ཟླ་བ་གཞོན་ནུ།

ཉག་ཕྲན་དཔའ་བོས་མཛད་པའི་ལྷ་མོ་ཀཱདམྦརཱི་ནི་ཚིགས་ལྷུག་མར་བྲིས་པའི་སྙན་དངགས་ཀྱི་བསྟན་བཅོས་གྲགས་ཅན་ཞིག་ཡིན་ལ། བརྒྱ་ཕྲག་བདུན་པར་བྱུང་།  དེ་ལ་སྤྲོ་བ་འཕེལ་བ་དང་དེ་ངོ་སྤྲོད་རགས་ཙམ་བྱེད་པའི་ཕྱིར། འདིར་གཏམ་འདིའི་བརྗོད་བྱ་ཉིང་བསྡུས་ཤིག་བྲི་བར་བྱའོ།།  དེ་ཡང་སྙན་དངགས་འདིའི་དབུར་ཉག་ཕྲན་དཔའ་བོ་མཆོག་གིས་ཚིགས་སུ་བཅད་པ་ཉི་ཤུས་ཤིས་བརྗོད་དང་།   ཕྱག་བྱ་བ།  བླ་མ་དང་གདུང་རྒྱུད་ཀྱི་ངོ་སྤྲོད་རགས་རིམ་དང་།   སྐྱེས་བུ་དམ་པ་ལ་བསྟོད་པ་དང་སྐྱེས་བུ་ངན་པ་ལ་སྨད་པ་དང་བཅས་ཏེ་རང་ཉིད་ཀྱི་གཏམ་གྱི་ཆེ་བ་བརྗོད་ཡོད།

གཏམ་གྱི་གཞི།

དེ་ཡང་སྙན་དངགས་གྲགས་ཅན་ཀཱ་དམ་བ་རཱི་ཞེས་བྱ་བ་འདི་ཕུལ་དུ་བྱུང་བའི་དཀའ་ཐུབ་པ་རྒྱལ་བོ་ཤཱུ་དྲག་བྱ་བའི་སྐོར་བསྟན་ཏེ་མགོ་བཙུགས་ཤིང་།   ཤཱུ་དྲག་ནི་བི་དི་ཤཱ་བྱ་བའི་ཡུལ་གྲུ་དེའི་རྒྱལ་བོ་ཡིན་པ་དང་།  སྟོབས་དང་འབྱོར་བ་ཕུན་སུམ་ཚོགས་ཤིང་།   ལོངས་སྤྱོད་ཀྱི་དཔལ་ལ་རོལ་ཞིང་མཆིས།  ཉིན་ཞིག་གི་ཞོགས་པར།   རྒྱལ་བོའི་ཕོ་བྲང་དུ་གཏུམ་མོའི་རིགས་ཀྱི་གཞོན་ནུ་མ་ཞིག་གིས་གསེར་གྱི་གཟེབ་ཅིག་ཏུ་ནེ་ཙོ་མཚན་མ་ཤིན་ཏུ་བཀྲ་བ་ཞིག་འཁྱེར་འོངས་ཏེ།  གུས་ཕྱག་དང་བཅས་རྒྱལ་བོ་ལ་ནེ་ཙོ་དེ་བདག་ཏུ་བཞེས་པའི་གསོལ་བ་བཏབ་པ་དང་།   ནེ་ཙོ་དེས་གཤོག་པ་གཡས་པ་ཡར་བཀྱགས་ཏེ་མིའི་སྐད་དུ་ཚིགས་སུ་བཅད་པ་སྨྲས་ཏེ་རྒྱལ་བོར་གུས་ཕྱག་བྱས་པར།  རྒྱལ་བོ་དང་དེར་འདུས་ཀྱི་བློན་ཆེན་འཁོར་དང་བཅས་པ་ཤིན་ཏུ་ཡ་མཚར།  དེ་ནས་ནེ་ཙོ་དེ་ཕོ་བྲང་ནང་མར་དྲངས་ཏེ་ཟས་སོགས་སྤྲད། ཉིན་རེའི་བྱ་བ་ཡོངས་སུ་མངགས་བཀོད་གནང་ཚར་རྗེས་རྒྱལ་བོས་ནེ་ཙོ་དེ་ཁོང་གི་མདུན་དུ་འཁྱེར་འོང་དགོས་པའི་བཀའ་ཕབ།  དེར་འབྱོར་བ་དང་རྒྱལ་བོས་ནེ་ཙོ་དེ་ལ་རང་ཉིད་ཀྱི་ལོ་རྒྱུས་བཤད་པའི་རེ་སྐུལ་མཛད་པས།  ནེ་ཙོ་ན་རེ།

འབིགས་བྱེད་ཡུལ་གྱི་དྲང་སྲོང་ཆེན་པོ་ཨགསྟྱའི་བསྟི་གནས་ཀྱི་འཁྲིས་སུ་པམྤཱ་བྱ་བའི་མཚོ་ཞིག་ཡོད་པ་དེའི་མཐའ་རུ་ཤཱལ་མ་ལཱིའི་སྡོང་སྐམ་ཞིག་ཡོད་ཅིང་། དེའི་རྩེ་ལ་ནེ་ཙོའི་ཁྱུ་ཚོགས་ཤིག་དང་ལྷན་དུ།  ནེ་ཙོ་རྒན་པ་ཞིག་ཡོད་པ་དེའི་ཕྲུ་གུར་ང་རང་སྐྱེས།  ཨ་མ་གྲོངས་པའི་རྐྱེན་གྱིས་ཕ་གཅིག་པུས་གཉོར་སྐྱོང་བྱས་ཏེ་ལག་ཆགས།  ཉིན་ཞིག་དམག་དཔོན་ཞིག་དམག་དཔུང་དང་བཅས་ཏེ་དེའི་ཉེ་འགྲམ་ཞིག་ནས་བརྒྱུད་ཅིང་།  དེའི་ཁྲོད་ཀྱི་མི་གཅིག་རྗེས་སུ་ས་དེར་བསྐྱར་དུ་འོངས་ནས་ནེ་ཙོ་མི་ཉུང་བ་ཞིག་བསད་དེ་འཁྱེར།  དེའི་སྐབས་སུ་གང་ལྟར་སྟབས་ལེགས་ནས་བདག་རྐྱེན་ངན་དེ་ལས་ཐར་བར་གྱུར་བ་དང་། སྲོག་ཉེན་ལས་ཐར་ཆེད་དང་ཁ་སྐོམ་པས་ཆུ་འཚོལ་དུ་སོང་བའི་ལམ་ཁར་དྲང་སྲོང་ཛཱ་བཱ་ལིའི་བུ་ཧཱ་རཱི་ཏ་ཚངས་སྤྱོད་པ་ཆུ་ཁར་ཁྲུས་ལ་བྱོན་པའི་སྐབས་དང་འཁེལ་ཏེ་ང་ཤི་ལ་ཉེ་བ་གཟིགས་ཏེ་ཕྱག་ཏུ་བླངས་ནས་ཆུ་བླུད་ཅིང་། ཁོང་དང་མཉམ་དུ་བཞུགས་གནས་སུ་འཁྱེར།  བསྟི་གནས་ཀྱི་མཛེས་སྡུག་དང་དྲང་སྲོང་ཆེན་པོ་ཛཱ་བཱ་ལིའི་ཁྱད་དུ་འཕགས་པའི་གཤིས་ཀ་མཐོང་སྟེ་ང་རང་ཤིན་ཏུ་དགའ་ཞིང་ལུས་སེམས་ལ་སྔར་མེད་པའི་བྱིན་གྱིས་རླབས་པར་བྱས། དྲང་སྲོང་ཆེན་མོས་ང་ལ་གཟིགས་ཏེ།  དར་ཙམ་དགོངས་པ་ཞིག་བཞེས་ནས་ན་རེ་ནེ་ཙོ་འདིས་རང་ཉིད་ཀྱི་ལས་ཀྱི་རྣམ་སྨིན་མྱོང་བར་གདའ་གསུངས་པ་དང་།   དེ་ཐོས་ཏེ་དྲང་སྲོང་གཞན་རྣམས་ཀྱིས་ཡ་མཚར་དང་བཅས་ངའི་ལོ་རྒྱུས་བཤད་པའི་གསོལ་བ་བཏབ་པར། དྲང་སྲོང་ཆེན་མོས་འཛེམ་ཟོན་ཅི་ཡང་མེད་པར་བཤད་པའི་ཁས་འཆེས་ཤིང་།  ན་རེ།  གཏམ་རྒྱུད་ཤིན་ཏུ་འདི་རིང་བ་དང་གཏམ་རྒྱུད་ཐོས་མ་ཐག་ནེ་ཙོ་རང་ཉིད་ཀྱིས་ཀྱང་རང་ཉིད་ཀྱི་འདས་པའི་ལོ་རྒྱུས་དྲན་པར་འགྱུར་ཚུལ་བཤད།   ཐུན་མཚམས་ཀྱི་མཆོད་འབུལ་དང་ཁ་ཟས་ལ་སོགས་པའི་བྱ་བ་བྱས་རྗེས་དྲང་སྲོང་ཆེན་མོས་འོན་ཅིག་ཅེས་གསུངས་ཏེ་གཏམ་རྒྱུད་ཀྱི་དབུ་བསྐྱངས་སོ།།

གླེང་གཞི་རྫོགས་སོ།།

གཏམ་རྒྱུད་སྔ་མ།

ཤུཀནཱསའི་གདམས་ངག

ཨཝནྟིའི་ཡུལ་གྱི་ཁྱད་ཆོས་སྣ་ཚོགས་དང་ལྡན་པའི་ཡུལ་ཨུཛྫཡི་ནི་བྱ་བའི་གྲོང་ཁྱེར་དུ་སྐར་མ་པཱི་ཌ་བྱ་བའི་རྒྱལ་བོ་དཀའ་ཐུབ་ཅན་ཞིག་གིས་རྒྱད་སྲིད་ཀྱི་ཁ་ལོ་སྒྱུར་ཞིང་མཆིས་སོ།།  སྐྱེས་སྟོབས་ཀྱི་ཤེས་རབ་ཕུན་སུམ་ཚོགས་ཤིང་འགྲན་པའི་ཟླ་དང་བྲལ་བའི་བྲམ་ཟེ་ཤུཀནཱས་བྱ་བ་ཁོང་གི་བློན་ཆེན་ཡིན།   དེ་ལ་རྒྱལ་བོ་གློ་བ་ཤིན་ཏུ་མཉེས་པས་རྒྱལ་བོ་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཞིང་མཆིས།  རྒྱལ་བོ་སྐར་མ་པཱི་ཌ་ལ་བདེ་བ་ཐམས་ཅད་བདེ་བླག་ཏུ་ཐོབ་ནའང་།  རིགས་མྱུག་གི་བདེ་བས་བསླུས་པར་གྱུར་བས་རྟག་ཏུ་ཡིད་ཞུམ་ཞིང་བཞུགས་པས།  ཁོང་གི་བཀའ་ཡི་བློན་ཆེན་བི་ལཱ་ས་བ་ཏིས་བུ་མེད་ན་མཐོ་རིས་བགྲོད་མི་ནུས་པའི་གཏམ་རྒྱུད་བཤད་ཅིང་དེ་གཅོག་ཐབས་ཀྱི་ཉིད་ཀྱི་བློ་བསྟན་པར།  རྒྱལ་བོས་ཉིད་ཀྱི་བཙུན་མོ་ལ་ཆོས་བྱེད་པའི་ལས་ལ་ཞུགས་པ་ལ་སོགས་པའི་ཐབས་ཤེས་གང་བསྟན་པ་ཚང་མ་སྒྲུབ་དགོས་ཚུལ་གསུངས་ཤིང་བཙུན་མོས་ཀྱང་མ་ལུས་པར་བསྒྲུབས་སོ།།

ཉིན་ཞིག་གི་མཚན་མོར་རྒྱལ་བོར་རྨི་ལྟས་ལེགས་པོ་འོངས་པ་སྟེ།  ཉ་གང་ཟླ་བ་ཞིག་ཁོང་གི་བཙུན་མོའི་གཟུགས་པོར་ཐིམ་པ་མཐོང་།  དེ་མ་ཐག་ཁོང་གཉིད་ལས་སད་དེ་ཤུཀནཱས་ལ་བཤད་པར།  ཤུཀནཱས་ཡིས་ཀྱང་རང་གི་རྨི་ལྟས་བཟང་ཚུལ་བཤད་དེ་རྒྱལ་བོ་ཡོངས་སུ་ཚིམས་པར་བྱས་ཤིང་།  ཁོང་གཉིས་མཉམ་དུ་བཙུན་མོའི་སར་སོང་སྟེ་དེའི་སྐོར་བཤད་དེ་རབ་ཏུ་དངས་པར་བྱས་སོ།།  དེ་ནས་ཉིན་ཤས་རྗེས་བཙུན་མོ་སྦྲུམ་དང་ལྡན་པར་གྱུར་བའི་གནས་ཚུལ་དེ་རྒྱལ་བོས་བང་ཆེན་ལས་ཐོས་ཏེ་ཤུཀནཱས་དང་ལྷན་དུ་བཙུན་མོར་གཟིགས་པར་ཕེབས་པར་བདེན་པ་མཐོང་སྟེ་ཤིན་ཏུ་རབ་ཏུ་དགའ་བར་གྱུར།  དེ་ནས་མཐའ་མར་བུ་ཞིག་བཙས་པས།  ས་ཕྱོགས་ཀུན་ཏུ་དགའ་རླབས་འཕྱུར། དེའི་མཚམས་སུ་བློན་ཤུཀནཱས་ཡི་ཆུང་མས་ཀྱང་བུ་ཞིག་བཙས་པས།  རྒྱལ་བོའི་རྨི་ལྟས་བཞིན་རང་གི་བུ་ལ་ཟླ་བ་པཱི་ཌ་དང་བློན་པོའི་བུའི་མཚན་ལ་གློག་གི་བགྲོད་པ་ཞེས་བཏགས།

རིམ་གྱིས་རིམ་གྱིས་བྱིས་པ་གཉིས་ནར་སོན་ཞིང་།  རྒྱལ་བོས་ཁོང་གཉིས་གྲོང་ཁྱེར་ཕྱིའི་བསྟི་གནས་ཤིག་ཏུ་རིག་པའི་གནས་བསླབ་ཏུ་བརྫངས། དགེ་བའི་མཚན་མ་ཡོངས་སུ་བཀྲ་བའི་དུས་སུ་ཟླ་བ་པཱི་ཌ་དང་གློག་གི་བགྲོད་པ་གཉིས་བསླབ་པ་གཉེར་བའི་དབུ་བརྩམས། མ་འགྱངས་པར་རྒྱལ་བློན་གྱི་བུ་གཉི་ག་རིག་པའི་གནས་ཐ་དག་ལ་བྱང་ཆུབ་པར་གྱུར་ཞིང་།  བློན་པོའི་བུ་ཡང་རྒྱལ་བོའི་བུ་དང་ཕྱོགས་ཀུན་ནས་ཅོ་འདྲི་བ་ལྟ་བུར་གྱུར།  དེ་ནས་རྒྱལ་བོས་རང་གི་དམག་དཔོན་ལ་བཀའ་བསྒོས་ཏེ།  ཆིབས་པ་བརྒྱ་བྱིན་མཚོན་ཆ་བརྫངས་ཏེ་རྒྱལ་བུ་ཕོ་བྲང་དུ་གདན་འདྲེན་དུ་བཏང་།    དེ་བཞིན་དུ་རྒྱལ་བུ་བརྒྱ་བྱིན་མཚོན་ཆ་ལ་ཞོན་ཏེ་རྒྱལ་བོའི་ཕོ་བྲང་ལ་ལོག་ཅིང་།  ཕྱོགས་ཀུན་ཏུ་ཁོང་བསུ་རུ་འོངས་པའི་མི་མང་འཚང་ཁ་མཐོང་།  དལ་གྱིས་ཕོ་བྲང་དུ་འབྱོར་བ་དང་།  བློན་པོ་རྣམས་ཀྱི་བསྐོར་ཞིང་རྒྱལ་ཁྲི་ལ་འཁོད་པའི་རང་གི་ཡབ་ཆེན་མཐོང་སྟེ། གུས་ཕྱག་བྱས།  ཡབ་ལ་འཁྱུད་ཙམ་བྱས་རྗེས་ཁྲིའུ་གཞོགས་གཅིག་ཏུ་དེད་དེ་ས་སྒྲེན་པར་འཁོད། དེ་བཞིན་དུ་གློག་གི་བགྲོད་པ་ཡང་ཁོང་གི་འཁྲིས་སུ་བཞུགས།   དེ་ནས་རྒྱལ་བོས་ཇི་ལྟར་བཀའ་གནང་བ་བཞིན་ཕོ་བྲང་སྦུག་མར་ཕེབས་ཏེ་རང་གི་ཡུམ་དང་བཀུར་བར་འོས་པའི་བུད་མེད་དག་ལ་ཁམས་འདྲི་བྱས་ཤིང་། གློག་གི་བགྲོད་པ་དང་ལྷན་དུ་ཁོང་གི་ཡབ་ཀྱི་སར་ཕྱིན།  དེར་ཕྱིན་ནས་ཀྱང་ཕྱག་ལ་སོགས་པ་བྱས་ནས་གློག་གི་བགྲོད་པའི་ཨ་མ་ལ་ཁམས་བདེ་དྲིས་ནས་ཕྱིར་ནང་ལ་ལོག    ཁོང་གིས་རང་ཉིད་ཀྱི་གཟིམས་ཁང་མདུན་དུ་ཆིབས་པ་བརྒྱ་བྱིན་མཚོན་ཆ་བཏགས་ཏེ།  ཉིན་རྗེས་མའི་ཞོགས་པར་ལངས་ཏེ་ཆིབས་པར་ཞོན་ཏེ་རི་དྭགས་གདའ་རུ་སོང་།  ཚུར་ལོག་ནས་ཉིན་རེའི་བྱ་བ་ལས་ཟིན་རྗེས་ངལ་མ་གསོས་སྔོན་ལ་རང་ཉིད་ཀྱིས་དངོས་སུ་ཆིབས་པ་བརྒྱ་བྱིན་མཚོན་ཆ་ལ་རྩ་བྱིན།  ཉིན་རྗེས་མར་བཙུན་མོ་ཆེན་མོ་དབྱིག་གི་བློ་གྲོས་ཀྱིས་རང་གི་བུའི་སྲི་ཞུའི་ཕྱིར་དུ་རྒྱལ་བོ་ཀུལཱུཏ་དབང་ཕྱུག་གི་བུ་མོ་པཏྲ་ལེ་ཁཱ་ལ་ཟས་མཆོག་ཏུ་གྱུར་བ་སྤྲད་དེ་བརྫངས་ཤིང་།  བུའི་ལྷན་དུ་བཟང་སྤྱོད་ལ་གནས་དགོས་པའི་མངགས་ཆ་བྱས།  པཏྲ་ལེ་ཁཱས་བཙུན་མོས་གསུངས་པ་བཞིན་ཟླ་བ་པཱི་ཌ་ལ་སྲི་ཞུ་ལེགས་པོར་བྱས་པས།  ཁོང་མོ་ལ་ཅང་མ་འགོར་བར་གློ་བ་མཉེས་པར་གྱུར།

དེ་ནས་ཉིན་འགའི་རྗེས་སུ་རྒྱལ་བོ་སྐར་མ་པཱི་ཌས་རང་གི་བུ་ལ་རྒྱལ་སྲིད་ཀྱི་དབང་བསྐུར་བའི་སྟ་གོན་བྱས་པས།  རྒྱལ་བུ་ཟླ་བ་པཱི་ཌ་བློན་ཆེན་ཤུཀནཱས་ཡི་གན་དུ་བཅར་ཏེ། བློན་ཆེན་གྱིས་འཇིག་རྟེན་ལུགས་ཀྱི་བྱ་བྱེད་སོགས་ཀྱི་སྐོར་ནས་གདམས་ངག་ཞིབ་རྒྱས་བསྩལ་བར་ཞིབ་ཏུ་མཉན།

ཤུ་ཀ་ནཱ་སའི་གདམས་ངག་རྫོགས་སོ།།

 

(མུ་འགོད)