ས་བུ་ཆེ།

༄༅། ང་ཚོས་ཤེས་པ་ནང་བཞིན། སྤྱི་ཚོགས་ཚན་རིག་ནང་མི་རིགས་ཅེས་པའི་ཐ་སྙད་དེ་ལ་ད་ལྟའི་ཆབ་སྲིད་ངོ་བོ་ཅན་གྱི་བརྡ་དོན་སྦྱར་ནས་ཡུན་རིང་མ་རེད། མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་ཡན་ལག་རྒྱས་པ་འདི་ཚུགས་ནས་ཀྱང་ཡིན་རིང་མ་རེད། འོན་ཀྱང་མི་བོ་སྒེར་དང་མིའི་རིགས་སྤྱི་ཡི་ཕྱོགས་གཉིས་ནས་ལོ་རྒྱུས་ལ་ཕྱིར་མིག་ལྟས་ན། མི་རིགས་ཀྱི་ཐ་སྙད་མེད་ཀྱང་མི་རིགས་ཀྱི་ངོ་བོ་ལྡན་པའི་མིའི་སྡེ་ཚོགས་ཀྱི་འཕེལ་རིམ་ཡོད་པ་གསལ་བོ་རེད། མིའི་རིགས་ཀྱི་ཤེས་རིག་གི་ཆུ་ཚད་ལ་གནའ་དེང་སྔོན་རྗེས་ཀྱི་མཐོ་དམའ་ཡོད་པ་ངེས་མོད། ཤེས་ཚད་དང་མཐུན་པའི་ཆབ་སྲིད་ཀྱི་བདག་གཞན་དབྱེ་འབྱེད་སྲིད་པ་ནི་མངོན་སུམ་རྗེས་དཔག་གཉིས་ནས་སྒྲུབ་ཡོད་པ་ཞིག་རེད། ནང་ཆོས་ཀྱི་གཞུང་ལུགས་ཡིན་ནའང་། ཚན་རིག་གི་ལྟ་ཚུལ་ཡིན་ན་འདྲ། མི་བོ་ནི་བདག་གཞན་གྱི་བློ་དང་ལྡན་པ་ཞིག་ཡིན་ལ། མིའི་རིགས་ནི་རིག་གནས། གོམས་གཤིས། ཆོས་ལུགས། དཔལ་འབྱོར། ས་ཁམས་སོགས་ཀྱི་བཅད་ནས་ཡོད་པའི་སྡེ་ཁག་མང་པོས་གྲུབ་པ་ཞིག་རེད། དེ་ན། ང་ཚོས་རང་རང་གི་ལྟ་བ་བརྗོད་དུས། དངོས་ཡོད་འདི་དག་ལ་བརྩི་མཐོང་ཡོད་དགོས་ཏེ། མི་ཡི་བདག་གཞན་གྱི་བློ་ནི་ཤིན་ཏུ་འདུལ་དཀའ་བ་དེ་མཐོང་དགོས། བདག་གཞན་གྱི་བློ་ལས་སྐྱེད་པའི་སྡེ་ཁག རིགས་ཚོགས། གྲུབ་མཐའ་སོགས་ཀྱི་ལ་ཞེན་ནི་དེ་བས་ཡོལ་ཐབས་མེད་པ་ཞིག་རེད། དེ་དག་ངོས་ལེན་བརྩི་མཐོང་དགོས་པ་མ་ཟད། དེ་དག་གི་རང་བཞིན་ལ་ལྷན་སྐྱེས་ཀྱི་སྐྱོན་ཡོན་གང་ཡང་མ་ལྡན་པའང་གསལ་དགོས། དེ་ཡང་། ནང་ཆོས་ལས་བཤད་པ་ཡིན་ན་རྣམ་རྟོག་གི་བློ་ནི་སྐྱོན་ཞིག་ཡིན་པ་བདེན་མོད། འཁོར་བ་འདི་ལས་རེ་ཞིག་ལ་ཐར་བ་ཐོབ་པའི་བསམ་པ་སྐྱེ་མ་ཐུབ་ཅིང་འཁོར་བ་འདི་དེ་བས་བཟང་བ་ཞིག་ཏུ་བསྒྱུར་འདོད་པའི་ཆབ་སྲིད་ཀྱི་མི་བོའི་ངོས་ལ་མཚོན་ན། གྲུབ་མཐའི་ལ་ཞེན་དང་མི་རིགས་ཀྱི་འདུ་ཤེས་སོགས་ལ་ལྷན་སྐྱེས་ཀྱི་ཡོན་ཏན་དང་སྐྱོན་ཆ་ཡོད་མ་རེད། ནུབ་ཕྱོགས་ཀྱི་གཞུང་ལུགས་ཁྲོད་དུ་དེ་ལ་མིའི་རང་བཞིན་ཅེས་བརྗོད་ནས་ཡོད། །

མི་རིགས་དོན་སྟོང་དུ་སྨྲ་བའི་ཁྲོད་ནས། ཆེས་སྐད་གྲགས་ཆེ་བའི་བརྗོད་སྟངས་ནི་འདི་ལྟ་སྟེ། མི་རིགས་ནི་རྟོག་བཟོས་སྤྱི་མཐུན་ཞིག་ཡིན་པ་ལས། མི་ལ་རང་བྱུང་གི་མི་རིགས་རང་བཞིན་ཞིག་ལྡན་མ་ཡིན་ཅེས་འཆད་ཡོད་པ་དེ་རེད། ནང་ཆོས་ཁྲོད་དུའང་རིགས་རུས་སོགས་ཀྱི་ཉེ་རིང་ཆགས་སྡང་ཁུར་བ་དེ་གཏི་མུག་གི་རྐྱེན་ཡིན་ཅེས་གསལ་བོར་བསྟན་ཡོད་པ་རེད། འོན་ཀྱང་ནང་ཆོས་ཀྱི་མཐར་ཐུག་གི་ལྟ་བ་ནི་ཆོས་ཐམས་ཅད་ཀྱི་སྟོང་ཉིད་བརྗོད་པ་དེ་ཡིན་ཙང་། ང་ཚོས་ནུབ་ཕྱོགས་ལུགས་ལྟར་མི་གཞི་དང་ཆབ་སྲིད་ཀྱི་དོན་དག་གླེང་གི་ཡོད་པ་ཡིན་ན། ཡང་ན་ང་ཚོས་མི་དང་མིའི་འཚོ་བ་ནི་མངོན་སུམ་གྱི་དོན་དག་ཞིག་ཡིན་པ་ཁས་བླངས་ནས་དེ་ལ་ཡར་རྒྱས་བརྩོན་གྱིན་ཡོད་ན། ནང་ཆོས་ཀྱི་སྟོང་མི་སྟོང་གི་རིགས་ལམ་ཁྱེར་ནས་མི་རིགས་ཅེས་པ་ཡོད་དང་མ་ཡོད་ཐག་ཆོད་འོས་པ་མིན། །

དེ་ན་མི་རིགས་ནི་རྟོག་བཟོས་སྤྱི་མཐུན་ཞིག་ཨེ་རེད་ཟེར་ན། ངས་མ་རེད་ཅེས་ལན་འདེབས་རྒྱུ་ཡིན། ང་ཚོས་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ནང་དུ་དར་བའི་འཛམ་གླིང་སྤྱི་འབངས་ཀྱི་བརྗོད་སྟངས་དེ་ལ་ལྟས་ཀྱང་རུང་། སྔ་ཚེ་སྤྱི་ཚོགས་རིང་ལུགས་ཀྱིས་བརྗོད་སྟངས་ལྟར་གྲལ་རིམ་མཉམ་འབྲེལ་དང་མི་རིགས་དབྱེར་མེད་ཀྱི་ལྟ་བ་ལ་དཔྱད་ཀྱང་རུང་། ཁོ་ཚོས་གཞུང་ལུགས་ཀྱི་གཞི་བཙུགས་ས་ནི་དཔལ་འབྱོར་ལ་ཐུག་ཡོད་པ་རེད། ཁྱབ་ཆེ་བའི་བརྗོད་སྟངས་འདི་གཉིས་ཀྱིས། མི་བོའི་ཁྱད་ཆོས་དེ་དཔལ་འབྱོར་རིག་པའི་ཐབས་ཤེས་ཁྲོད་ནས་གཞལ་གྱིན་ཡོད་པ་ཡིན་ཏེ། དཔལ་འབྱོར་གྱི་མི་དེ་ཚད་མའི་མི་ཞིག་ཏུ་བརློམ་ཡོད་པ་རེད། འོན་ཀྱང་མི་ནི་དཔལ་འབྱོར་གཞི་འགྱུར་ཅན་གྱི་སྲོག་ཆགས་ཞིག་མིན་ལ། དཔལ་འབྱོར་ཁོ་ན་ཅན་གྱི་སྲོག་ཆགས་ནི་དེ་བས་མིན། རྒྱ་གར་གྱི་ནོ་བྷེལ་བྱ་དགའ་བཞེས་མྱོང་བའི་མཁས་དབང་ཨམྲ་ཏྱ་སིན་(Armatya Sen)གྱིས་དགོངས་པ་ནང་བཞིན། སྤྱི་ཚོགས་ཁྲོད་ཀྱི་མི་ནི་ཕུགས་འདུན་དང་། འབྲེལ་བ། སྐུལ་སློང་ཤིན་ཏུ་ཐ་དད་དུ་སོང་བའི་སེམས་ལྡན་ཞིག་ཡིན་པས་ན། མིའི་སྤྱི་ཚོགས་ལ་མི་སྒེར་དང་འཛམ་གླིང་སྤྱི་ཡི་འབྲེལ་བ་ཁོ་ནར་བསམ་པ་ཡིན་ན། དོན་དངོས་དང་མཐུན་པ་མ་ཡིན།

དེ་ལྟར། མི་རིགས་ནི་མི་ཡི་སྤྱི་ཚོགས་ལག་ལེན་ཁྲོད་ཀྱི་ཆེས་གལ་ཆེ་བའི་གསར་གཏོད་ཞིག་ཡིན་ཏེ། མི་རིགས་ཅེས་པ་འདི་ཡོད་ཕྱིན། སྒེར་གྱིས་སྒྲུབ་མི་ནུས་པའི་ཁེ་ཕན་སྒྲུབ་ཐུབ་པ་བྱུང་ཡོད་ལ། སྒེར་གྱིས་སྲུང་སྐྱོང་མི་ཐུབ་པའི་ཁེ་ཕན་སྲུང་སྐྱོང་ཐུབ་ཡོད་པ་རེད།

དངོས་བྱུང་ལོ་རྒྱུས་ནང་དུ། མི་རིགས་ཀྱི་ཁ་གཡར་ནས་དབང་ཆེན་འབྱོར་ཆེན་ཚོས་སྡིག་པ་བསགས་མྱོང་ཨེ་རེད་ཟེར་ན། དེ་རེད། ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་ཁྱེར་ནས་འཐབ་རྩོད་བྱུང་མྱོང་ཅེ་རེད་ཟེར་ན། དེ་ཡང་རེད། འོན་ཀྱང་། དེ་ནི་མི་ཡི་སྐྱོན་ལས་བྱུང་བ་ཡིན་ནམ། ཆོས་ལུགས་དང་མི་རིགས་ཅེས་པའི་དོན་སྤྱི་དེའི་སྐྱོན་ཆ་ཡིན། ངས་བསམ་པར་དེ་ནི་ཏག་ཏག་མི་ཡི་སྐྱོན་ཆ་ཡིན་རྒྱུ་ལས། ཆོས་ལུགས་ག་གེ་མོ་དང་། མི་རིགས་ག་གེ་མོ་ཞིག་གི་སྐྱོན་ཡིན་རྒྱུ་མ་རེད། གང་རེད་ཟེར་ན། མི་རིགས་ཏུ་མ་ཆགས་གོང་དུ་མིའི་རིགས་ལ་གསོད་རེས་བཏུབ་རེས་བྱུང་ཡོད་རེད་ལ། ཆོས་ལུགས་རྦད་ནས་མེད་པའི་སྤྱི་ཚོགས་ནང་དུའང་འཁྲུག་རེས་རྩོད་རེས་ཡོད་པ་རེད།

ཆོས་ཐམས་ཅད་ནི་འགྲོ་བ་རང་ཉིད་ཀྱི་རྣམ་སྨིན་གྱི་རང་བཞིན་ཡིན་པ་ལས་གང་ཡང་མ་ཡིན། ནང་ཆོས་ཀྱི་བརྗོད་སྟངས་འདི་ལ་དོན་གཟབ་མོ་ཡོད་རེད། དེ་ཡིས་ནུབ་ཕྱོགས་རིག་གཞུང་མང་པོ་ཞིག་གིས་གྲོལ་མ་ཐུབ་པའི་གནད་དོན་མང་པོ་ལ་ལན་ཞིག་བཏབ་ཡོད་རེད། ལན་དེ་བདེན་ནམ་མ་བདེན་ཞེ་ན། ང་རང་གི་ངོས་ནས་ལན་དེ་ལ་དད་པའི་ཡིད་ཆེས་བྱེད་པ་ཙམ་ལས། དངོས་ནས་དེ་འདྲ་ཞིག་ཡིན་མིན་བརྡར་ཤ་ཆོད་དགོས་ན་ཤེས་ཚད་གྱིས་འདང་མེད་པ་ཡིན། གང་ལྟར། འཇིག་བརྟེན་ནི་རང་གི་རྒྱུ་ལས་བྱུང་བ་ཞིག་ཡིན་ན། འཇིག་རྟེན་ཐོག་མ་མེད་པ་འདི་ཡི་འགྲོ་བ་གྲངས་ལས་འདས་པ་དེ་ཡི་ཁྲོད་ནས། རྒྱུ་ཁ་ཤས་འདྲ་མཚུངས་སུ་འགྱུར་བ་ནི་ཡོད་ཤག་ཤག་ཡིན། དེ་ཡོད་པ་ཡིན་ན། འགྲོ་བ་དེ་དག་གི་མིག་མཐོང་ལག་ཟིན་གྱི་སྤྱི་ཚོགས་ལ་ཆ་འདྲ་བའིརྣམ་པ་ཞིག་ཐོན་ལོས་ཆོག དེ་བས། ལས་རྒྱུ་འབྲས་ཁས་ལེན་བྱས་པ་ཡིན་ན། མི་རིགས་གཅིག་ཏུ་ཆགས་པ། གྲུབ་མཐའ་གཅིག་ཏུ་ཆགས་པ། དགའ་ཕྱོགས་གཅིག་ཏུ་ཆགས་པ་སོགས་ཁས་ལེན་དགོས་པ་ཡིན་ཏེ། འཇིག་རྟེན་འདི་ལ་འགྲོ་བ་སོ་སོ་ཐུན་མིན་གྱ་མྱོང་ཚུལ་ཡོད་དགོས་པ་ཡིན་ལ། ཐུན་མོང་གི་མྱོང་ཚུལ་ཀྱང་ཆགས་ཆོག་པ་ཡིན། ང་ལ་མཚོན་ན། མི་རིགས་དང་ཆོས་ལུགས་ཀྱི་དབྱེ་བ་ནི་དེ་བས་རྒྱུ་མཚན་ལྡན་པ་ཞིག་ཏུ་འགྱུར་ཡོད།

མི་རིགས་ཀྱི་དབྱེ་འབྱེད་ལ་དགོས་པ་ཡོད་ན། མི་རིགས་རིང་ལུགས་ཀྱི་ལྟ་བ་མི་ཁྱེར་ཐུ་མེད་རེད། སྔོན་ཆད་མཉམ་ལས་རིང་ལུགས་པ་དང་སྤྱི་ཚོགས་རིང་ལུགས་པ་ཚོས་གྲལ་རིམ་གཙོ་བོར་ལབ་ནས། འཛམ་གླིང་མི་རིགས་དབྱེར་མེད་ཀྱི་རྫོགས་ལྡན་སྤྱི་ཚོགས་བསྐྲུན་དགོས་ཅེས་བརྗོད་ཡོད་པ་རེད། རྒྱལ་ཁབ་ཁ་ཤས་ནང་ལག་ལེན་ཀྱང་བྱས་པ་རེད། འོན་ཀྱང་དེ་ནི་མི་ཡི་རང་བཞིན་དང་མ་མཐུན་པའི་རྨི་ལམ་ཞིག་ཡིན་ཕྱིན། མིའི་རིགས་ཀྱི་དེབ་ཐེར་ལ་ཁྲག་གི་རི་མོ་ཞིག་བྲིས་པ་ལས་གང་ཡང་མངོན་འགྱུར་བྱེད་ཐུབ་མེད། གོད་ཆགས་དེ་འདྲའི་འོག་ནས་ཐར་བ་ཙམ་བྱུང་བའི་ཨུ་རུ་སུ་དང་རྒྱ་ནག་ལྟ་བུར་མཚོན་ན། ད་ལྟ་ནི་མི་རིགས་རིང་ལུགས་ཅན་གྱི་འདུ་ཤེས་གཙོ་བོ་བྱེད་ཀྱིན་ཡོད། ལེ་ནིན་རིང་ལུགས་ཀྱི་མི་རིགས་དབྱེར་མེད་ཀྱི་ལྟ་བ་དེ་ལ་ལམ་གང་ཡང་མ་རྙེད་པ་རེད། ནུབ་ཕྱོགས་མ་རྩ་རིང་ལུགས་ཅན་གྱི་རྒྱལ་ཁབ་ནང་གི་ཤེས་ཡོན་པ་མང་པོས། བཅོས་བསྒྱུར་བྱས་ཟིན་པའི་མི་རིགས་དབྱེར་མེད་ཀྱི་ལྟ་བ་ཞིག་བསྒྲགས་ཀྱིན་ཡོད་རེད། འཛམ་གླིང་སྤྱི་འབངས་དང་། གོ་ལའི་གྲོང་བརྡལ། ཡུལ་ཕྱོགས་མཉམ་སྦྲེལ་སོགས་ཀྱི་ལྟ་བ་ལག་ལེན་སོགས་བྱུང་ཡོད་པ་རེད། འོན་ཀྱང་ནུབ་ཕྱོགས་ཀྱི་རྫོགས་འདུན་འཆིང་བའི་ཤེས་ཡོན་པ་དེ་ཚོས་གང་ལྟར་ཡིན་ཀྱང་གནད་དོན་འདི་འདྲ་ཞིག་ཐག་ཆོད་རྒྱུ་མ་རེད་དེ། མང་གཙོ་དང་མི་སྒེར་གྱི་ཐོབ་ཐང་སྔོན་འགྲོ་ཡིན་ན། མི་ཐམས་ཅད་ཀྱི་ལྟ་བ་གཅིག་ཏུ་སྒྲིལ་ཐུབ་དུས་ནམ་ཡང་མེད། མི་ཚང་མས་ལྟ་བ་ལ་ཕྱི་ཚུལ་ཙམ་གྱི་གཅིག་འགྱུར་དགོས་ན། མང་གཙོ་དང་འགྲོ་མིའི་ཐོབ་ཐང་གླེང་ཐབས་མེད་དེ། དེ་ནི་བཙན་དབང་གིས་དམ་དྲག་དགོས་པས་ཕྱིར་ཏོ། དེ་བས། མང་གཙོ་དང་འགྲོ་མིའི་ཐོབ་ཐང་དགོས་ན། མི་དང་མི་ཡི་བསམ་བློའི་ཐ་དད་སྲུང་སྐྱོང་དགོས་པ་ཡིན་ལ། དེ་ཡིན་ན་མི་རིགས་དབྱེར་མེད་དང་ཆོས་ལུགས་དབྱེར་མེད་ཞིག་འབྱུང་ཐུབ་པ་མིན། །

མི་རིགས་དང་བཅས་པའི་མིའི་རིགས་ཀྱི་སྡེ་ཁག་དབྱེ་འབྱེད་དེ་ནི་དགོས་པ་དང་ཡོལ་མེད་ཞིག་ཡིན་པ་གསལ་བ་ཡིན་ན། ད་ལྟ་ང་ཚོས་འདབ་བརྩོད་དགོས་པ་ནི་སྡེ་ཁག་འདི་དག་གི་ཁེ་ཕན་ལ་དཔྱོད་ལྡན་གྱི་འགྲན་རྩོད་བྱེད་སྟངས་ཞིག་བརྩོན་དགོས་པ་དེ་རེད། །

http://korawa.com/index.php?c=content&a=show&id=163