལྷ་མཚུན་གསོལ་ཐབས་ལས།
དེ་རིང་ཕ་མེས་ཀྲ་ཚུན་ཁ་མ་ཕྱེ་བ། །མཚུན་བཤུས་ཨུ་ཀྱུ་དང་། །གསོལ་ཟས་མདའ་དགུ་སྣ་ཚོགས་དང་། །གསེར་གྱི་ལུག་མགོ་ཁ་ཕྱེ་ནས་གསོལ། །གསེར་གྱི་ལུག་མགོ་ལྷུ་དགུ་ལ། །དོན་དང་ཡོན་ཏན་དགུ་དང་ལྡན། ། ༡ སྤྱི་བོ་འཐིལ་ཆེན་རྒྱལ་པོ་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །མི་མགོ་དགུང་ལས་མཐོ་བ་དང་། །ཀུན་གྱིས་གཙུག་ཏུ་བཀུར་བར་ཤོག ། ༢ མིག་སྣང་གསལ་སྒྲོན་མ་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །མིག་སྒོར་མཆི་མ་མི་འདོན་ཅིང་། །སྡུག་བསྔལ་མྱ་ངན་མེད་པར་ཤོག ། ༣ རྣ་བ་ཀུན་གསང་རྒྱལ་པོ་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། ཀུན་ལ་སྙན་པར་གྲགས་པ་དང་། །སྙན་དགུ་རྣ་བས་ཐོས་པར་ཤོག ། ༤ སྣ་དྲི་ཚོར་རྒྱལ་པོ་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། བྱེས་ཡུལ་མདོ་རྩང་གར་འགྲོ་ཡང་། །སྣ་སྣོམ་བྱེས་དཔལ་འཕྲོད་པར་ཤོག ། ༥ ལྕེ་རོ་ཚོར་རྒྱལ་པོ་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །མཁས་པའི་ལྕེ་ཡང་གྲོལ་བ་དང་། །སྨྲང་རྒྱུད་ལྗགས་ལ་ཁྲེམས་པར་ཤོག ། ༦ འགྲམ་པ་ཕྱི་འགྲམ་གཡས་གཡོན་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །དུར་གྱི་སྐྱོན་རྣམས་མི་ལྡང་ཅིང་། །ཐབས་ཤེས་དོན་དང་ལྡན་པར་ཤོག ། ༧ སོ་འགྲམ་བྱེད་གཅོད་པའི་རྟ་གྲི་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །དུར་བདུད་ནག་པོའི་ཞལ་བསྒྱུར་ནས། །དུར་སྲིན་དུར་རྐྱེན་ཐུབ་པར་ཤོག ། ༨ ངོ་གདོང་བཟང་པོ་ལྷའི་གཡེར་པ་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །མི་ངོ་གངས་ལས་དཀར་བ་དང་། །རིགས་བཟང་སྡོང་གྲོགས་ལྡན་པར་ཤོག ། ༩ མཚུལ་པ་ཟས་ཀྱི་གཡབ་མོ་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །སྡིག་སྒྲིབ་ཟས་རྣམས་སྤངས་ནས་ཀྱང་། །བདུད་རྩིའི་ཟས་ཐོག་སྙབ་པར་ཤོག །ཞེས་ཕ་མཚུན་མ་མཚུན་བདུན་རྒྱུད་ལ་ལོ་གསར་པ་སོགས་གལ་ཆེའི་དུས་ཆེན་རྣམས་སུ་མཆོད་འབུལ་ཞུས་ནས། རང་ཉིད་ཀྱི་བུ་རབས་ཚ་རྒྱུད་དང་བཅས་པར་མཚུན་ལྷས་མགོན་སྐྱབས་དང་སྡོང་གྲོགས་ཡོད་པ། ཕ་མེས་ཀྱི་མཚུན་ལྷ་རྣམས་ལ་ཡང་རྒྱུན་མི་ཆད་པར་ཕྱི་རབས་བུ་དང་ཚ་རྒྱུད་དང་བཅས་པས་མཆོད་ནས། རིགས་རྒྱུད་ཀྱི་རྒྱུད་མི་འཆད་པར་བཀྲ་ཤིས་ཕུན་སུམ་ཚོགས་པའི་སྨོན་ལམ་ཞུ་གསོལ་ཡོད། ལུགས་སྲོལ་དེ་གནའ་ནས་ད་ལྟའི་བར་དུ་བོད་ཀྱི་ཡུལ་དབུས་ནས་བཟུང་ཤར་མཐའ་རྒྱ་མོ་རོང་སོགས་ཀྱི་བར་རྒྱུན་མ་ཆད་པར། དམངས་སྲོལ་དུ་ལོ་གསར་སོགས་དུས་ཆེན་རྣམས་སུ་ལུག་མགོ་བཤམས་མཆོད་བྱེད་སྲོལ་ཡོད་པ་དང་། ཡིག་ཐོག་ཏུའང་བོད་ཀྱི་ལོ་རྒྱུས་དང་། མཚུན་ལྷ་མཆོད་པའི་ཆོ་ག །བླ་བསླུའི་ཆོ་ག །ཡུལ་ལྷའི་རྟེན་འཛུགས། ལྷ་སྒྲུང་། དམངས་ཁྲོད་ཀྱི་ངག་རྒྱུན་སོགས་སུ་ལུག་མགོ་དང་འབྲེལ་བའི་བཤད་སྲོལ་སྣ་མང་ཡོད་ཅིང་། བྱུང་རིམ་ལ་གཞིག་ན་དང་ཐོག་ལུག་མགོ་དངོས་དང་། དེ་ནས་སྤྲོས་པ་ཆེ་རུ་ཕྱིན་ཏེ་གསེར་ལས་བཟོས་པའི་ལུག་མགོ་ཡང་བཤམས་མཆོད་བྱེད་སྲོལ་ཡོད་པར་མངོན། དེ་ཡང་མཚུན་ལྷ་མཆོད་པའི་ཆོ་ག་ལས་གསེར་གྱི་ལུག་མགོ་ཞིག་ཡིན་ཚུལ་བཤད་པ་མ་ཟད་དམངས་ཁྲོད་ངག་རྒྱུན་དུའང་། གསེར་ལུག་མགོ་ཙམ་ཞེས་པའི་དཔེ་འཇོག་སྲོལ་ཡོད་པའང་འབྲེལ་བ་ཡོད་པར་སེམས། ཉེ་ཆར་ལུག་མགོ་སྐམ་པོ་ལ་གསེར་དངུལ་ཟངས་ལྕགས་སོགས་ཀྱི་རི་མོའི་མཛེས་རྒྱན་དང་གཡུ་བྱུར་གྱི་ཕྲ་རྒྱབ་པའི་མཛེས་སྤྲོས་ཅན་ཡང་མང་པོ་མཐོང་རྒྱུ་ཡོད། ཡང་བོད་ཀྱི་ཤར་མཐའི་ས་ཁུལ་ཁག་ཏུ་སྡོད་ཁང་ཕུག་གི་ཀ་རའི་ངོས་སུ་ལོ་རེ་བཞིན་ལུག་མགོ་སྐམ་པོ་རེ་བཤམས་མཆོད་བྱས་པ་བརྒྱུད། ལོ་མང་པོའི་རིང་བསགས་མཐར་ཀ་རའི་ངོས་ཆ་ཚང་ལུག་མགོ་སྐམ་པོའི་གང་བ་ཞིག་ཀྱང་བྱ་སྲོལ་འདུག །དབུས་གཙང་ཁུལ་དུ་ལུག་མགོ་སྐམ་པོ་རྭ་ཡོད་ཞིག་ལ་མར་ཚོན་གྱིས་བརྒྱན་ནས་ལུག་གསོན་པོ་ལས་རྔམ་བརྗིད་ཆེ་བ་ཞིག་བྱས་ནས་བཤམས་མཆོད་བྱ་སྲོལ་ཡང་ཡོད། ཁམས་ཕྱོགས་ཀྱི་ས་ཆ་ཕལ་ཆེ་ས་ནས་ལུག་མགོ་བཙོས་ཏེ་སྡེར་མ་ཞིག་གི་ཐོག་ཏུ་བཞག་སྟེ་ལོ་གསར་ཉིན་པར་བཤམས་མཆོད་བྱ་སྲོལ་ཡོད།
དེ་འདྲའི་ལུགས་སྲོལ་ནི་གནའ་བོ་གདོད་མིའི་མིས་ཕ་མེས་ཀྱི་མཚུན་ལྷ་མཆོད་པའི་སྲོལ་ཞིག་མུ་མཐུད་དེ་དམངས་ཁྲོད་ནས་རྒྱུན་འཛིན་བྱས་པ་ཞིག་རེད། ལུག་མགོ་གལ་ཆེན་དགོས་པའི་རྒྱུ་མཚན་ཡང་འཚོ་གནས་ཀྱི་ངོས་ནས་བཤད་ན་བོད་ཡུལ་དུ་ལུག་ནི་སྐྱེ་འཕེལ་མགྱོགས་པ་དང་། གསོ་ཚགས་སྟབས་བདེ་ཡིན་པ།
གྲང་རླུང་བཟོད་ཅིང་ས་མཐོ་སྒང་དུ་འཚོ་གནས་ཐུབ་པ། སྤྲ་ཚག་མེད་ཅིང་གཤིས་རྒྱུད་འཇམ་པ་བཅས་ཁྱད་ཆོས་དུ་མ་ལྡན་པའི་སྒོ་ཕྱུགས་ཤིག་ཡིན་པའི་སྟབས་ཀྱིས། མདོ་དབུས་མཐོ་སྒང་གི་ས་ཆ་འདིར་མི་ལོ་ཁྲི་སྟོང་མང་པོའི་རིང་བོད་མི་རྣམས་ཀྱི་མི་རབས་ནས་མི་རབས་བརྒྱུད་དེ་འཚོ་བའི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།
དེ་ཡང་། གྲང་རླུང་སེར་གསུམ་ཆེས་ཆེ་བའི་མཐོ་སྒང་བོད་ཀྱི་ཡུལ་ཁམས་འདིར། གདོད་མའི་མེས་པོ་རྣམས་ཀྱི་རང་སའི་ཁོར་ཡུག་ཏུ་རང་ཉིད་ཀྱི་བློ་གྲོས་དང་འབད་བརྩོན་ལ་བརྟེན་ནས། ས་མཐོའི་ཁོར་ཡུག་དང་འཚམས་པའི་འཚོ་གནས་ཀྱི་ཤེས་རིག་མང་པོ་ཞིག་གསར་གཏོད་བྱས་ཡོད་པའི་ནང་ནས། ལུག་ལྟ་བུ་ལ་མཚོན་ན་ཟས་དང་། གོས། ཉེར་མཁོའི་ཡོ་བྱད། མཚུན་ལྷ་མཆོད་པའི་རྫས་དང་། བླའི་རྟེན་སོགས་བོད་ཀྱི་ཆོ་ག་དང་ལྷ་སྒྲུང་སོགས་བསམ་བློའི་ཤེས་རིག་མི་ཉུང་བ་ཞིག་ལ་བཀོལ་སྤྱོད་བྱས་ཡོད།
ཟས་ལ་མཚོན་ན། ལུག་གི་འོ་མ་དང་། ཞོ། མར། ཕྱུ་ར། ཐུད་བཅས་དང་། ཤ་ལ་མཚོན་ན་ཕྱི་ཤ་ནང་ཤ་གཉིས་ཆར་བསྡོམས་པས་བོད་ཟས་སྣ་ཁ་སུམ་ཅུ་སོ་དྲུག་ཙམ་བཟོ་བའི་ལུགས་སྲོལ་ཡོད་པ་དང་།
གོས་ལ་མཚོན་ན། ལུག་བལ་དང་། ལུག་སྤགས་གཉིས་ལ་གོས་སྣ་མི་འདྲ་བ་བཅོ་ལྔ་ལྷག་ཙམ་བཟོ་སྲོལ་ཡོད་པ།
ཉེར་མཁོ་ལ་མཚོན་ན། ལུག་གི་རིལ་མ་འབུད་ཤིང་ཡག་ཤོས་ཡིན་པ་དང་། ཞིང་ལུད་མཆོག་ཏུ་གྱུར་པ། ལུག་གི་ར་ཅོའི་གྲི་ཡུ་དང་། འབུག་ཡུ། གོས་ཀྱི་སྒྲོག་ཆར་བཟོ་བ་སོགས་ཕར་གསོ་སྐྱོང་ལ་འགྲོ་སོང་ཆུང་ཞིང་། ཚུར་མི་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་མཐོ་སྒང་བོད་མིའི་སྒོ་ཟོག་ཞིག་ཡིན།
བསམ་བློའི་རིག་གནས་ལ་མཚོན་ན། ལུག་ནི་མཐོ་སྒང་བོད་མིའི་འཚོ་གནས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་གཞིར་བྱས་ཏེ། རིམ་བཞིན་སྤྱི་ཚོགས་ཤེས་དཔལ་གྱི་ལམ་ལ་བགྲོད་པའི་འགྲོས་དང་སྤྱི་ཚོགས་ཀྱི་དགོས་མཁོར་བསྟུན་ནས། དཔལ་ཡོན་མཚོན་པའི་ཤེས་རིག་མང་པོ་ཞིག་གསར་གཏོད་བྱས་པའི་ནང་ནས་ལུག་ནི་ལྷ་དང་མིའི་བླ་རྟེན་དུ་འཛིན་ཏེ་གལ་ཆེན་བརྩི་སྲོལ་ཡོད་པ་ཞིག་བྱུང་འདུག །
ལུག་ལྷའི་བླ་རྟེན་འཛིན་ཚུལ་ཡང་། ཡུལ་ལྷའི་རྟེན་འཛུགས་སྐབས། ལྷ་ལུག་༼སྔོ་རྩ་༽༼མཆན། ལྷ་ལུག་འདོགས་པ་འབུལ་བའི་སྲོལ་ད་ལྟའི་བར་ཡོད་ཅིང་། འབྲོག་སྡེ་སྤོང་རོང་པ་རྣམས་ཀྱི་སྲོལ་ལ། ལྷ་ལུག་གི་སྤུ་མདོག་ནི། ལྷའི་སྐུ་མདོག་དང་ཕྱོགས་མཚུངས་དགོས་པ་དཔེར་ན། གཙང་ལྷ་པུ་དར་དཀར་པོ་ལ། ལྷ་ལུག་དཀར་པོ་མིག་གི་རྫི་མ་དམར་པོ་ཡོད་པ་དགོས་པ་དང་། ཡང་སྲིན་ཕུག་བྲག་གཙན་ལ་ལུག་དམར་ཟེ་ཞེས་པ། སྟོད་ཁོག་མགོ་དང་བཅས་དམར་པོ་ཡོད་པ་དགོས། མགོན་པོ་ལ་ལྷ་ལུག་ནག་པོ་ཀླད་དཀར་དགོས་པ་ལྟ་བུ་ཡིན། དེ་ལོ་རེ་ལ་ཐེངས་རེ་གསོལ་དགོས་ཤིང་། སྤོང་རོང་རྗེ་དབོན་གྱི་ལྷ་ལུག་གསོ་མི་ལ་ཨ་ཡ་ཞེས་པའི་རུས་རྒྱུད་ཀྱི་བུ་དགོས་ཤིང་། དེ་དུས་ཆོ་ག་ལྟ་བུ་འདོན་རྒྱུ་དམིགས་བསལ་ཡོད་འདུག །ད་ལྟའི་ཁྱིམ་ཚང་སྤྱིར་བཏང་བའི་ངག་སྒྲོས་ལ། ལྷ་ལུག་ལ་གཏན་ནོ་ཞེས་པ། མར་གྱིས་ཡལ་ག་རྒྱག་པ་དང་ཆབས་ཅིག །ངག་ནས། གཏན་ནོ་གཏན་ནོ། བཀྲ་ཤིས་པའི་གཏོན་ནོ། གཡང་ཆགས་པའི་གཏན་ནོ། ཞེས་སོགས་དང་། ཚིགས་གཞུང་སོགས་ལ་བཙག་དམར་བཀུ་བ་དང་། རྣ་བར་ཟུངས་ཁྲོག་ཅེས་པ་དར་ཚོན་སྣ་ལྔ་ལྡན་འདོགས་པ་སོགས་བྱ་རིམ་འགའ་ཡོད་པའི་ཚང་མར་ངག་ནས་སྐྱོར་རྒྱུ་ཡོད། མཐར་ལྷ་ལུག་གསོས་ནས་གཏོང་སྐབས། ངག་ནས་ཐར་རོ་ཐར་རོ། དགྲ་ཁ་ནས་ཐར་རོ། སྤྱང་ཁང་ནས་ཐར་རོ། ནད་ཁ་ནས་ཐར་རོ། ཞེས་པ་སོགས་ཀྱི་མཇུག་སྒྲིལ་བར་བྱེད་པ་སོགས་མང་རུང་དེ་ཙམ་མོ༽ལ་དར་ཚོན་སྣ་ལྔས་བརྒྱན་དགོས་ཚུལ་བཤད་པ་དང་། ཡང་ལྷ་འདོགས་ལས། ནོར་ལྷ་གཡང་དཀར་ལུག་ལ་བརྟེན། ཅེས་གསལ་བ་དང་། ཡང་དམངས་སྲོལ་གཏམ་རྒྱུད་དུ་སྲིད་པ་འདི་ཕྱྭ་ཡིས་བསྐྲུན་པར་བཤད་པའི་སྐབས་སུ། ཤ་བ་ཞིག་གི་གཟུགས་གཞི་ཕྱི་ནང་ཆ་ཚང་ལས་སྲིད་པའི་ལོངས་སྤྱོད་རྣམས་བྱུང་བའི་འགྲེལ་བཤད་བྱས་པ་དང་། དེའི་རྗེས་ཤ་བ་དེ་ལུག་ལ་སྤོས་ནས་ཤ་བའི་ཚབ་ལུག་གི་བྱས་ཏེ་ལུག་ལ་ལྷ་རྟེན་དུ་འཇོག་ཚུལ་བྱུང་བར་བཤད་རྒྱུ་ཡོད།
ལུག་མིའི་བླ་རྟེན་འཛིན་ཚུལ།
རྩིས་ཡིག་དང་རུས་མཛོད་སོགས་སུ། སྒ་ནི་ཤིང་ཁམས་ལུག་ལ་བླ། །ཞེས་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་སྒ་བའི་བླ་ནི་ལུག་ཡིན་པར་བཤད་པ་དང་། ཡང་ནམ་རྒྱུན་བོད་ཀྱི་བླ་བསླུའི་ཆོ་ག་རྣམས་སུ་མར་གྱི་ལུག་ཞིག་བཅའ་སྲོལ་ཡོད་པ་དང་། བླ་རྐང་ཞེས་ལུག་གི་བླ་རྐང་གཡས་པ་ཞིག་ལ་གཟུང་སྔགས་བྲིས་ནས་བླ་འགུགས་པའི་རྟེན་དུ་འཇོག་སྲོལ་ཡོད་པ་ནི་ཆེས་རྩ་ཆེ་བ་ཚེ་བླ་སྲོག་གསུམ་གྱི་ཡ་གྱལ་གྱི་བླའི་རྟེན་ཡང་ལུག་ལ་འབྲེལ་བ་ཡོད་པ་སོགས་མང་།
ལྷ་གནོལ་བའི་སེལ་ཀྱང་ལུག་གིས་བྱེད་ཚུལ། སྙིང་ཐིག་སྟོ་སྐྱ་སིལ་མ་འཚེར་འགྲིབ་ཀྱི་ལེའུ་ལས། ཕོ་ལྷའི་ཐུགས་ཀྱི་འཚེར་འགྲིབ་དེ། །ལུག་དཀར་པོའི་ཁ་རླངས་དང་། །སེའུ་དཀར་པོ་བཅུ་གསུམ་གྱིས། །ཕོ་ལྷའི་འཚེར་འགྲིབ་དེ་ཡིས་བསང་། །ཕོ་ལྷའི་ཐུགས་ལྷ་ལུག་ལ་དགྱེས་པའི་ཕྱིར། །འཚེར་གྱིན་འགྲིབ་པ་ལུག་གིས་བསང་། །ཞེས་དང་། ཡང་ཕོ་ལྷ་ཡོ་སྲོང་གི་སྐབས་སུ། ལྷ་ལུག་དོན་པོ་འདི་ཡིས་ཡོ་བ་བསྲོངས། ། ཞེས་ལྷའི་མནོལ་སེལ་བྱེད་དུ་འཛིན་པ་དང་།
ལུག་ལྷ་དང་མིའི་བར་གྱི་ཕོ་ཉ་བར་བྱེད་ཚུལ་ཡང་། ཡང་ཕོ་ལྷ་དང་དགྲ་ལྷའི་སྙེགས་ཞེས་པ་ལས། མི་རབས་མཆེད་དགུའི་ཕོ་ལྷ་རྒྱལ་དགུའི་རྟེན་དུ། ལྷ་ལུག་ངོ་བཙན་ཁྲིད། ལྷ་ལུག་ངོ་བཙན་གྱིས་དོན་རྣམས་ཀྱིས་གསོལ། ཕོ་ལྷ་ཐུགས་དགྱེས་པས། མི་དང་ལྷ་རུ་འཇལ། ཞེས་དང་། སྲིད་ལྷ་གུང་སངས་ཀྱི་སྙེགས་ལས། དུང་གི་ལུག་གུ་འཕུར་ཤེས་ཀྱིས་ལྷ་དང་མིའི་བར་གྱི་འཕྲིན་བགྱིས་ཚུལ་འཁོད་ཡོད་པ་སོགས་ལུག་ལྷ་མིའི་བར་གྱི་ཕོ་ཉ་བར་འཛིན་སྲོལ་ཡོད་པ།
ལུག་གི་བྱུང་རབས་ལོ་རྒྱུས་ལ་མཚོན་ན།
ལྷ་ལ་གཏང་རག་འབུལ་བའི་ལེའུ་ལས། ལུག་གི་ཕ་དང་ཡབ་སྨོས་པ། །གནམ་གྱི་ཤེ་ལུག་རལ་པ་ཅན། །ལུག་གི་མ་དང་ཡུམ་སྨོས་པ། །ས་ལུག་ཞོ་དལ་འཚོས་པའི་བུ། །གཡང་མོ་ལུག་ལ་རིགས་གསུམ་བྱུང་། ། ༡ བྲག་ལུག་སྤུ་རྩ་སྣ་དགོད་དེ། །སྐུ་ལྷ་གསོལ་བའི་ལུག་མ་ལགས། ། འོ་གཉེན་བྲང་གི་རྒྱན་དུ་བཏང་། ། ༢ སྐྱིབས་ལུག་ར་རྩ་འོ་ཐུང་དེ། །སྐུ་ལྷ་གསོལ་བའི་ལུག་མ་ལགས། །ར་ཞོ་ཆ་ཞོ་དང་གིས་ཕོག །དེ་ལ་སྡིག་སྟོད་ནག་ལ་བསྟོད། ། ༣ སྐྱ་ཙམ་བང་ཤ་ར་དཀར་འདི། ། སྐུ་ལྷ་གསོལ་བའི་ལུག་དུ་ཆེ། །ཕྱི་སྤུ་སྐད་དང་ཡན་ལག་ལ། །སྤྲ་རྟགས་བརྒྱད་ཀྱི་དོན་ཀྱང་སྟོན། །བར་གྱི་གནག་པ་རུས་པ་ལ། ། སྤྲ་རྟགས་བརྒྱད་ཅུ་གྱ་གཅིག་གོ ། ནང་གི་དོན་སྙིང་སྣ་ལྔ་ལ། །ཞག་དང་རྒྱུ་མ་ཡར་ཆད་ལ། །སྤྲ་རྟགས་ཉིས་བརྒྱ་གྱ་གཅིག་ཚངས། །ལུག་ལ་སྤྲ་རྟགས་སུམ་བརྒྱ་དྲུག་ཅུ་འཆར་བ་ལགས། ཞེས་ལུག་གི་བྱུང་བ་དང་། ཁྱད་ཆོས། ལུག་མི་འདྲ་བས་ལྷ་མི་འདྲ་བ་གསོལ་བ། ལུག་གི་གཟུགས་གཞི་ལ་དུས་ཞག་ཚངས་ཚུལ་སོགས་བཤད་པ་སྣ་མང་ཡོད།
ཕོ་ལྷ་ཡོ་བཅོས་གཏོ་དགུ་ལས། ལུང་བྱུང་གང་ནས་བྱུང་། །ནམ་མཁའ་འབྱུང་བའི་རུ་མ་ལས། །སྒོང་ང་རྣམ་པ་གཉིས་སུ་བྱུང་། །དུང་སྒོང་རྡོལ་བ་ནས། །གནམ་ལུག་བལ་ཆེན་བྱུང་། །གསེར་སྒོང་རྡོལ་བ་ནས། །ས་ལུག་གྲོ་བོ་བྱུང་། །དེ་གཉིས་བཤོས་པ་ལས། །ལུག་གུ་རིན་ཆེན་བྱུང་། །ཞེས་ལུག་སྒོང་ང་ལས་བྱུང་བར་བཤད།
མདོ་དྲི་མེད་གཟི་བརྗིད་ལས། ཐོག་མར་སྲིད་པ་ཆགས་པའི་སྐབས་སུ་སྲིད་པ་ཡེ་སྨོན་རྒྱལ་པོའི་དགོངས་པ་ལ། གསེར་དངུལ་རིན་ཆེན་སྣ་ལྔ་ལ་སེམས་མེད་པས་དགོས་འདོད་འབྱུང་མི་ནུས། སྐྱེ་འགྲོ་མིའི་བུ་རིན་ཆེན་དང་མཚུངས་པའི་ནོར་བུ་དགོས་འདོད་ཀུན་འབྱུང་ཞིག་འཇོག་པར་དགོངས་ཏེ། མི་འཕྲོད་པའི་རྫས་སྣ་བཅུ་གསུམ་སྤྲིན་དཀར་ཟལ་གྱི་ནང་དུ་གཏུམས་ནས་ཡོད་རི་དར་དཀར་གྱི་རྩེ་ལ་བཞག་སྟེ་སྨོན་ལམ་གཏབ་པ། བདག་སྲིད་པ་ཀུན་གྱི་རྗེ་བོ་ཡིན། །མི་བུ་རིན་ཆེན་དཀོར་ནོར་ལ། །རང་དང་འདྲ་བའི་ནོར་ཞིག་འདོད། །བཞགས་ན་མཚར་ལ་བཙོང་ན་བྲིམས། །གསོ་སྙན་ཉ་ར་དབང་པོ་གསལ། །ཟ་བའི་ཟས་དང་སྐོམ་པའི་བཏུང་། །གོན་པའི་གོས་དང་བསགས་པའི་ནོར། །གཡང་གི་རུ་མ་སྨིན་པར་ཤོག །ཅེས་སྨོན་ལམ་བཏབ་སྟེ་བཞག་པས་ཞག་གསུམ་དྲོས་བཞིའི་ནང་པར་སྲིད་པ་ལུག་དང་མཐུན་པའི་སེམས་ཅན་ཆེ་ཆུང་ཚད་དུ་རན་པ། མགོ་བོ་རི་དྭགས་འདྲ་བ། སུག་པ་གཡུང་དྭགས་འདྲ་བ། སྤུ་ནི་ལྷོ་སྤྲིན་འདྲ་བ། །སྐད་ནི་སྙན་ལ་གདུང་བ། མཐོང་ན་ཉམས་དགའ་བ། དཔྱད་ན་ཡིད་དུ་འོང་བ། བཞག་ན་སྨར་བ། བཙོང་ན་མི་ལ་བྲིམས་པ། གོང་དང་རིན་ཐང་ཆེ་བ། ཞོ་ལ་གསོས་སུ་འབྱུང་བ། སྤུ་ལ་གོས་སུ་འབྱུང་བ། ཕྱ་གཡང་འཕེལ་ཁ་རྒྱས་པ། ཡེ་རྗེ་སྨོན་པའི་ལུགས་དང་མཐུན་པ་རུ་བྱུང་བས་སྲིད་པ་ལུག་ཞེས་བྱ་བར་བཏགས་སོ། །ཞེས་པ་ལྟར་སྲིད་པ་ཡེ་སྨོན་རྒྱལ་པོས་ཕྱི་རབས་བུ་ཚ་རྣམས་ལ་མི་ལུས་རིན་པོ་ཆེ་དང་མཚུངས་པའི་ནོར་བུ་ཡང་རིན་ཆེན་ཞིག་འཇོག་པར་དགོངས་གཞག་པ་མ་ཟད། ལུག་ཞེས་པའི་མིང་ཡང་སྲིད་པ་རྒྱུན་མི་འཆད་པར་ལུག་འབྱུངས་སུ་ཡེ་སྨོན་རྒྱལ་པོའི་དགོངས་པ་དང་མཐུན་པ། གོ་རིམ་མ་འཆོལ་བ། ཆ་མཚུངས་པ། དགོས་རྒུ་འབྱུང་བ་བཅས་སྲིད་པའི་འཕེལ་ཁ་རྒྱས་པའི་རྟེན་འབྲེལ་ལ་དམིགས་ནས་བཞག་པར་བཤད་པའི་ལྷ་སྒྲུང་གི་ནང་དོན་རྣམས། མི་ལོ་ཁྲི་སྟོང་མང་པོའི་རིང་བོད་པ་མི་རབས་མང་པོས་རྒྱུན་འཛིན་དང་གཅེས་ཉར་བྱས་ནས། ལོ་གསར་གཙོ་བོར་གྱུར་པའི་གལ་ཆེའི་རྟེན་འབྲེལ་གྱི་མཛད་སྒོ་རྣམས་སུ་བཤམས་མཆོད་བྱ་སྲོལ་ཡོད།
དེ་ལྟ་བུའི་ལྷ་སྒྲུང་གི་ཕུགས་ནི་ཐོག་མར་སྲིད་པ་ཆགས་པའི་དུས་ལ་གཏུགས་ཡོད་པས་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་ལ། སྤྱིར་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་མང་པོར་སྲིད་པ་ཆགས་རབས་ཀྱི་ལོ་རྒྱུས་ལྷ་སྒྲུང་དང་འབྲེལ་བ་མང་པོ་ཞིག་འཆད་རྒྱུ་ཡོད་པའི་ནང་ནས་བོད་ལ་མཚོན་ན། གདོད་མའི་མེས་པོ་དག་གི་ལྟ་ཚུལ་ལས་བྱུང་བའི་སྒོང་སྐྱེས་ཀྱི་འཇིགས་རྟེན་ཆགས་ཚུལ་ཞིག་སྟེ། དབུ་ནག་མིའུ་འདྲ་ཆགས་ལས། དང་པོ་ཡེ་མེད་སྟོང་པ་ལ། །དེ་ལ་ཡེ་ཡོད་ཅུང་ཅམ་སྲིད། །དེ་ལ་འོད་དང་ཟེར་དུ་སྲིད། །འོད་ནི་ཕ་ལ་ཟེར་ནི་མ། །དེ་ལ་སྨག་དང་སྨྲིག་ཏུ་སྲིད། །དེ་ལ་སེར་བུ་ངད་ཙམ་སྲིད། །དེ་ལ་བ་མོ་སྤུ་ཙམ་སྲིད། །དེ་ལ་ཟིལ་པ་ཁྲོམ་ཙམ་སྲིད། །བ་མོ་དང་ཟིལ་པ་བལྡེབས་པ་ལས། །མཚོ་མེ་ལོང་ཙམ་ཞིག་དེ་ན་སྲིད། དེ་ལ་ཞགས་སུ་ཆགས། སྒོང་དུ་འདྲིལ། སྒོང་ང་རྡོལ་བའི་ནང་ཤེད་ནས། བྱ་གླག་དཀར་ནག་གཉིས་སྲིད་པ་ལ། སྣང་བ་འོད་ལྡན་དང་། མུན་པ་ཟེར་ལྡན་གཉིས་སྲིད། སྣང་མུན་གཉིས་པོ་བསྡེབས་པ་ལས། སྒོང་ང་དཀར་ནག་ཁྲ་གསུམ་སྲིད། སྒོང་ང་ཁྲ་བོ་རྡོལ་བ་ལས། སྨན་མོ་མི་ལམ་ལམ་ལུམ་ལུམ་སྲིད། དེ་ལ་ལྟ་བའི་མིག་མེད། ཉན་པའི་རྣ་བ་མེད། སྣོམ་པའི་སྣ་མེད། མྱང་བའི་ལྕེ་མེད། རྙོབ་པའི་ལག་པ་མེད། འགྲོ་བའི་རྐང་པ་མེད། བསམ་པའི་ཡིད་འགྱུ་བ་ཙམ་ཞིག་ཡོད་པ་ལ། ལྟ་བའི་མིག་དོད། ཉན་པའི་རྣ་བ་དོད། སྣོམ་པའི་སྣ་དོད། མྱང་བའི་ལྕེ་དོད། རྙོབ་པའི་ལག་པ་དོད། འགྲོ་བའི་རྐང་པ་དོད། དེ་ལ་རང་གིས་མིང་བཏགས་པ། སྲིད་པ་སང་པོ་འབུམ་ཁྲི་ཞེས་བཏགས། སྲིད་པ་སང་པོ་འབུམ་ཁྲི་ལ། ཡེ་སྨོན་རྒྱལ་པོ་ཞེས་ཀྱང་བྱ་ཞེས་དང་། ཡང་ལྷ་འདོག་ལས། བསྐལ་པ་དུས་ཀྱི་དང་པོ་ལ། ཡེ་ཡོད་ནམ་མཁའི་གཞི་ཞིག་སྲིད། །དུས་ཀྱི་སྲིད་པ་བར་མ་ལ། །འོད་དང་ཟེར་གྱི་ནམ་མཁའ་སྲིད། །དུས་ཀྱི་སྲིད་པ་མཐའ་མ་ལ། །ཟིལ་ཙམ་ཁྲོམ་ཙམ་ཞིག་ཏུ་སྲིད། །དེ་ལ་ཡབ་ཀྱི་བྲག་རི་སྲིད། །བྲག་དང་མཚོ་གཉིས་སྲིད་པ་ལས། །ཡ་མཚན་:སྦུ་[ལྦུ་]བ་དགུ་རུ་སྲིད། །:སྦུ་[ལྦུ་]བ་ལ་ནི་སྒོང་དུ་འདྲིལ། །དུང་སྒོང་དཀར་པོ་བརྡོལ་བ་ལས། །ཡབ་ཅིག་སང་པོ་འབུམ་ཁྲི་སྲིད། །གཡུ་སྒོང་སྔོན་མོ་རྡོལ་བ་ལས། །ཡུམ་གཅིག་ཆུ་ལྕམ་རྒྱལ་མོ་སྲིད། །སྲིད་པ་དེ་གཉིས་བཤོས་པ་ལས། །སྲིད་པ་ཕོ་དགུ་མོ་དགུ་སྲིད། །ཅེས་ལྷ་མི་སྲོག་ཆགས་ཀུན་གྱི་མེས་པོར་གྱུར་པ་ཡབ་སྲིད་པ་སང་པོ་འབུམ་ཁྲི་སམ་ཡེ་སྨོན་རྒྱལ་པོ་དང་། ཡུམ་ཆུ་ལྕམ་རྒྱལ་མོ་གཉིས་ལས་ལྷ་རབས་སྲིད་པ་ཆགས་པའི་ལྷ་དགུ་ནས་བཟུང་མཁར་གྱི་རྩེ་ལྷ་ཐོག་པ་དང་སྒོའི་སྒོ་ལྷ་སྟག་གཡག་བར་གྲོལ་བ་དང་། ལྷ་ལས་མི་རབས་མཆེད་བཞི། མིའུ་གདོང་དྲུག སྤུ་རྒྱལ་གྱི་ཐོག་མ་གཉའ་ཁྲི་བཙན་པོ་སོགས་ཀྱི་བྱུང་ཚུལ་དང་། ཞིང་ཁའི་ལོ་ཐོག་གི་ཐོག་མ་སྔོན་མོ་ནས་དང་། འབྲོག་པའི་སྒོ་ཟོག་གི་ཐོག་མ་ལ་ལུག །གཡོས་སྦྱོར་ཟས་ཀྱི་ཐོག་མ་ལ་ཞིང་ཁའི་ནས་སྔོན་མོའི་ཕྱེ་མ་དང་འབྲོག་པའི་ལུག་གི་འོ་མ་ལས་ཐོན་པའི་མར་གཉིས་སྦྱོར་བའི་ཕྱེ་མར་བྱུང་ཚུལ་སོགས། འབྲེལ་ཆགས་ཤིང་གོ་རིམ་དང་ལྡན་པ། གནའ་བོའི་ཡུལ་སྲོལ་ལ་བཅོས་བསྒྱུར་གྱི་ཤས་ཆུང་བ། གདོད་མའི་མིའི་འཇིག་རྟེན་ལྟ་ཚུལ་དང་། སྤྱི་ཚོགས་ཀྱི་གནས་བབ། འཚོ་བའི་གོམ་གཤིས་སོགས་མཚོན་པའི་ཤེས་རིག་མང་པོ་ཞིག་ལོ་སྟོང་ཕྲག་མང་པོའི་རིང་དམངས་ཁྲོད་དུ་གཅེས་ཉར་དང་རྒྱུན་འཛིན་བྱས་དང་བྱ་མུས་སུ་ཡོད་ལ། དེ་མཚུངས་ཡིག་ཐོག་ཏུའང་དམངས་སྲོལ་གྱི་གཏོ་ཆོག་དང་། ལྷ་སྒྲུང་། འབེལ་གཏམ། སྒྲུང་ཡིག །གནས་ཡིག །ལོ་རྒྱུས། རྣམ་ཐར་སོགས་སུ་དེ་དག་གི་བཤད་པ་རྣམ་པ་མི་འདྲ་བ་སྣ་ཚོགས་ཀྱི་ལམ་ནས་མཐོང་དུ་ཡོད་པ་དང་། ངག་ཐོག་ཏུའང་གནའ་སྒྲུང་གཏམ་བཤད་སོགས་ཀྱི་ལམ་ནས། གདོད་མའི་དུས་ཀྱི་མེས་པོ་གོང་མ་རྣམས་ཀྱིས་རང་བྱུང་ཁམས་འདིར་འཚོ་གནས་ཀྱི་ཁྱིམ་གཞིས་བསྐྲུན་པའི་བརྒྱུད་རིམ་གྱི་ལོ་རྒྱུས་རིག་གནས་སྣ་མང་ཞིག །
ཐོག་མར་དམངས་སྲོལ་དང་ངག་ཐོག་ནས་བརྒྱུད་འཛིན་བྱས་པ་རྣམས་རྗེས་སུ་འགའ་ཤས་ཡིག་ཐོག་ཏུ་བཀོད་པ་དང་། འགའ་ཤས་སྔར་བཞིན་ངག་ཐོག་ནས་རྒྱུན་འཛིན་བྱས་པ་ཞིག་ཡིན་རུང་། ད་ལྟའི་ཆར་དམངས་སྲོལ་དང་དེའི་བཤད་པ་གཉིས་ཁ་བྲལ་དུ་སོང་བ་མང་བས། དེ་དག་གི་ཁུངས་ལྡན་ལོ་རྒྱུས་དང་རྒྱུ་མཚན་ཤེས་པ་ལ་དགོས་མཁོ་ཡོད་པར་སེམས་ནས། གནམ་ལོ་གསར་པ་ཤར་ལ་ཉེ་ཞིང་ལུག་མགོ་དང་ཕྱེ་མར་བཤམས་མཆོད་ཀྱི་ཆོ་གའི་ལས་ལ་བྲེལ་བའི་དུས་འདིར། སྔར་བྲིས་བཟའ་བཏུང་ཤེས་རིག་གི་ཟིན་ཐོ་ནས་ཁོལ་དུ་ཕྱུངས་ཏེ། སྔོན་བྱུང་ལོ་རྒྱུས་ལ་མི་རྨོངས་པར་ཡབ་མེས་མཚུན་ལྷ་དག་གི་རྗེས་དྲན་གྱི་ཚུལ་དུ་ཕུལ་བའོ། །
ཕྱེ་མར་དང་ཆང་ནི།
མདོ་དྲི་མེད་གཟི་བརྗིད་ལས། སྔོན་སྲིད་པ་ཡེ་སྨོན་རྒྱལ་པོ་ཡིས། །འགྲོ་བ་སེམས་ཅན་གསོ་སྦྱིན་དུ། །འབྲུ་ལས་སྔ་བ་ནས་སུ་བྱུང་། །ལུག་དང་ནས་གཉིས་མཐུ་བསྡེབས་པས། །(ལུག་ལས་འབྱུང་བཞིན་གྱི་གཏམ་དཔེ་དང་།)།སྔོན་མོ་ནས་ཀྱི་སྨྲང་མ་སྲིད། །ད་སྲིད་པ་ལུག་ལུགས་ལུག་ལ་ལུགས། །ལུག་ལྷ་བ་བལ་ཆེན་བཞོས་པ་ལས། །འོ་མའི་སྙིང་པོ་མར་དུ་བྱུང་། །སྔོན་མོ་ནས་ཀྱི་ཕྱེ་མ་དང་། །སྙིང་པོ་མར་གྱི་བཅུད་བསྡེབས་པས། །ཕྱེ་མར་འོལ་སྐོམ་གསོས་སུ་བྱུང་། །དེ་མདུད་ལྷ་སུམ་བརྒྱའི་གསོལ་ཟས་བྱས། །སྔོན་མོ་ནས་ཀྱི་ཉིང་ཁུ་དང་། །རྩི་བཅུད་འོ་མ་སྲིད་པ་ལས། །ཨརྒམ་ཕུད་ཀྱི་མཆོད་པ་བྱུང་། །དེ་མདུད་ལྷ་སུམ་བརྒྱའི་སྐྱེམས་སུ་བྱས། །ཞེས་པ་དང་། ཟས་དང་སྐྱེམས་མཆོད་པའི་དགྱེས་ཉམས་ཀྱི་སྒྲ་སྐད། ཨ་ལ་ལ་ཞེས་པ་བྱུང་ཚུལ་སོགས་དམངས་སྲོལ་གྱི་གཏམ་བརྒྱུད་རྒྱ་ཆེ་ལ་རྒྱུན་རིང་བ་མང་པོ་ཞིག་ཤོད་རྒྱུ་ཡོད་མོད། མདོར་བསྡུ་ན་སྲིད་པ་ཐོག་མར་ཆགས་པའི་སྐབས་སུ་འགྲོ་བ་མིའི་ཟས་ཀྱི་ཐོག་མ་ཕྱེ་མ་དང་། བཏུང་བའི་ཐོག་མ་ཆང་དང་འོ་མ། འབྲོག་པའི་སྒོ་ཕྱུགས་ཀྱི་ཐོག་མ་ལུག་ཡིན་པ་དང་། ཞིང་པའི་འབྲུ་རིག་གི་ཐོག་མ་ནས་སྔོན་མོ་ཡིན་ཞིང་། དེ་གཉིས་གཡོས་སྦྱོར་ལག་རྩལ་གྱིས་བསྡེབས་པ་ལས་ཟས་ཀྱི་ཐོག་མ་ཕྱེ་མར་དང་། སྐོམ་སེལ་སྐྱེམ་གྱི་ཐོག་མ་ཆང་དང་འོ་མ་བྱུང་ཚུལ་སོགས་བཤད་པ་ནི་འཚོ་བ་དངོས་ཀྱི་བྱུང་བ་ཡིན་ལ། དེ་ནས་བཟུང་གནའ་མི་རྣམས་ཀྱི་འཚོ་གནས་ཀྱི་བརྒྱུད་རིམ་ནང་དུ། ཡབ་མེས་བདུན་རྒྱུད་ཀྱི་མཚུན་ལྷ་ནི་ཕྱི་རབས་མིའི་མགོན་སྐྱབས་དང་དཔུང་གཉེན་དུ་གྱུར་པ། ཕྱི་རབས་ཀྱི་བུ་ཚ་རྣམས་ཀྱིས་ཡབ་མེས་བདུན་རྒྱུད་ཀྱི་མཚུན་ལྷ་རྣམས་བཟའ་བཏུང་ཕུད་ཀྱིས་མཆོད་དེ་མཆོད་ཡུལ་དང་མཆོད་བྱེད་ཀྱི་འབྲེལ་བ་བྱུང་ལ། དེ་གཉིས་ཀྱི་བར་ན་མཆོད་ཡོན་འབྲེལ་མཐུད་མཁན་གྱི་ཕྱ་བོན་བྱུང་བ་སྟེ། ཕྱ་བོན་གྱི་ཞལ་ནས། ཞལ་དུ་ཕྱེ་མར་འོ་སྐོམ་འདྲེན། །མགུལ་དུ་ནས་ཆང་སིང་མ་ཞུ། །དབུ་ལ་བལ་དཀར་སྟོན་མོ་བྱེད། །ཅེས་པ་སོགས་མང་རུང་དེ་ཙམ་མོ། །ད་ལྟའི་དབུས་ཁུལ་གྱི་གྲོ་སོ་ཕྱེ་མར་དང་གནའ་བོའི་ཕྱེ་མར་གཤམ་སྲོལ་གྱི་བར་ལ་ཁྱད་ཅུང་ཟད་ཡོད་པ་སོགས་ནི་ཞོར་དུ་ཤེས་ནུས་པས་མ་སྨྲས་སོ། །
དེ་འདྲའི་དམངས་སྲོལ་དག་གནའ་ནས་ད་ལྟའི་བར་མི་ལོ་སྟོང་ཕྲག་མང་པོའི་རིང་རྒྱུན་འཛིན་བྱས་ཡོད་རུང་། ད་ལྟའི་ཆར་དེ་དག་ལོ་རྒྱུས་དང་ཁ་བྲལ་ནས་ཁུངས་མེད་ཀྱི་འགྲེལ་བཤད་མང་བའི་སྐབས་འདིར། གནའ་གདོད་མའི་མེས་པོ་དག་གི་ལོ་རྒྱུས་དངོས་ལ་ཕྱི་མིག་བལྟ་བའི་འདུན་པ་ཅན་དག་གིས་ཚད་ལྡན་གྱི་ཡིག་ཆ་དང་ཁུངས་ལྡན་གྱི་དམངས་སྲོལ་ལ། ཕྱིས་དར་མི་རིགས་རིག་པའི་དཔྱད་ཐབས་བེད་སྦྱད་དེ་བལྟ་ཤེས་ན། གནའ་བོའི་ཤེས་རིག་ལོ་རྒྱུས་ཀྱི་དོན་དངོས་མང་པོ་མཐོང་ཐུབ་པ་ནི་བཤད་མ་དགོས་པ་རེད། ཅེས། བོད་ཀྱི་བཟའ་བཏུང་ཉམས་ཞིབ་ཆེད་རྒྱལ་མོ་ཚ་བ་རོང་དུ་བསྐྱོད་སྐབས་དེ་ཁུལ་གྱི་དུད་རྙིང་འགའ་ཞིག་གི་ཀ་བའི་ངོས་སུ། ལུག་མགོ་སྐམ་པོ་མང་པོ་ཞིག་བཤམས་མཆོད་བྱས་པ་མཐོང་བ་ལས། སྔར་ཟིན་ཐོ་བཀོད་པ་རྣམས་དཀྱུས་གཅིག་ཏུ་བསྒྲིགས་ནས་སྤྱི་ལོ་༢༠༡༩ལོའི་ཟླ༡་ཚེས༢༥ཉིན་ཀརྨ་བདེ་ལེགས་ཀྱིས་ཕུལ་བའོ། །
གསལ་འདེབས། རྩོམ་འདིའི་པར་དབང་ངེད་བཙན་པོ་ཚང་ལ་དབང་བས་ཆོག་མཆན་མ་ཐོབ་པར་གང་འདོད་དུ་བརྒྱུད་འགོད་བྱེད་མི་ཆོག
རྩོམ་ཁུངས། བཙན་པོ་ཚང་།
རྩོམ་འདིའི་སྦྲེལ་ཐག http://www.tsanpo.com/debate/29144.html
2019 ལོའི་ཟླ 2 ཚེས 3 ཉིན། 01:24
ཀརྨ་བདེ་ལེགས་ཀྱི་ཆེད་རྩོམ་ཡག་བྱུང་། མ་ཤེས་པ་དང་གསལ་འདེབས་མང་པོ་ཞིག་བྱས་བྱུང་བས་བཀའ་དྲིན་ཆེ་ཞུ། ནམ་རྒྱུན་ལུག་མགོ་ལ་དོ་སྣང་མེད་པ་མ་ཟད། དེ་འབྲེལ་ཟས་རིག་སམང་པོ་ཞིག་ལའང་དོ་སྣང་བྱུང་ཐུབ་མེད། ཉིད་ཀྱིས་འདིར་དོ་སྣང་གནང་དགོས་པ་མང་པོ་གསལ་ཁ་གནང་འདུག་བས་ཡག་བྱུང་ཞུའོ།།