རྨེ་རུ་ཡུལ་ལྷ་ཐར་དང་ཁོང་ལྟ་བུའི་གཏམ་བཤད་མཁན་དང་རྩོམ་འབྲི་མཁན་གྱི་སྤུན་ཟླ་ལྷན་རྒྱས་ལ་སྒྲོན་པའི་མི་སྙན་ཤ་ཚའི་གཏམ།

བོན་སྲས།

ཀླད་ཀྱི་དོན།

ང་རང་ཀློག་པ་པོ་ཞིག་ཡིན་པའི་ཆ་ནས། རྨེ་རུ་ལགས་ཀྱི་རྩོམ་ཡིག་དེ་གཉིས་ཀྱིས་བདག་གི་ལྟ་ཚུལ་གང་རུང་ལ་ཤན་ཤུགས་ཆེ་མ་ཆུང་གསུམ་ཐེབས་སྲིད། དེ་ལྟ་ཡིན་ན། ངས་ནི་རང་ལ་དཔེ་ཀློག་ཁྲོད་ནམ་རྒྱུན་འདྲི་བའི་དྲི་བ་དག་ནི་མཆན་བཀོད་མེད་པའི་རྩོམ་ཡིག་ཅིག་གིས་རང་ལ་ཐེབས་པའི་ཤུགས་རྐྱེན་དེ་རྩོམ་དེའི་རྩོམ་པ་པོ་རང་གི་བསམ་བློ་དང་ཞིབ་འཇུག་གི་འབྲས་བུ་ལས་བྱུང་པ་ཡིན་ནམ་རྩོམ་པ་པོ་གཞན་ཞིག་གི་བསམ་བློ་ལས་བྱུང་པ་ཡིན། ཡང་ན། གལ་ཏེ་བདག་གིས་རྩོམ་ཡིག་ཅིག་བྲིས་ཏེ་ཉིད་ཀྱི་རྩོམ་མམ་གཏམ་བཤད་ཡི་གེ་དེ་གཉིས་ཀྱི་ནང་བརྗོད་པ་མཐའ་དག་སྐུ་ཉིད་ཀྱི་བསམ་བློ་དང་སྐད་ཆ། ངལ་རྩོལ་གྱི་འབྲས་བུ་ཡིན་པར་རློམ་ནས་རྩོམ་དེའི་ཟར་ཟུར་ནས་ལུང་འདྲེན་བྱས་ཏེ་མཆན་བཀོད་ནས་པར་བསྐྲུན་བགྱིད་པའི་ཚེ། མཆན་བཏབ་པའི་བསམ་བློ་དང་སྐད་ཆ་མཐའ་དག་སྐུ་ཉིད་ལ་དབང་པ་དང་དེ་དག་སྐུ་ཉིད་རང་སྟེང་ནས་ཞིབ་འཇུག་བགྱིད་པའི་ཐོག་མའི་དཔྱད་འབྲས་སམ་གཏམ་ཁུངས་བཙུན་པོ་ཞིག་ཡིན་པར་ངོས་བཟུང་ན་འགྲིག་གམ། གལ་ཏེ་དྲི་བ་འདི་ལ་མི་འགྲིག་ཅེས་པའི་ལན་བསྐྱོན་པ་ཡིན་ན། གླེང་གཞི་འདིའི་སྒོ་མོ་དེ་ཚིག་རྐང་འདི་གསུམ་གྱིས་དབྱེ་པར་བྱ། བཤད་པའི་གཏམ་དང་བྲིས་པའི་རྩོམ་ནི་གང་ཡིན་ཡང་། གཞན་གྱི་དཔྱོད་པའི་འབྲས་བུ་ལ་ཁུངས་འདྲེན་དང་ཟུར་མཆན་གྱི་ཤུལ་ཙམ་ཡང་མེད་པར་བེད་སྤྱོད་གཏོང་པའི་རྩོམ་མཁན་དང་ཤེས་ཡོན་པ་ནི་མདོར་དྲིལ་ན། གཞན་གྱི་ངལ་རྩོལ་དང་རྣམ་དཔྱོད་ལས་འཁྲུངས་པའི་བསམ་བློ་དང་སྐད་ཆའི་བདག་དབང་ལ་བཤུ་གཞོག་དང་འཕྲོག་བཅོམ་བྱས་པ་ལས་གཞན་ཅི་ཡང་མིན།

ལར་བཤད་ན་ལན་ཞིག་གདབ་འདོད་པའི་བསམ་བློ་རྩ་བ་ནས་མེད། དེ་ཡང་དོན་སྙིང་ཅན་གྱི་རྩོད་པ་དང་ཁ་བརྡའི་ཚུལ་དུ་མི་འགྲོ་པར་ཆགས་ཞེན་གྱི་གཅོང་རོང་ཆེན་མོར་ལྷུང་འགྲོ་བར་འཇིགས་པ་དང་གཅིག དོགས་སློང་གི་རྩོམ་ཐུང་དང་པོ༼རྨེ་རུ་ཡུལ་ལྷ་ཐར་གྱི་དཔྱད་རྩོམ་ལས་འཕྲོས་ཏེ་བོད་རིག་པ་ཞིབ་འཇུག་གི་ཐབས་ལམ་ཐད་ཀྱི་གནད་དོན་ཛ་དྲག་ཅིག་ལ་མཛུབ་མོ་བཙུགས་པ།༽ཞེས་པ་དེས་རང་རེའི་ཤེས་པ་དང་གོ་བ་ཅན་གྱི་བུ་དང་བུ་མོ་རྣམས་ལ་བསྐྱར་བཤད་མི་དགོས་པར་བསམ་པ་དང་གཉིས་ཀྱིས་ཡིན། ཡིན་ན་ཡང་། རྨེ་རུ་ལགས་ཀྱིས་བདག་གི་ངོ་སྤྲོད་བགྱིས་པའི་དེབ་དེ་དག་ལས་གཅིག་ལ་ཡང་མ་བལྟས་པར་མྱུར་མྱུར་དང་རྔམ་རྔམ། ཨུ་ཚུགས་བཅས་ཀྱི་ངང་ལན་འདྲ་ཞིག་གནང་སོང་། རྨེ་རུས་ཁོང་དང་ཁོང་ལྟ་བུའི་ཤེས་ཡོན་པ་སྐོར་ཞིག་ལ་སྐད་ཆ་བློ་འབབ་ཅིག་བཤད་ཡོད་པ་ལས་གནས་ལུགས་དང་འགན་ཁུར་གྱི་སྐད་ཆ་ཧ་ལམ་ཅི་ཡང་བཤད་མེད་ཅེས་ན་མི་འགྲིག་རྒྱུ་ཅི་ཡང་མེད་ཚོད་རེད།(1) སྣང་ཚུལ་འདི་ལ་དོན་གྱིས་བརྗོད་ན་བློ་ཕམ་ཆེན་པོ་སྐྱེས་ཡོད། དེ་འདྲ་ཞིག་སྐྱེས་པའི་རྒྱུ་རྐྱེན་ཡང་རྨེ་རུ་སྐུ་ཉིད་ཕར་ངོ་སྤྲོད་བྱས་པའི་དེབ་དེ་ཚོའི་ནང་གི་རྨང་གཞིའི་ཤེས་བྱར་འཇུག་མྱོང་མེད་པ་དང་། འཇུག་མྱོང་མེད་པར་བརྟེན་ལན་བཏབ་པ་དེ་ལ་ཡང་ཕྱིར་འཐེན་བྱ་དཀའ་བའི་ནོར་འཁྲུལ་གྱིས་བཀང་ཡོད་པ་དེ་རེད། རེད། དགེ་རྒན་ནམ་ཤེས་ཡོན་པ་ཞིག་ལ་མཚོན་ན་ནོར་འཁྲུལ་ཆེན་པོར་བརྩིས་ཆོག

ནོར་འཁྲུལ་དེ་མ་གླེང་གོང་གསལ་བཤད་ཅིག་མི་བགྱིད་ཀ་མེད་བྱུང་པ་ནི་འདི་ལྟ་སྟེ། ངས་བཤད་བཞིན་པ་ནི་ཁྱེད་རང་མི་སྒེར་དེ་མིན། མི་སྒེར་ལ་བསྙོན་དཀྲི་རྒྱུ་སྤུ་ཙམ་ཡང་མེད། ངས་བཤད་བཞིན་པ་ནི་ཁྱེད་རང་གི་རྩོམ་ཡིག་གམ་ “གཏམ་བཤད་ཡི་གེ་” དེ་གཅིག་པུ་ཡིན། ངས་རང་ཉིད་ཁྱེད་ཀྱི་རྩོམ་ཡིག་ཀློག་པ་པོ་ངོ་མ་ཞིག་ཡིན་པའི་ཐད་ནས་སྐད་ཆ་བརྗོད་ཡོད་པ་ལས་གཞན་ཅི་ཡང་མེད། དེ་མིན་ངས་ནི་ཁྱེད་རང་བོད་ཀྱི་དགེ་རྒན་ཞིག་ཡིན་པར་ཐོས་པ་ལས་གཞན་ཅི་ཡང་མི་ཤེས། དེ་ལས་ཧ་གོ་ཡོད་པ་ནི་ཉིད་ཀྱི་རྩོམ་ཡིག་དེ་གཉིས་གཅིག་པུ་ཡིན། ཤིན་ཏུ་གསལ་བོར་སྨྲས་ན། སྤྱིར་སྐུ་ཉིད་སུ་ཡིན་པ་དང་བདག་སུ་ཡིན་པ་དེ་ཡང་གཙོ་བོ་གཏན་ནས་མ་རེད། ངས་ནི་མི་ཚེ་འདིར་ཐོབ་གོ་ས་དང་མཚན་སྙན་གྲགས་ཀྱི་ཆེད་དུ་འབད་པའི་འདུན་པ་ནི་སྐར་ཆ་ཙམ་ཡང་རྨི་ལམ་དུ་བྱུང་མྱོང་མེད་པས་ཡིན་ལ། སྐུ་ཉིད་དེའི་ཐད་ཀྱི་དམིགས་བྱ་ཅི་ཞིག་ཡིན་པར་གསལ་ཆ་དང་འབྲེལ་བ་མེད་པས་མི་ཚད་ཤེས་ཀྱང་རྩ་བ་ཉིད་ནས་མི་འདོད། གལ་ཆེན་གྱི་འགང་ཆེན་ནི་བརྗོད་བཞིན་པའི་གླེང་གཞི་རང་རེད། རྩོམ་པ་པོ་དང་ཀློག་པ་པོའི་བར་གྱི་གླེང་སློང་རེད། རྒྱུ་མཚན་དེའི་དབང་གིས། ངས་ “གླེང་ཕྱོགས་བཟོ་བ་” དང་ཆགས་ཞེན་གླེང་ཡ་ཁྱོན་ནས་ཡོད་པ་མ་རེད་ལགས། དཔྱོད་པའི་གནས་ལུགས་དང་འགྲོ་མིའི་ཀུན་སྤྱོད་ལ་འགལ་བའི་གཏམ་ཞིག་ཤོར་ཡོད་པའི་ཚེ། སྐུ་ཉིད་ཀྱིས་ཐད་ཀར་མཛུབ་སྟོན་གྱིས་དང་། བདག་གིས་ཨུ་ཚུགས་ཀྱི་ “ཡ་བྱེད་རྩིས་མེད་” པ་ལྟ་བུའི་ཕྱི་འགྱངས་མེད་པར་ཁས་ལེན་དང་བསྒྱུར་བཅོས་བྱེད་ངེས།

བར་གྱི་དོན།

གླེང་གཞིར་འཁོར་ན། ཐོག་མར་འཇིགས་མེད་ནུབ་པ་ཞུ་པས་ཉིད་ཀྱི་རྩོམ་ལ་དོགས་སློང་གནང་པའི་ནང་གི་ཉུང་ཙམ་འདི་རུ་དཔེ་མཚོན་གྱི་ཚུལ་དུ་བཀོད་ན། ཁོས་བཤད་རྒྱུར། “ཁོང་གིས་གླེང་བཞིན་པའི་ “འཛམ་གླིང་གི་ཤེས་རིག་སྒྲིག་གཞིའི་ངོས་འཛིན་” ཟེར་བའི་ཚན་པ་དེའི་ཁོངས་ཀྱི་གནད་དོན་ཕལ་ཆེ་བ། ཨ་རིའི་ཆབ་སྲིད་ཚན་རིག་མཁས་པ་ས་མོལ་ཧང་ཀྲིན་ཁྲོན་ (Samuel P. Huntington) གྱིས་བརྩམས་པའི་ “ཤེས་རིག་གི་གདོང་ཐུག་དང་འཇིག་རྟེན་གོ་རིམ་བསྐྱར་སྐྲུན” (The Clash of Civilization and the Remaking of World Order) ཟེར་བའི་དེབ་དེའི་ཁོངས་ནས་ཐད་ཀར་བླངས་བ་དང་ནང་དོན་མདོར་བསྡུས་སུ་བཀོད་པ། སོ་སོའི་བསམ་ཚུལ་ཅུང་ཟད་རེ་ཁ་སྣོན་བརྒྱབ་པ་ལྟ་བུ་ཤ་སྟག་རེད་འདུག དཔེར་ན། རིག་གནས་ཕུང་གཟུགས (Cultural entities) ་དང་ཆབ་སྲིད་ཕུང་གཟུགས (political entities) ཟེར་བ་སོགས་རྩོམ་པ་པོ་ས་མོལ་ཧང་ཀྲིན་ཁྲོན་གྱི་དེབ་དེའི་ལེའུ་གཉིས་པ་ “ལོ་རྒྱུས་ཁྲོད་ཀྱི་ཤེས་རིག་དག་དང་དེ་རིང་” (Civilizations in History and Today) ཟེར་བ་དེའི་ཁོངས་སུ་ཡོད་པ་མ་ཟད་། “ཤེས་རིག་ནི་རིག་གནས་ཕུང་གཟུགས (Cultural entities/文化实体) ཤིག་ལས་ཆབ་སྲིད་ཕུང་གཟུགས (political entity/政治实体) ཤིག་མིན་པས། དེས་ཐད་ཀར་སྤྱི་པའི་སྒྲིག་སྲོལ་མི་འཛུགས་པ་སྟེ། སྲིད་ཁྲིམས་དང་ཁྲལ་བསྡུ་བ། དམག་འཁྲུག་རྒྱག་པ། ཆིངས་འཇོག་པ་སོགས་ཀྱི་དོན་བྱ་ཤེས་རིག་རང་ངོས་ནས་མི་སྒྲུབ། འོན་ཀྱང་། མི་མཐོང་ཕག་གི་སྟོབས་ཤུགས་ནི་ཀུན་ལས་ཆེ་བའོ།།” ཟེར་བའི་ཚིག་གྲུབ་ཧྲིལ་བོ་འདི་ཤོག་ངོས་༤༤སྟེང་ན་ཉལ་ནས་འདུག (ཁུངས། “Since civilizations are cultural not political entities, they do not, as such, maintain order, establish justice, collect taxes, fight wars, negotiate treaties, or do any of the other things which governments do”)” (2)

གོང་གི་དོགས་སློང་འདིས་བདག་ལ་ཡང་བདེན་མིན་གྱི་དོགས་པ་ཞིག་ཀུན་ནས་སྐྱེས་སུ་བཅུག་པས། Huntington ལགས་ཀྱི་དེབ་དེ་ཅིས་ཀྱང་ཕྱིར་སློག་ཅིག་བྱེད་དགོས་སོང་། ཁོང་གི་དེབ་ནང་དུ་འཇིགས་ནུབ་ཀྱིས་བཤད་པ་དེ་ལ་ཏག་ཏག་བདེན་ཤེས་འདུག་སྟེ། ཤོག་ངོས་ 44 པའི་དཀྱིལ་ན་ 1997 ལོ་ནས་བཟུང་དེ་ཚིག་འབྲུ་དེ་དག་གཅིག་ལ་ཡང་འགྱུར་པ་མེད་པར་༼ཉལ་ནས་མི་འདུག་༽ད་དུང་ལང་ནས་འདུག(3) དེ་ལས་གཞན་ད་དུང་རྩོམ་པ་པོའི་འཛམ་གླིང་ཤེས་རིག་སྒྲིག་གཞིའི་ཐད་ཀྱི་ངོ་སྤྲོད་དང་བསམ་བློ། བརྡ་ཆད་དང་དབྱེ་ཞིབ་སོགས་གང་མང་མང་ཞིག་ལ་མཆན་ཟུར་ཙམ་ཡང་མེད་པར་རང་གི་བསམ་བློ་དང་སྐད་ཆ་ཡིན་ཟོལ་གྱིས་རྨེ་རུའི་རྩོམ་ནང་དུ་བཀོད་འདུག་ལ། དེ་ལས་ལྷག་པའི་སྐད་ཆ་དང་བསམ་བློ་ནི་སུ་ཞིག་གི་ཡིན་མིན་ད་དུང་བཤད་ཁག་པོ་རེད། གོང་གི་འདི་ནི་དཔེ་མཚོན་ཙམ་བཀོད་པ་ལས་ཚིག་འབྲུ་དང་ནང་དོན་རེ་རེ་བཞིན་ཁུངས་ལུང་འདེད་རྒྱུ་དེ་ནི་ངའི་ལས་ཀ་ཞིག་ག་ལ་ཡིན། དེ་ནི་གལ་ཏེ་སྐུ་ཉིད་ཀྱིས་ཀློག་པ་པོ་དང་ཉན་མཁན་རྣམས་ལ་འགན་འཁྲི་བརྙེད་པའི་དུས་ཤིག་ལ་ཁོ་རང་གིས་འདེད་དགོས་པའི་ལས་ཀ་རང་རེད། རྩོམ་གྱི་ཚན་པ་རེ་རེ་ཕར་ཞོག ཉིད་ཀྱིས་གོང་གི་ཚིག་རྐང་གཅིག་པུ་དེ་བཤད་ཡོང་དུས། ཉན་མཁན་དང་ཀློག་མཁན་ཚོས་སྐད་ཆ་འདི་དག་རྨེ་རུའི་ཡིན་པ་ལས་གཞན་ཞིག་གི་ཡིན་པ་གང་ནས་ཤེས་ཐུབ། ཚིག་ངོས་ལས་ད་དུང་སྐུ་ཉིད་ཀྱི་བསམ་བློ་རླབས་ཆེན་པོ་ཞིག་ཡིན་པའི་ཟོལ་དུ་བཀོད་འདུག་ཡོད་པ་དང་། Cultural Entities དང་ Political Entities ལྟ་བུའི་བརྡ་ཆད་ནི་ཉིད་ཀྱིས་གསར་གཏོད་གནང་པ་ཡིན་ནམ། གལ་ཏེ་མིན་ན་དེ་ནི་ Huntington ལགས་ཀྱི་དེབ་ནང་དུ་བཞུགས་པ་ལ་ཁུངས་ལུང་ཅིའི་ཕྱིར་མ་འདྲེན་པ་ཡིན། དྲང་བདེན་ལ་ཁས་ལེན་ཡོད་པའི་ཤེས་ཡོན་པ་ཞིག་ཡིན་ན། ཉིད་ཀྱིས་གཞན་གྱི་རྩོམ་ནང་ནས་ཐད་ཀར་དྲུད་ཡོང་པས་མི་ཚད་རང་གི་ཡིན་པའི་ཟོལ་དུ་བཀོད་པ་དེ་ལ་ཁས་ལེན་བྱས་ན་ཡང་སྐྱོན་ཆ་གཏན་ནས་ཡོད་པ་མ་རེད། ཡིན་ན་ཡང་། སྐུ་ཉིད་ཀྱིས་དེ་ལ་ཁས་ལེན་མི་བྱེད་པ་ནི་སྐྱོན་ཆེན་པོ་དང་གནད་དོན་ཛ་དྲག་ཅིག་ཏུ་ངོས་བཟུང་ཆོག་པ་རང་གྲུབ་རེད། རྒྱུ་མཚན་ནི་གོང་གི་ཚིག་དེ་ལྟ་བུར་མཚོན་ན། དེའི་ནང་དུ་བརྗོད་ཡོད་པའི་ཤེས་རིག་ནི་ཅིག་ཡིན་པ་དང་ཉིག་མིན་པ། དེས་ཅིག་སྒྲུབ་པ་དང་ཉིག་མི་སྒྲུབ་ཅེས་པའི་སྐད་ཆ་རེ་རེ་ནི་ Huntington ལགས་ཀྱིས་ལོ་མང་པོའི་ཞིབ་འཇུག་དང་ཉམས་མྱོང་། བརྩོན་པ་བཅས་མང་པོ་ཞིག་ལ་བརྟེན་ནས་ཁ་ཚོན་བཅད་པ་ལས་དེ་དག་གཞན་ཞིག་གིས་ཁ་ཚོན་བཅད་པའམ་ཚིག་འབྲུ་རེ་རེ་བཞིན་སྐུ་ཉིད་ཀྱིས་མཛད་པ་ཡིན་ནམ།

སྐུ་ཉིད་ཀྱིས་ “གསལ་བཤད་”གནང་པའི་ “གཏམ་བཤད་ཡི་གེ”་ལ་ལུང་འདྲེན་དང་དཔྱད་གཞིའི་ཡིག་ཆ་ཅི་ཡང་མ་བཏབ་པའི་ཐད་ཀྱི་གནད་དོན་དེ་ངོ་མས་བཤད་ན་གསལ་བཤད་ཅི་ཡང་གནང་མི་འདུག་ལ། མཆན་དང་ཁུངས་ལུང་མེད་པ་ནི་ཉིད་ཀྱི་གཏམ་བཤད་ཡི་གེ་ཞུ་བ་དེའི་ཁྱད་ཆོས་ཡིན་ནམ། གཞན་གྱི་བསམ་བློ་དང་སྐད་ཆ་རང་གི་གཏམ་བཤད་སྤེལ་བའི་རྒྱུ་ཆར་བཀོལ་ཏེ། ཞོར་དུ་ཁོ་ཚོའི་མིང་ཙམ་ཡང་བརྗོད་མེད་པ་དེ་རྒྱུ་མཚན་ཅི་ཡིན། དེ་ཉིད་གནད་དོན་ཞིག་ཡིན་པའི་ངོས་འཛིན་དང་ཁས་ལེན་ཡང་གཏན་ནས་མེད་པའི་ཁར། གནད་དོན་དེ་ཉིད་གནད་དོན་ཛ་དྲག་ཅིག་ཏུ་གོ་བཞིན་མེད་པ་དེ་ནི་གོ་རྟོགས་ཅན་གྱི་ཤེས་ཡོན་པའི་སྡེ་ཡོངས་ནས་ཤིན་ཏུ་ཧ་ལས་ཡ་ཞིག་རེད། དེ་ཉིད་ཛ་དྲག་ཡིན་པའི་རྒྱུ་མཚན་ནི་གཤམ་ནས་ཡུན་གྱིས་བརྗོད་ཡོང་།

རྨེ་རུ་ཡུལ་ལྷ་ཐར་གྱིས། “རྩོམ་འདི་གཉིས་ཀྱི་ངོ་བོའི་ཆ་ནས་དཔག་སྟེ་དེ་འདྲའི་བརྗོད་སྟངས་ལ་དག་སེལ་ཅིག་བྱ་འདོད་པ་དེ་སྟེ།” སྐུ་ཉིད་ཀྱིས་དག་སེལ་བྱས་ཡོད་པ་ནི་གཞན་ནས་ཁྱེར་ཡོང་པའི་གཞན་དབང་གི་སྐད་ཆ་དང་བསམ་བློ་སོགས་ནི་ཁོ་ཚོར་མི་དབང་པར་བསྟན་པ་དང་། ད་དུང་རང་གིས་ཡིན་ཁུལ་བྱས་པ་དང་དོན་གྱིས་བཙན་འཕྲོག་བྱས་པ་དེ་རེད། གལ་ཏེ་ཉིད་ཀྱིས་གཏམ་བཤད་ཡི་གེ་དེ་ལ་ “དག་སེལ་” བྱེད་དགོས་ཚེ་རང་གཞན་གྱི་སྐད་ཆ་དང་བསམ་བློ། དཔྱད་འབྲས་དང་བདག་དབང་བཅས་ཀྱི་ཁྱད་པར་སོ་སོར་དགར་ནས་མ་མཐའ་ཡང་རྩོམ་པ་པོ་གཞན་པ་ཚོའི་མིང་ཙམ་ཉིད་ཀྱི་གཏམ་མམ་རྩོམ་ནང་དུ་ཟུར་མཆན་འགོད་དགོས་འདུག རྩོམ་ཡིག་དེ་གཉིས་ཀྱི་ནང་དུ་རང་ཉིད་ཀྱི་སྐད་ཆ་གང་གང་ཡིན་པ་དང་གཞན་གྱི་སྐད་ཆ་གང་གང་ཡིན་པ་ནི་སྐུ་ཉིད་ཀྱི་སེམས་ན་གསལ་ལྷང་ངེར་ཡོད་སྲིད། དེ་དག་དག་སེལ་བྱས་རྗེས་ད་གཟོད་སྐུ་ཉིད་ཀྱི་ཀློག་པ་པོ་ཚོས་ཡིད་ཆེས་ཧ་ལམ་བྱེད་སྲིད་ལ། འབྲེལ་བ་ཡང་ཆགས་སྲིད། དེ་འདྲའི་མི་སྒེར་གྱི་གཞུང་མ་དྲང་པའི་ཚེ། བོད་མི་རིགས་ཀྱི་ཤེས་རིག་གི་བསྐྱར་སྐྲུན་ཟེར་པ་ཞིག་ཡོད་པའི་དབང་དུ་བཏང་ན་ཡང་། ཤེས་རིག་གི་གཞུང་དེ་སྐུ་ཉིད་ཀྱིས་ཅི་ལྟར་དྲང་མོ་དང་བདེན་ཚིག་གྲུབ་པ་ཞིག་བསྐྲུན་རྒྱུ་ཡིན། དེ་ལ་རང་ངོས་དང་རིག་ངོས་གང་རུང་ནས་ཡིད་དྲང་གཞུངས་དྲང་གི་གཏན་ཚིགས་མེད་དུས། ཤེས་རིག་བསྐྱར་སྐྲུན་ཟེར་པ་དེ་ནི་ཀྱལ་ཀ་རྩེད་པ་ཞིག་ཏུ་ལོག་ཉེན་ཆེ་པ་མ་ཡིན་ནམ། ཕྱི་ནང་གི་བསམ་བློ་དང་སྐད་ཆ་སྣ་ཚོགས་རང་སོར་འཇོག་དཀའ་པའི་བསྲེས་ལྷད་ཞུགས་པ་དང་མཉམ་སྲེས་བརྒྱབ་པའི་ཤེས་རིག་བསྐྱར་སྐྲུན་གྱི་ཟེར་སྒྲོས་ཙམ་གྱི་བརྗོད་བྱེད་དང་བརྗོད་བྱ་རུ་གྲུབ་ཡོང་དུས། སྣང་ཚུལ་དེ་ནི་དུས་རབས་འདིའི་ཤེས་རིག་རྡོག་འགྱུར་རམ་གཤེར་འགྱུར་གྱི་ཉེན་ཁ་ལ་མེ་སྣོན་རྒྱག་པ་ལས་བོད་རང་གི་ཁྱད་ཆོས་ཅན་གྱི་ཤེས་རིག་དང་རིག་གཞུང་གི་ཀ་བ་དེ་དག་སྐུ་ཉིད་ཀྱིས་ཅི་ལྟར་བརྟན་པོའི་ངང་ལང་དུ་འཇོག་རྒྱུ་ཡིན།

རྨེ་རུ་ཡུལ་ལྷ་ཐར་གྱིས་ཡང་བསྐྱར་བཤད་རྒྱུར། “འཆད་འཁྲིད་སྒྲ་ཕབ་འདི་ལྟ་བུ་དང་རིག་གཞུང་བྱེ་བྲག་པའི་འཆད་ཁྲིད་དཔྱད་རྩོམ་གཉིས་ལ་ཁྱད་པར་ཡོད་པ་བསམ་ན་འདི་འདྲའི་ལས་ཀ་བགྱི་མཁན་ཚོས་ཤེས་གསལ་ཡིན་ལ། འདི་འདྲིའི་སྒྲ་ཕབ་འཆད་འཁྲིད་དེ་ “རྩོམ་གྱི་སྒྲོམ་གཞིའི་” ཟོལ་གྱིས་ཡི་གེར་ཕབ་བྱུང་པས་ན། དཔྱད་རྩོམ་གྱི་ཁུངས་ལུང་དཔྱད་ཡིག་དག་རང་བཞིན་གྱིས་མེད་པར་གྱུར་པའང་ངོ།།” རང་བཞིན་གྱིས་མེད་འགྲོ་པ་དེ་ཧ་ཅང་མཚར། དེ་ཚོར་གཤོག་པ་ཐོགས་ནས་འཕུར་སོང་པ་ཡིན་ནམ། རྐང་ལག་ཐོགས་ནས་བྲོས་སོང་པ་ཡིན། དེ་ལྟ་བུ་ཡིན་དུས་ “རང་བཞིན ་” རེད་འདུག དེ་མིན་དུས་སྐུ་ཉིད་ཀྱིས་བསམ་གཟས་ནས་མཆན་དང་ཁུངས་ལུང་སོགས་ལ་གཤོག་པ་དང་རྐང་ལག་སྤྲད་དེ་ཕར་བསྐྲད་ཟིན་པ་ནི་ཅིས་ཀྱང་དཔག་ཐུབ། དེ་འདྲའི་དཀའ་ཚེགས་བརྒྱབ་ནས་རྩ་མེད་དུ་གཏོང་དགོས་དོན་ཅི་ཡིན། མཆན་དང་དཔྱད་ཡིག་མེད་པར་གཏོང་པ་ནི་བདེན་ཚིག་དང་རྒྱུ་འབྲས་མེད་པར་གཏོང་པ་ལས་གཞན་ཅི། ཤེས་ཡོན་པའི་རྨང་གཞིའི་ཀུན་སྤྱོད་ཀྱི་རིན་ཐང་རྩ་མེད་དུ་བཏང་ཞིང་རྩོམ་མཁན་གཞན་གྱི་བདག་དབང་འཕྲོགས་པའི་ནག་ཉེས་ཅན་དང་འགན་ཁུར་མེད་པའི་གཏམ་དང་རྩོམ་ཇེ་མང་དུ་བཏང་པ་ལས་གཞན་ཅི། དེ་འདྲའི་སྲོལ་མཚར་པོ་ཞིག་སྐུ་ཉིད་ཀྱིས་ས་ཆ་གང་ནས་སྦྱངས་ཡོང་པ་ཡིན།

གནད་ཀྱི་དོན།

སྐུ་ཉིད་ཀྱིས་གསལ་བཤད་གནང་པ་ལས་བདེན་པ་གཅིག་ཕྱུང་པ་ནི་རྩོམ་ཡིག་དེ་གཉིས་དཔྱད་རྩོམ་མིན་པར་ཁས་ལེན་བྱས་པ་དེ་རེད། ལུང་འདྲེན་དང་དཔྱད་ཡིག་མེད་ན་དཔྱད་རྩོམ་ལ་སུ་ཞིག་གིས་ངོས་འཛིན། དེ་ལ་ངོས་འཛིན་མཁན་ནི་གཅིག་ཀྱང་ཡོད་མི་སྲིད། ཡིན་ན་ཡང་། གོང་གི་འདི་དག་ཀུན་ལས་ཀྱང་ཧ་ལས་ཏེ་ཧོན་ཐོར་དགོས་པ་གཅིག་ནི་སྐུ་ཉིད་ཀྱིས་རྩོམ་ཡིག་དེ་“གཏམ་བཤད་ཡི་གེ་” (རྒྱ་ཡིག་ནས་ཐད་བསྒྱུར་བྱས་ཡོང་པ་འདྲ།) ཅིག་ལ་ཁག་བཀལ་ནས་རྩོམ་མཁན་གཞན་པའི་སྐད་ཆ་དང་བསམ་བློ་གང་འདོད་དུ་རང་སྒེར་གྱིས་སྤྱད་དེ་རྩོམ་ཁུངས་དང་མཆན་ཡིག དཔྱད་གཞིའི་ཡི་གེ་དང་ཐ་ན་རྩོམ་པ་པོའི་མིང་ཙམ་ཡང་མི་འགོད་པ་དེ་རེད། འདི་ནི་བོད་ནང་གི་ཡི་གེ་ཆོད་པ་མང་ཤོས་ཀྱིས་གནད་དོན་ཞིག་ལ་མི་བརྩི་པ་དང་བརྩིས་ཀྱང་དོན་ཆུང་ཡིན་པར་རློམ་ཡང་སྲིད། དེ་ལྟར་བྱས་པའི་ཚེ་ན་ནི་ནོར་འཁྲུལ་ཆེན་པོ་ཞིག་བཟོས་ཡོད་པ་ང་ལྟ་བུས་སྟོན་དགོས་པ་ཞིག་གཏན་ནས་མ་ཡིན་པར་རང་སྟེང་ན་བསྟན་ཡོད་པ་རེད། མཆན་དང་ཁུངས་ལུང་དགོས་པའི་སྐོར་ནི་དཔྱད་རྩོམ་དང་དཔེ་དེབ་ཙམ་མ་ཡིན་པར། གྲངས་ཚད་མང་པོ་བརྒལ་ཡོད་པ་རེད། དཔེ་མཚོན་ཙམ་བཀོད་ན། དེ་ནི་ངག་ཐོག་དང་ཡིག་ཐོག གློག་རྡུལ་དང་ཤོག་ངོས། པར་སྐྲུན་ཡོད་པ་དང་མེད་པ། གནའ་དཔེ་དང་ཡིག་ཚང་། དྲ་ངོས་དང་དཔེ་ངོས། དེང་རབས་སྨྱན་བྱད་དང་ཚགས་པར། སྒྲ་ཕབ་དང་སྒྲ་ཕབ་ཡི་གེ བརྙན་འཕྲིན་དང་རླུང་འཕྲིན། དཔྱད་རྩོམ་དང་གཏམ་བཤད། འཕྲིན་ཡིག་དང་བརྡ་འཕྲིན། འཆད་འཁྲིད་དང་སློབ་ཁྲིད་སོགས་ཀྱི་ཆ་གང་ལ་ཡང་ལྟོས་པ་མེད་པར། གལ་ཏེ་དེ་དག་གི་ནང་གཞན་པའི་བསམ་བློ་དང་བརྡ་ཆད་ཁྱད་པར་བ། གཞན་གྱི་པར་རིས་དང་ཐིག་རིས། གྲངས་ཀ་དང་ས་ཁྲ། གཞན་ནས་བཤུས་པའི་ཚིག་ངོས་ཐད་བསྒྱུར་དང་ནང་དོན་མདོར་བསྡུས། གཞན་ལ་བཅར་འདྲི་བྱས་པའི་སྐད་ཆའི་ཟིན་བྲིས་དང་གཏམ་རྒྱུད་བཅས་གང་ཡིན་ཡང་རང་ཉིད་ཀྱི་སྐད་ཆའི་ལམ་ནས་བཤུས་པ་དང་། བཤུས་པ་དེ་བཀོད་ཡོད་པ་དེ་དག་ཀུན་ལ་རྩོམ་མཁན་གྱི་མིང་ཕར་ཞོག་ཡོང་ཁུངས་ཀྱི་ཕྱོགས་ཙམ་ཡང་མི་སྟོན་པ་ནི་ནོར་འཁྲུལ་ནང་གི་ཚབས་ཆེ་བའི་ནོར་འཁྲུལ་ཞིག་ལ་ངོས་འཛིན་པ་ནི་འཛམ་གླིང་ཉི་མ་ཤར་ཤར་བྱས་འདུག ནོར་འཁྲུལ་དེ་ནི་ངས་གང་འདོད་ཅིག་བཤད་པའམ་ཐག་བཅད་པའི་ནོར་འཁྲུལ་ཞིག་ག་ལ་ཡིན། དེ་ནི་རིག་གནས་ཁྱབ་ཁོངས་སོ་སོའི་ཤེས་ཡོན་པའི་སྡེ་ན་རྨང་གཞིའི་ཤེས་བྱ་རུ་ངོས་བཟུང་ཡོད་པའི་འགྲོ་ལུགས་དང་ཀུན་སྤྱོད་ཚད་ལྡན་ཞིག་རེད། སྔོན་མར་ངོ་སྤྲོད་བྱས་པའི་དེབ་དེ་དག་ལས་ཀྱང་རྟོགས་ཐུབ་ལ། དེ་མིན་གྱི་གཏམ་བཤད་པ་དང་རྩོམ་མཁན་ཚད་ལྡན་ཞིག་ལ་བློ་འདྲི་བྱས་པས་ཀྱང་ཧ་གོ་སྲིད། དེ་འདྲ་ཡིན་མིན་གྱི་རྒྱུ་མཚན་ཡང་གཤམ་ནས་ཡུན་གྱིས་དྲང་ཡོང་། དེས་ན་དཔྱད་རྩོམ་གྱི་མཆན་འདེབས་སྟངས་དང་གཏམ་བཤད་ཅིག་གི་ལུང་འདྲེན་སྟངས་སོགས་ལ་ཐབས་ལམ་གྱི་ཁྱད་པར་ཡོད་མོད། སྤྱིར་མཆན་དང་ཁུངས་ལུང་འདྲེན་མི་འདྲེན་ལ་ཁྱད་པར་དང་མི་འདྲེན་པའི་བཟོད་བཞེས་རྩ་བ་ནས་ཡོད་པ་མ་རེད།

གལ་ཏེ་བདག་གིས་ཁྱེད་ཀྱི་འཆད་འཁྲིད་དེ་བྱས་ཡོད་པ་དང་གཏམ་བཤད་དེ་ཡིག་ཐོག་ལ་ཕབ་ཡོད་པའི་དབང་དུ་བཏང་ན། བདག་གིས་གཏམ་བཤད་འགོ་བརྩམས་མ་ཐག་པའི་བར་ནས་བཟུང་དེ། འདི་འདྲ་ཞིག་བརྗོད་སྲིད། དཔེར་ན། “ཐོག་མར་བདག་གིས་དེ་རིང་གི་འཆད་འཁྲིད་འདི་ལས་འབྱུང་རྒྱུ་ཡིན་པའི་བསམ་བློ་དང་སྐད་ཆ། བརྡ་ཆད་དང་ནང་དོན་གནད་བསྡུས་བཅས་ཀྱི་ཡོང་ཁུངས། དེ་མིན་བདག་གི་དཔྱད་བརྗོད་ཀྱི་བསམ་བློའི་རྨང་འདིང་ས་དང་ཤུགས་རྐྱེན་བཟོ་མཁན་གྱི་རྩོམ་པ་པོ་དང་བསམ་བློ་པ་གྲགས་ཅན་སྐོར་ཞིག་གི་ངོ་སྤྲོད་མདོར་བསྡུས་ཙམ་བྱ། དང་པོ་ནི་ཨ་རིའི་ཆབ་སྲིད་ཚན་རིག་པ་XXXཡིས་XXXལོར་མཛད་པའི་དེབ་XXXགི་ནང་XXXསྐོར་གྱི་བསམ་བློ་དང་ལྟ་ཚུལ། དེ་མིན་ད་དུང་XXXགི་རྩོམ་པ་པོ་XXXཡིས་བརྩམས་པའི་XXXདང་XXX…” དེ་འདྲའི་ཚུལ་གྱིས་རྩོམ་པ་པོ་ཚོའི་བསམ་བློ་ལ་གོང་བཀུར་དང་བརྩི་མཐོང་བྱེད་ངེས། ཐོག་མ་ནས་དེ་འདྲ་བྱེད་མ་ཐུབ་ན་ཡང་གཏམ་བཤད་ཀྱི་གོ་རིམ་ཁྲོད་དུ་ཡུན་གྱིས་རེ་རེ་བཞིན་སྐབས་བསྟུན་གྱིས་ངོ་སྤྲོད་བྱས་ཀྱང་ཆོག དཔེར་ན། “མཁས་ཆེན་དམ་པ་ Huntington ལགས་ཀྱི་དགོངས་པ་ལྟར་ན། ཤེས་རིག་ནི་རིག་གནས་ཕུང་གཟུགས (Cultural entities/文化实体) ཤིག་ལས་ཆབ་སྲིད་ཕུང་གཟུགས (political entity/政治实体) ཤིག་མིན་པས…[…].” ཞེས་སྐབས་བསྟུན་གྱིས་གཏམ་བཤད་སྤེལ་པ་ལ་ཟུར་མཆན་རྒྱག་སྟངས་སྣ་ཚོགས་ཡོད་པ་རེད། གལ་ཏེ་འདི་དག་འཆད་འཁྲིད་སྐབས་སུ་བཤད་ཡོད་པ་ཡིན་ན་ཡིག་ཐོག་ལ་འགོད་པའི་དུས་སུ་ལྷག་པར་ཚང་དགོས། འོན་ཏེ། སྐུ་ཉིད་ཀྱི་གཏམ་བཤད་རྩོམ་ཡིག་དེ་གཉིས་ལ་རྩོམ་པ་པོ་གཞན་ནས་བླངས་ཡོང་པའི་སྐད་ཆ་དང་བསམ་བློའི་དྲི་མ་ཙམ་ཡང་མེད་པ་དེ་རྒྱུ་མཚན་ཅི་ཡིན། སྐུ་ཉིད་ཀྱི་གཏམ་བཤད་དེ་གཉིས་ནི་རིག་གཞུང་འཆད་འཁྲིད་བྱས་པ་ཡིན་ནམ་མི་ཚོགས་ནང་དུ་ཀུ་རེ་རྩེད་མོ་ཙམ་བགྱིས་ཏེ། གདོང་འབག་ཅན་གྱི་གཏམ་བཤད་ཀྱིས་སློབ་གྲྭ་དང་ལས་གནས་ཀྱི་དགོས་མཁོ་བསྐངས་པ་ཡིན། ཕྱི་མ་དེ་ཡིན་ན་རྒྱལ་ནང་དུ་རྒྱུན་འབྱམས་སུ་གྱུར་ཟིན་པས་གནད་དོན་ཆེར་མེད་མོད། སྔོན་མ་དེ་ཡིན་དུས། སྐུ་ཉིད་ཀྱིས་གཏམ་བཤད་པ་ཞིག་དང་ལྷག་པར་དུ་ “ཤེས་པའི་ལམ་ཞུགས་གང་ཟག” ཅིག་གི་ཆེས་མ་མཐའི་འགན་ཁུར་དང་ལེན་བྱས་ཡོད་དམ་མེད། ཉན་མཁན་དང་ཀློག་མཁན་ཚོར་འགན་ཁུར་བཞེས་ཡོད་དམ་མེད།

གཏམ་དང་རྩོམ་གང་ཡིན་ཡང་གཞན་གྱི་རྒྱུ་ཆའི་ཡོང་ཁུངས་ལ་མཆན་རྒྱག་དགོས་པའི་གནས་ལུགས་ནི་གོ་བ་ལེན་པར་དཀའ་མོ་ཞིག་ཁྱོན་ནས་མ་རེད། གནས་ལུགས་འདི་ནི་སྤྱིར་བཤད་ན་མིའི་རྒྱུན་ཤེས་ (common sense) ཤིག་རེད། དཔེ་ཞིག་བཞག་ན། གལ་ཏེ་ཁྱོད་ཀྱིས་འཆད་འཁྲིད་གནང་པའི་སྐབས་དེར། གཞན་ནས་བཤུས་ཡོང་པའི་སྐད་ཆ་དེ་དག་གི་བདག་པོའམ་རྩོམ་པ་པོ་རྣམས་ཀྱང་ཉན་མཁན་སྐུ་མགྲོན་ཚོའི་གྲལ་ནས་བསྡད་དེ་ཉན་ཡོད་པའི་དབང་དུ་བཏང་ན། ཁྱོད་ཀྱིས་ཁོ་ཚོའི་དེབ་ནང་དུ་བཀོད་པའི་ལྟ་ཚུལ་དང་བརྡ་ཆད་སོགས་རང་གི་ཡིན་པའི་ཁུལ་གྱིས་ཇི་བཞིན་དུ་བརྗོད་དེ། ཁོ་རང་ཚོ་ཉིད་ཀྱི་མིག་མདུན་དུ་ཡོད་པ་ཤེས་བཞིན་དུ་ད་དུང་རང་གིས་གསར་མཛད་གནང་ཁུལ་བྱས་ནས། ཁོ་ཚོའི་སྐད་ཆ་དང་བསམ་བློ་ཡིན་པ་ནི་ཟུར་ཙམ་ཡང་མི་གླེང་པར་འདུག་གམ། དེ་བཞིན་དུ་གལ་ཏེ་ཁྱོད་ཀྱིས་འཆད་འཁྲིད་སྐབས་སུ། བཀའ་པོད་ལྔའི་གཞུང་ཆེན་ཕར་ཞོག་རྒྱུན་ལྡན་གྱི་ས་སྐྱ་ལེགས་བཤད་དང་མདོ་མཛངས་བླུན་ལྟ་བུའི་ནང་དུ་ལུང་ཚིག་དང་དགོངས་པ་རེ་ཟུང་དྲངས་པའི་དབང་དུ་བཏང་ན། དེ་དག་ལས་བྱུང་པའི་གསུང་དང་ལུང་ཚིག་ལ་ཁྱེད་ཀྱིས་རྩོམ་མཁན་དང་དཔེ་མིང་ཙམ་གྱི་མཆན་མི་རྒྱག་པར་རང་གིས་བརྩམས་གནང་མཛད་པ་ལྟ་བུའི་ཚུལ་དུ་བརྗོད་དམ། སྐུ་ཉིད་ཀྱིས་གཏམ་བཤད་གནང་པའི་རྩོམ་ཡིག་དེ་གཉིས་ནི་དཔེ་མཚོན་འདི་དག་ལས་ག་ལ་འདས། དེས་ན་ཁྱེད་རང་གོང་གི་རྒྱལ་ཕྱིའི་རྩོམ་གྱི་བདག་པོ་དེ་ཚོའི་མདུན་ནས་མུ་མཐུད་དུ་དེ་ལྟར་འཆད་ནས་འདུག་པའི་དབང་དུ་བཏང་ན། ཁྱེད་ཀྱིས་ཁོ་ཚོར་ཆེས་མ་མཐའི་བརྩི་བཀུར་དེ་བྱས་ཡོད་དམ། ངོ་ཚ་ཟེར་པ་དེ་ངོ་གདོང་ལ་གནས་ཡོད་དམ། གལ་ཏེ་བརྩི་བཀུར་དེ་ཙམ་ཡང་བྱས་མེད་པའི་ཚེ། སྐུ་ཉིད་ཀྱིས་གཞན་པའི་སྐད་ཆའི་ཚིག་འབྲུ་རེ་རེ་དང་བསམ་བློ་སོགས་ཇི་བཞིན་དུ་བཀོད་ནས་སྒེར་འཛིན་བྱས་ཆོག་པའི་དབང་ཆ་ཞིག་གང་ནས་ཐོབ་པ་ཡིན། གལ་ཏེ་དབང་ཆ་དེ་སུ་ཞིག་གིས་ཀྱང་བྱིན་པ་མིན་ན། དེ་ལ་དོན་གྱིས་གཞན་གྱི་བདག་དབང་དང་རང་དབང་སྒེར་གཅོད་བྱས་པ་ལས་མིང་གཞན་པ་ཡོད་དམ། དཔྱོད་པའི་ངལ་རྩོལ་ལ་རིན་མེད་དུ་ཧམ་བདག་བརྒྱབ་པ་ལས་འབོད་སྟངས་གཞན་པ་ཡོད་དམ། འདི་ཉིད་ད་དུང་གནད་དོན་མ་ཡིན་པ་དང་གནད་དོན་ཛ་དྲག་ཅིག་མ་རེད་ཟེར་ན། རང་གིས་གོམས་གཤིས་དེ་མུ་མཐུད་དུ་རྒྱུན་འཁྱོང་བྱོས་དང་ཆོག་གི་རེད། གོམས་སྲོལ་དེ་ཡིས་བོད་མི་རིགས་ཀྱི་ཤེས་རིག་བསྐྱར་སྐྲུན་ལ་ཕན་ཐོག་འབྱུང་ཁག་པོ་ཡིན་ལ། དེ་ལྟ་བུའི་རྒྱལ་ནང་གི་གོམས་སྲོལ་ནི་དར་པ་ཧ་ཅང་གཏིང་ཟབ་པས། སྐྱོན་ཆ་སྐྱོན་ཆར་ངོས་འཛིན་དཀའ་བ་དང་གནད་དོན་གནད་དོན་ལ་ངོས་འཛིན་པར་དུས་ཚོད་ངེས་ཅན་ཞིག་དགོས། དགོས་པ་དེ་ལ་ཡང་ཧ་མི་གོ་རྒྱུ་ཆེར་མེད།

གལ་ཏེ་ཉིད་ཀྱིས་བཤུས་ཡོང་པའི་བསམ་བློ་དང་སྐད་ཆའི་བདག་པོ་དེ་དག་མིག་མདུན་ན་ཡོད་སྐབས་བརྩི་བཀུར་དང་ཟུར་མཆན་བྱེད་སྲིད་ན། མིག་མདུན་དུ་མེད་པའི་དུས་སུ་མཆན་མི་འདེབས་པ་དང་བརྩི་བཀུར་མི་བྱེད་པ་ཅི་ཡིན། དེ་ནི་བསམ་བློའི་བདག་པོ་ཤི་ཚར་བས་ཡིན་ནམ་ཡང་ན་ཁོ་ཚོའི་བསམ་བློ་ལ་ལྐོག་ནས་སྒེར་འཛིན་བྱས་ཀྱང་བོད་སྐད་ཀྱི་ཀློག་མཁན་དང་ཤེས་མཁན་མེད་པར་བསམ་པས་ཡིན། སྤྱིར་གཞན་གྱི་རྩོམ་འབྲས་ལ་ཁུངས་འདྲེན་མེད་པར་ལྐོག་ནས་བཤུ་བཞིན་པའི་རྩོམ་པ་པོ་དང་གཏམ་འཆད་པ་པོ་ནི་ས་ཆ་གང་ནས་ཀྱང་གནད་དོན་ཞིག་ལ་ངོས་བཟུང་ཡོད་མོད། དེ་འདྲའི་ལས་ལ་བརྩོན་མཁན་མང་ཆེ་ཤོས་ནི་ཧ་ལམ་རྒྱ་ནག་དང་བོད་ན་ཡོད་སྲིད་ལ། ལས་དེ་ལ་གོམས་དྲགས་པའི་དབང་གིས་གནད་དོན་ཞིག་ལ་ངོས་འཛིན་པའི་གོ་རྟོགས་སད་པར་ཡང་དུས་ཚོད་ངེས་ཅན་ཞིག་དགོས་ཚོད་རེད།

སྐུ་ཉིད་ཀྱི་གསལ་བཤད་ལྟར་ན། རྩོམ་དེའི་ནང་གི་གཅིག་སྦྲང་ཆར་དུས་དེབ་སྟེང་སྤེལ་ཚར་བའི་གནས་ཚུལ་བརྗོད་འདུག སྦྲང་ཆར་སྟེང་ནས་རྩོམ་དེ་དངོས་སུ་མཐོང་མ་མྱོང་མོད། དོགས་པ་སྐྱེས་ས་དེ་ནི་ཉིད་ཀྱིས་དུས་དེབ་སྟེང་བཀོད་པའི་རྩོམ་ཡིག་དེ་ལ་མཆན་དང་དཔྱད་ཡིག་སྦྱར་ཡོད་དམ་མེད། གལ་ཏེ་མེད་པའི་དབང་དུ་སོང་ཡོད་ན་ནི་རྩོམ་ཡིག་དེ་ལ་ཡང་གོང་གི་གནད་དོན་ཛ་དྲག་དེ་ཚང་བས་མི་ཚད་སྦྲང་ཆར་དུས་དེབ་ལ་ཡང་འགན་ཁུར་མེད་པ་ཀུན་ནས་ཤེས་ཡོང་། གང་ལྟར་རྩོམ་འདི་རང་ངོས་ནས་མཐོང་མེད་པས་ནམ་ཞིག་མཐོང་པའི་བར་དུ་མུན་ནག་གི་སྐད་ཆ་བརྗོད་པ་ལ་བརྩོན་རྒྱུ་མིན།

མངོན་གསལ་ལྟར། འདིར་བརྗོད་བཞིན་པ་ནི་ཉིད་ཀྱི་རྩོམ་ཡིག་དེའི་ནང་དོན་གྱི་ཆ་ནས་གླེང་གི་མེད། གླེང་བཞིན་པ་ནི་རྩོམ་ཡིག་དེའི་བཀོད་སྟངས་དང་སྐད་ཆ་བདེན་པ་ཡིན་མིན། སྐད་ཆ་ལ་འགན་ཁུར་ཡོད་མེད། མཆན་དང་ཁུངས་ཡོད་མེད།  ཡོད་ན་སུ་ཡིན་མིན་ཐད་ཀྱི་གནད་དོན་ཙམ་ཀློག་པ་པོ་ཞིག་ཡིན་པའི་ངོས་ཐད་ནས་དོགས་སློང་བྱས་པ་དེ་ཡིན། འདི་ཙམ་ལ་ཡང་ཁས་ལེན་མེད་པ་དང་གསལ་བཤད་མེད་པའི་ཚེ། ནང་དོན་གྱི་ཆ་ནས་དོགས་སློང་བགྱི་བའི་གོ་སྐབས་ཧ་ལམ་རག་སྲིད་ཀྱི་མ་རེད། ནམ་ཞིག་ལ་སྐུ་ཉིད་ཀྱིས་གནད་དོན་འདི་དག་དག་སེལ་བྱས་ནས་རང་དང་ཁོ་ཚོའི་སྐད་ཆ་དང་བསམ་བློ་སོ་སོར་ཕྱེས་ཏེ། “ཁང་པ་གཅིག་”གི་ནང་དུ་བཙན་གྱིས་བཅུག་སྟེ་བདག་དབང་སྒེར་འཛིན་མི་བྱེད་པའི་ཉི་མ་ཤར་པའི་ཚེ། ད་ནི་སྐུ་ཉིད་ཀྱི་གཏམ་བཤད་ཡིན་ནའང་ཆོག རྩོམ་ཡིག་ཡིན་ནའང་ཆོག དེ་དག་ལ་ནང་དོན་གྱི་ཆ་ནས་བཀླགས་ཏེ་བོད་མིའི་ཤེས་རིག་བསྐྱར་སྐྲུན་ཐད་ཀྱི་བསམ་བློ་བརྗེ་རེས་བགྱིད་ཆོག

སྐབས་འདིར་ངའི་གྲོགས་པོ་ཞིག་གི་དངོས་བྱུང་གཏམ་རྒྱུད་ཅིག་བརྗོད། གྲོགས་པོ་དེ་འཇར་པན་གྱི་སློབ་གྲྭ་ག་གེ་མོ་ནས་མཐར་ཕྱིན་ཏེ་ལོ་གཅིག་མ་འགོར་པའི་དུས་ལ། སློབ་གྲྭས་ཁོ་ལ་འབྲེལ་གཏུགས་བྱས་ནས་ཁོའི་མཐར་ཕྱིན་འཛིན་ཡིག་ཕྱིར་སློབ་གྲྭར་སྤྲོད་དགོས་པའི་སྔོན་བརྡ་ཐོན། ཁོ་རང་ཡ་མཚར་ནས་གནས་ཚུལ་དེ་ལ་རྒྱས་ལོན་གསལ་པོ་ཞིག་བྱས་དུས། རྒྱུ་མཚན་ནི་ཁོའི་མཐར་ཕྱིན་དཔྱད་རྩོམ་ནང་དུ་མི་གཞན་པ་ཞིག་གིས་བླངས་པའི་འདྲ་པར་བཀོད་དེ་པར་མཁན་གྱི་མིང་དང་གནས་ཚུལ་ཅི་ཡང་མཆན་བཀོད་མེད་པས། པར་མཁན་གྱིས་རྗེས་སུ་དྲ་ལམ་ནས་མཐོང་སྟེ་སློབ་གྲྭར་གནས་ཚུལ་དེ་ཡར་ཞུ་བྱས་པ་རེད། གནས་ཚུལ་དེ་རྟོགས་རྗེས་སློབ་གྲྭས་འགྲིག་ཁྲིམས་ལྟར་གྲོགས་པོ་དེའི་འཛིན་ཡིག་གཞུང་བཞེས་མི་བྱེད་ཐབས་མེད་གྱུར་སོང་། གཏམ་རྒྱུད་འདི་ནང་བཞིན། པར་པ་དང་རྩོམ་པ་པོ་གཞན་གྱི་ཆོག་མཆན་མེད་པར་རང་འདོད་ཀྱིས་ཁོ་ཚོའི་པར་དང་སྐད་ཆ་དང་བསམ་བློ་སོགས་བཀོལ་སྤྱོད་བྱེད་པ་ནི་རྒྱུན་ལྡན་གྱི་བདག་དབང་གི་ཐོབ་ཐང་ལ་དོ་སྣང་མ་བྱས་པ་ལགས་ན། གོང་གི་གནད་དོན་དེ་ལྟ་བུ་ནི་ནམ་ཡང་འབྱུང་སྲིད། དངོས་བྱུང་གཏམ་རྒྱུད་འདིས་བརྗོད་བཞིན་པ་ནི་ཤེས་ཡོན་པའམ་སྤྱིར་བཏང་གི་འགྲོ་བ་མིའི་རྩ་བའི་རང་དབང་དང་ཐོབ་ཐང་ལ་བརྩི་སྲུང་མི་བྱེད་པའི་མཇུག་འབྲས་གླེང་གི་ཡོད། གལ་ཏེ་རྩ་བའི་བདག་དབང་ལ་ཡང་གོང་བཀུར་མེད་ཚེ། ང་ཚོའི་འཇིག་རྟེན་འདི་ནི་ཁ་སང་དེ་རིང་གི་མཚམས་འཇོག་དཀའ་བའི་འཐབ་འཁྲུག་དང་དྲག་སྤྱོད། བརྡ་འཕྲིན་གྱི་བདག་དབང་བཙན་འཕྲོག་སོགས་ཀྱི་གནད་དོན་ཛ་དྲག་ཕར་ཞོག ཐ་ན་རིག་གཞུང་ཞིབ་འཇུག་པ་དང་ཤེས་ཡོན་པའི་སྡེ་ནས་ཀྱང་ཇག་པ་དང་ཁྲམ་མང་པོའི་འཐབ་འཁྲུག་འབྱུང་སྲིད་ཀྱི་རེད།

སྐུ་ཉིད་ཀྱིས་གཞན་གྱི་སྐད་ཆ་དང་བསམ་བློ་རང་འདོད་ཀྱིས་ཚུར་བོད་ལ་བསྒྱུར་ནས་བརྗོད་ཡོད་པ་དེ་ལ་མཆན་དང་ལུང་འདྲེན་དང་རྩོམ་མཁན་གྱི་ཆོག་མཆན་ཅི་ཡང་མེད་ན་ཡང་། ཟུར་གཅིག་ནས་བརྗོད་ན། གཏམ་བཤད་དེ་དག་གིས་རང་རེའི་བུ་དང་བུ་མོ་ཚོར་ཕན་ཐོགས་ངེས་ཅན་རེ་བསྒྲུབས་ཡོད་པ་ནི་བསྙོན་མེད་ཡིན་སྲིད། ལྷག་པར་དུ་བོད་སྐད་ལས་སྐད་རིགས་གཞན་ལ་དཀའ་ངལ་འཕྲད་པའི་བོད་པ་ཚོར། དེ་ལས་གཞན་ད་དུང་ཤེས་རིག་བསྐྱར་སྐྲུན་ཟེར་པའི་ལང་ཕྱོགས་གླེང་མཁན་ནི་ཧ་ཅང་དཀོན་པས། སྐུ་ཉིད་ཀྱི་རྩོམ་དེ་གཉིས་ལ་མཐའ་གཅིག་ཏུ་སྙིང་བོ་མེད་པའམ་མཚམས་འཇོག་དགོས་པར་བརྗོད་པ་ཡེ་ནས་མིན། ཡིན་ན་ཡང་ཁྱེད་ཀྱིས་འདི་ལྟར་འགོ་བརྩམས་པས་ན། འགོ་ཚུགས་པ་དེ་ཡང་ཚིག་བདེན་གཞུངས་དྲང་གིས་འགྲོ་དགོས་པ་དང་། མཐའ་ཡས་པའི་མ་འོངས་པའི་ལམ་ཐག་ཅིག་ལ་བསམ་བློ་གཏོང་ན། ང་ཚོས་གཏམ་དང་རྩོམ་ཡིག་ཅིག་སྤེལ་བའི་རྣམ་པ་དང་གཞན་པའི་རྩོམ་གྱི་བདག་དབང་ལ་བརྩི་མཐོང་བྱེད་པའི་ཀུན་སྤྱོད་ཚང་དགོས་རེད། དེས་ན་སྐབས་བབས་ཀྱི་བརྗོད་གཞི་ཡང་མཆན་དང་དཔྱད་གཞིའི་ཁུངས་སོགས་ནས་འགོ་ཚུགས་ཏེ། ཤེས་ཡོན་པའི་སྡེ་ཡི་བསམ་བློ་དང་སྐད་ཆར་གོང་བཀུར། དེ་དག་གི་བདག་དབང་ལ་བརྩི་སྲུང་དང་ཀུན་སྤྱོད་རྣམ་དག་གི་ཁོར་ཡུག་བསྐྲུན་རྒྱུ་དེ་རེད། གོང་ནས་སྨྲས་པ་ལྟར། སྐུ་ཉིད་ཀྱི་གཏམ་བཤད་རྩོམ་ཡིག་གམ་གཏམ་ལས་ནོར་འཁྲུལ་ཆེན་པོ་ཞིག་བཟོས་ཡོད་པ་ནི་གཞན་གྱི་བསམ་བློ་དང་སྐད་ཆ་རང་གིས་ཡིན་ཁུལ་གྱིས་བོད་རིགས་སློབ་མར་བསྒྲགས་ཏེ། བོད་རིགས་སློབ་མ་དང་དགེ་རྒན་རྣམས་ཀྱིས་ཀྱང་སྐུ་ཉིད་ཀྱིས་འཆད་པའི་གཏམ་མཐའ་དག་ཁྱོད་རང་གི་ཡིན་པར་རློམ་པ་ལས། ནུབ་ཕྱོགས་ཀྱི་རྩོམ་པ་པོ་དེ་ཚོའི་མིང་ཙམ་ཡང་གོ་མེད་པའི་འཇིགས་སུ་རུང་བའི་འགྲོ་ལུགས་དེ་རེད། འདི་ལ་ད་ལྟའི་ཆར་རྒྱུན་ཤེས་སུ་འགྱུར་བཞིན་པའི་ཞིབ་འཇུག་དང་རྩོམ་འབྲིའི་ཀུན་སྤྱོད། ཡང་ན་ལྷད་མེད་རིག་གཞུང་ངམ་རིག་གཞུང་ཀུན་སྤྱོད་༼Research Ethics/ Academic Integrity and Ethics༽ ཟེར་པ་དེ་ལ་ཐད་ཀར་གྱི་འགལ་ཟླ་བྱུང་ཡོད་པ་རེད། གལ་ཏེ་ཉིད་ཀྱིས་གཏམ་བཤད་ཡི་གེ་འམ་རྩོམ་ཡིག་འདི་རྒྱལ་ཕྱིའི་ཀློག་པ་པོ་དང་ལྷག་པར་དུ་མཆན་མ་བཀོད་པའི་རྩོམ་མཁན་དེ་དག་གིས་མཐོང་པའི་དབང་དུ་བཏང་ན། དེ་མ་ཐག་ཏུ་དྲན་ཡོང་པ་ནི་ཁོ་ཚོས་ཆེས་མ་མཐའ་ཡང་གཤམ་གྱི་ཐ་སྙད་འདི་དག་གི་ནང་ནས་ཕལ་ཆེ་བ་བེད་སྤྱད་དེ་དགག་བཞག་ཚ་དྲག་པོ་གཏོང་པ་ང་ལ་བརྒྱ་ཆའི་བརྒྱ་ཡི་གདེང་ཚོད་ཡོད། ཐ་སྙད་དེ་དག་ནི་དཔེར་ན། extreme plagiarism, intellectual theft, robbery, intellectual rights violation, cheating, dehumanizing, irresponsible, disrespectful, shameful, intolerable, corrupt, evil-minded. དབྱིན་ཇིའི་མིང་ཚིག་གལ་ཆེན་འདི་དག་ཚིག་མཛོད་དག་མ་ཞིག་ལ་ཐོ་གཏུགས་ནས་གོ་བ་ལོན་པར་མཁྱེན། མདོར་བསྡུས་ན། ཤེས་ཡོན་དང་བདེན་གཏམ་ལ་བློ་ཕྱོགས་པའི་སྔོན་ཐོན་རྒྱལ་ཁབ་ཀྱི་དུས་དེབ་དང་པར་སྐྲུན་ཁང་། སློབ་གྲྭ་དང་སྤྱི་ཚོགས་ལས་ཁུངས་གང་ཡིན་ཡང་། མཆན་དང་རྩོམ་ཁུངས་མི་འདྲེན་པ་ལ་བཟོད་སྲན་ཏིལ་ཙམ་ཡང་ཡོད་པ་མ་རེད། དེ་ནི་མདོར་དེད་ན་གཞན་གྱི་རྩོམ་ལ་སྐད་དང་ཡི་གེ་གང་རུང་གི་ཆ་ནས་ཟུར་གླེང་དང་ཟུར་མཆན་མེད་པ་ལས་བྱུང་པ་རེད། མཆན་མེད་པའི་གཏམ་བཤད་དང་རྩོམ་ཡིག་ལ་ཤེས་ཡོན་པའི་སྡེ་ནས་༼plagiarism༽ ཟེར་བའི་ཞྭ་མོ་ནག་པོ་བསྐོན་སྲིད། ཞྭ་མོ་དེ་ལྟ་བུ་མི་བསྐོན་པའི་སྔོན་འགོག་གི་ལས་ཀ་མང་པོ་ཞིག་ད་ལྟའི་བོད་ནང་གི་ཤེས་ཡོན་པ་ཚང་མར་འོས་འགན་ཡོད་པས། ཤེས་ཡོན་པ་ཚོས་དེའི་ཐད་ཀྱི་ཕྱག་ལས་འོས་འཚམ་རེ་གནང་རྒྱུ་རེ་ཞུ་ཞུས་པ་ཡིན།

སྤྱིར་མཆན་ཡིག་གི་ནང་དུ་རྩོམ་པ་པོའི་མིང་དང་ལོ་ཚིགས། རྩོམ་གྱི་ཁ་བྱང་ངམ་དཔེ་དེབ་ཀྱི་ཁ་བྱང་། པར་སྐྲུན་ཁང་དང་པར་སྐྲུན་བྱ་བའི་ཡུལ་གྱི་མིང་། དྲ་ལམ་ནས་བླངས་པ་ཡིན་དུས་དྲ་ལམ་གྱི་སྦྲེལ་ཐག་སོགས་སྐབས་བསྟུན་གྱིས་ཆ་ཚང་དགོས། འདིར་ངོ་སྤྲོད་བྱས་པའི་དྲ་ཚིགས་འདི་ནི་འཛམ་གླིང་གི་ཤེས་ཡོན་པ་མང་ཤོས་དང་སློབ་ཆེན། རིག་གཞུང་ཞིབ་འཇུག་ཁང་སོགས་ཀྱིས་མཆན་འགོད་སྟངས་ཐད་ལ་བཀོལ་སྤྱོད་བྱེད་བཞིན་པ་དག་རེད། དཔེར་ན། (https://owl.english.purdue.edu/owl/) དྲ་ངོས་འདི་ལས་རིག་གནས་ཀྱི་ཁྱབ་ཁོངས་སྣ་ཚོགས་ལས་བྱུང་པའི་རྩོམ་ཡིག་དང་གཏམ་བཤད་སྣ་ཚོགས་ལ་མཆན་འགོད་སྟངས་འཛོམས་པོ་ཞིག་བཀོད་ཡོད་པས་མི་ཚད། དེ་ལྟར་བྱ་པའི་དགེ་བ་དང་རྒྱུ་མཚན། བྱེད་ཐབས་སོགས་ཞིབ་ཚགས་ཀྱིས་བརྗོད་ཡོད་པར་གཟིགས་གནང་ཡོད་པར་མཁྱེན། འདི་དག་ལས་ཀྱང་བཀོལ་སྤྱོད་བདེ་པའི་མཆན་དང་རྩོམ་ཁུངས་སྣ་ཚོགས་འདྲེན་ཐུབ་པའི་རྒྱུན་བཀོལ་དྲ་ཚིགས་གཙོ་བོ་འགའ་ནི་ (www.easybib.com); (www.bibme.org); (www.worldcat.org); (www.citationmachine.net) དྲ་ཚིགས་འདི་དག་ལག་ཆའི་ཚུལ་དུ་བཀོལ་སྤྱོད་བྱས་ན་ནག་ཉེས་ཀྱི་ཞྭ་མོ་༼plagiarism༽མི་གྱོན་པའི་ཕན་ཐོག་ངེས་ཅན་ཡོད་པ་རེད།

བར་སྐབས་འདི་ནས་ཁྱེད་ལ་བདག་གིས་ཁ་སང་ཨ་རིའི་སློབ་ཆེན་ག་གེ་མོའི་སློབ་དཔོན་ཆེན་མོ་སི་མེ་སི་ཞུ་བ་ཞིག་ལ་གླེང་གཞི་འདི་དང་འབྲེལ་བའི་དྲི་བ་འགའ་དྲིས་པའི་ལན་མཐའ་དག་མཉམ་སྤྱོད་བགྱི།

Bonsee: Are there any form of writings that do not need to cite or give references, although ideas and materials in that writing come from other publications?

བོན་སྲས་ན་རེ། རྩོམ་པ་པོ་ཞིག་གི་རྩོམ་ཡིག་ནང་དུ་གཞན་གྱི་བསམ་བློའི་ལྟ་ཚུལ་དང་རྩོམ་ཡིག་ལས་བླངས་པའི་ཚིག་འབྲུ་སོགས་ཡོད་ན་ཡང་། སྤྱིར་གཞན་ནས་ཁྱེར་ཡོང་པའི་བསམ་བློའི་ཆ་དང་ཚིག་འབྲུའི་ཆ་དེ་དག་ལ་མཆན་དང་དཔྱད་ཡིག་འདྲེན་མི་དགོས་པའི་རྩོམ་གྱི་འབྲི་སྟངས་ཤིག་ཡོད་དམ།

Professor Smith: If you are working on an assignment for class, you should include citations and references. If you plan to publish this document, especially if your intended audience is other students, researchers, practitioners, and experts, you should cite your sources.

སློབ་དཔོན་ཆེན་མོ་སི་མེ་སི་ན་རེ། གལ་ཏེ་སྐུ་ཉིད་ཀྱིས་སློབ་ཁྲིད་ཀྱི་ལས་བྱ་ཞིག་འབྲི་གི་ཡོད་ཚེ་མཆན་དང་དཔྱད་ཡིག་གི་ཁུངས་སོགས་ནང་དུ་འདུ་དགོས། གལ་ཏེ་སྐུ་ཉིད་ཀྱིས་རྩོམ་ཡིག་ཅིག་པར་སྐྲུན་བྱེད་པའི་འཆར་གཞི་ཡོད་པ་དང་། ལྷག་པར་དུ་རྩོམ་ཡིག་དེ་ཀློག་པ་པོ་ནི་སློབ་མ་དང་ཞིབ་འཇུག་པ། ཡང་ན་བྱ་བ་ལག་ལེན་བསྟར་མཁན་དང་ཆེད་མཁས་པ་དག་ཡིན་པའི་ཚེ། གཞན་གྱི་བསམ་བློ་དང་སྐད་ཆ་སོགས་ཀྱི་ཁུངས་ལུང་ངེས་པར་དུ་མཆན་འགོད་བྱ་དགོས།

Bonsee: When someone gives a speech and this speech have words and ideas drawn from other publications, but when the speech is turned into writing forms (transcript) and widely circulated unpublished or published and either digitally or on a journal, should it have citations and references?

བོན་སྲས་ན་རེ། མི་ཞིག་གིས་འཆད་འཁྲིད་ཅིག་བྱས་པའི་གཏམ་བཤད་ནང་དུ་གཞན་གྱི་པར་སྐྲུན་བྱས་ཟིན་པའི་དེབ་དག་ལས་བཤུས་པའི་སྐད་ཆ་དང་ལྟ་ཚུལ་བརྗོད་ཡོད་པ་དང་། གཏམ་བཤད་དེ་ཉིད་ཡི་གེར་ཕབ་ནས་པར་སྐྲུན་མ་བྱས་པར་བརྒྱུད་བསྐུར་བྱས་པ་དང་ཡང་ན་གློག་རྡུལ་དང་དུས་དེབ་སྟེང་བཀོད་པའི་དབང་དུ་བཏང་ན། གཏམ་བཤད་ཀྱི་རྩོམ་དེ་ལ་གཞན་ནས་བཤུས་ཡོང་པའི་རྩོམ་གྱི་ཁུངས་དང་མཆན་ཡིག་སོགས་གསལ་བོར་འགོད་དགོས་སམ།

Professor Smith: Yes. You should definitely cite your sources if the speech will be published or reach to wide audiences. You don’t want your name attached to something that has blatantly plagiarized other sources.

སློབ་དཔོན་ཆེན་མོ་སི་མེ་སི་ན་རེ། འགོད་དགོས། གལ་ཏེ་གཏམ་བཤད་ཀྱི་ཡི་གེ་དེ་དག་འགྲེམ་སྤེལ་དང་བརྒྱུད་བསྐུར་བྱ་བའི་དབང་དུ་བཏང་ན། དེ་ལ་རྩོམ་ཁུངས་གསལ་བོ་ངེས་པར་དུ་འགོད་དགོས། རྩོམ་པ་པོ་སུ་ཞིག་གིས་ཀྱང་རང་གི་མིང་དེ་ཉིད་གཞན་གྱི་རྩོམ་ཁུངས་ལས་རྐུ་བཤུས་མངོན་གསལ་བྱས་པའི་ནང་དོན་ཅན་ལ་སྤྱོར་མི་སྲིད།

Bonsee: Can this transcript publication in a form of essay be presented without any citations and references, although it has many terms and direct translations or ideas and summarization from other well-known publications?

བོན་སྲས་ན་རེ། “གཏམ་བཤད་ཡི་གེ”་ཅིག་ “རྩོམ་ཡིག་གི་ཟོལ་”དུ་འགྲེམ་སྤེལ་བྱས་ནས་གཞན་གྱི་དེབ་གྲགས་ཅན་ལས་བྱུང་པའི་བརྡ་ཆད་དང་ཐད་བསྒྱུར། ཡང་ན་ལྟ་ཚུལ་དང་ནང་དོན་མདོར་བསྡུས་དུ་མ་ཡོད་ན་ཡང་། ད་དུང་ཟུར་མཆན་དང་ཁུངས་འདྲེན་ཅི་ཡང་མ་བྱས་ན་ཆོག་གམ།

Professor Smith: If you are presenting this to an audience or publishing, then you should include citations.

In short, it is always better to be safe and cite your outside sources than not to. This practice establishes you as a careful, thorough writer and researcher. It will only make you look good, and it keeps you honest and accountable.

If you were referencing to a source in a speech (whether in the form of a direct transcript or an essay), you should, at the very least, include a bibliography of works cited at the end of the document. I would also recommend that you include some form of in-text citations, either in parentheses (like APA) or as numbered foot notes/ end notes.

If this is a class assignment, it probably best to use the referencing style that the school is preferred. However, if it’s for some other initiative, you could use a different style.  APA, MLA, or Chicago are the most popular and accepted styles to use.

སློབ་དཔོན་ཆེན་མོ་སི་མེ་སི་ན་རེ། ཁྱོད་ཀྱིས་གཏམ་བཤད་དེ་དང་ཡང་ན་གཏམ་བཤད་ཀྱི་རྩོམ་ཡིག་དེ་ཉིད་མི་ཚོགས་ཤིག་གི་ནང་སྤེལ་པ་དང་པར་སྐྲུན་བྱ་རྩིས་ཡིན་ན། དེ་ལ་མཆན་དང་ཁུངས་འདྲེན་ཡོད་ཚད་འདུ་དགོས།

མདོར་ན། ནམ་ཡིན་ཡང་གཞན་ནས་ཐོན་པའི་རྒྱུ་ཆ་མཐའ་དག་ལ་ལུང་འདྲེན་བྱེད་པ་ནི་མ་བྱས་པ་ལས་རབ་ཡིན་ལ་བདེ་འཇགས་ཀྱང་ཡིན། འདི་ལྟར་བགྱིས་ན་ཁྱེད་ཉིད་བློ་རིག་གཟུ་བོར་གནས་ཤིང་ཕྱོགས་ཡོངས་ལ་འདང་ཕོག་ཡོད་པའི་རྩོམ་མཁན་དང་ཞིབ་འཇུག་པ་ཞིག་ཡོང་པར་ཕན་སྲིད། འདི་ལྟར་བགྱིས་ན་ཁྱེད་ཉིད་གཞུངས་དྲང་དང་འགན་ཁུར་ཅན་གྱི་མི་ཞིག་ལ་ངོས་འཛིན་སྲིད།

ཁྱོད་ཀྱི་གཏམ་བཤད་དེ་གཏམ་བཤད་ཀྱི་ཡི་གེ་ཐད་ཀར་ཕབ་པ་ཡིན་པའམ་ཡང་ན་རྩོམ་ཡིག་གི་ཟོལ་དུ་ཆགས་ཡོད་པའི་ནང་དུ་གཞན་ལས་བཤུས་པའི་ཁུངས་ལུང་དག་ཆེས་མ་མཐའ་ཡང་རྩོམ་གྱི་མཇུག་ནས་དཔྱད་གཞིའི་ཡིག་ཆ་དག་གསལ་བོར་འགོད་དགོས་ལ། ད་དུང་རབ་ཡིན་ན་རྩོམ་ཡིག་གམ་གཏམ་བཤད་ཀྱི་གསེབ་ནས་ཀྱང་ཟུར་མཆན་གདབ་ན་འགྲིག དེ་ལ་ཁ་སྐོང་ནང་དུ་མཆན་འགོད་པ་དང་ཡང་ན་ཤོག་ངོས་ཀྱི་རྐང་མཆན་འགོད་པ། ད་དུང་ཤོག་ངོས་ཀྱི་མཇུག་མཆན་འགོད་པ་བཅས་ཀྱི་བྱེད་སྟངས་མང་དུ་འདུ།

གལ་ཏེ་འདི་ནི་སློབ་གྲྭའི་ལས་བྱ་ཞིག་ཡིན་ཚེ། སློབ་གྲྭ་དེ་ཉིད་ཀྱིས་རྒྱུན་བཀོལ་བྱེད་པའི་ལུང་འདྲེན་གྱི་རྣམ་པ་དེ་ལྟར་བྱས་ན་འོས་མོད། གལ་ཏེ་འདི་ནི་རང་སྒེར་གྱི་ལས་ཀ་ཞིག་ཡིན་ཚེ་དེ་ལ་ཡང་རྣམ་པ་མི་འདྲ་པའི་མཆན་དང་ལུང་འདྲེན་བྱེད་སྟངས་གཞན་ཞིག་བཀོལ་ཆོག་གི་རེད། སྤྱི་ཁྱབ་ནས་ཁས་ལེན་ཡོད་པ་དང་དར་ཁྱབ་ཆེ་བའི་མཆན་དང་ལུང་འདྲེན་བྱེད་ཐབས་དག་ནི་ APA དང་ MLA, ཡང་ན་ Chicago བཅས་ཀྱི་རྣམ་པ་དེ་བཀོལ་སྤྱོད་བྱེད་པ་རེད།

མཇུག་གི་དོན།

སྤྱིར་རང་རིགས་ལ་ཡང་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་མཆན་དང་ལུང་འདྲེན་བྱེད་སྟངས་ནི་ཡོད་མོད། སྔོན་ཐོན་རྒྱལ་ཁབ་ཀྱི་ཤེས་ཡོན་པའི་སྡེ་དང་བསྡུར་ན་རང་རེའི་རྩོམ་འབྲི་དང་ཞིབ་འཇུག་གི་ཐབས་ལམ་ལ་ད་དུང་འཐུས་ཚང་མིན་པའི་ཁར། རྒྱ་ནག་གི་རྩོམ་འབྲིའི་ཐབས་ལམ་མི་འོས་པ་དག་གིས་ཤན་ཤུགས་སྣ་ཚོགས་ཐེབས་ཡོད་པ་མངོན་སུམ་དུ་སྣང་། ད་ལྟའི་དཔྱད་བརྗོད་དང་ཞིབ་འཇུག་གི་རིག་པའི་ཁྱབ་ཁོངས་ཀྱི་རྫོང་ཇེ་མཐུག་ཏུ་སོང་པར་བསྟུན། སོ་སོའི་ངལ་རྩོལ་ལས་བཏོན་པའི་འབྲས་བུའི་བདག་དབང་ལ་བརྩི་མཐོང་བྱེད་རྒྱུ་དང་རང་མོས་ཀྱིས་མཉམ་སྲེས་མི་བྱེད་པའི་སྤྱོད་པ་ཇེ་ལེགས་སུ་གཏོང་ཆེད། ཞིབ་འཇུག་དང་རིག་པའི་འབྲས་བུ་འདོན་པར་ཐབས་ལམ་སྣ་ཚོགས་འཕེལ་བཞིན་ཡོད་ལ། ཐབས་ལམ་འདི་དག་ནི་འུ་ཅག་གི་སྲོལ་རྒྱུན་གྱི་འགྲོ་ལུགས་ལས་ཚད་ཆེན་པོ་བརྒལ་ཡོད་པས། དེ་དག་ལ་སློབ་སྦྱོང་དང་ནང་འདྲེན་བྱུང་ན་ཕན་པ་ལས་གནོད་པ་ནི་ཡོད་མི་སྲིད།

རྨེ་རུ་ལགས་དང་ཁོང་ལྟ་བུའི་རང་རེའི་དགེ་རྒན་དང་ཞིབ་འཇུག་པ་ཚོས་གོང་དུ་སོང་པའི་གནས་ལུགས་མཐའ་དག་ལ་ཐད་ཀར་གྱི་ཁས་ལེན་བྱེད་ཁག་པོ་འབྱུང་ཡང་སྲིད། ཡིན་ན་ཡང་། དེ་ནི་སྔོན་མར་བཤད་པ་ནང་བཞིན། རྒྱ་དང་བོད་ཀྱི་ཞིབ་འཇུག་པ་དང་རྩོམ་མཁན་ཚོས་ཀུན་སྤྱོད་ཀྱི་རིན་ཐང་དེ་ལ་གོ་རྟོགས་ཡག་པོ་ཞིག་ལོན་པར་ད་དུང་དུས་ཚོད་ངེས་ཅན་ཞིག་ཧ་ལམ་དགོས་ཚོད་ཡིན་པས། རྣམ་པ་ཚོས་གནས་སྐབས་ཀྱི་ཨུ་ཚུགས་ལ་ཁེན་ནས་འགྱིང་བག་བསྟན་ནས་བསྡད་པ་ན། རང་གིས་རང་དང་གཞན་གྱི་རྒྱ་ཡངས་པའི་འགྲོ་ལམ་བཅད་པ་དང་རང་སྐྱོན་དོན་བཟང་ལ་ནོར་ནས་ཁེངས་གཏམ་བརྗོད་པ་ལས་གཞན་ཅི་ཡང་འགྲུབ་མི་སྲིད། མཆན་ཡིག་དང་ཁུངས་ལུང་འགོད་པའི་གཏན་ཚིགས་དེ་ཙམ་ངོ་སྤྲད་པ་ལ། ཁས་ལེན་ཡོད་མེད་ནི་རང་ཉིད་ཀྱིས་དཔྱོད། གོང་ནས་སྨྲས་པ་ནང་བཞིན། མཆན་དང་ཁུངས་འདྲེན་སྐོར་གྱི་རྣམ་གཞག་ནི་ངས་དྲན་དྲན་ཞིག་དང་འདོད་འདོད་ཅིག་བཤད་ནི་ག་ལ་ཡིན། མ་ཡིན་ཏེ། དེ་ནི་སྔོན་ཐོན་ཤེས་ཡོན་པའི་སྡེ་ན་ཁུངས་ལུང་དང་རྒྱབ་རྟེན་ཅན་གྱི་ལུང་རིགས་དཔེ་གསུམ་བཞག་ཡོད་པས་མི་ཚད་འཇུག་པ་ཤིན་ཏུ་ཞིབ་ཅིང་ཕྲ་བར་གཏན་ལ་ཕབ་ཡོད་པ་དང་། རྨང་བརྟན་པོ་ཆགས་ཡོད་པའི་བཀུར་ལུགས་དང་འགྲོ་ལུགས། བདག་དབང་བརྩི་སྲུང་དང་རྩོམ་མཁན་གྱི་ཀུན་སྤྱོད་བཅས་རྩ་བའི་རིན་ཐང་ཡོད་པ་དེ་དག་འདི་ནས་ཕར་གོ་བརྡ་ཉུང་བསྡུས་ཙམ་སྤྲད་པ་དང་། ཡང་གཅིག་བཤད་ན་ནི་རང་ཉིད་མཁས་རློམ་དང་ང་རྒྱལ་གྱི་སེམས་ཀྱིས་སྨྲས་པ་ཞིག་ཁྱོན་ནས་མ་ཡིན་པར། སྔོན་ཐོན་ཤེས་ཡོན་པའི་སྡེ་ཡི་རྨང་གཞིའི་ཤེས་བྱ་དེ་ཙམ་གྱིས་ཀྱང་རང་རེའི་ཤེས་ཡོན་པ་སྐོར་ཞིག་ལ་ཕན་ཐོགས་རེ་ཡོད་པར་རློམ་ནས་རགས་གླེང་གི་སྟངས་ཀ་ཙམ་བགྱིད་པ་དེ་ཡིན་ལ། དེ་མིན་རང་རེའི་སྡེ་འདི་ལ་ཤ་ཚ་བའི་སེམས་དང་ལས་དབང་གཅིག་པ་ཞིག་གིས་ཀུན་ནས་བསླངས་ཏེ་གལ་ཆེན་གྱི་དོན་ལ་མི་སྙན་པའི་བརྗོད་བྱེད་ཀྱི་ཚིག་ཤོར་བར་སྤུན་ཟླ་ཡོངས་ནས་དགོངས་ཡངས་ཡོད་པར་ཞུ་ཞུ།

མཇུག་བསྡམས་ན། ཤེས་ཡོན་པ་ཞིག་ལ་མཚོན་ན། གནས་ལུགས་ལ་གནས་ལུགས་ཀྱིས་གདོང་ལེན་བྱེད་པ་ལས་ཨུ་ཚུགས་དང་ཆགས་ཞེན་གྱིས་མི་འགྲོ་པ་ནི་སྤྱི་འགྲོས་རེད། གོང་སྨྲས་ཀྱི་གནས་ལུགས་དང་ཚད་ཐིག་དེ་ལ་རང་རེའི་དགེ་རྒན་དང་ཞིབ་འཇུག་པ། འཆད་འཁྲིད་མཁན་དང་ཆེད་མཁས་པ་གང་མང་ཞིག་ད་དུང་བརྒལ་དཀའ་ན་ཡང་། ཆེས་མ་མཐའི་བདེན་པའི་གཏན་ཚིགས་དང་ཀུན་སྤྱོད་ལེགས་པོ། གཞན་གྱི་ངལ་འབྲས་ལ་བརྩི་བཀུར་དང་རང་གི་སྐད་ཆ་ལ་འགན་ཁུར་བཅས་ཤེས་ཡོན་པ་ཞིག་ལ་མེད་དུ་མི་རུང་པ་དེ་དག་སྔ་མོ་ནས་གྲ་སྒྲིག་བྱེད་པར་སེམས་ཀྱིས་བསྐུལ་ཏེ་རྩོམ་ཐུང་འདི་བྲིས་པ་དགེ་གྱུར་ཅིག་གུ།

མཐར་རྩོམ་པ་པོ་ཧོ་སེ་ནེ་ (Khaled Hosseini) ལགས་ཀྱིས་གསུངས་པའི་བདེན་པའི་ཚིག་གི་ང་རོ་འདི་ནི་ང་རང་ཆེས་དགའ་བའི་ཚིག་ཅིག་ཡིན་ལ། ཚིག་རྐང་འདི་ཡིས་གླེང་གཞི་འདི་ཡི་མཇུག་སྒྲིལ་པའི་བཀྲ་ཤིས་སྨོན་འདུན་ཞུ། “There is only one sin, only one. And that is … theftWhen you tell a lie, you steal someone’s right to the truth.”m

སྤྱོད་སྒོ་ཆེ་བའི་སྐད་འཕྲིན་ཟེར་པ་དེ་བདག་ལ་སྔ་མོ་ནས་མེད་པས། འབྲེལ་བ་བགྱི་བསམ་ན་གློག་རྡུལ་ཡིག་བྱང་འདི་བརྒྱུད་ནས་བདག་ལ་འབྲེལ་བ་གནང་པར་འཚལ། (bonposee@gmail.com) ཞེས་གངས་ཅན་པ་བོན་སྲས་སུ་འབོད་པས་འཛམ་གླིང་མ་རྩ་རིང་ལུགས་ཀྱི་ལྟེ་བ་བྱང་ཨ་རིའི་ཉིག་ཡོག་གྲོང་ཁྱེར་གྱི་འུར་སྒྲའི་བར་གསེང་ནས་ཉིས་སྟོང་བཅུ་དྲུག་ལོའི་ཕྱི་ཟླ་དང་པོའི་མཇུག་ཏུ་གུས་ཕུལ།


 

དཔྱད་ཡིག

(1) རྨེ་རུ་ཡུལ་ལྷ་ཐར། (2015/01/26). རྩོམ་བྱང་། འོས་ལ་མི་འོས་པའི་གསལ་བཤད་ཅིག ས་ཆ། ཟི་ལིང་། ཡོང་ཁུངས། ཕྲན་འཕྲིན།

(2) འཇིགས་མེད་ནུབ་པ། (2016/01/25). རྩོམ་བྱང་། བསམ་ཚུལ་ཁ་རུ་ཁ་ཐུག ཁུངས། བཙན་པོའི་དྲ་ངོས http://www.tsanpo.com/debate/18015.html

(3) Huntington, S. P. (1997). The clash of civilizations and the remaking of world order. Penguin Books India.

(4) Khaled Hosseini. (2009). “The Kite Runner” iBook. p 327. Bloomsbury Publishing Plc.