བོད་སྐད་ཀྱི་སྨྲ་ལྕེ་ལྐུགས་པའི་སློབ་ཆེན་སློབ་གསོ་མྱངས་དང་མྱོང་བཞིན་པའི་སྤུན་ཟླ་དང་བོད་རིགས་གཞུང་ཞབས་པ་སྐོར་ཞིག་ལ།

— བོན་སྲས།

དུང་ཞེན་དང་རང་རྟོགས་ཡོད་ན་རང་གི་སྐད་དང་ཡི་གེ་ཁོལ། བོད་སྐད་ཡིག་འབྲུ་གཅིག་མི་སྦྱོང་པར། སྐྱག་ལབ་ལུང་པ་གང་བརྒྱབ་ནས་མ་ཡོང་། དེ་ལ་དགོངས་ཡངས་མེད། ཁ་གཡར་ས་མེད། གོ་སོང་ངམ། འདི་ཡང་ཁྱོད་ཚོས་གོ་ནི་མ་རེད། མི་གོ་པ་དེ་ཁྱོད་དང་ངའི་ངོ་ཚ་རེད། ཁྱེད་ཚོ་རྨོངས་གཉིད་ལ་ཤོར་དྲགས་པས། དེ་ནི་ངོ་ཚ་ཞིག་ཡིན་པ་ཡང་ཤེས་ནི་མ་རེད། ངོ་ཚ་དེ་ཁྱེད་ཚོས་ཚེ་གཅིག་ལ་བསྐྱུར་རྩིས་ཡིན་ནམ་ཚེ་རབས་ཀུན་ཏུ་འཇོག་རྩིས་ཡིན། ཕ་སྐད་ནི་མེས་པོ་གོང་མ་དག་གིས་ལོ་ངོ་སྟོང་ཕྲག་གི་དཀའ་བ་ཁྱད་དུ་བསད་དེ་ང་ཚོར་ལེགས་སྐྱེས་སུ་བཞག་པ་རང་གིས་ཧ་གོ་གི་ཡིན་ནམ། དུང་ཞེན་ཡོད་ན་ཕ་སྐད་ཤོད། རྩི་འཇོག་ཆེ་ན་སྐད་ཡིག་ཁོལ། རྨོངས་གཉིད་ལ་ཤོར་ན་ཐབས་ཀྱིས་དཀྲོགས། དེ་དག་ཀྱང་མི་འཁྱོང་ན་གཞན་སྐད་ཀྱི་སྐྱག་ལབ་སྙན་ལ་གཟན་པ་དེ་བརྒྱབ་ནས་མ་ཡོང་། རྩ་བ་ཡོད་ན་ཡལ་ག་ཐོགས་པས་མཛེས། རྩ་བ་མེད་ན་ཡན་ལག་འབོལ་པོས་ཅི་ཞིག་བརྒྱན། དེ་བཞིན་དུ་ཕ་སྐད་ཀྱི་སྲོག་ཤིང་མེད་ན་རྒྱ་སྐད་དང་ཕྱི་སྐད་ཀྱི་མཐའ་རྒྱན་སྤྲོད་ས་རྩ་བ་ནས་ཡོད་པ་མ་རེད། ལོ་ངོ་སྟོང་ཕྲག་གི་རྩ་བ་མཐུག་པོ་དེ་སྣང་མེད་དུ་བསྐྱུར་པ་ནས་བཟུང་ཁྱོད་ལ་ཅི་ཞིག་གི་རིན་ཐང་ལྷག་ཡོད། འཛམ་གླིང་གི་སྐྱེས་བུ་མང་པོས་འགྲམ་ཆུ་ལྡང་སའི་གངས་ཅན་གྱི་ཤེས་རིག་ལ་སྐད་ཡིག་གི་སྲོག་རྩ་ཕྲ་དུས། ང་ཚོར་གནའ་རྫས་བཤམས་སྟོན་ཁང་དང་ཤི་ཟིན་པའི་“ཤུལ་བཞག་རིག་གནས་”བཤམས་སྟོན་ཁང་། ད་དུང་སྐད་རིགས་གཞན་པའི་ཞིབ་འཇུག་གི་ཤོག་ལྷེ་སྣ་ཚོགས་ཇེ་མང་དུ་འགྲོ་པ་ལས་ཅི་ཞིག་ལྷག་ཡོང་། སྐྱེས་བུ་དམ་པ་རྡར་བིན་གྱིས། ས་སྟེང་འདིར་དུས་ཡུན་རིང་པོའི་ནང་གནས་ཐུབ་པའི་སྐྱེ་འགྲོའི་རིགས་དེ་ནི་སྟོབས་ཤུགས་དང་རིག་པའི་འགྲན་ཟླ་བྲལ་པ་གཉིས་ཀྱི་གང་ཡང་མ་ཡིན་ལ། དེ་ནི་སྤྱི་ཚོགས་དང་ཁོར་ཡུག་གི་འགྱུར་ལྡོག་ལ་བསྟུན་ཤེས་པ་དང་གོམས་འདྲིས་བྱུང་ཐུབ་པའི་རིགས་དེ་རེད་ཅེས་པ་ནང་བཞིན། བོད་སྐད་ཡིག་གི་ཚེ་སྲོག་ཡང་སྤྱི་ཚོགས་ཀྱི་འཕེལ་འགྲོས་དང་བསྟུན་དགོས་པ་རྩོད་མེད་ཡིན་ལ། དུས་རབས་འདིའི་འཕེལ་འགྲོས་ཀྱང་ཚན་རྩལ་གྱིས་ཁ་ལོ་བསྒྱུར་པ་ཡིན་སྐད། གསར་གཏོད་དང་ཐབས་ལམ་ནི་མེད་དུ་མི་རུང་པའི་ཕ་སྐད་ཀྱི་འཁར་བ་རེད་མོད། སྤྱིར་བོད་སྐད་ཡིག་གི་རྨང་གཞི་འཇོག་པར་བརྩོན་ལེན་མི་བྱེད་པ་དང་མ་གཞིའི་རིན་ཐང་ལ་དོ་སྣང་མེད་པའི་བོད་པ་ནི་ངོ་ཚ་རྒྱབ་ཏུ་འཕངས་པའི་རིགས་དེ་ཡིན་པ་ཐག་ཆོད་རེད། ཡིག་ནོར་ཅི་ཙམ་བྱུང་ཡང་སྐད་ཡིག་བཀོལ་སྤྱོད་ལ་མུ་མཐུད་དུ་ལྷུར་ལེན་བྱེད་པ་ནི་སྙིང་སྟོབས་ཤིག་དང་དུང་ཞེན་ཞིག་རེད་འདུག་ལ། ནོར་འཁྲུལ་ནི་ནམ་ཡང་བསྒྱུར་བཅོས་ཀྱི་གོ་སྐབས་སྐྲུན་མཁན་དེ་ཡིན་པས་ཕངས་ག་ལ་དགོས།

གོ་སོང་ངམ། བོད་སྐད་ཀྱི་སྨྲ་སྒོ་འགགས་པའི་སྤུན་ཟླ་ཚོ། ཡག་པོ་བཤད་ན་མི་ཉན། ཁྱེད་ཚོས་སྐད་རིགས་ཀྱི་གདམ་ག་ལས་ཕ་སྐད་གཡུགས་པ་ནི་མེས་པོ་གོང་མར་བརྩི་བཀུར་མ་བྱས་པ་དང་རྗེས་རབས་པ་ཚོར་འགན་ཁུར་དང་ལེན་མ་བྱས་པ་ཡིན་པས། ཁྱོད་ཚོ་ནི་ཞབས་འདྲེན་པ་ངོ་མ་དེ་ལ་ཆགས་འདུག འདི་ནི་ཐབས་ཟད་ནས་ཁྱོད་ལ་བཤད་པའི་སྐད་ཆ་ཡང་ཡིན། གོ་སོང་ངམ། ཚུར་ཉོན། ཁྱོད། ཁྱོད། ཁྱོད། ཁྱོད་ཚོ། ཁྱོད་ཚོར་དངོས་ནས་ངོ་ཚ་མེད་ན་འདི་ལ་ཉན་ནས་ཐེ་གཏོགས་དང་སྐྲག་སྣང་སྤུ་ཙམ་མེད་ཀྱང་སྲིད། ཉན་ཡག་བྱོས། ངོ་མ་ཡིན། ཕྱི་འདང་རྒྱག་ཡག་བྱོས། ད་ལྟ་མ་བཤད་ན་ཁྱོད་ཚོར་གོ་སྐབས་མེད། ད་ལྟ་མ་བཤད་ན་འུ་ཚོ་ཚང་མ་ཚར་ངེས། འདི་ནི་ངའི་འབོད་སྐུལ་མ་རེད། འདི་ནི་སྐད་ཡིག་གི་ངུ་སྐུལ་རེད། རྗེས་རབས་པའི་རེ་སྐུལ་རེད།

ཤ་ཚ་བའི་ཚིག་ལ་སྙན་མོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་ཅེས་པའི་དཔེ་བཞིན། སྐད་ཆ་འདི་ཡང་གཅིག་བཤད་ན་ཁྱོད་ཚོར་དུང་པའི་དབང་གིས། ཀུན་སློང་དྲག་པོས་བསྐུལ་ཏེ་ཡི་གེར་ཕབ་པ་ཡིན་པས། མཚང་འབྱིན་གང་རུང་མི་བྱེད་པར་ཞུ། གལ་སྲིད་བྱེད་ན་བསམ་བློ་གཏོང་ཡག་བྱོས། ཡོད་ཚད་ཀྱི་ཡོད་ཚད་འོ་སྐོལ་མི་རེ་རེའི་དབང་ན་ཡོད་པས། ངོ་ཚ་ཡོད་ན་སྐད་ཡིག་གི་འགན་དང་ལེན་བྱོས། དེ་མེད་ན་ཁྱོད་ལ་བོད་པ་ཟེར་པའི་མིང་དེ་ཡང་འོས་མི་སྲིད།