ལེའུ་བཞི་པ། འཛམ་གླིང་ཡོངས་ཀྱིས་ཐོས་པའི་མེ་མདའི་སྐད་སྒྲ།

ཨ་རིས་དབྱིན་ཇིའི་རྒྱལ་པོར་ཕུལ་བའི་སྙན་ཞུ་དེའི་ཐད། དབྱིན་ཇིའི་རྒྱལ་དོན་བློན་ཆེན་(William Pitt)གྱིས་ལྟ་ཚུལ་དམིགས་བསལ་ཞིག་བཅངས། ཁོང་གིས་ཕྱོགས་གཅིག་ནས་ཨ་རིར་གུ་བཤངས་ཀྱིས། ཨ་རིའི་གླིང་ཆེན་ལྷན་ཚོགས་ལ་གཞུང་འབྲེལ་གནས་བབས་ཤིག་སྤྲོད་རྒྱུ་དང་། ཨ་རིའི་གླིང་ཆེན་ལྷན་ཚོགས་ཀྱི་ངོས་ནས་ཀྱང་ཁྲལ་བསྡུའི་ཁྲིམས་ཡིག་ལ་མོས་མཐུན་བྱེད་དགོས་པ། ལྷག་པར་དབྱིན་ཇིའི་གྲོས་ཚོགས་ནི་བླ་ན་མེད་པའི་ཁྲིམས་བཟོ་ལྷན་ཚོགས་དེ་ཡིན་པར་ངོས་འཛིན་དགོས་པའི་བསམ་ཚུལ་བཏོན། ཕྱིས་སུ་མི་མང་པོས་ཁོང་གི་དགོངས་ཚུལ་བཞིན་དབྱིན་ཇིས་ལག་བསྟར་བྱས་ཡོད་ན། ཨ་རིས་རང་བཙན་གྱི་ལམ་དུ་འགྲོ་རྒྱུ་མིན་པའི་ཚོད་དཔག་བྱེད་བཞིན་ཡོད། འོན་ཀྱང་དབྱིན་ཇིའི་རྒྱལ་པོ་འཇོར་འཇི་ཁོང་ཁྲོས་མྱོས་ཏེ་ཨ་རིའི་གཞིས་ཆགས་ཁག་མཉམ་སྦྲེལ་གྱིས་ཕུལ་བའི་སྙན་ཞུར་མིག་ཙམ་ཡང་མ་བལྟས་པ་མ་ཟད། དབྱིན་ཇིའི་གྲོས་ཚོགས་ཀྱིས་ཀྱང་ཨ་རིར་སྔར་བས་དམ་དྲག་ཆེ་བའི་སྲིད་བྱུས་བཟུང་། འདིའི་གོང་དུ་ཨ་རིའི་ནང་དབྱིན་ཇི་ལས་ལོགས་སུ་རང་བཙན་བྱ་རྒྱུའི་ལྟ་བ་འཛིན་མཁན་ཤུགས་ཆེན་པོ་དེ་ཙམ་མེད་རུང་། དབྱིན་ཇིའི་རྒྱལ་པོ་དང་གྲོས་ཚོགས་ཀྱི་ཐག་གཅོད་དེས་ཨ་རིའི་གཞིས་ཆགས་ཁག་ལ་ཁོང་ཁྲོ་ཤུགས་ཆེ་བསླངས་པས། ད་ཆ་དམག་འཁྲུག་ལངས་ཆོག་ཆོག་ལྟ་བུར་གྱུར།

ཡིན་ན་ཡང་ཨ་རིར་བཅའ་སྡོད་དབྱིན་ཇིའི་དམག་དཔུང་གི་དམག་སྤྱི་ཆེན་མོ་གྷ་ཇི་(Gage)ནི་གནས་ཚུལ་ཞི་འཇགས་ཡོང་རྒྱུར་རེ་བ་བྱེད་མཁན་ཞིག་ཡིན་པ་ལས་དྲག་འཐབ་ལ་དེ་ཙམ་མོས་མཁན་ཞིག་མ་རེད། ཁོང་ཨ་རིར་བཅའ་སྡོད་དབྱིན་ཇིའི་དམག་དཔུང་ནང་ལོ་བརྒྱད་རིང་ལས་ཀ་བྱེད་མྱོང་བ་མ་ཟད། བཟའ་ཟླ་ཡང་ཨ་རི་བ་ཡིན་པས། ཨ་རིར་དགའ་མཁན་ཞིག་རེད། འོན་ཀྱང་ཁོང་ལ་དེ་འདྲའི་བསམ་ཚུལ་ཡོད་མིན་ལ་མ་ལྟོས་པར། བྷོ་སེ་ཊོན་གྱི་“ཇ་སྟོན་”དོན་རྐྱེན་གྱི་རྗེས་སུ། ཨ་རི་བ་ཚོ་སྔར་བས་བློ་ཁོག་ཆེ་རུ་སོང་བའི་རྣམ་པ་མངོན་པ་མ་ཟད། ཁོང་ལ་དབྱིན་ཇིའི་དམག་མི་ ༡༥༠༠ མ་གཏོགས་མེད་པས་དམག་སྤྱི་ཆེན་མོ་གྷ་ཇི་སེམས་ཁྲལ་ལངས། དེར་བརྟེན་ཁོང་གིས་དབྱིན་རྒྱལ་ལ་ཕྱི་ལོ་ ༡༧༧༤ ལོའི་ཟླ་བ་ ༡༢ པའི་ནང་། སྙན་ཞུ་ཕུལ་ཏེ་དམག་སྣོན་མང་ཙམ་གཏོང་རོགས་ཞུས།

དུས་སྐབས་དེར་ཨ་རིའི་གཞིས་ཆགས་ཁག་གིས་ཀྱང་དམག་འཁྲུག་ལངས་རྒྱུ་ཡིན་པར་ཚོད་དཔག་གིས། སྐད་ཅིག་མི་སྣ་ཞེས་པའི་ཡུལ་དམག་སྦྱོང་བརྡར་བྱེད་འགོ་བཙུགས་པ་མ་ཟད། དམག་མཁོའི་མཚོན་ཆ་དང་། སྨན་གྲབས་གསོག་བྱས་ཏེ། བྷོ་སེ་ཊོན་གྱི་ཉེ་འདབས་གྲོང་བརྡལ་ཆུང་ཆུང་ཀོང་ཀོར་ཌི་(Concord)ཞེས་པ་དང་། ལག་སན་ཊོང་(Lexinton)ཞེས་པ་གཉིས་ཀྱི་ནང་སྦས་པ་དང་། ཨ་རིའི་ཞིང་པ་ཚོས་ཀྱང་རྩྭ་ཕུང་གི་འོག་དང་། ཞིང་ལ་ས་དོང་དྲུས་པའི་ནང་གོ་ལག་དང་སྟ་རེ་སོགས་སྦས་སྐུང་བྱས། སྐད་ཅིག་མི་སྣ་(Minutemen)ཟེར་དོན་ནི། དམག་བརྡ་འབྱོར་བ་དང་ལམ་སང་ལས་འགན་བསྒྲུབ་པར་སྐད་ཅིག་མི་སྣའི་འཇིམ་གཟུགས།

སྐད་ཅིག་མི་སྣའི་འཇིམ་གཟུགས།

སྐད་ཅིག་མི་སྣའི་འཇིམ་གཟུགས།

ཡོང་རྒྱུའི་ཁས་ལེན་བྱས་པའི་དང་བླངས་ཡུལ་དམག་ཡིན་པའི་ཆ་ནས་རེད། ཚོགས་པ་དེའི་ཚོགས་མིའི་ཁོངས་སུ་ཞིང་པ་དང་། དགེ་རྒན། ཚོང་པ་སོགས་ལས་རིགས་སྣ་ཚོགས་ཀྱི་མི་སྣ་ཡོད།

གནས་ཚུལ་དེ་ཚོ་དབྱིན་ཇིའི་གསང་བའི་མྱུལ་ཞིབ་པས་ཤེས་ཏེ་དམག་སྤྱི་གྷ་ཇི་ལ་སྙན་གསན་ཞུས་ཤིང་། དེ་སྔོན་བྷོ་སེ་ཊོན་གྱི་“ཇ་སྟོན་”དོན་རྐྱེན་གྱི་བྱེད་གཏེ་ས་མུལ་ ཨ་ཌམ་(Samuel Adams)དང་། དེའི་རོགས་པ་འཇོན་ ཧན་ཀོག་(John Hancock)གཉིས་པོ་ཡང་ཡུལ་ལག་སན་ཊོང་གི་ཁང་པ་ཞིག་གི་ནང་གབ་ཡོད་པ་དམག་སྤྱིས་ཤེས་རྟོགས་བྱུང་། དབྱིན་ཇིའི་རྒྱལ་པོས་བྱེད་གཏེ་དེ་གཉིས་གང་མྱུར་འཛིན་བཟུང་གིས་དབྱིན་ཡུལ་དུ་གཏང་དགོས་པའི་བཀའ་ཕབ་ཡོད། དེར་བརྟེན་དམག་སྤྱི་གྷ་ཇིས་དམག་དཔུང་བཏང་སྟེ་བྱེད་གཏེ་དེ་གཉིས་འཛིན་བཟུང་དང་། སྦས་སྐུང་བྱས་པའི་གོ་མཚོན་རྣམས་འཕྲོག་ལེན་ཐུབ་ན། ཨ་རིའི་གནས་ཚུལ་རིམ་པས་ཞི་འཇམ་དུ་གྱུར་ངེས་རེད་དྲན། ཕྱོགས་གཞན་ནས་ཁོང་གི་སེམས་ནང་། ཨ་རི་བ་དེ་ཚོ་ནི་སྤྱིར་བཏང་གི་ཞིང་པ་ཡིན་པས། སྦྱོང་བརྡར་ཡོད་པའི་དམག་མིར་དངོས་སུ་དམག་འཐབ་ཀྱིས་འཛིང་ཐུབ་པའི་ནུས་པ་ཡོད་མ་རེད་དྲན་ཡོད། དེར་བརྟེན་ཕྱི་ལོ་ ༡༧༧༥ ཟླ་བ་ ༤ ཚེས་ ༡༩ ཉིན་དམག་སྤྱི་གྷ་ཇིས་དམག་མི་ ༨༠༠ ལྷག་བྷོ་སེ་ཊོན་ནས་གཙང་ཆུའི་ཐོག་གྲུ་ཆུང་བརྒྱུད་སྤྱི་ལེ་ ༣༢ ཙམ་གྱི་སར་ཆགས་པའི་ལག་སན་ཊོང་གྲོང་བརྡལ་དུ་“ཇ་སྟོན་”དོན་རྐྱེན་གྱི་བྱེད་གཏེ་གཉིས་འཛིན་བཟུང་དང་གོ་མཚོན་བསྔོགས་བཤེར་བྱེད་པར་མངགས།

ཨ་རི་བའི་ཕྱོགས་ནས་ཀྱང་སྐབས་དེར་གསང་མྱུལ་བཏང་སྟེ་དབྱིན་ཇིའི་དམག་དཔུང་གི་གནས་ཚུལ་ཤེས་ཐབས་བྱེད་ཀྱི་ཡོད་སྟབས། དབྱིན་ཇིའི་དམག་མི་ཡོང་གི་ཡོད་པ་ཤེས་རྟོགས་བྱུང་སྟེ། སྐྱེ་བོ་མིང་ལ་པོལ་(Paul Revere)ཟེར་བ་ཞིག་གིས་རྟ་ལ་བཞོན་ནས་གཙང་པོའི་རྒྱུད་ཀྱི་གྲོང་དང་གྲོང་བརྡལ་ཚང་མར་དེ་ལུགས་སྔོན་ཚུད་ནས་བརྡ་སྤྲད་པ་མ་ཟད། ལག་སན་ཊོང་གྲོང་བརྡལ་ནང་ཡིབ་ཡོད་པའི་ ས་མུལ་ ཨ་ཌམ་དང་། ཁོང་གི་རོགས་པ་འཇོན་ ཧན་ཀོག་གཉིས་ལའང་བརྡ་སྤྲད་པས་ཁོང་གཉིས་བྲོས་ཐུབ་པ་བྱུང་། ཁོང་གི་བརྡ་དེ་གྲོང་དང་གྲོང་བརྡལ་ཁག་ཏུ་ཁྱབ་པ་དང་། ལྷ་ཁང་ཁག་གིས་དྲིལ་བརྡ་བསྒྲགས་ཏེ། “སྐད་ཅིག་མི་སྣ་”རྣམས་གོ་མཚོན་གྲ་སྒྲིག་བྱས་ཏེ་སྡོད་དགོས་པའི་བརྡ་བཏང་།

སྔ་དྲོ་དབྱིན་ཇིའི་དམག་མི་ ༨༠༠ ལག་སན་ཊོང་གྲོང་བརྡལ་དུ་འབྱོར་སྐབས། སྐད་ཅིག་མི་སྣ་ ༧༠ དབྱིན་དམག་གི་མདུན་དུ་འཛིང་ཆོག་ཆོག་ངང་ལངས་ཤིང་། དེའི་ཁོངས་སུ་ལོ་ན་གཞོན་པའི་གཞོན་ནུ་དང་། ལོ་ན་མཐོ་བའི་ཕ་རྒན། དེ་བཞིན་ལོ་ན་ཤིན་ཏུ་མཐོ་བའི་སྤོ་བོ་དེ་འདྲ་ཡང་ཡོད། ཁོང་ཚོའི་ནང་གི་དྲག་གྲས་ཚོར་མཚོན་ཆར་མེ་མདའ་ཡོད་ཅིང་། གཞན་དག་ལ་སྟ་རེ་ལྟ་བུའི་མཚོན་ཆ་སྟབས་བདེ་ལས་མེད། ཁོང་ཚོ་ཚང་མས་ཞིང་པའི་གྱོན་གོས་རྙིང་པ་གྱོན་ཡོད་པས་དམག་མི་འདྲ་པོ་གཏན་ནས་མེད། དེ་ལྟར་ཕྱོགས་གཉིས་ཐུག་སྐབས་གཉིས་ཀའི་སེམས་ནང་སེམས་ཁྲལ་ཡོད། དབྱིན་ཇིའི་དམག་མིའི་ངོས་ནས་“ངོ་ལོག་པ་ཁྱོད་ཚོས་མཚོན་ཆ་མར་བཞག་ན་མ་གཏོགས། ཚང་མའི་སྲོག་ཤོར་ཡོང་”ཞེས་བརྗོད་ཅིང་། སྐད་ཆ་དེ་བརྗོད་འཕྲལ་གློ་བུར་དུ་མེ་མདའི་སྒྲ་གྲགས། མེ་མདའ་དེ་ཨ་རི་དང་དབྱིན་ཇི་སུའི་ཕྱོགས་ནས་ཐོག་མར་བརྒྱབ་མིན་དང་། དེ་སྟེས་དབང་དུ་བྱུང་བ་ཞིག་གམ་ཆེད་དུ་དམིགས་ནས་བརྒྱབ་པ་ཞིག་ཡིན་མིན་ད་ལྟའང་གསལ་པོ་ཆགས་ཐུབ་མེད། འོན་ཀྱང་མེ་མདའ་དེས་དམག་འཁྲུག་བསླངས་ཤིང་། དེང་སང་མི་ཚོས་དེ་ལ་“འཛམ་གླིང་ཡོངས་ཀྱིས་ཐོས་པའི་མེ་མདའི་སྒྲ་”ཟེར། གང་ཡིན་ཟེར་ན། མེ་མདའ་དེས་འཛམ་གླིང་ནང་ཨ་རིའི་གནས་བབས་ལ་རྦད་དེ་འགྱུར་བ་བཏང་བ་རེད།

ད་ཆ་དབྱིན་དམག་གིས་ཨ་རི་བར་མེ་མདའ་འཕངས་ཤིང་། ཨ་རི་བས་དབྱིན་ཇིའི་དམག་ལ་མེ་མདའ་འཕངས། མེ་མདའི་དུ་ཞག་ཡལ་དུས་ཨ་རི་བ་བརྒྱད་བསད་ཡོད་པ་དང་བཅུ་ལ་རྨས་སྐྱོན་ཕོག་ཡོད་ཅིང་གཞན་རྣམས་བྲོས་ཟིན། དབྱིན་དམག་གཅིག་ལའང་སྐྱོན་བྱུང་མེད།

ལེག་སན་ཊོན་གྱི་དམག་འཐབ་ཀྱི་རྣམ་པ།

ལེག་སན་ཊོན་གྱི་དམག་འཐབ་ཀྱི་རྣམ་པ།

དེ་ནས་སྟོད་གོས་དམར་པོ་ཅན་གྱི་དམག་མི་ཚོ་སྤྱི་ལེ་བཅུའི་སར་ཡོད་པའི་གྲོང་བརྡལ་ཀོང་ཀོར་ཌིའི་ཕྱོགས་སུ་མདུན་སྐྱོད་བྱས་ཏེ་ཁང་པ་རེ་རེ་བཞིན་གོ་མཚོན་སྦས་ཡོད་མེད་ཞིབ་བཤེར་བྱས། སྐབས་དེར་“སྐད་ཅིག་མི་སྣ་”བཞི་བརྒྱ་ཙམ་གྲོང་བརྡལ་ཀོང་ཀོར་ཌིར་འབྱོར་ཏེ་ཉེ་འདབས་ཀྱི་རིའི་སྒང་དུ་ཡིབ་ནས་གྲོང་བརྡལ་ནང་གནས་ཚུལ་ག་རེ་བྱུང་ཡོད་སོ་ལྟ་བྱས་ནས་བསྡད།

གློ་བུར་དུ་གྲོང་བརྡལ་ནང་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བས། ཁོང་ཚོའི་སེམས་ནང་དབྱིན་དམག་གིས་རང་གི་ཁང་ཁྱིམ་མེར་བསྲེགས་བཏང་བ་རེད་དྲན་ནས་རི་འདབས་སུ་གཅིག་མཇུག་གཉིས་མཐུད་ངང་གཤར། དོན་དངོས་སུ་དུ་བ་དེ་ནི་དབྱིན་དམག་གིས་གྲོང་བརྡལ་ནང་ནས་ཞིབ་བཤེར་བཙན་ལེན་བྱས་པའི་གོ་མཚོན་རྣམས་སྲང་ལམ་དཀྱིལ་དུ་སྤུངས་ཏེ་མེར་བསྲེགས་པའི་དུ་བ་ཡིན་པ་ལས། ཁང་ཁྱིམ་མེར་བསྲེགས་པའི་དུ་བ་མ་རེད། ཡིན་ནའང་དུ་བ་དེའི་རྐྱེན་གྱིས་སྐད་ཅིག་མི་སྣ་རྣམས་རི་འདབས་སུ་བཤར་ཏེ་དབྱིན་དམག་གི་ཕྱོགས་སུ་རྒྱུག །ཚུལ་དེ་དབྱིན་དམག་གིས་མཐོང་འཕྲལ་ཁོང་ཚོར་མེ་མདས་ལྡིགས་བཞིན་འགྲོ་མཚམས་འཇོག་དགོས་ཚུལ་བཤད། འོན་ཀྱང་སྐད་ཅིག་མི་སྣས་ཉན་འཇོག་མ་བྱས་པར་མདུན་དུ་བསྐྱོད། དབྱིན་དམག་གིས་དེ་འཕྲལ་མེ་མདའ་འཕངས་པས། སྐད་གཅིག་མི་སྣ་གཅིག་གི་མགོ་ལ་ཕོག་པ་དང་གཞན་གཅིག་གི་སྙིང་ལ་ཕོག །དེར་བརྟེན་སྐད་ཅིག་མི་སྣ་ཚོ་ཁོང་ཁྲོ་ལངས་ཏེ་ཕར་མེ་མདའ་འཕངས་པས་དབྱིན་དམག་བཅུ་གཉིས་ས་ལ་འགྱེལ་ཞིང་། དེའི་ཁྲོད་ཀྱི་གསུམ་ཤི་བ་དང་དགུ་རྨས། ཚུལ་དེ་མཐོང་བ་དང་དབྱིན་དམག་རྣམས་ཞེད་དེ་བྲོས་པས། སྐད་ཅིག་མི་སྣ་ཚོ་ཡང་རིའི་སྟེང་དུ་ཕྱིར་འཐེན་བྱས། སྐད་ཅིག་མི་སྣ་གཅིག་གྲོང་བརྡལ་ནང་བསྡད་པ་དེས་དབྱིན་ཇིའི་དམག་མི་རྨས་མ་ཞིག་ལ་སྟ་རེ་གཞུས་ཏེ་བསད།

དབྱིན་དམག་ཚོ་ཡང་བསྐྱར་ས་དེར་གནས་ཚུལ་ལ་ལྟ་ཙམ་བྱེད་པར་ཡོང་སྐབས། མགོ་ལ་སྟ་རེ་བརྒྱབ་པའི་དབྱིན་དམག་ཤི་བོ་དེ་མཐོང་། དབྱིན་དམག་ཚོ་གཅིག་ནས་གློ་བུར་དུ་བྱུང་བས་གནས་ཚུལ་དེས་ཧོན་འཐོར་བ་དང་། ཕྱོགས་གཞན་ནས་ཁོང་ཚོ་ངལ་ཞིང་དུབ་ལ་འཇིགས་སྣང་སྐྱེས་པའི་དབང་གིས་བྷོ་སེ་ཊོན་གྱི་ཕྱོགས་སུ་ཕྱིར་འཐེན་བྱས། འོན་ཀྱང་ཁོང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ལ། ཕྱིར་འཐེན་གྱི་ལམ་བར་དུ། སྐད་ཅིག་མི་སྣ་ཚོས་ཧ་ལམ་ལམ་འགྲམ་གྱི་ཤིང་སྡོང་དང་བྲག་རྡོ་ཚང་མའི་རྒྱབ་ལ་གབ་སྟེ་དབྱིན་དམག་ལ་འཇབ་མདའ་འཕངས་པས། དབྱིན་དམག་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་དུ་རྨས་པའམ་ཤི་ནས་ས་ལ་འགྱེལ། དབྱིན་དམག་ཚོས་ཀྱང་མེ་མདའ་འཕེན་བཞིན་ཕྱིར་འཐེན་བྱས། དེ་ལྟར་དབྱིན་དམག་ཧ་ལམ་བྷོ་སེ་ཊོན་དུ་མ་སླེབས་བར་དམག་འཁྲུག་མཚམས་མ་བཞག །དམག་འཁྲུག་འདིའི་ནང་། ཨ་རི་བ་མང་པོ་ཤི་རྨས་བྱུང་ཡང། དབྱིན་དམག་དེ་བས་མང་བར་ཤི་རྨས་བྱུང་། ཨ་རིའི་“ཞིང་པ་དཀྱུས་མས་”དབྱིན་ཇིའི་ཆེད་ལས་དམག་མི་བྷོ་སེ་ཊོན་བར་དུ་མཐའ་སྐྲོད་རྗེས་དེད་བཏང་བའི་གནས་ཚུལ་དེས། དམག་སྤྱི་ཆེན་མོ་གྷ་ཇིས་ཨ་རི་བ་ཚོར་ལྟ་སྟངས་གསར་པ་འཛིན་དགོས་པ་བཟོས།

གྲོང་བརྡལ་ལེག་སན་ཊོན་དང་ཀོང་ཀོར་ཌི་ལ་བྱུང་བའི་དམག་འཁྲུག་དེས། དབྱིན་ཇིའི་གཞིས་ཆགས་ཁག་ཡང་བསྐྱར་མཉམ་འཛོམས་ཀྱིས་གྲོས་བསྡུར་བྱེད་དགོས་བྱུང་། གྲོས་བསྡུར་བྱེད་ས་ནི་སྔར་བཞིན་ཧྥེ་ལ་རྡ་ཕི་ཡ་གྲོང་ཁྱེར་དུ་ཡིན་པ་དང་། ཚོགས་འདུ་འཚོགས་པའི་དུས་ནི་ཕྱི་ལོ་ ༡༧༧༥ ལོའི་ཕྱི་ཟླ་ལྔ་པའི་ནང་རེད། གླིང་ཆེན་ཡོངས་ཀྱི་ལྷན་ཚོགས་གཉིས་པ་འདིའི་སྐབས་སུ་ཁོང་ཚོས་དབྱིན་ཇིའི་རྒྱལ་ཁབ་དང་ཞི་འགྲིག་ཡོང་ཐབས་ཐ་མ་དེ་བྱ་རྒྱུའི་ཐག་གཅོད་བྱས། ཁོང་ཚོས་དེ་དུས་ལོ་རྒྱུས་ཐོག་“ཨོ་ལིབ་འདབ་མའི་སྙན་ཞུ་”ཞེས་གྲགས་པ་དེ་བྲིས་ཏེ་དབྱིན་ཇིའི་རྒྱལ་པོར་ཕུལ། ནུབ་ཕྱོགས་ཀྱི་རིག་གཞུང་ནང་། རྩི་ཤིང་ཨོ་ལིབ་ཅེས་པའི་འདབ་མ་ནི་ཞི་བདེའི་མཚོན་རྟགས་སུ་བརྩི་བས། སྙན་ཞུ་དེ་འདྲ་ཞིག་ཕུལ་ཏེ་ཞི་འགྲིག་ཡོང་ཐབས་ཀྱི་བསམ་འདུན་མཚོན་པར་བྱས།

དམག་སྤྱི་ཆེན་མོ་འཇོར་ཇི་ ཝ་ཤིང་ཊོན།

དམག་སྤྱི་ཆེན་མོ་འཇོར་ཇི་ ཝ་ཤིང་ཊོན།

གཞན་ཡང་དམག་འཁྲུག་དང་པོ་འདིའི་ཉམས་མྱོང་ནང་ནས་ཨ་རི་བ་ཚོར་རང་ཉིད་ཀྱི་དམག་དཔུང་ངོ་མ་ཞིག་དགོས་པའི་ངོས་འཛིན་གཏིང་ཟབ་བྱུང་བས། གླིང་ཆེན་ཧྲིལ་པོའི་ལྷན་ཚོགས་ཐེངས་གཉིས་པས་སྐུ་ཞབས་འཇོར་ཇི་ ཝ་ཤིང་ཊོན་(George Washington)ལགས་དམག་སྤྱི་ཆེན་མོར་འོས་འདེམས་བྱས། སྐུ་ཞབས་འཇོར་ཇི་ ཝ་ཤིང་ཊོན་ནི། ཝི་ཇ་ནི་ཡ་ཞེས་པའི་ས་ཁུལ་ནས་ཡིན་པའི་ཞིང་པ་འབྱོར་ལྡན་ཞིག་རེད། སྐབས་དེར་ཁོང་དགུང་ལོ་ ༤༣ ལ་སོན་ཡོད་ཅིང་། དེ་སྔོན་དབྱིན་ཇི་དང་ཧྥ་རན་སི་ཨ་རིའི་ས་ཐོག་ཏུ་དམག་རྒྱག་སྐབས། དབྱིན་ཇིའི་དམག་དཔུང་ནང་ཞུགས་ཏེ་དཔའ་མཛངས་ལྡན་པའི་མཛད་རྗེས་བཞག་པར་བརྟེན་ནས་མིང་གྲགས་ཆེན་པོ་ཆགས་ཡོད། ཁོང་ནི་གཟུགས་ཚད་རིང་ཞིང་ཕོ་ཉམས་དོད་པ། སྨྲ་བ་ཉུང་བས་མི་ཚོས་བརྩི་འཇོག་ཆེན་པོ་ཞུ། འཇོར་ཇི་ ཝ་ཤིང་ཊོན་རང་ངོས་ནས་ཨ་རིའི་དམག་དཔུང་གསར་པའི་དམག་སྤྱིའི་ལས་གནས་སུ་རང་ཉིད་འོས་འཚམས་ཤིག་མིན་པར་དགོངས་ཀྱང་། ལས་ཀ་དེ་ནི་བསྒྲུབ་རིན་ཡོད་པའི་ཡང་དག་པའི་ལས་ཀ་ཞིག་ཡིན་པས་དང་ལེན་གནང་། འོན་ཀྱང་གླ་ཕོགས་རྩ་བ་ནས་ལེན་གྱི་མིན་གསུངས།། ཁོང་གི་སྐོར་ལེའུ་རྗེས་མ་ཁག་གི་ནང་མང་དུ་གསལ་ཞིང་། ཕྲན་ལ་དུས་ཚོད་བྱུང་ན། དྲྭ་རྩོམ་འདིའི་མཇུག་ཏུ་ཁོང་གི་ལོ་རྒྱུས་ལོགས་སུ་གླེང་འདོད་ཡོད་པ་བཅས། ཨ་རི་དང་དབྱིན་ཇི་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་སོང་ནས་མཐར་འཛམ་གླིང་ཡོངས་ལ་གྲགས་པས་ཁྱབ་པའི་མེ་འཕེན་གྱི་གནས་ཚུལ་བྱུང་བའི་སྐབས་ཏེ་ལེའུ་བཞི་པ་རྫོགས་སོ།། །།

འདིའི་རྗེས་སུ་གནས་ཚུལ་ཇི་བྱུང་མཁྱེན་པར་འདོད་ན། ལེའུ་ལྔ་པ། བྷོ་སེ་ཊོན་གྱི་དམག་འཁྲུག་ཅེས་པར་གཟིགས་རོགས་ཞུའོ།། །།

(རྩོམ་ཡིག་འདི་བྲིས་ཚར་རིམ་བཞིན་ལྷག་དཀར་ནམ་ཡིན་ལ་རིམ་ཅན་དུ་སྤེལ་བ་ཞིག་ཡིན། དུས་ཚོད་དཀོན་པའི་དབང་གིས་ཚིག་དོན་གཉིས་ཀར་སྐྱོན་ཆ་ཡོད་ངེས་པས། ཀློག་པ་པོ་ཚོས་ཡིག་ནོར་གཅིག་མཐོང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་དེ་བཟོ་བཅོས་ཀྱི་རོགས་རམ་གནང་རོགས། གཞན་ཡང་རྩོམ་འདི་བཀླགས་པ་ལས་བྱུང་བའི་མྱོང་ཚོར་དང་བསམ་ཚུལ་ག་རེ་བྱུང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་ན་དགའ་བསུ་ཡོད། ཐུགས་རྗེ་ཆེ།)

རྩོམ་པ་པོའི་ཟིན་བྲིས་ལས་བརྒྱུད་འགོད་བྱས།

ཟུར་བཀོད།