ལེ་རཱ་བོ་རོལ་ཏེན་སུ་ཁེ་ཡིས་བརྩམས།
འབུམ་ཤུལ་ཐུབ་བསྟན་བློ་གྲོས་ཀྱིས་བོད་ཡིག་ཏུ་བསྒྱུར།

༄༅། ང་རང་ཨོ་སུ་ཊེ་ལི་ཡ་Australia་རྒྱལ་ཁབ་གྱི་བྱང་ཕྱོགས་ཀྱི་ཁེ་ཕུ་ཡོག་CapeYork་ས་ཆའི་མིང་དུ་ཕོམ་ཕུ་རའོ་Pormpuraaw་ འབོད་པའི་གདོད་གནས་མི་མང་གི་སྡེ་བ་ཆུང་ཆུང་ཞིག་ཏུ་འགྲོ་སྐབས་བུ་མོ་ལོ་ལྔ་ཅན་ཞིག་ལ་འཕྲད། ངས་མོ་ལ་བྱང་ཕྱོགས་གང་ཡིན་སྟོན་རོགས་ཅེས་སྨྲས་ཚེ། མོ་རང་གིས་ཐེ་ཚོམ་མེད་པར་དེ་མ་ཉིད་ནས་ཕྱོགས་གཅིག་ཏུ་མཛུབ་སྟོན་བྱས་པ་དང་། ངའི་ལས་རོགས་ཀྱིས་ཕྱོགས་དེ་འགྲིག་འདུག་ཟེར། །དེ་རྗེས་ང་རང་སི་ཏན་ཧྥོལ་ཊི་Stanford་སློབ་ཆེན་ལ་ལོག་ནས་གཏམ་བཤད་འདུ་ཁང་ཞིག་གི་ནང་ནས། གཟིགས་མོར་ཕེབས་པའི་མཁས་ཆེན་ཚན་རིག་གཟེངས་རྟགས་དང་ཤེས་རིག་བྱ་དགའ་བཞེས་མྱོང་མཁན་དག་ལ་དྲི་བ་འདི་ཇི་བཞིན་ཏུ་ཞུས་པ་ཡིན། ཁོ་ཚོའི་ཁྲོད་ཀྱི་འགའ་ཞིག་གིས་ནི་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་འདུ་ཁང་འདི་ག་ནས་འཆད་ཁྲིད་གསན་པར་རྒྱུན་འཁྱོང་བྱས་ཡོད་པ་རེད། ངས་ཁོ་ཚོ་ལ་སྤྱན་བཙིམ་ནས་བྱང་ཕྱོགས་གང་ཡིན་སྟོན་ཅིག་ཞེས་ཞུས་སྐབས། མང་པོ་ཞིག་མགོ་འཁོར་ནས་ལན་མ་བཏབ་པ་དང་། ལན་བཏབ་མཁན་དེ་ཚོས་བསམ་བློ་ཏོག་ཙམ་གཏོང་རྗེས་ཡིན་པར་སྙམ་པའི་ཕྱོགས་གང་རུང་ལ་མཛུབ་སྟོན་བྱས་སོང་། ངས་ཉམས་ཚོད་འདི་ད་དུང་ཧ་ཧྥོལ་ཊི་Harvard་སློབ་ཆེན་དང་ཕུར་སིན་ཊོན་Princeton་སློབ་ཆེན། དེ་བཞིན་མཱོ་སུ་སྒང་Moscow་ དང་ལོན་ཊོནLondon། པེ་ཅིང་Beijing་སོགས་ནས་བསྐྱར་བཟློས་བྱས་ཅིང་མཇུག་འབྲས་གཅིག་མཚུངས་སུ་ཐོན་ནོ། ། ། །

རིག་གནས་གཅིག་རྐྱང་གི་འོག་ན་གནས་པའི་བྱིས་པ་ལོ་ལྔ་ཅན་ཞིག་གིས་སླ་མོར་སྒྲུབ་ཐུབ་པའི་བྱ་བ་དེ་རིག་གནས་གཞན་ལ་བསྟུན་བརྩོན་བྱེད་དགོས་པའི་སྙན་གྲགས་ཅན་གྱི་ཚན་རིག་པ་ཞིག་གིས་སྒྲུབ་དཀའ་བ་དེ་ནི། རྟོག་པའི་འཇོན་ཐང་གི་ཁྱད་པར་ཆེན་པོ་ཞིག་ཡིན་ཏེ། དེ་ལ་རྒྱུ་མཚན་གང་ཞིག་ལྡན་ནམ་ཞེ་ན། ཧ་ལས་དགོས་པའི་ལན་ཞིག་ཐོབ་པ་ནི་དེ་སྐད་རིགས་ལ་རག་ལས་འདུག་པ་དེའོ། ། །

སྐད་རིགས་ཀྱིས་མིའི་རྟོག་པའི་ཐབས་ཀྱི་ཁྱད་པར་དེ་ལམ་སོ་སོར་བྱས་ཡོད་པའི་སྐོར་དུས་རབས་མང་པོ་ཞིག་གིས་སྔོན་ནས་དོ་སྣང་བྱས་ཡོད་པ་ཡིན། ༡༩༣༠ཡས་མས་སུ་ཨ་རིའི་སྐད་རིགས་རིག་པའི་མཁས་པ་ཨེ་ཏུ་དཔལ་ཏུ་སཱ་ཕེལ་Edward Sapir་དང་པེན་ཅ་མིན་ལི་འོ་ཧྥུ་Benjamin Lee Whorf་གཉིས་ཀྱིས་དེ་ལ་གསལ་འདེབས་མཛད་ནས། སྐད་རིགས་མི་འདྲ་བ་བེད་སྤྱོད་བྱེད་མཁན་གྱི་བསམ་བློ་བྱེད་སྟངས་དེ་སྐད་རིགས་ཀྱིས་བརྗེ་བསྒྱུར་དང་གསལ་འབྱེད་བྱེད་ཀྱིན་ཡོད་ཅེས་བརྗོད་པ་རེད། ཁོང་གཉིས་ཀྱི་གསར་ཤེས་དེས་ཚན་རིག་པའི་སྡེ་ལ་སྤྲོ་འུར་ཆུང་ཆུང་སློང་བ་ཡིན་ན་ཡང་། ལྟ་བ་དེ་ལ་བདེན་དཔུང་བྱ་ཐུབ་པའི་སྒྲུབ་བྱེད་ཆ་ཚང་ཞིག་མེད་པའི་ཕྱིར། ༡༩༧༠ཡས་མས་སུ་སྐད་རིགས་དང་བསམ་བློ་གཉིས་ཀ་དབྱེར་མེད་པར་གང་ཟག་ལ་ཡོངས་ཁྱབ་སུ་ཡོད་པར་སྨྲ་བའི་ལྟ་གྲུབ་གསར་བ་དེ་བྱུང་སྟབས། ཚན་རིག་པ་མང་པོ་ཞིག་གིས་སཱ་ཕེལ་དང་འོ་ཧྥུའི་བདེན་གཞི་ལ་དོགས་སེལ་བྱེད་མཚམས་བཞག ། འོན་ཀྱང་། ལོ་བཞི་བཅུའི་རྗེས་ཀྱི་ད་ལྟའི་ཆར། སྐད་རིགས་ཀྱིས་བསམ་བློ་གང་ལྟར་བཟོ་བཀོད་བྱེད་པའི་གནད་དོན་དེ་བརྟག་དཔྱད་བདེན་དཔང་གི་ཕུང་བརྟན་པོ་ཞིག་གིས་འཐུས་ཚང་བར་མངོན་སུམ་བྱས་སོང་སྟེ། བདེན་དཔང་འདི་ཡིས་ཡུན་རིང་གནས་པའི་ཡོངས་ཁྱབ་སྨྲ་བའི་ལུགས་སྲོལ་མཐའ་དག་རྟིང་འོག་བསྒྱུར་བ་དང་རྨོངས་གྱུར་གྱི་ངེས་ཤེས་ཡོད་ཚད་ཕབ་ནས། དེ་དག་ཤེས་རིག་གི་གདོད་མའི་འབྱུང་ཁུངས་དང་དངོས་དོན་གྱི་བཞེངས་བཀོད་ལ་ཚུད་ཐུབ་པར་བྱས། གྲུབ་འབྲས་འདི་ནི་ཁྲིམས་ལུགས། ཆབ་སྲིད་དང་སློབ་གསོ་བཅས་ལ་འབྲེལ་བ་གལ་ཆེ་ལྡན་པ་ཡིན་ནོ། ། ། །

ཤན་སྟོབས་ཀྱི་འོག་ཏུ།

༄། འཛམ་བུ་གླིང་གི་མི་རྣམས་ཀྱིས་སྐད་རིགས་འདྲ་མིན་སྣ་ཚོགས་ཤིག་ལ་བརྟེན་ནས་བརྡ་འབྲེལ་བྱེད་ཀྱི་ཡོད་པ་དང་། ཡོངས་གྲགས་སུ་སྐད་རིགས་བདུན་སྟོང་ལྷག་ཡོད་ཅེས་སྨྲས་པ་ལྟར། སྐད་རིགས་རེ་རེས་དེའི་སྤྱོད་མཁན་སོ་སོ་ལ་མི་མཐུན་པའི་དགོས་འདུན་རེ་འཇོག་གི་ཡོད། དཔེར་ན། ངས་ཨན་ཁོ་པན་ཡཱ་ཞེས་པའི་ཟློས་གར་དེ་སྲང་ལམ་༤༢་པའི་གར་ཁང་ཞིག་ནས་ལྟ་མྱོང་ཞེས་བརྗོད་འདོད་ན། ཕཱ་ཕུ་ནེའུ་ཇེན་ཡཱ་Papua New Guinea་གླིང་ཕྲན་གྱི་མེ་ཨན་Mianསྐད་དུ་འདས་ཟིན་པའི་བྱ་བ་འདི་ལ་ད་ལྟ་རང་བྱས་པ་ཡིན་ནམ། ཁ་སང་ངམ་ཡུན་རུང་སྔོན་དུ་བྱས་པ་ཡིན་པ་སོགས་སོ་སོ་རྟགས་ཀྱི་སྟེང་ནས་སྟོན་ཐུབ་པ་རེད། དེ་མིན་པར་ཨིན་ཏུ་ནེ་ཤི་ཡ་ཡི་སྐད་(I- ndonesian) དུ། བྱ་བ་འདི་བྱེད་བཞིན་པ་ཡིན་ནམ་བྱས་ཟིན་པ་ཡིན་པའི་ཁྱད་པར་སྟོན་མི་ནུས་སོ། ། རཱ་ཤི་ཡའི་སྐད་Rus- sian་དུ་བྱ་ཚིག་དེ་ལས་ངའི་མཚན་མ་གང་ཡིན་མཚོན་ཐུབ་པ་དང་། རྒྱ་ནག་སྤྱི་སྐད་དམ་མཱན་ཏྲིན་Mandarinསྐད་དུ་ཨན་ཁོ་ལ་ཐ་སྙད་གཉིས་ཡོད་དེ། ཕ་ཚན་གྱི་ཉེ་བ་ཡིན་ན་ཨ་ཁུ་དང་མ་ཚན་གྱི་ཉེ་བ་ཡིན་ན་ཨ་ཞང་ཞེས་བཏགས་དགོས་སོ། ། ཡང་ཕེ་རཱ་ཧཱ་Pirahã་ཟེར་བའི་ཨཱ་མ་ཟོན་Amazon་ས་ཆའི་ཡུལ་སྐད་ཞིག་ཏུ། བཞི་བཅུ་ཞེ་གཉིས་ཞེས་བརྗོད་མི་ཐུབ་སྟེ། སྐད་རིགས་འདི་ལས་མང་ངམ་ཉུང་ཞེས་བརྗོད་པ་ལས་ཨང་གྲངས་ཏག་ཏག་གཅིག་མཚོན་པའི་ཐ་སྙད་མེད་པས་སོ། ། ། །

སྐད་རིགས་སོ་སོའི་ཁྱད་པར་ལ་གྲངས་ལས་འདས་པ་ཞིག་མཆིས་ནའང་། མི་ཚོའི་སྐད་རིགས་མི་གཅིག་པས་རྐྱེན་གྱིས་ཁོ་ཚོའི་བསམ་བློ་ཡང་ཁ་ཁར་བཏང་ཡོད་ངེས་ཡིན་ཞེས་བརྗོད་མི་ནུས་ཏེ། ང་ཚོས་བརྟག་དཔྱད་ཞིབ་འཇུག་བྱས་ནས་ད་གཟོད་མེ་ཨན་པ། རཱ་ཤི་ཡ་བ། ཨིན་ཏུ་ནེ་ཤི་ཡ་བ། ཨིན་ཇུ་བ་དང་ཕེ་རཱ་ཧཱ་བ་ཚོའི་སྐད་རིགས་མི་གཅིག་པའི་རྐྱེན་གྱིས་ཁོ་ཚོས་འཇིག་བརྟེན་ལ་ལྟ་ཚོར་དང་། དྲན་འཆིང་། དཔྱོད་འཇུག་བྱེད་སྟངས་སོ་སོར་ལེན་གྱི་ཡོད་ཅེས་ཁ་ཚོད་གཅད་ཐུབ་པ་ཡིན་ཏེ། ང་ཡི་ཉམས་ཞིབ་ཁང་དང་གཞན་པ་མང་པོ་ཞིག་གིས་སྐད་རིགས་ཀྱིས་བར་སྣང་། དུས་ཚོད། རྒྱུ་འབྲས། འབྲེལ་བ་སོགས་ཀྱིས་མཚོན་པའི་མི་ཡི་གཞི་རྩའི་ཉམས་མྱོང་ལ་ཡང་བཟོ་བཀོད་བྱས་ཡོད་པ་གསར་རྗེན་དུ་སྟོན་ཡོད་དོ། ། ། །

ང་ཚོ་སླར་ཡང་ཕོམ་ཕུ་རའོ་དུ་ལོག་ན། ཨིན་སྐད་དང་མི་འདྲ་བར། ཕོམ་ཕུ་རའོ་མི་ཡིས་བཤད་པའི་ཁུ་ཁུ་ཐཱན་ཡོར་སྐད་ལ་ལྟོས་འབྲེལ་གནས་བརྗོད་ཀྱི་ཐ་སྙད་གཡས་དང་གཡོན་ལྟ་བུ་མེད་དེ། ཁུ་ཁུ་ཐཱན་ཡོར་སྐད་དུ་གཏན་ཆགས་ཕྱོགས་བརྗོད་ཀྱི་ཐ་སྙད་ཤར་ལྷོ་ནུབ་བྱང་སོགས་ཁོ་ན་བཀོལ་དགོས་པ་ཡིན། རེད་དེ་ཨིན་སྐད་དུའང་ང་ཚོས་གཏན་ཆགས་ཕྱོགས་བརྗོད་ཀྱི་ཐ་སྙད་སྤྱོད་ཀྱི་ཡོད་ནའང་དེ་ནི་ཆེ་དམིགས་ཅན་གྱི་ས་ཕྱོགས་བརྗོད་པར་སྦྱོར་ཆེ་བ་ཡིན་ཏེ། དཔེར་ན་ཨིན་ཡིག་ཏུ་། ཀླ་ཀློ་འདི་དག་གིས་གསོལ་གྲི་དེ་ཚུབ་ཐུར་གྱི་ཤར་ལྷོའི་ཕྱོགས་སུ་སྒྲིག་འདུག་ཨང་། ཞེས་བརྗོད་མི་སྲིད་མོད། ཁུ་ཁུ་ཐཱན་ཡོར་སྐད་དུ་གཏན་ཆགས་ཀྱི་ཕྱོགས་བརྗོད་ཐ་སྙད་ནི་ས་ཕྱོགས་སྟོན་པའི་རྣམ་པ་ཀུན་ཏུ་སྤྱོད་དགོས་པ་ཡིན་ཙང་། ཕོར་བ་དེ་སྡེར་མ་དེ་ཡི་ཤར་ལྷོའི་ཕྱོགས་སུ་ཡོད། མཱ་རེ་ཡི་ལྷོ་ཕྱོགས་སུ་ལངས་བའི་བུ་དེ་ནི་ངའི་སྤུན་ཡ་ཡིན། ཞེས་སྨྲ་དགོས་པ་ལྟ་བུའོ། ཕོམ་ཕུ་རའོའི་ཡུལ་དུ། མི་ཚོས་སྐད་ཆ་ནོར་མེད་གཅིག་བཤད་པའི་ཆེད་དུ་རྟག་པར་ཤར་ཕྱོགས་ལ་ཁ་གཏད་ནས་སྡོད་པ་རེད། ། ། །

དེ་ལ། ནེ་དྷིར་ལྗོངས་Netherlands་ནའེ་མེ་གྷིན་Nijmegen་ས་ཆའི་མཱ་ཁུ་སི་ཕུ་ལན་ཀི་Max Planck་བསམ་བློ་སྐད་བརྡ་རིག་པའི་ཞིབ་འཇུག་ཁང་གི་སུ་ཏེ་ཧྥུན་ལེ་ཝུ་སོན་Stephen C. Levinson་མཆོག་དང་། ཀཱ་ལི་ཧྥོ་ནེ་ཡ་California་སློབ་ཆེན་སཱན་ཏེ་ཡེ་ཀོ་San Diego་ཡན་ལག་སློབ་གྲྭའི་ཇཱོན་ཧཱ་ཝེར་ལཱན་John B. Haviland་མཆོག་གཉིས་ཀྱིས་སྣེ་ཁྲིད་བྱས་པའི་གསར་གཏོད་ཅན་གྱི་ཞིབ་འཇུག་གང་མང་ཞིག་གིས་འདས་པའི་ལོ་བཅུ་ཕྲག་གཉིས་ཀྱི་རིང་ལ་གསལ་བཤད་ཡང་དག་གཅིག་བྱས་འདུག་པར། རྒྱུས་ཆ་མེད་པའི་ས་སྟོང་ངམ་ཁང་པ་གང་རུང་ཞིག་ཏུ་ཐོན་ཚེ། གཏན་ཆགས་ཕྱོགས་བརྗོད་ཀྱི་ཐ་སྙད་ཁོ་ན་བཀོལ་བའི་སྐད་རིགས་ཀྱིས་མི་རྣམས་ཀྱི་ཁ་ཕྱོགས་མི་ནོར་བར་ཕན་ཆེན་པོ་ཐོགས་ཀྱི་ཡོད་པ་ཡིན་ཞེས་ར་སྤྲོད་གནང་འདུག སྐད་རིགས་མི་འདྲ་བ་སྤྱོད་ཀྱང་ཁོར་ཡུག་འདྲ་བོར་འཚོ་གནས་བྱས་ཡོད་པའི་མི་སྡེ་གཞན་དང་བསྡུར་ན། ཕོམ་ཕུ་རའོ་མི་ཡི་ཁ་ཕྱོགས་ངོས་འཛིན་གྱི་ནུས་པ་ནི་བླ་ལྷག་ཏུ་ཡོད་པ་མ་ཟད། ཚན་རིག་པ་རེ་འགའི་བརྗོད་ལུགས་ལྟར་ན་ནུས་པ་འདི་ཧ་ལམ་མིའི་རིགས་ཀྱི་ནུས་པའི་མཐོ་ཚད་ལས་བརྒལ་འདུག་སྐད་དོ། །ཁོ་ཚོའི་རྟོག་པ་ལ་ནུས་པ་འདི་འདྲ་ཁྱད་འཕགས་ཅན་ཞིག་ཐོབ་དོན་ནི་གཙོ་བོ་སྐད་བརྡའི་ཤན་སྟོབས་ལ་རག་ལས་པ་ཡིན་ནོ། ། ། །

བར་སྣང་ལ་ལྟ་ཚུལ་མི་འདྲ་བ་འཛིན་པའི་མི་རྣམས་ཀྱིས་དུས་ཚོད་ལ་ཡང་ངོས་འཛིན་མི་འདྲ་བ་བཟུང་ཡོད་དེ། དཔེར་ན། ཀཱ་ལི་ཧྥོ་ནེ་ཡ་སློབ་ཆེན་གྱི་པཱ་ཁི་ལེའི་ཡན་ལག་སློབ་གྲྭ་ནས་ཡིན་པའི་ངའི་ལས་རོགས་གཱ་བྷེ་Gaby་དང་ངེད་གཉིས་ཀྱིས་ཁུ་ཁུ་ཐཱན་ཡོར་སྐད་སྨྲ་བའི་མི་འགའ་ཞིག་ལ་མི་ཞིག་བགྲེས་སོང་དུ་གྱུར་བ་དང་། ཆུ་སྲིན་ཞིག་འཚར་ལོངས་བྱས་པ། ངང་ལག་ཞིག་ཟོས་གྱུར་བ་སོགས་ཀྱི་རྒྱུད་རིམ་བཀོད་ཡོད་པའི་བརྙན་པར་ཁག་གསུམ་སྟོན་པའི་འཕྲོར། པར་རྣམས་ཀྱི་གོ་རིམ་དཀྲུགས་ནས་ཁོ་ཚོ་ལ་བརྒྱུད་རིམ་བསྐྱར་སྒྲིག་བྱེད་པར་བཞག་པ་ཡིན། ངེད་གཉིས་ཀྱིས་ཚོད་ལྟ་འདི་མི་རེར་ཐེངས་གཉིས་རེ་བྱས་པ་དང་། ཐེངས་རེའི་སྒྲིག་དགོས་པའི་པར་གྱི་ནང་དོན་ཡང་ཁ་ཁར་བྱས་ཡོད། སྤྱིར་བཏང་ལ་ཨིན་སྐད་སྨྲ་མཁན་ཚོས་ཚོད་ལྟ་འདི་སྒྲུབ་སྐབས་པར་རྣམས་གཡས་ནས་གཡོན་དུ་སྒྲིག་སྲིད་པ་ཡིན་མོད། ཁུ་ཁུ་ཐཱན་ཡོར་སྐད་སྨྲ་མཁན་ཚོས་པར་སྒྲིག་དུས། གཡས་ནས་གཡོན་ནམ་གཡོན་ནས་གཡས་ལྟར་སྒྲིག་གི་མེད་ལ། ཁོ་ཚོས་ཤར་ནས་ལྷོ་ལྟར་རིམ་བཞིན་སྒྲིག་སྲིད་པ་རེད། ཁོ་ཚོ་ལྷོ་ཕྱོགས་ལ་ཁ་གཏད་ནས་ཡོད་སྐབས། པར་ནི་གཡོན་ནས་གཡས་སུ་འགྲོ་བ་དང་། བྱང་ལ་ཁ་གཏད་ནས་ཡོད་ཚེ། པར་ནི་གཡས་ནས་གཡོན་དུ་འགྲོ་བ། ཤར་ལ་ཁ་གཏད་ནས་ཡོད་ཚེ་པར་རྣམས་མགོ་བརྩམས་ས་ནས་རང་ལ་ཕྱོགས་ཏེ་སྒྲིག་འོང་བ་རེད། ངེད་གཉིས་ཀྱིས་ཁོ་ཚོ་ཕྱོགས་གང་ལ་ཁ་གཏད་ཡོད་མེད་རྩ་བ་ནས་བརྗོད་མྱོང་མེད་ཀྱང་། ཁུ་ཁུ་ཐཱན་ཡོར་སྨྲ་མཁན་ཚོས་སྔ་མོ་ནས་རང་ཤུགས་ཀྱིས་སྐབས་དུས་ཀྱི་ཁ་ཕྱོགས་ཤེས་འདུག་པ་མ་ཟད། ཁ་ཕྱོགས་ཀྱི་ངོས་འཛིན་བྱེད་སྟངས་ལྟར་དུས་ཚོད་ལ་གོ་བ་ལེན་གྱིན་ཡོད་དོ། ། ། །

ཁ་ཕྱོགས་ཀྱིས་དུས་ཚོད་ཚབ་མཚོན་བྱེད་པ་འདི་འཛམ་གླིང་མི་རིགས་སོ་སོའི་ཁྲོད་དུ་གནས་པ་ཞིག་ཡིན་ཏེ། དཔེར་ན་ཨིན་སྐད་སྨྲ་མཁན་ཚོས་སྔོན་གྱིས་མ་འོངས་མཚོན་པ་དང་རྒྱབ་ཀྱིས་འདས་པ་མཚོན་བཞིན་ཡོད། །

༢༠༡༠ལོར། སི་ཀཱ་ཏུ་ལྗོངས་Scotland་ཀྱི་སློབ་ཆེན་ཨཱ་དཔལ་ཏེན་Aberdeen་གྱི་ཞིབ་འཇུག་པ་ལེ་ཏིན་མཱེ་ལུ་སུ་Lynden Miles་དང་ཁོའི་ཕྱག་རོགས་ཚོས་ཞིབ་འཇུག་བརྒྱུད་ནས། ཨིན་སྐད་སྨྲ་མཁན་གྱིས་བློ་ལ་མ་འོངས་དྲན་དུས་ལུས་པོ་དབང་མེད་དུ་སྔོན་ལ་འགུལ་འགྲོ་བ་དང་། འདས་པ་བསམ་བློ་བྱེད་དུས་ལུས་པོ་དབང་མེད་རྒྱབ་ཕྱོགས་ལ་ཁེན་འགྲོ་བ་ཡིན་པ་གསར་རྟོགས་བྱུང་ཡོད། འོན་ཀྱང་ཨཱ་ཏི་སི་Andes་ས་ཆ་རུ་སྤྱོད་ཀྱིན་པའི་ཨེ་མཱ་རཱ་སྐད་Aymara་རིགས་ཁྲོད་དུ། སྔོན་གྱིས་ད་ལྟ་བ་མཚོན་པ་དང་རྒྱབ་ཀྱིས་མ་འོངས་པ་མཚོན་བཞིན་ཡོད་ཕྱིན། ཁོ་ཚོའི་ལུས་པོའི་སྟངས་སྟབས་དང་ཁ་བརྡ་གཉིས་མཐུན་པ་ཡིན། ༢༠༠༦ལོར། ཀཱ་ལི་ཧྥོ་ནེ་ཡ་སློབ་ཆེན་སཱན་ཏེ་ཡེ་ཀོ་ཡན་ལག་སློབ་གྲྭའི་རཱ་ཧྥེའོ་Raphael Núñez་དང་ཀཱ་ལི་ཧྥོ་ནེ་ཡ་སློབ་ཆེན་པཱ་ཁི་ལེའི་ཡན་ལག་སློབ་གྲྭའི་ཨེ་ཝང་སི་ཝེ་ཐིས་EvaSweetser་གཉིས་ཀྱིས་ཨེ་མཱ་རཱ་བས་འདས་པའི་དོན་བཤད་སྐབས་ལུས་པོ་སྔོན་དུ་གཡོ་བ་དང་མ་འོངས་གླེང་སྐབས་ལུས་པོ་རྒྱབ་ཏུ་གཡོ་འགྲོ་བ་ར་སྤྲོད་བྱས་སོ། ། ། །

བློ་ངོར་འཇུག་པའི་ཁྱད་པར།

༄། སྐད་རིགས་མི་འདྲ་བས་བྱ་བ་ཞིག་འགྲེལ་བཤད་རྒྱག་སྐབས་ཐབས་ལམ་མི་འདྲ་བར་འགྱེད་འགྲོ་བ་ཡིན་ལ། ཞིབ་འཇུག་ལྟར་ན། བྱ་བ་ཞིག་སུ་ཡིས་བྱས་པ་ཡིན་པ་བློ་ངོར་འཛིན་སྐབས། སྐད་རིགས་སོ་སོ་ལ་ཁྱད་པར་ཆེན་པོ་ཡོད་པ་ཡིན་ནོ། །དུས་ཡུན་སྐད་ཅིག་ཙམ་ལས་མེད་པའི་བྱ་བ་ཞིག་ཡིན་རུང་། དེ་འགྲེལ་བརྗོད་བྱེད་པ་ལ་ང་ཚོས་ཚིག་དོན་ཆ་ཚང་ཞིག་བཀོད་སྒྲིག་དང་སྡེབ་སྦྱོར་བྱེད་དགོས་པ་ཡིན་ཏེ། དཔེ་ཞིག་བཞག་ན། སྲིད་འཛིན་གཞོན་ཟུར་ཏེ་ཁུ་ཆེ་ནེ་Dick Cheney་ཡིས་བྱ་སྲེག་རྔོན་སྐབས། མ་བསམ་བཞིན་དུ་གྲོགས་པོ་ཧཱ་ལེ་ཝེ་ཐེན་ཏུན་Harry Whittington་ལ་མེ་མདའ་ཕོགས་པའི་དོན་རྐྱེན་དེར་མཚོན་ན། འགའ་ཞིག་གིས་ཆེ་ནེ་ཡི་འགན་གསལ་མཚོན་བྱེད་ཕྱིར། ཆེ་ནེ་ཡིས་ཝེ་ཐེན་ཏུན་རྨས་སོང་ཟེར་བ་དང་། ཆེ་ནེ་ཡིས་དོན་རྐྱེན་སློང་བ་ཡིན་ཚུལ་མཚོན་ཕྱིར། ཝེ་ཐེན་ཏུན་ལ་ཆེ་ནེ་ཡིས་མེ་མདས་བརྒྱབ་བཞག་ཟེར་སྲིད་པ་རེད། ཡང་འགའ་ཞིག་གིས་ཆེ་ནེ་དོན་རྐྱེན་ལས་རྒྱང་དུ་བྱེད་ཕྱིར། ཝེ་ཐེན་ཏུན་ལ་རྨས་སྐྱོན་ཚ་བོ་བྱས་འདུག་ཅེས་བརྗོད་འགྲོ་བ་རེད། ཆེ་ནེ་རང་ཉིད་ཀྱིས་བརྗོད་སྐབས་ཁོང་གིས། མཐར་དེད་ནས་སོང་ན་ཝེ་ཐེན་ཏུན་ལ་ཕོགས་པའི་མདའུ་དེ་ནི་ངའི་མེ་མདའ་ལས་ཤོར་བ་རེད་ཅེས་སྨྲས་ནས། དོན་རྐྱེན་ལ་བརྒྱུད་རིམ་རིང་པོ་ཞིག་བསྒྲིགས་ནས་ཁོ་རང་ཉིད་དང་དོན་འབྲས་བར་ལ་བར་ཆད་བྱུང་སྲིད་པའི་གནས་ཚུལ་སྟོན་པ་ཡིན་ནོ། །སྐབས་དེའི་སྲིད་འཛིན་ཇོ་ཇུ་བྷུ་ཤེས་GeorgeBush་ཀྱིས། ཆེ་ནེ་ཁོ་རང་གིས་བྱ་འདྲོག་པའི་སྒྲ་ཐོས་ཙ་ན། ཁ་ཕྱིར་འཁོར་ནས་མེ་མདའ་འཕང་བ་དང་ཁོ་ཉིད་ཀྱི་གྲོགས་པོ་རྨས་སོང་བ་མཐོང་ཞེས་བརྗོད་པ་དང་། འདི་ནི་ཆེ་ནེ་རང་ཉིད་ཀྱི་བཤད་སྟངས་ལས་ཀྱང་ཉེས་མེད་ཤུགས་སྟོན་ཐུབ་པའི་བརྗོད་ཚིག་ཅིག་ཡིན་པ་དང་།བརྗོད་ཚིག་ཐུང་ཐུང་འདི་ཡིས་ཆེ་ནེ་དོན་སློང་པ་པོ་ནས་དོན་མཐོང་པ་པོ་ཞིག་ཏུ་བསྒྱུར་ཡོད་པ་རེད། ། ། །

ཨ་མེ་རི་ཀའི་སྤྱི་ཚོགས་ཁྲོད་ན་ཉེས་པ་ཡོལ་འདོད་པའི་བྱིས་པ་དང་ཆབ་སྲིད་པ་དག་གིས་རྒྱུན་པར་དུ་འདི་འདྲའི་ཐ་སྙད་སྦྱོར་སྟངས་ཞིག་སྤྱོད་ནས་སྐད་ཆ་ལབ་ཀྱིན་ཡོད་པ་ཡིན་མོད། ཨིན་སྐད་ལ་མཚོན་ན་བྱེད་པོ་ཡོལ་ནས་སྐད་ཆ་ཞིག་བརྗོད་དགོས་ན་ལས་དཀའ་མོ་ཡིན་ཏེ། ཨིན་སྐད་ཀྱི་བརྗོད་སྟངས་ལ་བྱེད་པོ་གཙོ་ཆེར་བྱེད་པའི་ཁྱད་ཆོས་ལྡན་པ་མ་ཟད། ཨིན་སྐད་སྨྲ་བའི་མི་དག་གིས་ཀྱང་བྱ་བ་ཞིག་བློ་ངོར་བཅུག་དུས་བྱེད་པོ་གཙོ་གནད་དུ་འཛིན་གྱི་ཡོད་པ་རེད། དཔེར་ན། ཇཱོན་གྱིས་བུམ་པ་ཞིག་སྟབས་མ་ལེགས་པར་བཅག་ཤོར་ན། ཨིན་སྐད་དུ་ཕལ་ཆེར་ཇཱོན་གྱིས་བུམ་པ་བཅག་སོང་ཟེར་བ་ལས་བྱེད་པོས་བྱ་བ་དེ་དམིགས་དང་མ་དམིགས་པར་སྒྲུབ་པ་ཡིན་མིན་རྟོགས་དཀའ་བོ་རེད། འོན་ཀྱང་ཉི་ཧོང་སྐད་Japanese་དང་སི་ཕཱན་སྐད་Spanish་དུ་བརྟག་པར་བུམ་པ་དེ་ཆག་སོང་། བུམ་པ་རང་ཆག་སོང་ཞེས་པའི་ཚིག་སྟངས་སྤྱོད་ནས་བྱེད་པ་པོ་ཕལ་བ་བྱེད་པ་རེད།

ངའི་སློབ་མ་ཁཱ་ཋི་ལེན་ཧྥུ་སེ་Caitlin Fausey་དང་ངེད་གཉིས་ཀྱིས་ཞིབ་འཇུག་གྲུབ་འབྲས་སུ་དངོས་དོན་གལ་ཆེན་ཞིག་རྙེད་བྱུང་བ་ནི། སྐད་རིགས་མི་འདྲ་བས་ཤན་སྟོབས་བྱས་པའི་བྱ་བའི་བརྗོད་སྟངས་མི་འདྲ་བ་དེ་དག་གིས། བྱ་བ་མཐོང་མཁན་གྱི་དྲན་པ་ལ་ཤན་ཤུགས་མི་འདྲ་བ་བཟོ་སྲིད་པ་དེ་རེད། ༢༠༡༠ལོར་བཀྲམ་ཟིན་པའི་ཞིབ་འཇུག་ཞིག་ཏུ། ངེད་གཉིས་ཀྱིས་ཨིན་སྐད། སི་ཕཱན་སྐད། ཉི་ཧོང་སྐད་སྨྲ་མཁན་ལ་བརྙན་འཕྲིན་དུམ་བུ་གསུམ་ལྟ་རུ་བཅུག་པ་ཡིན། བརྙན་དུམ་གཅིག་གི་ནང་དོན་ནི་ཕུ་ལྒང་འགད་པ་དང་། གཅིག་གི་ནང་དུ་བྱ་སྒོང་བཅག་པ་། གཅིག་གི་ནང་དུ་ཆུ་འཕྱོ་བར་བྱེད་པ་སོགས་ཡིན། བྱ་བ་འདི་དག་རེ་རེ་བཞིན་དམིགས་ནས་སྒྲུབ་པའི་བྱེད་པ་པོ་ཞིག་དང་མ་དམིགས་ཀྱང་དབང་གིས་བྱས་པའི་བྱེད་པ་པོ་ཞིག་བཅས་མི་གཉིས་ཀྱིས་སོ་སོར་བྱས་ཡོད། དེ་ལྟར་བརྙན་ཐུང་བལྟས་རྗེས། ངེད་གཉིས་ཀྱིས་ཁོ་ཚོ་ལ་སྔོན་བསྒྲགས་མ་བྱས་པའི་དྲན་པའི་ཉམས་ཚོད་ཅིག་བླངས་པ་ཡིན་ལ། ཁོ་ཚོར་བརྙན་འཕྲིན་ནང་དུ་མི་གང་གིས་བྱ་བ་གང་ཞིག་བྱས་ཡོད་པ་རང་དང་སྐད་རིགས་མཐུན་པའི་མི་གཞན་ཞིག་ལ་རྒྱུད་འགྲེལ་བྱེད་དུ་བཅུག་པ་ཡིན། དེ་རྗེས་ངེད་གཉིས་ཀྱིས་ཚོ་གཉིས་ཀའི་དྲན་པ་བརྟག་ནས་དབྱེ་ཞིབ་བྱེད་སྐབས། བརྗོད་མཁན་གྱི་དྲན་པ་དེ་ཉན་པ་པོའི་དྲན་པ་ལ་ཇི་ལྟར་བཞིབས་ཡོད་པ་གསལ་བོ་མཐོང་ཐུབ་པར་བྱུང་སྟེ། སྐད་རིགས་གསུམ་པོའི་སྨྲ་མཁན་གྱིས་དམིགས་སུ་སྒྲུབ་པའི་དོན་དེ་གསལ་བོར་བློར་བཟུང་ཡོད་དེ། མ་དམིགས་ཀྱང་བྱུང་བའི་དོན་ལ་འཕྲད་སྐབས། སི་ཕཱན་སྐད་དང་ཉི་ཧོང་སྐད་སྨྲ་མཁན་ཚོའི་དྲན་པ་ནི་ཨིན་སྐད་སྨྲ་མཁན་གྱི་དྲན་པ་ལས་ཅུང་ཞན་པ་རེད། དེ་འདྲ་ཆགས་པའི་རྒྱུ་མཚན་ནི་ཁོ་ཚོའི་སོ་སོའི་སྐད་རིགས་ཀྱི་བྱ་བ་ཞིག་འགྲེལ་བརྗོད་བྱེད་སྐབས་ཚིག་གི་སྡེབ་སྦྱོར་ཁ་ཁ་ཡིན་པ་མ་ཟད། བརྗོད་སྟངས་མི་འདྲ་བའི་འོག་ནས་དྲན་པའི་གནད་འཛིན་ས་ཡང་མི་འདྲ་བར་འགྱུར་འགྲོ་བ་ཡིན་ནོ། ། ། །

སྐད་རིགས་ཀྱིས་ང་ཚོའི་དྲན་པ་བློ་ངོར་འཛིན་ལུགས་ལ་ཤན་ཤུགས་བྱས་ཡོད་པ་ཡིན་ཙང་། སྐད་རིགས་ཀྱིས་ང་ཚོས་བྱ་དངོས་གསར་བ་ཞིག་གསར་དུ་སློབ་ཚེ་དཀའ་ཁག་གམ་རོགས་རམ་བཟོ་ཐུབ་པ་ཡིན། དཔེར་ན། སྐད་རིགས་འགའ་རེའི་ཁྲོད་ཀྱི་ཨང་གྲངས་བརྩི་སྟངས་ནི་བཅུ་ཚན་ལྟར་འགྲོ་སྲིད་པ་དང་། སྐད་རིགས་དེ་དག་གི་ཨང་གྲངས་ལ་དེད་རུང་གི་ཆོས་ཉིད་ཞིག་ལྡན་པས་ན། སྐད་རིགས་འདི་དག་སྨྲ་མཁན་གྱིས་བཅུ་ཚན་གྱི་གོ་བ་ལེན་སླ་བོ་ཡོད་པ་དང་།ལྡོག་ཏེ་ཨིན་ཡིག་ལྟར་བཅུ། བཅུ་གཅིག བཅུ་གཉིས་ལ་ཐ་སྙད་འདྲ་ཆ་མེད་པ་སྦྱོར་བའི་སྐད་རིགས་ལ་མཚོན་ན། བྱིས་པ་ཚོས་བཅུ་ཚན་གྱི་གོ་དོན་སློབ་དགོས་ན་དེ་འདྲ་སྟབས་བདེ་བོ་མིན། ཡང་ཨང་ཀི་འདོན་ཚེ་སྒྲ་ཚིགས་ཀྱི་མང་ཉུང་ལ་ལྟོས་ནས་སྐད་རིགས་དེ་སྤྱོད་མཁན་གྱི་མི་རྣམས་ཀྱིས་ཨང་གྲངས་བློར་འཛིན་པའམ་རྩིས་རྒྱག་སྐབས་སླ་མི་སླ་ཡང་ཁ་ཁ་ཡིན། ཐ་ན་སྐད་རིགས་ཀྱི་ཁྱད་པར་བཞིན་ཏུ་བྱིས་པ་ཞིག་གིས་རང་ཉིད་ཕོ་མོ་གང་ཡིན་ངོས་ལེན་བྱེད་པ་ལའང་ཁྱད་པར་ཤོར་བ་ཡིན་ཏེ། ༡༩༨༣་ལོའི་ནང་ཨཱན་ཨཱ་བྷུག་Ann Arbor་མུ་ཆི་གྷིན་Michigan་སློབ་ཆེན་གྱི་ཨཱ་ལེ་ཀི་སང་ཌིར་ཇོན་རཱ་Alexa- nder Guiora་མཆོག་གིས་འཇིའུ་སྐད་Hebrewjདང་། ཨིན་སྐད། ཕེན་སྐད་Finnish་གསུམ་ནས་འཚར་ལོངས་བྱུང་བའི་བྱིས་པ་ཁག་གསུམ་ལ་ཞིབ་བསྡུར་ཞིག་བྱས་པ་རེད། འཇིའུ་སྐད་དུ་ཕོ་མོ་ལྟོས་ནས་འབོད་པའི་ཚབ་ཚིག་འབོལ་ཆེན་ཡོད་པ་དཔེར་ན་ཁྱོད་ཅེས་པ་ལ་ཡང་ཕོ་མོའི་དབྱེ་བ་ལྟར་ཐ་སྙད་ཁ་ཁ་འཇོག་དགོས་པ་དང་། ཕེན་སྐད་དུ་ཚབ་ཚིག་གིས་ཕོ་མོར་ལྟོས་མི་དགོས་པ་དང་། ཨིན་སྐད་ནི་དེ་གཉིས་ཀྱི་བར་མཚམས་ལྟ་བུར་གནས་ཡོད། རྒྱུ་མཚན་དེར་བསྟུན་ནས། འཇིའུ་སྐད་ཕ་སྐད་ཡིན་པའི་བྱིས་པ་ཚོས་རང་གི་ཕོ་མོ་ངོས་འཛིན་བྱུང་བ་དེ་ཕེན་སྐད་ཕ་སྐདཡིན་པའི་བྱིས་པ་དག་ལས་སྔ་བ་དང་། ཨིན་སྐད་ཕ་སྐད་དུ་བྱས་པའི་བྱིས་པ་ནི་དེ་གཉིས་ཀྱི་དཀྱིལ་དུ་བབས་ཡོད་དོ། ། ། །

གང་གིས་གང་བཟོ་བཀོད་བྱེད་པ་ཡིན་ནམ།

༄། གོང་དུ་བཤད་པ་དེ་ཚོ་ནི་སྐད་རིགས་སྣ་ཚོགས་ཞིབ་བསྡུར་བྱས་པ་བརྒྱུད་ནས་རྙེད་པའི་སྐད་རིགས་ཀྱིས་རྟོག་པ་ལ་ཐེབས་པའི་ངོ་མཚར་གསར་རྟོགས་གང་མང་ཞིག་གི་ཟུར་ཙམ་ཡིན། འོན་ཀྱང་ང་ཚོས་སྐད་རིགས་མི་འདྲ་བས་བསམ་བློ་མི་འདྲ་བ་བཟོ་བཀོད་བྱེད་ཀྱི་ཡོད་དམ། བསམ་བློ་མི་འདྲ་བས་སྐད་རིགས་ཀྱི་ཁྱད་པར་ཕྱེས་པ་རེད་ཅེས་དྲིས་ན། དེའི་ལན་ལ་གཉིས་པོ་འདུས་དགོས་པ་ཡིན་ཏེ། ང་ཚོའི་བསམ་བློ་བྱེད་སྟངས་གང་དེས་སྐད་ཆ་བཤད་སྟངས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་མ་ཟད། སྐད་ཆ་བཤད་སྟངས་ཀྱིས་བསམ་བློ་ལ་བཟོ་བཀོད་བྱེད་ཀྱིན་ཡོད་རེད། འདས་པའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་མཁས་དབང་གང་མང་ཞིག་གིས་སྐད་ཡིག་ནི་བསམ་བློ་བཟོ་བཀོད་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ཚུལ་མངོན་གསལ་ཚད་མས་སྒྲུབ་ཟིན་པ་མ་ཟད། ཞིབ་འཇུག་སྣ་ཚོགས་ཤིག་གིས་མིའི་སྐད་ཆ་བཤད་སྟངས་བརྗེ་འགྱུར་བྱུང་ཚེ་བསམ་བློ་ལ་འགྱུར་བ་གང་འདྲ་ཐོན་གྱི་ཡོད་པའང་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད་པ་རེད། དཔེར་ན་ཁ་དོག་མཚོན་པའི་ཐ་སྙད་ཅིག་མི་གཅིག་ལ་བསླབ་ན། མི་དེའི་ཁ་དོག་ཁྱད་འཛིན་བྱེད་པའི་འདུ་ཤེས་འགྱུར་འགྲོ་བ་དང་། དུས་ཚོད་བརྗོད་སྟངས་གསར་བ་ཞིག་མི་གཅིག་ལ་བསླབ་ན། མི་དེའི་དུས་ཚོད་ངོས་འཛིན་བྱེད་པའི་བསམ་བློ་འགྱུར་འགྲོ་བ་ཡིན་ནོ། ། ། །

གནད་དོན་འདི་དག་ཐག་གཅོད་བྱེད་པའི་ཐབས་ལམ་གཞན་ཞིག་ནི་སྐད་གཉིས་ལ་བྱང་བའི་མི་རྣམས་ལ་ཞིབ་འཇུག་བྱེད་པ་དེ་ཡིན། ཞིབ་འཇུག་ཁ་ཤས་ཤིག་ལས་སྐད་གཉིས་སྨྲ་མཁན་ཚོས་འཇིག་རྟེན་ལ་འདུ་ཤེས་གང་འདྲ་ཞིག་བསྐྱེད་འགྲོ་བ་དེ་ཁོ་ཚོས་བེད་སྤྱོད་བྱེད་བཞིན་པའི་སྐད་ཡིག་ལ་རག་ལས་འདུག་ཞེས་ར་སྤྲོད་བྱས་འདུག་སྟེ། ༢༠༡༠ལོར་ཐོན་པའི་ཉམས་ཞིབ་འཇུག་འབྲས་ཁག་གཉིས་ལས། ཁྱོད་སུ་ལ་དགའ་དང་མི་དགའ་ལྟ་བུའི་གཞི་རྩའི་དྲི་བ་འདྲི་སྐབས། དྲི་ཚིག་གི་སྐད་རིགས་མ་གཅིག་སྐབས་ལན་ཡང་མི་འདྲ་བ་ཐོན་གྱི་ཡོད་པ་གཏན་ཁེལ་བྱུང་ཡོད། ཞིབ་འཇུག་འདི་གཉིས་ཀྱི་གཅིག་ནི་ཧ་ཧྥོལ་ཊི་སློབ་ཆེན་གྱི་ཨཱོ་ལན་ཏཱ་མེ་ནེ་Oludamini Ogunn- aike་དང་ཁོང་གི་ཕྱག་རོགས་ཀྱིས་མཛད་པ་དང་། གཅིག་ཤོས་ནི་འཇིའུ་རྒྱལ་ཁབ་Israel་རྒྱལ་ཁབ་གྱི་ནེ་ཅི་ཕུ་Negev་པིན་གོར་ཡཱན་Ben-Gurion་སློབ་ཆེན་གྱི་ཤཱེ་ཏན་ཛིལ་Shai Danziger་དང་ཕྱག་རོགས་ཚོས་ཉམས་ཞིབ་བྱས་པ་ཡིན། ཁོ་ཚོས་འཇིའུ་རྒྱལ་ཁབ་ཀྱི་འཇིའུ་སྐད་དང་ཨ་རབ་སྐད་Arabic་གཉིས་སྨྲ་ཐུབ་པའི་མི་ཁག་ཅིག་ལ་ཞིབ་འཇུག་འདི་འདྲ་ཞིག་བྱས་ཏེ། མི་འདི་ཚོ་ལ་བཟང་ངན་ནམ་སྐྱོན་ཡོན་མཚོན་པའི་ཐ་སྙདདང་མི་མིང་མང་པོ་ཞིག་རེ་རེ་བཞིན་བསྒྲགས་པ་དང་། སྐབས་དང་པོར་ཨ་རབ་ཀྱི་མིང་དང་བཟང་བོ་མཚོན་པའི་ཐ་སྙད་བསྒྲགས་ཚེ། མི་ཚོས་འགྲིག་རྟགས་གནོན་དགོས་པ་དང་། འཇིའུ་ཡི་མི་མིང་དང་ངན་པ་མཚོན་པའི་ཐ་སྙད་བསྒྲགས་ཚེ་ནོར་རྟགས་གནོན་དགོས་པ་རེད། སྐབས་གཉིས་པའི་དུས་སུ། ཨ་རབ་ཀྱི་མི་མིང་དང་ངན་པའི་ཐ་སྙད་ཕྱོགས་གཅིག་བྱེད་པ་དང་འཇིའུའི་མི་མིང་དང་བཟང་བའི་ཐ་སྙད་ཕྱོགས་གཅིག་བྱེད་དུ་བཅུག་པ་རེད། ཉམས་ཞིབ་འདི་ཡིས་ད་དུང་ཨ་རབ་སྐད་དང་ཧྥ་རན་སུའི་སྐད་French་སྨྲ་བའི་མི་ཚོ་གཅིག་དང་། སི་ཕཱན་སྐད་དང་ཨིན་སྐད་སྨྲ་བའི་མི་ཚོ་གཅིག་ལའང་ཚོད་ལྟ་འདྲ་འདྲ་བྱས་པ་རེད། ཞིབ་འཇུག་པ་ཚོས་སྐད་རིགས་ཆ་རྐྱེན་མི་འདྲ་བ་གཉིས་ཀྱི་ཁྲོད་ནས་མི་གཅིག་གིས་ལན་འདེབས་སྟངས་ལ་ཁྱད་པར་གང་འདྲ་ཞིག་འོང་མིན་བལྟས་པ་ཡིན། ། མ་གཞི་ཚོད་ལྟ་འདི་ནི་མི་ཡི་བསམ་བློའི་ཁྲོད་ནས་རང་བྱུང་དང་རིགས་རྒྱུད་ལ་བཅིངས་པའི་འདུ་ཤེས་སྣ་ཚོགས་དེ་གང་ལྟར་རྒྱུ་བཞིན་ཡོད་པ་གསལ་རྟོགས་བྱེད་ཐབས་ཡོངས་གྲགས་ཅན་ཞིག་ཡིན་ནོ། ། ། །

དེ་ལྟར་ཚོད་ལྟ་འདི་རྒྱུད་ནས་ཞིབ་འཇུག་པ་ཚོས་ཚོད་ལྟར་སྤྱོད་པའི་སྐད་རིགས་ཀྱི་ཁྱད་པར་ལ་ལྟོས་ནས་མི་ཚོའི་འདུ་ཤེས་ལ་རྣམ་པ་མི་འདྲ་བ་ཐོན་གྱི་ཡོད་པ་ར་སྤྲོད་བྱས་སོང་སྟེ། ཨ་རབ་སྐད་དང་འཇིའུ་སྐད་སྨྲ་བའི་མི་ཚོ་ལ་འཇིའུ་སྐད་ཐོག་ནས་ཚོད་ལྟ་བྱས་ཚེ། འཇིའུའི་མི་མིང་ལ་རྣམ་འགྱུར་ལེགས་པོ་ཞིག་སྟོན་གྱིན་ཡོད་དེ། སྐབས་དེར་འཇིའུ་མི་མིང་དང་ངན་པ་མཚོན་པའི་ཐ་སྙད་གཉིས་འབྲེལ་བ་ཆེན་པོ་འཇོག་གི་མེད་པ་མ་ཟད། ལྡོག་སྟེ་འཇིའུ་མིང་དང་བཟང་བོ་མཚོན་པའི་ཐ་སྙད་ལ་འབྲེལ་བ་དམ་པོ་བཅུག་གིས་ཡོད་པ་རེད། ཨ་རབ་ཀྱི་སྐད་ཐོག་ནས་ཚོད་ལྟ་བྱེད་སྐབས། ཨ་རབ་ཀྱི་མི་མིང་དང་བཟང་པོའི་ཐ་སྙད་བར་འབྲེལ་བ་ཇེ་ཟབ་ཏུ་གཏོང་གིས་ཡོད་འདུག་གོ ། ། །

སྐད་རིགས་ཀྱིས་གནས་སྟངས་དེ་མིན་མང་པོ་ཞིག་གི་འོག་ནས་ང་ཚོའི་བསམ་བློ་ལ་དབང་བསྒྱུར་བྱེད་ཀྱི་ཡོད་དེ། ཚན་རིག་ཞིབ་འཇུག་ཁག་ལས་ར་སྤྲོད་བྱུང་བ་ནི་དེ་དག་གི་ཁྲོད་ཀྱི་ཉུང་ཉུང་ཞིག་ལས་མིན། མི་ཡི་བྱ་བ་གང་སྒྲུབ་ཀྱང་སྐད་རིགས་བརྟེན་དགོས་ཏེ། ཁ་དོག་ཅིག་ལ་བགྲོ་གླེང་བྱེད་པའམ། ཡོལ་ངོས་ཐོག་གི་ནག་ཐིག་བརྩི་བ། ཡང་ན་ཁང་ཤག་ཅིག་ལ་རྒྱུས་ལེན་བྱེད་པ་སོགས་དཀྱུས་མའི་བྱ་བ་གང་རུང་ཞིག་ལ་ཐུག་ཀྱང་སྐད་རིགས་ཀྱི་ཤན་སྟོབས་ཐེབས་སྲིད་པ་རེད། ང་དང་ལས་རོགས་ཚོས་མི་ཡི་སྐད་ཆ་བཤད་པའི་བྱང་ཆ་ཚོད་བཀག་བྱེད་པ་བརྒྱུད་ནས་དེ་ཡི་བྱ་བ་སྒྲུབ་པའི་ནུས་པ་ཇེ་ཞན་དུ་གཏོང་བའི་ཚོད་ལྟ་བྱས་མྱོང་ལ། དེ་ལས་མངོན་གསལ་དོད་པོར་གནས་ལུགས་ཤིག་སྟོན་འདུག་པ་ནི། དམིགས་བསལ་སྐད་ཡིག་སོ་སོའི་ཁྲོད་ཀྱི་ཚིག་གི་སྒྲིག་ལུགས་དང་གཏམ་བཤད་ཀྱི་ཁྱད་ཆོས་སོགས་ཀྱིས་བསམ་བློའི་ཉམས་མྱོང་ལ་ཤུགས་རྐྱེན་རྒྱ་ཆེན་པོ་བྱེད་ཀྱི་ཡོད་པ་དེའོ། །ཚན་རིག་པ་ཚོས་སྨྲ་བའི་བསམ་བློ་ཞེས་པ་འདི་ནི་སྐད་རིགས་དང་སྐད་རིགས་མ་ཡིན་པ་ཕྱོགས་གཉིས་ཀྱིས་འདུས་པའི་བརྒྱུད་རིམ་ཞིག་ཡིན་པར། ད་ལྟ། མི་ཉུང་ཉུང་ཞིག་གིས་མ་གཏོགས་སྐད་རིགས་ཀྱིས་བསམ་བློ་བཟོ་བཀོད་བྱེད་སྲིད་པའི་གནས་ལུགས་འདི་ཀུན་གྱིས་མཁྱེན་གནས་སུ་གྱུར་ཡོད་དོ། ། ། །

མིའི་རིགས་ཀྱི་ཤེས་རིག་གི་ཁྱད་དུ་འཕགས་པའི་ཆོས་ཉིད་གཅིག་ནི་ང་ཚོའི་ཡུལ་དུས་རིམ་པ་ལ་བསྟུན་འཇུག་བྱེད་པའི་ནུས་པ་སྟེ་ང་ཚོའི་དམིགས་ཡུལ་དང་ཁོར་ཡུག་གི་འགྱུར་བ་ལ་བསྟུན་ནས། མུ་མཐུད་དུ་འཇིག་བརྟེན་ལ་བཅིངས་པའི་བསམ་བློ་གསར་གཏོད་བྱེད་པ་དང་བསྐྱར་སྒྲིག་བྱེད་པའི་ནུས་པ་དེ་ཡིན་ལ། ཆོས་ཉིད་འདི་ཡི་བསྐྱེད་འབྲས་གཙོ་བོ་གཅིག་ནི་འཛམ་གླིང་གི་ཁྱོན་ཡོངས་སུ་སྐད་རིགས་འབོལ་ཆེན་ཞིག་བྱུང་ཡོད་པ་དེའོ། ། སྐད་རིགས་རེ་རེ་ཡིས་ཁྱད་པར་ཅན་གྱི་རྟོག་པའི་བཟོ་སྒམ་ཞིག་མཁོ་སྤྲོད་བྱས་ཡོད་དེ། བཟོ་སྒམ་རེ་རེའི་ནང་དུ་མི་ལོ་ཁྲི་སྟོང་གི་རིག་གནས་ཀྱི་རྒྱུན་ལས་ཐོབ་པའི་ཤེས་རིག་དང་འཇིག་རྟེན་ལྟ་ཚུལ་གྱི་ཡོ་བྱད་སྣ་ཚོགས་བསོགས་ཡོད་ལ། བཟོ་སྒམ་རེ་རེའི་ནང་དུ་འཇིག་རྟེན་ལ་ཚོར་སྣང་བྱ་ཐབས་རེ་དང་། དབྱེ་འབྱེད་བྱེད་ཐབས་རེ། དོན་སྙིང་སྤྲོད་ཐབས་རེ་བཅུག་ཡོད་པས། སྐད་རིགས་ནི་ང་ཚོའི་མེས་པོ་ཐོག་མ་ནས་རིམ་བཞིན་དར་སྤེལ་བྱས་པའི་སློབ་སྟོན་ལམ་ཡིག་ཅིག་ཡིན། ཚན་རིག་པ་ཚོས་སྐད་རིགས་ཀྱིས་ང་ཚོའི་བསམ་བློ་གང་འདྲ་བྱས་ནས་བཟོ་བཀོད་བྱེད་ཀྱིན་ཡོད་པ་དེ་ཉམས་ཞིབ་བརྟག་དཔྱད་བྱས་ནས། ང་ཚོའི་ཤེས་རིག་གི་བཞེངས་བསྐྲུན་དང་བདེན་འཛིན་གྱི་རྟགས་སྒྲུབ་གསལ་བོ་བཟོ་ཡི་ཡོད་པ་མ་ཟད། མིའི་རིགས་ཀྱིས་རིག་པ་དང་གོ་ཤེས་ཇི་ལྟར་ཐོབ་པ་གསལ་རྟོགས་འབད་ནས།མཐར་གཏུགས་སུ་མི་ཡི་ངོ་བོ་ཉིད་ངོས་ཨེ་ཟིན་འབད་པ་ཡིན་ནོ། །


བསྒྱུར་མཆན།
1 རྩོམ་འདིའི་ཨིན་ཡིག་མ་རྩོམ་དེ་༢༠༡༡་ལོའི་ཟླ་གཉིས་པར་ཚན་རིག་ཨ་རི་བScientificAmerican་ཞེས་པའི་དུས་དེབ་ཐོག་བཀོད་ཡོད་ལ། དུས་དེབ་འདི་ཟླ་ལྟར་སྐད་རིགས་ཆེ་ཁག་ཉི་ཤུ་ལྷག་ལ་བསྒྱུར་ནས་འཛམ་གླིང་གང་སར་བཀྲམ་གྱིན་ཡོད་པ་རེད།
བོད་བསྒྱུར་བྱེད་སྐབས་ཐ་སྙད་རེ་འགའ་ལ་ཁུངས་བཙན་ཚིག་མཛོད་མེད་ཕྱིར་བསྒྱུར་པ་པོས་གསར་དུ་བྱས་པ་དང་། ཐ་སྙད་འགའ་རྡ་སཱ་དང་འབྲུག་ཡུལ་གྱི་བསྒྱུར་སྟངས་ལ་ཁུངས་གཏུགས་ཡོད།
2 ལེ་རཱ་བོ་རོལ་ཏེན་སུ་ཁེ་Lera Boroditsky་ལགས་ནི་སི་ཏན་ཧྥོལ་ཊི་སློབ་ཆེན་གྱི་རྟོག་པ་སེམས་ཁམས་རིག་པའི་ལས་རོགས་མཁས་དབང་དང་ རིག་གནས་བསམ་བློ་རིག་པའི་མདུན་ས་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་འགན་ཁུར་བ་ཡིན།མོའི་ཉམས་ཞིབ་ཁང་གིས་གཙོ་བོ་བསམ་པའི་རྣམ་པ་དང་། སྐད་ཡིག་གིས་བཏབ་པའི་འདུ་ཤེས་ཀྱི་འཕེལ་འགྱུར་ལ་ཞིབ་འཇུག་བྱེད་བཞིན་ཡོད་དོ། །
3 མ་རྩོམ་འདིར་ཡོད། http://www.scientificamerican.com/article/how-language-shapes-thought/