ཉག་ཕྲན་དཔའ་བོས་མཛད་པའི་<<ལྷ་མོ་ཀཱདམྦརཱི>>ནི་ཚིགས་ལྷུག་མར་བྲིས་པའི་སྙན་དངགས་ཀྱི་བསྟན་བཅོས་གྲགས་ཅན་ཞིག་ཡིན་ལ། བརྒྱ་ཕྲག་བདུན་པའི་སྟོད་དུ་བྱུང་།   སྙན་དངགས་འདི་ཉག་ཕྲན་དཔའ་བོས་མཛད་འཕྲོ་ཅན་དུ་བྱས་པར།  ཁོང་གི་བུ་རྒྱན་གྱི་དཔའ་བོས་ལེའུ་ཕྱི་མ་བྲིས་ཏེ་ཁ་བསྐངས།  

ཟླ་བ་གཞོན་ནུ།

གོས་ཉུང་མ་ཞེས་བྱ་བའི་སྙན་དངགས་ཆེན་པོ།

དཀར་ཆེན་མའི་གཏམ་རྒྱུད།

 

རྒྱལ་བོ་དུ་མ་དང་ལྷན་དུ་རང་ཉིད་ཀྱི་སྲས་ཟླ་བ་པཱི་ཌ་ལ་རྒྱལ་སྲིད་ཀྱི་དབང་བསྐུར་ཞིང་དུས་སྟོན་གཟབ་རྒྱས་བྱས།   དེ་ནས་སྲས་མཐའ་བཞི་དབང་དུ་བསྡུ་བའི་ཕྱིར་ཕྱོགས་སུ་བསྐྱོད་ཅིང་།  བྱང་ཕྱོགས་ཀྱི་མངའ་ཐང་ཆ་ཚང་དབང་དུ་བསྡུས་རྗེས་ཁོང་གིས་དམག་དཔུང་གི་ངལ་བ་གསོ་བའི་ཕྱིར་ས་ཆ་མཛེས་ཤིང་སྡུག་པ་ཞིག་ཏུ་ཕྲུ་མ་བཏབ་སྟེ་བཞུགས།

ཉིན་ཞིག་རྒྱལ་སྲས་ཁོང་ཉེ་འཁོར་གྱི་དབང་བོའི་མཚོན་ཆ་བྱ་བའི་རི་བོར་འཛེགས་པའི་དུས།   རི་བོའི་རྩེ་ནས་ལྟ་བས་ཆོག་མི་ཤེས་པའི་མིའམ་ཅིའི་ཁྱོ་ཤུག་ཟུང་ཞིག་མར་འབབ་ཀྱིན་པ་མཐོང་སྟེ་རྟ་ལ་ཞོན་ཏེ་དེ་གཉིས་ཀྱི་རྗེས་བསྙེགས།  འོན་ཀྱང་།  ཁྱོ་ཤུག་ཟུང་དེ་གཉིས་ཀྱིས་རྗེས་སྙེག་གིན་པ་ཚོར་སྟེ་འབྲོ་མགོ་བརྩམས་པ་དང་།   ཟླ་བ་པཱི་ཌས་མུ་མཐུད་དེ་འདེད་མགོ་བཙུགས།   ཁྱོ་ཤུག་དེ་གཉིས་རི་བོའི་རྩེ་མོར་འགོས་ཏེ་མི་སྣང་བར་གྱུར་བས།  རྒྱལ་སྲས་ཁོང་གིས་རང་ཉིད་ཀྱི་རྨོངས་པའི་ཚུལ་ལ་ཁོང་དགོད་ཤོར་ཞོར།  ས་ཆ་མེད་དེའི་སྐོར་ལ་ཐུགས་བསམ་གནང་།  ཁོང་ཡོད་ས་ལས་བྱང་གི་ཕྱོགས་སུ་གངས་ཏི་སེ་ཡོད་པར་བརྟག་སྟེ།  ཁ་ཕྱིར་འཁོར་ཏེ་རང་གི་སྐོམ་པ་གསོད་ཕྱིར་ཆབ་འཚལ་བར་བརྩམས།   གླང་ཆེན་གྱི་འདམ་གྱིས་སྦགས་པའི་རྐང་རྗེས་མཐོང་སྟེ་ཁོང་གིས་མ་དྲོས་མཚོ་ཐག་ཉེར་ཡོད་པར་ཤེས་ཤིང་།  དེ་ནས་རིམ་གྱིས་བཙལ་ཏེ་མ་དྲོས་མཚོར་བསླེབས་ཏེ་རྟ་ལ་ཁྲུས་ལ་སོགས་པ་བྱས་ཏེ་ངལ་བ་གསོས།

མཚམས་ཤིག་ལ་ཁོང་གིས་ཕར་ཕྱོགས་ཀྱི་ནགས་ཚལ་ནས་གླུ་དབྱངས་སྙན་ཞིང་འཇེབས་པ་ཞིག་ལེན་གྱིན་པ་ཐོས་པར་གྱུར་ཞིང་།  མཚར་སྣང་དང་བཅས་སྐད་སྙན་མོ་མཆེད་སའི་ཕྱོགས་སུ་བཅར།  ཡུན་རིང་མ་འགོར་བར་ཁོང་གིས་བདེ་བྱེད་ཀྱི་ལྷ་ཁང་ཞིག་མཇལ་ལ།  དེའི་ནང་གི་ལྷ་སྐུ་ཞལ་བཞི་ཅན་དེའི་མདུན་དུ་རས་ལྭ་དཀར་བོ་གྱོན་པའི་བུ་མོ་ཞིག་ཙོག་པུར་བསྡད་ཡོད་པ་མཐོང་།  བདེ་བྱེད་ལ་ཕྱག་ཅིག་འཚལ་ཏེ་མོའི་གླུ་ལེན་ཚར་རེག་བར་དུ་བསྒུགས།  གླུ་བླངས་ཚར་རྗེས་བུ་མོ་དེ་ལྷ་ལ་ཕྱག་ཅིག་འཚལ་རྗེས་ཟླ་བ་པཱི་ཌར་མགྲོན་གྱི་བཀུར་བསྟི་བྱས།  དེ་ནས་མོ་དང་ལྷན་དུ་བྲག་ཕུག་ཅིག་གི་སྒོ་ཁར་འབྱོར།  བྲག་ཕུག་དེར་སིལ་ཏོག་ལ་སོགས་པའི་ཟ་མ་ཟོས་ཏེ་ཁོང་གིས་རང་ཉིད་ཀྱི་གཏམ་རྒྱུད་ཡོངས་སུ་རྫོགས་པ་མོ་ལ་བཤད།

ཟླ་བ་པཱི་ཌས་ནན་གྱིས་རེ་བ་ཞུས་པ་ལ་བརྟེན་ནས་མོས་དབུགས་རིང་ཞིག་བཏང་སྟེ་བཤད་རྒྱུར།  སྐྱེས་པ་ནས་བཟུང་རབ་ཏུ་བྱུང་བས་བདག་གི་སྐོར་ལ་མཉན་པར་འོས་པ་ཅང་མེད་ནའང་།  ཉིད་ཀྱི་མཁྱེན་འདོད་བསྐང་བའི་ཕྱིར་བཤད་པར་བྱ་ཡི་གསན་པར་གྱིས་ཤིག་ཅེས་ཏེ་བཤད་མགོ་བརྩམས།  མོས་རང་ཉིད་ཀྱི་རིགས་རུས་དང་གདུང་རྒྱུད་ལ་སོགས་ལས་བརྩམས་ཏེ་ན་རེ།   “ཆུ་སྐྱེས་ཀྱི་རིགས་ལ་རིགས་བཅུ་བཞི་ཙམ་ཡོད།  དེ་ལ་སྣ་ཚོགས་ཤིང་རྟ་བྱ་བའི་དྲི་ཟའི་རྒྱལ་བོ་ཞིག་བྱུང་ཞིང་། དེས་མ་དྲོས་མཚོ་དང་བདེ་བྱེད་ཀྱི་ལྷ་ཁང་བཞེངས།   ཨ་རི་ཥྛ་ཡི་བུ་ཧཾ་ས་ལ་སྣ་ཚོགས་ཤིང་རྟས་རྒྱལ་སྲིད་ཀྱི་དབང་བསྐུར་ཞིང་།  ཧཾ་ས་ནི་ངའི་ཨ་མ་དཀར་མོ་དང་ལྷན་དུ་གཉེན་བསྒྲིགས་ཏེ།  ཁོང་གཉིས་ཀྱི་བུ་མོར་ང་རང་སྐྱེས།  ངའི་མཚན་ལ་དཀར་ཆེན་མ་ཟེར།   བུ་གཅིག་པུར་གྱུར་བས་ཡབ་ཡུམ་གཉིས་ཀྱིས་བདག་གཅེས་པར་བསྐྱངས།

གཞོན་པའི་དུས་སུ།  ཨ་མ་དང་ལྷན་དུ་དཔྱིད་ཀའི་དུས་སུ་མཚམས་ལན་རེར་མ་དྲོས་མཚོར་ཁྲུས་སུ་འཇུག་པ་ཡིན།  ཐེངས་ཤིག  ཉེ་རེག་གི་དུས་སུ་དྲི་བསུང་ཞིམ་ཅི་ལི་ལི་ཞིག་འཐུལ་བྱུང་བས།   དེའི་འབྱུང་ཁུངས་འཚོལ་ཕྱིར་ང་རང་གཡས་གཡོན་གྱི་ས་ཆར་མྱུལ།  དེ་ནས་བདག་གིས་གཟི་མདངས་རབ་ཏུ་ལྡན་ལ་འདོད་ལྷ་མངོན་སུམ་དུ་བྱུང་བ་ལྟ་བུའི་ཐུབ་པ་གཞོན་ནུ་ཞིག་མཇལ།  ཁོང་གི་སྙན་ཅོག་ལ་མེ་ཏོག་དྲི་ངད་ཀུན་ཁྱབ་ཅིག་དཔྱངས་འདུག་ལ།  ཁོང་གི་གཟི་བྱིན་གྱིས་ངའི་ཡིད་དབང་མེད་དུ་དྲངས་པར་གྱུར།  ངས་རང་ཉིད་ཀྱི་རྣམ་འགྱུར་རིག་ནས་གནས་དེ་ནས་གཡོལ་ཐབས་བྱེད་ཞོར།  ཐུབ་པ་གཞོན་ནུ་དེ་ལ་ཕྱག་འཚལ་བ་ཡིན།   འདོད་ལྷ༌འི་དབང་དུ་གྱུར་ཏེ་གཞོན་ནུ་དེའང་བདག་ལ་ཤིན་ཏུ་རབ་ཏུ་ཆགས་པར་གྱུར།

ཁོང་གི་གྲོགས་པོ་ཀ་པིཾ་ཛ་ལས་ཁོང་དང་དེ་བཞིན་མེ་ཏོག་དེའི་སྐོར་ངོ་སྤྲོད་གནང་བ་སྟེ།  ཁོང་ཏོག་དཀར་བོའི་བུ་ཡིན་པ་དང་།  ནོར་རྒྱུན་མ་བསྟེན་ཏེ་པད་མའི་སྟེང་དུ་འཁྲུངས་པའི་རྒྱུ་མཚན་ལ་བརྟེན་ནས་ཏོག་དཀར་བོས་ཁོང་གི་མཚན་ལ་པད་མ་དཀར་བོ་ཞེས་གསོལ་བར་བཤད།    དེ་རིང་ཚེས་བཅུ་བཞིའི་ཉིན་མོ་ཡིན་ལ་ཉིན་འདིར་འདི་ལ་ཕེབས་པ་དང་བསྟུན་ཏེ་དགའ་བའི་ཚལ་གྱི་ལྷ་མོས་མེ་ཏོག་འདི་ཁོང་གི་སྙན་ལ་བཙུགས།  དེ་ལྟར་བརྗོད་པ་ཐོས་ནས་པད་མ་དཀར་བོས་རང་གི་མེ་ཏོག་དེ་བདག་གི་རྣ་ལ་གསེབ་བྱུང་།  མེ་ཏོག་དེའི་རེག་བྱས་བདག་སྔར་བས་འདོད་པ་དང་ལྡན་པར་བསྒྱུར་ལ།  ཐུབ་པ་གཞོན་ནུ་ཁོང་ཡང་འདོད་པའི་གཞན་དབང་དུ་གྱུར་ཏེ།  ཕྱག་གི་ཨཀྵའི་ཕྲེང་བ་ཟག་པས་ངས་དཀྱིལ་ནས་བཟུང་སྟེ་རང་གི་སྐེ་ལ་གྱོན།  དེ་ནས་གདུགས་འཛིན་མས་བརྡ་བཏང་བས་ང་རང་ཁྲུས་བྱེད་དུ་སོང་།    པད་མ་དཀར་བོའི་གྲོགས་པོས་ཁོང་གི་བག་མེད་ཀྱི་ཚུལ་ལུགས་ལ་འཕྱས།  ཁོ་ཁོང་ནས་ཁྲོས་ཏེ་ན་རེ།  ‘ཀྭ་ཡེ།  བུད་མེད་གཡོན་མ།  བདག་གི་ཨ་ཀྵའི་ཕྲེང་བ་མ་སྤྲད་པར་གང་ལའང་མ་འགྲོ་ཞིག’ཟེར།   དེ་ནས་ང་རང་འཚབ་སྟེ་ཨ་ཀྵའི་ཕྲེང་བའི་ཚབ་ཏུ་ངའི་མགུལ་རྒྱན་ཁོ་ལ་སྤྲད་ཐལ་ཤོར།    ས་དེ་ནས་ཚུར་ལོག་པའི་རྗེས་སུའང་ངའི་སེམས་ལ་ནི་ཐུབ་པ་གཞོན་ནུ་དེ་རྐྱང་རྐྱང་འཁོར་ནས་འོང་།

ངའི་གཡོག་མོས་ཐུབ་པ་གཞོན་ནུ་གཉིས་ལས་གཅིག་ལྐོག་ཏུ་འོངས་ཏེ་མོ་ལ་ངའི་སྐོར་དྲིས་པར་མ་ཟད།  འཕགས་མའི་གླུ་ཞིག་བྲིས་ཏེ་ང་ལ་སྤྲད་བྱུང་ཟེར།    ཡིག་གེ་དེའི་ནང་དུ་ཁོང་གིས་བདག་ལ་བཅངས་པའི་བརྩེ་སེམས་བྲིས་འདུག  ཉིན་དེའི་ས་སྲོད་ཀྱི་དུས་སུ།  གདུགས་འཛིན་མས་ཐུབ་པ་གཞོན་ནུ་ཞིག་སྒོ་ཁར་བཅར་ཡོད་ཚུལ་གྱི་བརྡ་བརྒྱབ་བྱུང་བས།  ངས་དེ་མ་ཐག་ཁོ་ནང་དུ་བོས་པར་ཁོང་གིས་ཁོང་གི་གྲོགས་པོའི་ཡ་ང་བའི་གནས་སྟངས་བཤད་དེ་ང་ལ་གྲོགས་དན་བྱེད་དགོས་པའི་རེ་སྐུལ་ཞུས་བྱུང་།   ཁོང་ན་རེ་ཁོང་གི་གྲོགས་པོའི་སྲོག་སྐྱོབ་པའི་སླད་དུ་ཁོང་ངའི་གན་དུ་བཅར་ཚུལ་དང་དེ་ཤིན་ཏུ་འོས་སུ་ཆེ་བར་བཤད།  དེའི་མཚམས་དེར་ངའི་ཡུམ་ཆེན་ང་ལ་བལྟ་རུ་ཕེབས་ཀྱི་ཡོད་པར་བཤད་པས།  དྲང་སྲོང་གཞོན་ནུ་དེ་དེ་མ་ཐག་ཕྱིར་ལོག་པར་གྱུར།

ཡུམ་ཆེན་ཕྱིར་ལོག་རྗེས་ངས་རང་གི་མཆེད་གྲོགས་སྐར་མ་ལི་ཀཱ་ལ་ངས་ཅི་ཞིག་བྱེད་རུང་མིན་དྲིས།   རྒྱུ་མཚན་ནི་ངས་ཕྱོགས་གཅིག་ནས་རིགས་ཀྱི་ངོ་སྲུང་དགོས་པ་དང་ཕྱོགས་གཞན་ཞིག་ནས་ཐུབ་པ་གཞོན་ནུ་དེའི་སྲོག་སྲུང་དགོས་པས་ཡིན།   དེ་འདྲའི་བྱེད་དཀའི་སྐོབས་སུ་ཚུད་དུས་སྐར་མ་ལི་ཀཱས་ང་ལ་གཞོན་ནུ་ཁོང་ཚུར་འབོད་པའམ་ཡང་ན་ཐུབ་པ་གཞོན་ནུ་དེའི་གན་དུ་སྐྱོད་དགོས་ཚུལ་བཤད་བྱུང་།  དེ་བས་ངས་རང་ཐག་བཅད་དེ་ཁོང་གི་གན་དུ་བཅར་རྩིས་བྱས་ཏེ་ཕྱིར་ལ་ཐོན།  དུས་དེར་ངའི་མིག་གཡོན་པ་གློ་བུར་དུ་ལྡིང་བྱུང་།  ཅང་མ་སོང་བར་ངས་སྐྱེས་པ་ཞིག་གི་འོ་དོད་ཐོས་བྱུང་བས།  སེམས་ངལ་སྔར་བས་ཆེ་བར་གྱུར།   ཅི་ཡིན་འདི་ཡིན་མེད་པར་ས་དེར་འབྱོར་དུས་པད་མ་དཀར་བོའི་བེམ་རོའི་འཁྲིས་སུ་ངུ་འབོད་བྱེད་ཀྱིན་པའི་ཀ་པིཾ་ཛ་ལ་མཐོང་མ་ཐག་ང་རང་དྲན་མེད་དུ་བརྒྱལ་བར་གྱུར།    བརྒྱལ་བ་ལས་སངས་རྗེས་ངས་ངུ་ཞོར་དུ་ཕྱོགས་བཞི་མཚམས་བརྒྱད་དུ་རང་ཉིད་ཀྱི་དགའ་ཉེའི་སྲོག་སྐྱོབ་པའི་གསོལ་བ་བཏབ།”   དེ་ལྟར་འཆད་ཀྱིན་འཆད་ཀྱིན་དཀར་ཆེན་མ་བསྐྱར་དུ་བརྒྱལ་བར་གྱུར་བས།  ཟླ་བ་པཱི་ཌས་ཆབ་སོགས་གཏོར་ཏེ་དབུགས་གསོས་ཏེ་གཏམ་རྒྱུད་མུ་མཐུད་མི་བཤད་པའི་རེ་བ་བྱས།

འོན་ཀྱང་།  དཀར་ཆེན་མས་གཏམ་རྒྱུད་མཚར་བོ་དེའི་བཤད་མཚམས་མ་བཞག་པར་མུ་མཐུད་དེ་བཤད།  “པད་མ་དཀར་བོ་ཤི་བར་གྱུར་བས་མོ་རང་ཧ་ཅང་སྡུག་བསྔལ་ཏེ་སྐར་མ་ལི་ཀཱ་ལ་སྲེག་ཤིང་བརྩིགས་དགོས་ཚུལ་བཤད་དེ།   བེམ་པོ་བསྲེག་པའི་གྲ་སྒྲིག་བྱས།  སྐབས་དེར་གློ་བུར་དུ་ཟླ་བའི་དཀྱིལ་འཁོར་ལས་རྒྱན་སྣ་ཚོགས་པས་བརྒྱན་པའི་ལྷ་ཞིག་མར་འཕོས་ཏེ་གསུངས་པ།  ‘དཀར་ཆེན་མ་ལགས! ཁོ་དང་ལྷན་དུ་བསྐྱར་དུ་མཇལ་བར་འགྱུར་ན། ཁྱོད་ཀྱིས་རང་སྲོག་མ་གཅོད་ཅིག!’  དེ་ལྟར་གསུངས་རྗེས་ལྷ་དེས་པད་མ་དཀར་བོའི་ཕུང་བོ་བཀྱགས་ཏེ་གནམ་ལ་འཕུར།  དེ་ནས་ང་རང་ཧ་ཅང་ཡ་མཚར་ཏེ་ཀ་པིཾ་ཛ་ལར་འདི་ཅི་ཞིག་ཡིན་མིན་དྲིས་ནའང་།  ཁོང་གིས་ལན་མི་འདེབས་པར་མི་འདོད་པའི་རྣམ་འགྱུར་དང་བཅས་ཏེ་ལྷ་དེའི་རྗེས་སུ་འཕུར།  ཁོང་ཚོ་དེ་ལྟར་ངའི་མཐོང་ས་ནས་སྐར་ཚོགས་ཀྱི་ཁྲོད་དུ་ཞུགས་ཏེ་མི་སྣང་བར་གྱུར།

དེ་བས་ང་རང་འཚབ་སྣང་དང་བཅས་ཏེ་སྐར་མ་ལི་ཀཱར་ཅི་ཞིག་ཡིན་མིན་དྲིས་པར། མོས་ལྷ་དེའི་གསུང་ལ་ཡིད་ཆེས་བྱེད་རུང་ཚུལ་བཤད་བྱུང་།  དེ་ནས་ངས་ཀྱང་ལུང་བསྟན་དེ་བདེན་པར་བརྩིས་ཏེ་ཁོང་དང་བསྐྱར་དུ་མཇལ་འོང་བའི་རེ་བ་དང་བཅས་ཏེ་མཚོ་དེའི་འགྲམ་ངོགས་སུ་ཤིན་ཏུ་སྡུག་བསྔལ་བའི་ཞག་མ་དེ་འཕྱིད་ཐབས་བྱས།  ཉིན་རྗེས་མར་ངས་ཐུབ་པ་གཞོན་ནུ་དེའི་ཨ་ཀྵའི་ཕྲེང་བ་སོགས་འཁྱེར་ནས་ལྷ་ཆེན་པོ་ཞི་བར་མཆོད་པ་ཕུལ།  ངའི་སྐོར་ཐོས་ཏེ་བདག་གི་ཡབ་ཡུམ་བཅར་ཏེ་བདག་ལ་གོ་བསྐོན་བྱས་ནའང་།  ངས་ཁོང་ཅག་གི་རེ་བ་འབྲས་མེད་དུ་བྱས་ཏེ་ཕྱིར་བཟློག་པ་ཡིན།”    ཞེས་དེ་ལྟར་བཤད་ཞོར་མོ་བསྐྱར་དུ་ངུས།

ཟླ་བ་པཱི་ཌས་ཀྱང་མོ་ལ་སྐྱེ་བ་ཕྱི་མ་ཡོད་ཚུལ་གྱི་དཔེ་དུ་མ་དང་བཅས་ཏེ་ཁ་ཏ་བྱས་ཤིང་།  ལྷ་དེའི་ལུང་བསྟན་ལ་ཡིད་རྟོན་རུང་ཚུལ་སོགས་བཤད།   ད་དུང་རང་སྲོག་གཏན་ནས་བློས་གཏོང་མི་ཉན་ཚུལ་ནན་གྱིས་བཤད་དེ་དབུགས་དབྱུང་མཛད།

དཀར་ཆེན་མའི་གཏམ་རྒྱུད་རྫོགས་སོ།།

(མུ་འགོད)

广告位招租