ལོ་ངོ་འགའ་ཡི་སྔོན་ནས་བཟུང་མཁན་པོ་ཡིན་ལ་དཔོན་པོ་ཡང་ཡིན་པའི་དུས་མཐའི་ཆོས་དཔོན་སྟོབས་གྲགས་ཅན། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཞུ་བ་སོགས་ཀྱིས་ལོ་ངོ་སྟོང་གི་ཡར་སྔོན་ནས་འཇིག་ཟིན་པའི་གནའ་བོའི་བཙན་རྒྱལ་དུས་ཀྱི་ལམ་སྲོལ་རྙིང་ཀོག་ཅིག་ཡུལ་གསེར་རྟའི་ཕྱོགས་ཀྱི་བོད་མི་ཉམ་ཆུང་ཚོའི་ནང་ནས་རོ་ལངས་བྱེད་དུ་བཅུག
སྐབས་དེ་ཙམ་ནས་དུས་ལྟའི་བར་༼གློས་ཁྲིམས༽་གང་འདིས་ནི་མིའི་ཐོབ་དབང་སོགས་རྩད་ནས་མི་ཤེས་ལ་གཏན་ནས་ཡོད་མ་མྱོང་བའི་ཡུལ་མི་ག་ཙམ་ཞིག་གི་འཚོ་བའི་སྐྱེ་སྒོ་བཙན་གྱིས་བཀག་ནས་མི་འདོད་སྡུག་ལ་༼ཁྲིམས་༽ཀྱིས་སྦྱར་བ་གྲངས་ཀྱིས་ཟིན་ས་མེད་མོད། ཡུལ་སྡེ་དེར་ཕྱོགས་སུ་གནས་བགྱིས་ཤིང་ཆོས་སྡེ་དེ་དག་གི་དབང་ན་ཡོད་པའི་འབངས་སྐྱོ་བོ་ཚོས་ནི་གློས་ཁྲིམས་བཙན་ཁ་ཅན་དེ་ལ་མི་འདོད་བཞིན་དུ་བསྟུན་པའི་མགོ་བའི་དད་པས་སྒུར་བ་ལས་རྒོལ་བའི་ཞལ་ལྕེ་གཏམ་ལ་འཇོག་མ་ནུས་ལ། ཁོང་ཚོའི་སེམས་སུ་ནི་ཕྱི་མའི་བདེ་སྡུག་དང་དམྱལ་བའི་ཚ་གྲང་ཡོད་ཚད་ཀྱི་མནར་གཅོད་འཇིགས་རྔམ་དག་ཀྱང་ཡུལ་གསེར་རྟའི་ཕྱོགས་ཀྱི་མཁན་པོ་རྒོད་པོ་ཚོའི་ལག་འོག་དབང་འོག་ན་ལོས་ཡོད་འདོད་ན་དེ་ཚོར་ཡང་ཅི་ཁག་སྟེ། བསམ་ཤེས་བྱ་ཐུབ་ལ། ལྟོ་གོས་འཚོ་དོན་སོགས་ཀྱིས་མནར་སྡུག་ལུས་ཀྱིས་མ་ཐེག་པར་རང་རྒྱུ་ལྐོག་འཚོང་བྱེད་མཁན་རེ་གཉིས་དང་། གནས་ལུགས་རྒྱུ་མཚན་གྱི་གཏམ་སྣེ་ཟུར་ཙམ་གླེང་མཁན་དག་ལ་ནི་གོང་གི་སྦྱར་ཡིག་ལས་གསལ་བ་བཞིན་༼སངས་རྒྱས་ཀྱི་བསྟན་པ་༽དང་༼སེམས་ཅན་གྱི་བདེ་སྐྱིད༽་ལ་གནོད་ཅིང་འཚེ་སོང་ཟེར་བའི་ཞྭ་མོ་དམར་བོ་ཞིག་གིས་ལུས་སེམས་ཀུན་པོ་ཀུན་ནས་གཡོག་སྟེ་མྱི་གྲལ་སྡེ་གྲལ་ནས་རྒྱང་ལ་ཕུད་ཅིང་། འདུག་སའི་གནས་ཡུལ་དང་འགྲོ་སའི་ལམ་ངོགས་ཡན་ཆོད་པོ་བཙན་གཅོད་བཙན་འགོག་བྱེད་ཀྱིན་ཡོད་པ་གཅིག་དང་གཉིས་ཙམ་ག་ལ་ཡིན། ཉན་ན་འཇིགས་ཡེར་ཞིང་བསམ་ན་རུས་གཟེར་བའི་ལས་འདི་དང་ཚུལ་འདི་ལ་ནི་བདེན་པའི་སྟོབས་ལ་ཡིད་ཆེས་ཤིང་མི་ཇུས་བསམ་བློས་ཡིད་བརླན་པའི་བོད་མི་ཡི་གེ་བ་ཁེར་རྐྱང་འགའ་ཡིས་ཡང་དང་བསྐྱར་དུ་སྨྱུ་གུས་གཡུལ་བཤམས་ནས་ཞི་བའི་ལམ་བསྟན་པ་ཡང་ཉུང་ཉུང་མིན། ཡིན་ན་ཡང་།དུས་མཐའི་ཆོས་དཔོན་སྟོབས་པོ་ཆེ་དག་གི་སྟོབས་ནི་སྔར་ལས་ཇེ་ཆེ་ཇེ་ངར་ཡིན་ལ། དགེ་བཅུའི་གློས་ཁྲིམས་ཡང་ཇེ་བཙན་ཇེ་ཐུ་ཡིན་པས་ཡུལ་མི་ཉམ་ཆུང་དག་གི་མགོ་ལ་འཐིབས་པའི་སྡུག་གི་མུན་པ་ནི་སྔར་བཞིན་སངས་ཐབས་དཀའ་ན། ད་ནི་ཁོང་ཅག་གིས་ཚུར་བསྟར་བའི་ཁྲིམས་ཞེས་པ་དེ་ཕྱིར་སྟོན་དགོས་འདུག་སྟེ། འཛམ་གླིང་ཧྲིལ་བོ་འདིའི་སྒང་གི་འགྲོ་བ་མི་ཡོད་དོ་ཅོག་ལ་ཡོངས་ཁྱབ་ཏུ་ཡོད་པའི་གཞི་རྩའི་ཐོབ་ཐང་གང་ལ་ཡང་ཚོགས་པའམ་མི་སྒེར་གང་ཞིག་གིས་གང་བསམ་གང་འདོད་ཀྱིས་རྡོག་རོལ་དང་བཙན་གནོད་ཐེབས་མི་ཆོག་ལ་། དེ་ལྟར་བྱེད་མཁན་ནི་མིའི་རིགས་ཀྱི་རང་བྱུང་གི་ཁྲིམས་དང་འགལ་བའི་རྩོད་མེད་ཀྱི་ཉེས་ཅན་ཡིན་ན། རང་རྒྱུ་བཀོལ་སྤྱོད་ལ་བཀག་འགོག་དང་དད་མོས་ཆོས་སྒོ་བཙན་གཅོད་བྱེད་པ་སོགས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ལས་སྒེར་གྱི་རྒྱུ་ནོར་བདག་དབང་དང་ཆོས་དད་རང་དབང་གཉིས་ལ་ངོམ་སུམ་རིག་རིག་གིས་བཙན་འཛུལ་རྡོག་རོལ་གཏོང་བའི་ཡུལ་གསེར་རྟའི་ཕྱོགས་ཀྱི་ཁྲིམས་དཔོན་སྟོབས་ཆེན་ཚོའི་སྦྱོར་བ་འཇིགས་པོ་འདི་དག་ནི་རྒྱལ་ཁབ་གང་ཞིག་གི་ཁྲིམས་རིགས་བཅའ་ཡིག་དང་འགལ་བ་ཙམ་མིན་པར། འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་གི་ངོ་བོར་ལྡོག་ཏུ་ལངས་པའི་གདོལ་བོའི་བྱེད་སྤྱོད་འབའ་ཞིག་ཡིན་པས་ནང་བའི་ཆོས་ལུགས་ལག་ཆར་བྱས་ཏེ་མིའི་གཞི་རྩའི་ཁེ་དབང་ལ་བཙན་འཛུལ་བྱེད་པའི་ཆོས་དཔོན་དག་ལ་ཡང་དམིགས་གསལ་གང་ཡང་མེད་དེ། ཁྱོད་ཚོས་ནང་བའི་ཆོས་ལུགས་ལག་ཆར་སྤྱད་ནས་རང་བསམ་གང་འདོད་ཀྱིས་ཁྲིམས་བཟོས་ཏེ་གཞན་གྱི་ཁེ་དབང་ལ་གནོད་འཛུགས་ཆོག་ན། ང་ཡིས་འགྲོ་བ་མིའི་རིགས་ཀྱིས་ཀུན་ཁྱབ་ངོས་ལེན་ཐོབ་པའི་གཞི་རྩའི་ཐོབ་དབང་གི་རྩ་དོན་ཁྱེར་ནས་ཁྱོད་ལ་རྒོལ་མི་ཆོག་པ་གང་ཡང་མེད་དེ། ཁ་ནས་འགྲོ་བ་རིགས་དྲུག་དང་སེམས་ཅད་ཐམས་ཅད་ཟེར་བཞིན་དོན་ལ་རིགས་གཅིག་སྤུན་ཟླའི་འཚོ་གནས་ཀྱི་སྲོག་རྩ་བཀག་པ་ནི་ཆོས་ལུགས་གང་ཞིག་གི་གཞི་རྩའི་དགོངས་དོན་དང་རྒྱབ་འགལ་ཡིན་ལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་རྗེས་འཇིག་རྟེན་ཁྱིམ་པ་བའི་འཚོ་ཚས་གཉེར་སྟངས་ལ་ལག་འཇོག་པ་ནི་རྒྱལ་སྲས་ཐུབ་དབང་གིས་བསྟན་པའི་ཐར་བའི་ལམ་སྙེགས་སྟངས་ཤིག་ཀྱང་རྦད་དེ་མིན་པས། ད་ནི་ཁོང་ཚོས་འདི་ལྟར་ཁྲིམས་མེད་སར་༼ཁྲིམས་༽བཟོས་ནས་༼ཁྲིམས་༽བསྟར་ཚེ་ང་ཚོས་ཀྱང་རང་གི་ཁེ་དབང་སྲུང་བྱེད་ཀྱི་ཁྲིམས་ཁྱེར་ནས་ཁྲིམས་ཀྱིས་རྒོལ་དགོས་ལ། ཁྲིམས་དཔོན་དག་ཁྲིམས་ལ་གཏུག་པ་ལས་ཐབས་མེད་དོ།།