8.pic༡ ལོ་ཆུང་དུས་ནས་སྔགས་རྒན་རྒྱུད་ལྡན་ཞིག་བསྟེན་པ།། བྱིན་རླབས་ཚན་ཁ་འབར་བའི་རྟེན་འབྲེལ་ལ་དམིགས་ཡོད།། དབྱངས་གསལ་ངག་ལ་སྐྱོར་ནས་དཀའ་བ་ཞིག་སྤྱད་དེ།། སྦྱོར་ཀློག་མ་དག་དབྱུག་པས་མཇལ་ཁ་ཡང་གནང་མྱོང་།།

༢ དང་པོ་གསང་སྔགས་ཉེ་ལམ་རྒྱུད་སྡེ་ཡི་གཞུང་ནས།། གཟུངས་སྔགས་ཀློག་དཀའི་མདུད་ཆེན་རྒྱས་བཏབས་རྣམས་བཀྲོལ་ཞོར།། སློབ་དཔོན་དམ་པའི་ཞལ་གསུང་མན་ངག་ཀུན་ཞུས་ནས།། འཕྲུལ་གྱི་སྒོ་མོ་འབྱེད་ལ་མྱངས་བ་ཞིག་སྤྱད་ཡོད།།

༣ རིམ་བཞིན་སྔ་རབས་བརྒྱུད་པའི་ཕྱག་ལེན་གྱི་རྩེ་མོར།། བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་ཀྱི་བྱུང་བ།། གསང་སྔགས་གཞུང་ལ་ངེས་བ་ཚད་ལྡན་ཞིག་བསླབས་ནས།། དཀྱིལ་འཁོར་ཐིག་རྩ་བཅའ་རྡུང་རོལ་མོ་ལ་གོམས་ཡོད།།

༤ བར་དུ་རྒྱལ་བ་བྲུ་ཡི་རང་ལུགས་ཀྱི་གཞུང་བརྒྱ།། འགྲོ་མགོན་ཡིག་ཆར་ཕབ་པའི་ཁུངས་ཐུབ་ཀྱི་ཕྱག་བཞེས།། ལྟ་སྒོམ་སྤྱོད་འབྲས་བློ་ཕུག་གཟུར་མེད་དུ་མཇལ་ནས།། གཙང་སྟོན་བཅོ་བརྒྱད་སྲས་པོ་མཉམ་མེད་ལ་སྐྱབས་ཡོད།།

༥ མཁས་ཚུལ་གསུམ་གྱི་མཛེས་པའི་སློབ་དཔོན་གྱི་མདུན་དུ།། སྔ་རབས་མཁས་པའི་ཡི་གེའི་བྲིས་རྒྱུན་ལ་གཟབ་ཞོར།། སུམ་རྟགས་དག་གསུམ་སྒྲ་སྙན་མངོན་བརྗོད་སོགས་སྦྱངས་ནས།། རང་ལམ་རང་གི་མ་གོལ་ལམ་བཟང་དེར་བཞུད་ཡོད།།

༦ མ་གྱུར་སེམས་ཅན་ཐམས་ཅད་བྱང་ཆུབ་ལ་འགོད་ཕྱིར།། བློ་ལྡོག་རྣམ་བཞིར་ངེས་ཤེས་ཟབ་མོ་ཞིག་བཞག་ནས།། རྒྱ་བོད་སོག་གསུམ་འགྲོ་བ་རིགས་དྲུག་གི་ཞིང་ལ།། ཚད་མེད་རྣམ་བཞི་སྒོམ་ནས་སེམས་བསྐྱེད་ལ་གཞོལ་ཡོད། །

༧ ཁ་ཅིག་བོད་པ་ཚང་གི་ལ་རྒྱ་ཡིན་བསམ་སྟེ།། ཁ་ཆེ་སོག་པོ་རྒྱ་ནག་སྐྱབས་འོག་ནས་ཕུད་ནས།། ཁ་ཚིག་མི་མཐུན་སྐྱབས་འགྲོ་ཡ་བྲལ་དུ་མཐོང་བས།། ཁ་བཤད་ལག་ལེན་ཐུབ་པའི་བོན་སྒོ་ལ་ཞུགས་ཡོད།།

༨ རིམ་བཞིན་བྱང་ཆུབ་ལམ་གྱི་རིམ་པ་རུ་བགྲོད་ནས།། བཤེས་གཉེན་བླ་མ་ཁོག་པའི་ཙི་ཏ་རུ་སྒོམ་ཞོར།། དབང་ལུང་མན་ངག་ཁྲིད་ཀྱི་གདམས་པ་ལ་བརྩོན་ནས།། བུམ་པ་གང་བཤོས་རང་རྒྱུད་དག་སྣང་གིས་བསྐྱེད་ཡོད། །

༩ རང་གི་མེ་ཏོག་ཕོག་པའི་ལྷ་སྐལ་གྱི་ཞིང་དུ།། རང་སེམས་མ་གཡེང་གསོལ་བ་ཕུར་ཚུགས་སུ་བཏབ་པས།། ཡི་དམ་ལྷ་ཞལ་དབང་བཞིའི་དཀྱིལ་འཁོར་དུ་མཇལ་བ།། ཚེ་རབས་ལས་ཀྱིས་བསགས་པའི་ཚོགས་གཉིས་སུ་སེམས་ཡོད།།

༡༠ ཡི་དམ་གཅིག་གིས་ལྷ་བརྒྱའི་ཞལ་མཐོང་ལ་བསམ་ནས།། ཡི་དམ་ཁྱེད་ཡིན་སྲུང་མ་ཁྱེད་ཡིན་ཞེས་གཞོལ་ཏེ།། ཆིག་ཐུབ་གདམས་པས་རང་རྒྱུད་དྲེགས་པ་དེ་འདུལ་བར།། བསྙེན་བསྒྲུབ་ལས་གསུམ་ཞག་བརྒྱའི་དཀའ་བ་རང་སྤྱད་ཡོད།།

༡༡ སྲུང་མ་དམ་ཅན་རྒྱ་མཚོའི་ཐུགས་དམ་གྱི་ཆེད་དུ།། གསང་སྔགས་སྒྲུབ་རྫས་དམ་རྫས་ཕྱོགས་མེད་དུ་བཙལ་ཏེ།། བསྐང་སྒྲུབ་གཏིང་རག་ནངས་ནུབ་དུས་དྲུག་ཏུ་མཆོད་པས།། ཕྲིན་ལས་རྣམ་བཞི་གེགས་མེད་ལྷུན་གྲུབ་དུ་གནས་ཡོད།།

༡༢ ཆུ་བོའི་རྒྱུན་བཞིན་རྣལ་འབྱོར་བརྩོན་པ་ལ་ཞུགས་ཡོད།། རི་བོའི་གཏོས་བཞིན་རྟོགས་པ་འཕོ་མེད་ལ་བཞག་ཡོད།། ལུ་གུའི་རྒྱུད་བཞིན་འཕྲོ་འདུ་གཉིས་མེད་ལ་དགོངས་ཡོད།། ཆར་བའི་གྲངས་བཞིན་དགེ་སྦྱོར་མཚོ་མོ་ལ་འབད་ཡོད།།

༡༣ སྲིད་པའི་བུ་ཆུང་མ་ཡི་མངལ་སྒོ་ནས་གྲོལ་སྐབས།། མིའུ་འདིའི་སྲོག་ལུས་དབང་ཐང་སྤར་ཁ་དང་སྦྲགས་ཏེ།། བཙས་སྐར་གཡང་གི་མར་ལོ་ཁ་ནང་དུ་སྦྱར་ནས།། མཚན་བཟང་འབུམ་པ་ཡག་གི་རྣ་བ་ནས་བོས་ཡོད།།

༡༤ རྣམ་རྟོག་ལས་གྲུབ་མི་ལུས་གདོན་ངན་གྱིས་མནར་ཚེ།། སྲིད་པའི་བོན་རྒན་གནམ་ལྕགས་ཐུ་ལུམ་བཞིན་འབྱོན་ན།། ནད་བདག་གར་སོང་མེད་པའི་ལོ་རྒྱུས་རབ་མང་བ།། ཆོས་པ་གཞན་གྱིས་མི་ཐུལ་རྟོགས་བརྗོད་ལས་མང་ངོ།།

༡༥ འགྲོ་བ་སེམས་ཅན་བསྐྱེད་པ་བཞི་ལྡན་གྱིས་རྒུད་ཚེ།། གཙུག་ལག་སྒོ་མོ་སྲིད་པའི་བུ་ཆུང་གིས་འབྱེད་ཅིང་།། སྲོག་ལུས་དབང་ཀླུང་དཔག་བསམ་ལྗོན་བཟང་བཞིན་བསྐྱེད་པ།། གྲོང་ཆོག་སྔགས་རྒན་ཞིག་གི་ཁྱད་བོན་ཡང་ཡིན་ནོ།།

༡༦ མཆོག་གསུམ་བསླུ་མེད་དད་པའི་བྱིན་རླབས་ཀྱི་མཐུ་ལས།། ཉེ་རིང་མངོན་ལྐོག་གསང་བ་སྦས་མཐོང་གིས་བཀྲོལ་ཅིང་།། འགྲོ་བའི་ལེགས་ཉེས་བདེ་སྡུག་ལག་མཐིལ་ནས་བསྟན་ན།། འཕྲུལ་གྱི་བུ་ཆུང་གདུགས་ཀྱི་དར་ཆེན་གྱིས་བསྐོར་ཡོད།།

༡༧ མི་རྟག་འཆི་བའི་འགྲོ་ཀུན་ཕ་ཁྱིམ་དུ་ཆས་དུས།། བདེར་གཤེགས་ཞི་ལྷ་བཞི་བཅུ་བསུ་མ་ལ་དྲངས་ཤིང་།། ཁྲོ་རྒྱལ་བརྒྱད་ཅུ་གྱ་དྲུག་སྐྱེལ་མ་ལ་འབྱོན་དུས།། རིག་འཛིན་དཔའ་བོའི་ངར་སྐད་ལྷང་ལྷང་དུ་མཆེད་ཡོད། །

༡༨ ཟག་བཅས་ཕུང་བོ་བགེགས་ཀྱི་ཐུན་མཚམས་ཤིག་བཅད་ཅིང་།། བླ་ཡིད་སེམས་གསུམ་སྲིད་གཤེན་ཐེག་པ་ནས་བཀར་ཏེ།། མི་རབས་མཆེད་གསུམ་ཕོ་འདུལ་མོ་འདུལ་ཞིག་བརྒྱབ་ན།། སྲི་ངན་ཙེར་ཙེར་ཧོམ་ཁུང་དམར་ནག་ལ་མནན་ཆོག །

༡༩ མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བམ་ཆེན་གྱིས་བསྐང་དུས།། ཆུ་སྒྲོན་ལེན་གསུམ་དཔལ་ཁ་མ་ཉམས་པའི་ཀློང་ནས།། ས་འདུལ་དྲག་པོས་ས་སྲི་དཔག་ཚད་དུ་བསྐྲད་ན།། སྦྱིན་པའི་དགའ་སྟོན་ཐང་མོ་དྲུག་འགྱུར་ཡང་དཀྲོལ་མྱོང་།།

༢༠ འཁོར་བ་ཟོ་ཆུན་རྒྱུད་མའི་ལས་འབྲས་ལ་སྤྱོད་པ།། བསགས་བྱས་ལས་གསུམ་ཉེར་ལེན་ཕུང་བོ་ལ་བཏུད་པས།། སྨན་རྩིས་དཔྱད་གཏོས་འགྲོ་བའི་ཉོན་མོངས་དེ་འཇོམས་པར།། རྣམ་མཁྱེན་གཤེན་རབ་བཀའ་ལ་ཐ་ཚིག་གིས་གནས་ཡོད།།

༢༡ དུས་ནི་མི་འགྱུར་མི་གཤིས་རྩིང་པོ་རུ་འགྱུར་ཏེ།། སྲིད་པ་འཇིག་རྟེན་ལས་འབྲས་གོ་ལོག་དུ་སྤྱད་ནས།། ས་གཉན་བརྐོས་དང་མཚོ་གཉན་ཞལ་བསྒྱུར་སོགས་བྱས་པས།། ལྷ་སྲིན་སྡེ་བརྒྱད་གདུག་རྩུབ་འཚུབ་མ་བཞིན་འཁོར་ཡོང་།།

༢༢ ནད་རིགས་བཞི་བརྒྱ་རྩ་བཞི་གནམ་འོག་ཏུ་མཆེད་ཅིང་།། བགེགས་རིགས་སྟོང་ཕྲག་བརྒྱ་བཅུ་ཕྱོགས་མཚམས་སུ་གྱེས་དུས།། འགྲོ་བ་སེམས་ཅན་ཚེར་མའི་སྟན་ཐོག་ཏུ་གནས་བ།། སྲིད་པའི་གཉན་པོ་ངེད་ཅག་ལྟད་མོ་ལ་རོལ་ལམ།།

༢༣ རྣམ་མཁྱེན་རྒྱལ་བ་གཤེན་གྱིས་མདོ་འབུམ་དང་རྒྱུད་མཛོད།། འགྲོ་བ་སེམས་ཅན་སྐྱོབ་པའི་དོན་ཆེད་དུ་གསུངས་ན།། ང་ཚོས་ཉམ་ཐག་སྐྱོབ་པའི་གྲོང་ཆོག་ཅིག་བྱེད་པ།། དུག་ལྔའི་ཕྲག་དོག་ཕྲག་པའི་སྣེ་མོ་ནས་མ་འཕྱུར།།

༢༤ སྐབས་འདིར་དོན་རྩ་སྙོབ་པའི་སྣེ་མོ་ལ་སླེབས་པས།། གྲོང་ཆོག་བྱ་བ་མི་སྲིད་དུས་གསུམ་ཀུན་འབྱོན་པའི།། སངས་རྒྱས་སེམས་དཔའ་ཀུན་གྱིས་ཐུན་མོང་དུ་སྤྱོད་པ།། བདག་གིས་ཅུང་སྤྲོ་གྲོགས་དག་དཔྱད་གསུམ་ནི་མཛོད་ཅིག །

༢༥ རྒྱ་ལག་འོལ་མའི་ཚལ་དུ་གཤེན་རབ་ཉིད་བྱོན་ནས།། སྦྱིན་བདག་ཀོང་ཙེར་འཚེ་བའི་འགལ་རྐྱེན་ཀུན་སེལ་སོང་།། ཀོང་ཇོ་འཕྲུལ་བསྒྱུར་ཉིད་ལ་བཙུན་མོ་རུ་ཕུལ་བས།། ཡོན་མཆོད་དགྱེས་པའི་རྟོགས་བརྗོད་དྲི་མེད་དུ་བཀོད་ཡོད།།

༢༦ ཁྲི་སྲོང་གླེན་པས་བོན་བསྣུབས་བསྟན་དགྲ་རུ་གྱུར་དུས།། རུ་བཞིའི་ས་གཡོས་རང་ལུས་ནད་ངན་གྱིས་བཟུང་སོང་།། སྟོང་རྒྱུང་གདན་དྲངས་གསེར་རྟ་མུན་འགྲོ་སོགས་ཕུལ་ནས།། ཡོན་མཆོད་དགྱེས་པའི་བརྔན་བསང་ཐོག་མ་རུ་གསུངས་ཡོད།།

༢༧ བོན་བསྣུབས་དབུ་ཡོག་བྱུང་དུས་བླ་ཆེན་ནི་དྲན་པ།། རྗེ་འབངས་ཉེར་ལྔའི་གྲས་སུ་ནན་བན་དུ་གྱུར་བ།། སྤྱིར་ན་བསྟན་དང་སྒོས་སུ་ངོ་འཛིན་ཞིག་མིན་ན།། བཙན་པོ་འཁོར་བཅས་ཐལ་བ་རྡུལ་ཕྲན་དུ་བརླགས་ཆོག །

༢༨ དམུ་གཤེན་ཉི་མ་རྒྱལ་མཚན་ལྷ་ལམ་དུ་འཕུར་སྟེ།། དབུ་ཞྭ་མེ་དུག་མ་ཡི་རྟོགས་བརྗོད་འདི་མཇལ་དུས།། རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོས་ཕྱག་སིལ་ཞིག་ཕུལ་བ།། འདི་ཡང་བསམ་ན་ཡོན་མཆོད་ལྟག་སྒོ་ཞིག་ལོས་ཡིན།།

༢༩ ཤཱཀ་ཐུབ་ལྷུང་བཟེད་བསྣམས་ནས་བསོད་སྙོམས་ལ་ཆས་དུས།། ཡོན་མཆོད་དབུལ་ཕྱུག་གཙུག་ལག་སྒོ་མདུན་དུ་ཁེངས་ཡོད།། ས་རྡུལ་སྤར་གང་ཕུལ་བའི་རྒད་མོ་འདི་སེམས་ཚེ།། རྒྱུ་ཡིས་ཕོངས་ཀྱང་སྦྱིན་བདག་རྣམ་དག་ཅིག་ཡོད་འདུག །

༣༠ ཨུ་རྒྱན་པད་མ་ཆོལ་གསུམ་དཀྲུགས་ཤིང་དུ་ཕེབས་དུས།། མཁན་སློབ་ཆོས་གསུམ་ཁ་འགྲིགས་བོན་བསྟན་ནི་བསྣུབས་སོང་།། གླེན་པ་ཁྲི་སྲོང་དད་པའི་དབང་ཡོན་དུ་འབུལ་བ།། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཀླད་པ་ལ་ཤར་མེད།།

༣༡ ཕྱུག་པོ་མཐོང་ན་མིག་ཟུང་སྐར་ཆེན་ལས་བགྲད་ཅིང་།། མེད་པོ་རིག་ན་ཞེ་རྩར་སྨུག་པ་ཞིག་འཐིབ་པའི།། རྗེ་བཙུན་མི་ལས་ཕྱུག་པོར་ཧེབ་ནག་གིས་སློང་དུས།། ཞེ་ནག་ཁྱི་ཡིས་དེད་པའི་གཏམ་རྒྱུད་འདི་སྤྲོ་བ། །

༣༢ ཀུན་གྲོལ་འཇའ་ཚོན་སྙིང་བོ་རྟོགས་པ་རང་འབར་བས།། བསྟན་སྦྱིན་རྒྱལ་རོང་རྒྱལ་བོའི་དབུ་བླ་རུ་བཀུར་རུང་།། སྲས་མོ་གཏེར་གྲོགས་འགུགས་པའི་འདོད་པ་དེའི་ཆེད་དུ།། སྲིད་རྒྱལ་དྲེའུ་དམར་ཞབས་ཀྱི་མཐེབ་ཆུང་ཡང་བསྟན་མྱོང་། །

༣༣ དཀར་པོ་རྣམ་གསུམ་དམར་པོ་རྣམ་གཉིས་ཀྱི་ས་སྐྱས།། ཆོལ་གསུམ་བོད་པའི་ལ་རྒྱ་དབང་ཡོན་ལ་བརྗེ་ནས།། ཧོར་རྒྱལ་འདབས་ཁར་འཛུལ་བའི་ལོ་རྒྱུས་ལ་གཟིགས་དང་།། ཡོན་མཆོད་དྲིན་ལན་མཇལ་བའི་རྒྱབ་ལྗོངས་ཤིག་མཐོང་ཡོང་།།

༣༤ རྒྱལ་བ་པཎ་ཆེན་ཐོབ་ཀྱི་གོ་ས་འདིས་སླད་དུ།། ཡོན་བདག་ཁ་ཐག་རིང་ཡང་རྒྱ་ནག་ཏུ་ཕེབས་ནས།། ཁ་ཡག་ཚིག་འཇམ་ངོ་དགའ་མཐེ་བོང་དེ་བསྟན་ནས།། བླ་མ་དཔོན་པོར་གྱུར་ནས་ཆོས་ཁྲིམས་དེ་འཆོལ་ཡོད།།

༣༥ ཉི་མ་བསྟན་འཛིན་རང་ཡུལ་སྡེ་དགེ་ལ་ཆས་དུས།། སྦྲ་ཆེན་ཀླུ་དགོན་ཞབས་བཅགས་གཤང་ཆེན་སོགས་ཕུལ་བར།། འབྲོག་ཤོག་བཅོ་བརྒྱད་སྨན་རིའི་ཡོན་བདག་ཏུ་གྱུར་ཏེ།། བསོད་ནམས་ཚོགས་ཆེན་བསོགས་པའི་སྐལ་བ་ཡང་ལྡན་ཡོད།།

༣༦ ར་རྒྱ་ཁྱུང་དགོན་གྲྭ་སྲིའི་དམ་ཉམས་ཀྱིས་འཚེ་དུས།། འུ་ཐུག་ཐབས་ཟད་གྱང་རིའི་ཐུགས་རྗེ་ལ་ཞུས་པ། ། དབང་འབུམ་སྐུར་བསྐྱེད་སྣ་ཐའི་སྦྱིན་བསྲེགས་འགའ་བླུགས་པས།། ད་ལྟའི་ར་རྒྱའི་ཤེས་རིག་སློབ་གླིང་འདི་དར་ཡོད།།

༣༧ གནམ་ས་བཀབ་པ་ལྟ་བུའི་སྐྱེས་ཆེན་གྱི་ཚོགས་རྣམས།། རང་བསྟན་སྐྱོང་བར་རང་གི་ནུས་པ་ལ་བརྟེན་ནས།། དཀར་ནག་རྒྱ་བོད་ཞིང་ན་འདུར་རྒྱུགས་ལ་བྲེལ་ཏེ།། ཡོན་མཆོད་ཁ་འཛིན་སྐྱོང་བཞིན་ཡོན་རྩ་ལ་འབད་ཡོད། །

༣༨ དེ་ལྟར་མཐོང་ན་རང་རང་རྗེས་འཇུག་གི་ཚོགས་རྣམས།། གང་ལྟར་བྱས་ཀྱང་སྦྱོར་དངོས་རྗེས་གསུམ་ཤིག་ཚང་ན།། འདི་ལྟར་འགྲིམས་ཀྱང་གནོད་འགལ་ཚབས་ཆེན་ཞིག་མེད་པས།། ངང་མོ་ཆུ་ལ་འཇུག་བཞིན་སྤྲོ་དགའ་ཡིས་ཞུགས་ཆོག །

༣༩ གཅིག་ན་ནང་བའི་བསྟན་པས་ཆེ་བ་དེ་འདོན་ཡོང་།། གཉིས་ན་རང་གི་རྒྱུད་ཀྱི་རྟོགས་པ་དེ་འབར་ཡོང་།། གསུམ་ན་རང་གི་ཤེས་བྱའི་གཤོག་རྩལ་ནི་རྒྱས་ཡོང་།། བཞི་ན་རང་གི་བསྟན་པར་སྲི་ཞུ་ཞིག་བསྒྲུབས་ཡོད།།

༤༠ ཆུང་ནས་དགེ་སྒྲུབ་བོན་གྱི་སྐྱབས་འོག་ནས་འཚོས་བས།། གཞན་ལ་མི་གནོད་རང་གི་རང་ཁ་དེ་གསོས་ཡོད།། ཁྲིམས་ཀྱིས་བསྡུས་པའི་དཀོར་ཟས་དཀོར་ཆུ་དེ་མ་ཡིན།། ཉོན་མོངས་དུག་ལྔ་སྲིད་པའི་གྲོང་ཆོག་དེར་མ་ལངས། །

༤༡ འདི་སོགས་དགེ་བའི་ཨ་རྫོགས་སྙན་གསུམ་གྱི་བསྟན་པ།། སྒོས་སུ་གོས་དཀར་ལྕང་ལོ་འཛིན་མ་རུ་ཁྱབ་སྟེ།། རང་བསྟན་རང་སྐྱོང་འགྲོ་ཀུན་ཞི་བདེ་ལ་རོལ་ནས།། ལུས་ཀྱི་རྩ་གནས་འོད་ཀྱི་ཟེར་མ་ལ་ཐིམ་ཤོག །

ཅེས་པ་འདི་ཡང་དུག་ལྔའི་འདམ་ལ་ཟུག་པའི་གང་ཟག་ཅིག་གིས་རྐྱེན་བྱས་བོན་གྲོགས་ཨུན་ཆེན་དུང་གིས་སྦྱར་བ་དགེའོ། ། ། །

广告位招租