849飞

མི་རིགས་ནང་ཚན་འབྱེད་པར་དགའ་བ་ནི་མདོར་དེད་ན་མི་རིགས་གང་དེ་རྩ་བ་ནས་ཉམས་པར་བྱེད་པའི་རྒྱུ་རྐྱེན་ཡིན་ལ།མི་རིགས་བར་གྱི་འདུ་ཤེས་རྨག་མེད་དུ་གཏོང་བ། གྲུབ་མཐའ་རྩད་ནས་རང་རང་གི་ས་ནས་རང་ཚུགས་བཟུང་ཏེ་ནང་སེམས་ཀྱི་སྟོབས་ཤུགས་གཅིག་ཏུ་སྦྲེལ་བའི་དམ་ཐག་ལྷོད་པ། དད་པ་ནི་དད་པའི་ས་ནས་མི་འཇོག་པར་གཞན་ལ་ངོམས་སོ་དང་ནང་ཚན་འབྱེད་པའི་རྩ་དོན་ལ་འཛིན་པ་འདི་ནི་ཆེས་འཇིགས་སུ་རུང་བ་ཞིག་ཡིན་ཏེ། མ་འོངས་པར་འདི་འདྲ་མི་འབྱུང་བར་གཟབ་གཟབ་བྱ་རྒྱུར་ལོ་རྒྱུས་གྱིས་ང་ཚོར་སྡོམ་ཚིག་བཀོད་ཡོད་དེ། དཔེ་ན་ང་རང་ཡོད་སའི་ཀན་ལྷོ་ས་ཆ་འདི་ལ་མཚོན་ན། ད་སྐབས་ཧོར་གཙང་ཤིང་སྒོ་ཡར་མར་རྒྱ་བོད་ཀྱི་ས་མཚམས་རེད་ཟེར་བ་འདི་ནི་ལྟ་ཚུལ་ནོར་འཁྲུལ་ཅན་ཞིག་རེད། ཤིང་ཀུན临洮་དང་ཀ་ཆུ་临夏མིན་ཞན་岷县ལོའུ་ཅ་ཞ་刘家峡སོགས་སུ་བོད་ཀྱི་དགོན་པ་བགྲངས་ལས་འདས་པ་ཞིག་ཡོད་ལ། ད་ལྟ་ཁོ་བོས་ཡིག་ཆ་དང་བཅས་པ་མཐོང་མྱོང་བ་དག་ལས་ལོ་རྒྱུས་ཆེས་རིང་བ་ནི་ལོ་ངོ་དྲུག་བརྒྱ་ལྷག་གི་ཆག་འཇིག་གི་ལམ་བུ་ཡོད་མོད། གནའ་ནས་རྒྱ་བོད་ཀྱི་ས་མཚམས་སུ་གཞིས་བཅོས་ཏེ་བསྡད་པའི་ད་སྐབས་མི་རིགས་གཞན་འགྱུར་གྱི་ཤུགས་ཧ་ཅང་ཆེ་ལ། མི་རིགས་ཀྱང་མང་ཆེ་བ་རྒྱ་དང་ཁ་ཆེ་ལ་འགྱུར་ཚར་འདུག ལྷག་པར་ཀ་ཆུའི་ཏུང་ཞང东乡族་ས་ཆར་བོད་དང་འདྲ་བར་ལུག་འཚོ་ལ། ཚར་ལྤགས་གོན་པར་དགའ་བའི་སྲོལ་དང་ལ་གཞས་花儿སོགས་ལེན་པར་དགའ་བ་མ་ཟད། མེས་པོ་བོད་ཡིན་པའི་བཤད་ཚུལ་ཡང་མི་རིགས་རིག་པའི་ལོ་རྒྱུས་སུ་གསལ་བོ་བཀོད་འདུག འོན་ཀྱང་བོད་པ་དག་གིས་དད་པ་ཟེར་བ་འདི་རང་གི་སེམས་འདུལ་བྱེད་ཀྱི་སྨན་མཆོག་ལྟར་དུ་མ་བཟུང་པར། རིག་གནས་དང་སྐད་ཡིག་ཟེར་བ་འདི་ས་གང་དུ་ཉམས་ཡོད་ན་དེ་རུ་ཉམས་པ་སླར་གསོ་མི་བྱེད་པར། ཁྱོད་བོད་མ་རེད་་་་ཁྱོས་བོད་སྐད་མི་ཤེས་་་ཁྱོད་ལ་དད་པ་མི་འདུག་ཟེར་ནས་རིམ་བཞིན་མི་རིགས་གཞན་འགྱུར་གྱི་ཚད་ཆེ་རུ་བཏང་འདུག་ལ། ད་སྐབས་ཀན་ལྷོ་ལ་དཔེ་བཞག་ནའང་འབྲུག་ཆུ་དང་ཐེ་བོ། ཅོ་ནེ་ཀླུ་ཆུའི་སྨད་རྒྱུད་སོགས་ཀྱི་སྔོན་མའི་བོད་པ་དག་ལ་མཐོང་ཆུང་གིས་བོད་མ་རེད། བོད་སྐད་མི་ཤེས་པ་སོགས་རྒྱུ་རྐྱེན་ཆ་ཁ་ཡ་སྡེབ་མང་དུ་བཤད་དེ་རང་རང་ཅིག་ཡིན་མདོག་གིས་མི་རིགས་ནང་དུ་ཁ་ཁ་སོ་སོ་གཏོང་རྒྱུར་དགའ་བོ་འདུག ལྷག་པར་བོད་ཡིག་ཙམ་ཤེས་ལ་ཚིག་སྦྱོར་ཙམ་སྤེལ་ཐུབ་མཁན་གྱི་ཡི་གེ་བའི་སྡེ་རུའང་འདི་ལྟ་བུ་མང་བ་འདི་ཆེས་འཇིགས་སུ་རུང་བ་ཞིག་རེད། འདི་ལྟར་ནང་ཚན་གྱེས་རྒྱུ་མང་སོང་ན་མཐའ་མཇུག་བོད་ཟེར་བ་འདིའང་ད་དུང་རང་གི་མཐའ་འཁོར་གྱི་མི་དག་ལ་མ་གཏོགས་མི་གོ་བའི་ཚད་དུ་སླེབས་པར་ཉེན་ཁ་ཆེན་པོ་འདུག་གོ

གངས་ཐིག་གིས་ལན་གྲུ་ནས་བྲིས།