ཁྲན་སི་ཧེའེ་(陈思和)ཡིས་བརྩམས།
གོ་ཙི་ཙིས་སྒྱུར་སྒྲིག་བྱས།

1

མིའི་རིགས་ཀྱིས་སྲོལ་རྒྱུན་ལ་ལྟ་ཚུལ་འདི་ལྟ་བུ་འཛིན་པའི་ཚུལ་ནི། ཀྲུང་གོ་མ་གཏོགས་གཞན་དུ་མ་བྱུང་བ་ཞིག་ཅིས་ཀྱང་མིན། ད་ལྟའི་ཆར། མིའི་རིགས་ཀྱི་གནད་དོན་ཆེ་ཤོས་ནི་ཁྱིམ་ཚང་སྟོངས་བའི་ཆག་འཇིག་རེད། སྲོལ་རྒྱུན་གྱི་རྩ་བ་རྨང་ནས་བལ་ཟིན་པ་རེད། དེ་སྔོན་གྱི་ཤེས་ལྡན་པ་རྣམ་པས་སྲོལ་རྒྱུན་གྱིས་སྒལ་ཚིགས་གཅོག་པར་སེམས་ཚེགས་བྱེད་དགོས་བྱུང་རུང་། ད་ཆ་ཉིན་རེ་ནས་ཉིན་རེར་དེ་ནི་སེམས་ཚེགས་གཞན་ཞིག་ཏུ་གྱུར་པ་སྟེ།སྲོལ་རྒྱུན་རྫུན་མ་སྣ་ཚོགས་དང་སྲོལ་རྒྱུན་ལ་སྤྲོས་པའི་དགག་གཞག་རྫུན་མ་ཅི་རིགས་ཀྱི་གཡོ་འོག་ཏུ་ཚུད་ནས། སྲོལ་རྒྱུན་ལ་རིམ་པ་རིམ་པས་ཉམས་ཆག་ཤོར་ཞིང་། སྲོལ་རྒྱུན་གྱི་གཅེས་སྐྱོང་དང་ཡོངས་སུ་བྲལ་བའི་གནས་སྟངས་ཀྱི་འོག་ནས། རང་ཚོད་ཀྱིས་དབུལ་ལ་བསམ་པའི་ཐང་སྟོང་སྐྱ་མོ་ནས་འཇིགས་ཡེར་རེར་དམར་ཧྲེང་དུ་མངོན་པ་དེའོ། །

སྲོལ་རྒྱུན་དང་བྲལ་བའི་མི་ནི། ཤིང་ལོ་ཡལ་ག་ལས་ལྷུང་ནས་མྱུར་མ་ཉིད་དུ་རྙིད་པ་དང་འདྲ་བོ་ཡོད། ཉ་ཡང་ཆུ་ངོགས་སུ་ཁུར་ཏེ། ཅང་མ་འགོར་བར་སྐོམ་ནས་ཤི་བ་དང་འདྲ་བོ་ཡོད། འོན་ཀྱང་སྲོལ་རྒྱུན་དང་བྲལ་བའི་ཡིད་ཕངས་ཆེ་ཤོས་ནི། སྲོལ་རྒྱུན་དང་བྲལ་བའི་མི་དེ་དག་གིས་རང་རང་གི་ཡིད་ཕངས་པའི་གནས་ཀྱང་རང་ཉིད་ཀྱིས་ངོས་མི་ཟིན་པ་དེ་རེད། དེ་ལས་ལྡོག་སྟེ། སྣང་ལ་མ་ངེས་པའི་སྲོལ་རྒྱུན་དང་བྲལ་བའི་འཚོ་གནས་ཀྱི་གནས་བབ་དག་ནི། ཁོ་ཚོས་ད་རུང་སྤྲོ་བ་དང་བདེ་སྐྱིད་དུ་འདོད་བཞིན་ཡོད། དེ་ཡང་ཉི་ཆྰས་༼ལོ་རྒྱུས་ཀྱིས་མི་ཚེ་ལ་ཐོན་པའི་ཕན་གནོད༽ཟེར་བའི་མགོ་བརྗོད་དུ་བྲིས་པའི་མི་དེའི་རིགས་ལྟར་དུ། ཁོ་ཚོས་སྲོལ་རྒྱུན་གྱི་རྡོག་ཁྲེས་ལས་ཅིས་ཀྱང་བྱོལ་མ་ཐུབ་པ་དང་། གདོན་འདྲེ་ཇི་བཞིན་ཡང་ནས་བསྐྱར་དུ་ཉེ་བར་བཅར་ནས་ཡོང་བའི་འདས་སོང་ལས་ཅིས་ཀྱང་གཡོལ་མ་ཐུབ་ལ། དེ་དག་ཅི་བས་བརྗེད་ཐབས་ཀྱང་མ་ཤེས་པའི་དབང་གིས། རི་སྐེད་ཀྱི་དུད་འགྲོ་སྙིང་ལ་རྗེ་བོ་དེ་དག་ལ་ཡིད་སྨོན་ཟད་མེད་སྐྱེས་པ་རེད།“ཁོ་ཚོས་ཁ་སང་ཅི་ཞིག་ཡིན་པ་མི་ཤེས་ལ། དེ་རིང་ཅི་ཞིག་ཡིན་པའང་མི་ཤེས། གང་ས་གང་དུ་ས་མཆོང་གནམ་མཆོང་བྱེད་པ་དང་། རྩྭ་ཟ་བ། ངལ་གསོ་བ། ཟས་འཇུ་མ་ཐག་སླར་ཡང་མཆོང་ལྡིང་བྱེད་པ་བཅས་བྱས་ཏེ། ད་ནངས་ནས་དོ་ནུབ་བསྐྱེལ་ལ་ཉི་མ་ནས་ཉི་མ་འདའ་བར་བྱེད་དོ། སྲོག་ཆགས་ཀྱིས་འདི་ལྟར་ལོ་རྒྱུས་མེད་པར་འཚོ་བ་རོལ་བཞིན་མཆིས་ལ། དེ་ཡང་བསུབ་ན་ཆོག་པའི་གྲངས་ཀ་ཞིག་ལྟར། ལོ་རྒྱུས་ནི་མིག་མདུན་ནས་མེད་པར་བཟོ་བཞིན་ཡོད།”དེར་བརྟེན་ངོ་བོའི་ཐོག་ནས་བཤད་ན། སྲོལ་རྒྱུན་དང་བྲལ་བའི་འཚོ་བའི་གནས་བབ་ལ་རང་བློ་ཚིམས་ཤིང་མཐའ་ན་སྤྲོ་བ་འཕེལ་བའི་མི་རྣམས་ཀྱིས། སྲོལ་རྒྱུན་དང་ལྡན་པའི་མི་དག་ཕྱིར་ནུར་པའམ།ཡང་ན་སྲོལ་རྒྱུན་དང་བྲལ་བའི་དུད་འགྲོའི་འཚོ་གནས་ཀྱི་གནས་སྟངས་ནང་དུ་ལྟུང་འོང་བའི་རེ་བ་བྱེད་བཞིན་མཆིས། ཅི་སྟེ་འདི་ལྟ་བུའི་རེ་བ་མངོན་འགྱུར་བྱུང་བའི་དབང་དུ་བཏང་ན། མི་རྣམས་ཀྱིས་བག་ཡངས་ཀྱི་དུད་འགྲོའི་འཚོ་བ་ལོངས་སུ་སྤྱོད་བཏུབ་ན་ཡང་།མིའི་སྤྱོད་ལམ་དང་ཡོངས་སུ་བྲལ་འགྱུར་རོ། །

2

ཆེ་ཕྱོགས་ནས་བཤད་ན། གལ་ཏེ་རྒྱལ་ཁབ་ཅིག་དང་མི་རིགས་གང་ཞིག་ལ་སྲོལ་རྒྱུན་མེད་པར་གྱུར་ཚེ། དང་ཐོག་མར་ནང་བསམ་པའི་ཐོག་ཏུ་བྱེ་མ་སྤར་གང་ལས་མེད་པར་འགྱུར་སྲིད། དེ་ནི་རྒྱལ་ཁབ་སྐྱོང་བའི་ཐབས་མཆོག་ཅི་འདྲ་ཞིག་ཏུ་སྒྲོ་འདོགས་བྱས་རུང་ཕན་ཐོགས་ཅི་ཡང་མེད། ལྡོག་སྟེ། ཨིཛ་རལ་ལྟ་བུའི་མི་རིགས་ཉམ་ཆུང་དག་ལ་ཆ་མཚོན་ན། མ་གཞི་ཁ་བྲལ་ཡ་བྲལ་དུ་བཏང་སྟེ། ལོ་ངོ་སྟོང་ཕྲག་གཉིས་ཙམ་གྱི་རིང་དུ་འཛམ་གླིང་ས་ཕྱོགས་གང་སར་ཡུལ་གྱར་ལ་འགྲོ་དགོས་བྱུང་ཞིང་། བརྙས་བཅོས་དང་གནོད་འཚེ་ཚད་མེད་མྱངས་ན་ཡང་། ཁོ་ཚོས་སྲོལ་རྒྱུན་གྱི་འདུ་ཤེས་ཡིད་ཀྱི་གཏིང་རུམ་དུ་བརྣགས་ཤིང་།རང་མི་རིགས་ལ་ལྷན་འཛོམས་ཀྱི་ཉི་མ་ཤར་ཏེ། ཕ་མེས་ཀྱི་མཁར་གྲོང་དུ་ཕྱིར་ལྡོག་ཐུབ་པའི་དུས་ཤིག་ཚེས་སྲིད་པ་ལ་ཡིད་རྟོན་གནང་བར་བརྟེན། དུས་རབས་ཉི་ཤུའི་ལོ་རབས་བཞི་བཅུ་བའི་མཇུག་ཏུ། ལོ་ངོ་ཉིས་སྟོང་ལྷག་ལ་ནུབ་པར་གྱུར་པའི་རྒྱལ་ཁབ་ཅིག་ངོ་མཚར་དང་ལྡན་པའི་སྒོ་ནས་དངོས་སུ་བསྐྱར་གསོ་གནང་ཐུབ་པ་བྱུང་། སྲོལ་རྒྱུན་གྱི་ནུས་པ་འདི་བཞིན་ཏུ་ཆེ་སྟེ། འདི་ནི་ཇི་ལྟར་བྱས་ཀྱང་བསུབ་ཏུ་མེད་པ་ཞིག་རེད། །

དེང་གི་ཆར། རང་མི་རིགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་པའི་རྨང་གཞིའི་སྟེང་། དེང་རབས་ཅན་གྱི་ལམ་ཁ་ལ་བསྐྱོད་པར་སྲོལ་རྒྱུན་གྱི་ཁྲོད་ནས་ངེས་པར་མཁོ་བའི་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱས་པའི་མི་རིགས་རྒྱལ་ཁབ་ཨིཛ་རལ་ལྟ་བུ་ནི། འཛམ་གླིང་ཐོག་ཏུ་ད་རུང་མང་པོ་ཡོད་པ་རེད། ལྟོས་བཅས་ཀྱིས་བཤད་ན། ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་དང་ལྡན་པའི་ཀྲུང་ཧྭ་མི་རིགས་ནི། རང་ཉིད་དང་སྲོལ་རྒྱུན་གྱི་འབྲེལ་བ་སྙོམས་སྒྲིག་བྱེད་པའི་གནད་དོན་ཆེན་པོ་འདིའི་ཐད་དུ། ད་རུང་ཐེ་ཚོམ་གྱི་དྲ་རྒྱ་གཅོད་མ་ཐུབ་པར་ལུས་ཡོད། ལོ་རྒྱུས་ཐོག་ཏུ་ཡང་ན་རྙིང་ཞེན་མཁྲེགས་འཛིན་བྱེད་པ་དང་། མིན་ན་དགག་བཞག་དྲག་པོ་སྤྲོས་པའི་ཐལ་མཐའ་བའི་ལངས་ཕྱོགས་གཉིས་བྱུང་ལ། ད་རུང་དེ་གཉིས་བར་གྱི་རྫོགས་རྒྱུ་མེད་པའི་རྩོད་གླེང་བཅས་ཀྱིས། ང་ཚོས་སྲོལ་རྒྱུན་ལ་ངོས་འཛིན་བྱེད་ཚུལ་གྱི་ཐད་དུ་ཅུང་ཟད་ཐེ་ཚོམ་དང་རབ་རིབ་ཏུ་བཟོས་ཡོད་པ་རེད། དེར་བརྟེན། ཐལ་མཐའ་བའི་སྲོལ་རྒྱུན་མཁྲེགས་འཛིན་ལ་ཐོད་བརྒལ་བྱས་ཏེ། འཛུགས་སྐྲུན་རང་བཞིན་དང་ལྡན་པའི་སྲོལ་རྒྱུན་སྙིང་སྟོབས་ཧུར་བསྐྱེད་ཅན་རྣལ་མ་ཞིག་ཇི་ལྟར་བྱས་ཀྱང་བྱུང་ཐུབ་མེད། འཛུགས་སྐྲུན་གྱི་རང་བཞིན་དང་ལྡན་པའི་ཧུར་བསྐྱེད་ཅན་གྱི་སྲོལ་རྒྱུན་སྙིང་སྟོབས་ཤིག་མ་བྱུང་བའི་སྔ་རོལ་དུ། ང་ཚོས་རང་ཉིད་ཀྱི་སྲོལ་རྒྱུན་ལ་སྤྲོ་སེམས་འཁོལ་བའི་འཆར་གཞི་ཇི་ལྟར་འཐེན་ཡང་རུང་སྟེ། སྲོལ་རྒྱུན་དང་བྲལ་ཞིང་གཟི་མདངས་ཤོར་བའི་རང་རིགས་ཀྱི་འཚོ་བའི་སྐྱོ་ཤས་ལ་སྦ་ཐབས་ཅི་ཡང་ཡོད་མ་རེད། །

3

སྲོལ་རྒྱུན་མེད་པ་དང་རང་ཚོད་མ་ཟིན་པ་ལ་བརྟེན་ནས་བྱུང་བའི་ཐེ་ཚོམ་དང་ཡིད་ཆད། ཁེར་ཧྲེང་དང་སུན་སྣང་བཅས་ནི། ཉེ་རབས་རྒྱ་ཡིག་སྙན་ངག་གི་གསར་རྩོམ་ལས་ཆེས་མངོན་གསལ་དོད་ཤོས་སུ་གྱུར་ཡོད་པ་རེད། །

གནའ་བོའི་(ཆིན་རྒྱལ་རབས་ཀྱི་ཡར་སྔོན)སྙན་ངག་གི་ཁྱད་ཆོས་ཆེ་ཤོས་ནི། གཙོ་བོ་མཛེས་དཔྱོད་ཀྱི་ཐད་དུ་མི་འདུག་སྟེ། གནས་ཡོད་སྨྲ་བའི་ཐོག་ཏུ་ཡོད་པ་རེད། གནད་དུ་འཕིགས་པར་བཤད་ན། གནའ་བོའི་སྙན་ངག་གི་དགེ་མཚན་གཙོ་བོ་ནི་གནའ་བོའི་སྙན་ངག་དང་གནའ་བོའི་ཀྲུང་གོ་བའི་མཐོ་ཚད་ཀྱི་གཅིག་གྱུར་དེ་རེད་ལ། གནའ་བོའི་མི་དག་གིས་རང་ཉིད་སྐད་ཆའི་ཁྲོད་དུ་རྫོགས་པར་མངོན་བཏུབ་པ་དེའང་རེད། སྙན་ངག་གི་ཁྲོད་ནས་སྐད་ཆ་དང་སྙན་ངག་དེ་ཉིད་གཉིས་འདི་བཞིན་མཐོ་ཚད་གཅིག་གྱུར་དུ་མངོན་པར་བསྟན་ཐུབ་པ་དེས། རྒྱ་ཡིག་སྙན་ངག་གི་ལོ་ངོ་སྟོང་ཕྲག་དུ་མའི་འཕེལ་རྒྱས་ལ་ཁག་ཐེག་བྱས་པ་རེད། བརྗོད་བྱ་དང་རྩོམ་ལུས་ལ་འཕོ་འགྱུར་ཇི་ལྟར་ཕྱིན་ཡང་རུང་སྟེ། རྩ་བའི་ཆ་ནས་གོ་རིམ་དང་ལྡན་པའི་སྲོལ་རྒྱུན་ཞིག་སྔར་བཞིན་དུ་རྒྱུན་འཛིན་བྱེད་ཡོད། སྙན་ངག་པ་དང་ཡི་གེ་བ་ཚང་མས་ཐུན་མོང་གི་སྲོལ་རྒྱུན་འདིའི་ཁྲོད་ནས་ཁོང་ཅག་གི་སྐད་ཆའི་སྒྱུ་རྩལ་གྱི་བརྩམས་ཆོས་གསར་རྩོམ་བྱས་ཡོད་པ་རེད། དེ་ཡང་རང་ཉིད་ཀྱི་ནང་མི་དང་ལྷན་དུ་ཁ་བརྡ་བྱེད་པ་ཇི་བཞིན། སྐད་ཆ་བཤད་སྟངས་ལ་དམིགས་བསལ་མི་འདྲ་བ་དང་བཤད་པ་ཏན་ཏིག་ཡིན་མིན། བཤད་ལུགས་གསར་པ་ཡིན་མིན་གང་ལྟར་ཀྱང་། སྙན་ངག་པ་དང་སྙན་ངག་པའི་དབར། སྙན་ངག་པ་དང་ཀློག་པ་པོའི་དབར་ལ་ནམ་ཡིན་ཡང་གོ་བརྡ་འཕྲོད་ངེས་པ་རེད། །

སྙན་ངག་ནི་སྲོལ་རྒྱུན་ལ་གཞི་བཅོལ་ཞིང་། དེ་ཡང་སྙན་ངག་ནི་རྒྱ་ཆེའི་མང་ཚོགས་རྣམ་པས་གོ་བ་ཅན་དུ་འགྱུར་བ་ལ་སྲོལ་རྒྱུན་གྱིས་ཀྱང་གཏིང་ཟབ་ས་ནས་ཁག་ཐེག་བྱས་པ་རེད། དེ་བས་འདི་བཞིན་ཡོངས་ཁྱབ་གོ་བ་ཅན་དུ་གྱུར་པ་དེས་སྔར་བས་མང་བའི་མང་ཚོགས་མཉམ་ཞུགས་བྱེད་སྲིད་པ་གྱུར། ཡང་རྒྱུ་མཚན་དེའི་ཕྱིར་དུ། ད་གཟོད་སྙན་ངག་གིས་མི་རིགས་འཚོ་སྡོད་ཀྱི་སྲོལ་རྒྱུན་རང་ངོས་ནས་ཁྲག་རྒྱུན་གསར་པ་མུ་མཐུད་དུ་སྡུད་ལེན་བྱས་ཏེ། རྒས་པ་མེད་པའི་ཚེ་སྲོག་གི་ལྗོན་ཤིང་ཞིག་བཙུགས་པ་རེད། །

འོན་ཀྱང་། ཇི་ལྟར་བླ་ན་མཐོ་བའི་སྲོལ་རྒྱུན་ཞིག་ཡིན་ན་ཡང་སྒྱུར་བཅོས་རན་པའི་དུས་ཤིག་ཚེས་སྲིད་ལ། ཇི་ལྟར་ཕུན་སུམ་ཚོགས་པའི་སྒྱུ་རྩལ་སྙན་ངག་ཅིག་ཡིན་ན་ཡང་སྒྱུ་རྩལ་གྱིས་ཡོངས་སུ་སྟོང་བའི་ཉི་མ་ཞིག་ཤར་སྲིད། བླ་ན་མཐོ་བའི་སྲོལ་རྒྱུན་དང་སྒྱུ་རྩལ་གྱི་འཇིག་དོན་ནི། འདི་དག་ལ་རླབས་ཆེན་གྱི་མཚན་ཉིད་མ་ཚང་བས་མིན་ཏེ། དེ་ནི་ཏག་ཏག་བླ་ན་མཐོ་བའི་རྒྱུ་མཚན་གྱིས་ནུབ་པ་རེད། །

4

ལྔ་བཞིའི་ལས་འགུལ་གྱི་རྗེས་སུ། རྒྱ་ཡིག་སྙན་ངག་གི་གསར་རྩོམ་གྱི་རྒྱུན་རེ་ཞིག་ཆད་སོང་། ཡུན་རིང་བཙོ་སྦྱངས་བྱས་ནས་མཉེན་ཆའང་ཐོན་པའི་དེ་སྔོན་གྱི་རྒྱ་ཡིག་ནི། དེང་རབས་སྙན་ངག་པའི་ལག་ཏུ་བསླེབས་མཐར། ཅི་འདྲའི་སྐྱ་སོབ་བེ་བ་ཞིག་ཏུ་གྱུར་འདུག་ཨང་། མི་སྡུག་པར་མ་སྨྲས་ཀྱང་ཚུལ་འཆོས་སུ་ཅིས་ཀྱང་སྨྲ་ན་འདོད། ཚིག་ཕྲེང་སྤུས་དག་གཅིག་གཉིས་ཤིག་བྱུང་བའི་དབང་དུ་བཏང་རུང་། མང་ཤོས་ནི་ངན་ངེ་ངོན་ནེའི་ཁྲོད་དུ་སིམ་འདུག་ཨང་། དེང་རབས་སྙན་ངག་པ་ལས་ཆེས་ཤིན་ཏུ་བཤད་ན་འདོད་པ་ནི་ནག་ཉེས་འབའ་ཞིག་རེད། དེ་ཡང་ཁོ་ཚོས་སྲོལ་རྒྱུན་རིགས་ཤིག་རྡུལ་དུ་བརླགས་མཐར། སྲོལ་རྒྱུན་གསར་པ་ཞིག་གཞན་དུ་འཛུགས་བཏུབ་མེད། གནའ་བོའི་སྙན་ངག་གི་ཚགས་དམ་པའི་སྒྲིག་གཞི་རྩིས་མེད་དུ་བཏང་སྟེ། དེང་རབས་རྒྱ་ཡིག་སྙན་ངག་ལའང་དེ་བཞིན་དུ་འབྱུང་འོས་པའི་སྒྲིག་གཞི་ཚགས་དམ་པོ་ཞིག་བསྐྲུན་ཐུབ་མེད་པ་རེད། །

སྲོལ་རྒྱུན་རྡུལ་དུ་བརླག་ཅེས་བཤད་ན་དོན་དངོས་དང་ཅུང་ཟད་འགལ་ཡང་སྲིད། ཡང་ན་འདི་བཞིན་འཆད་ན་འོས་ཏེ། ཚགས་དམ་ཞིང་གོ་རིམ་དང་ལྡན་པའི་སྲོལ་རྒྱུན་གྱི་སྒྲིག་གཞི་ལས་གྲོལ་བར་བྱས་ཤིང་། སྲོལ་རྒྱུན་གྱི་གྲུབ་ཆ་གང་མང་ལ་བཅིངས་འགྲོལ་བཏང་པས། དུས་སྐབས་གསར་བའི་འགྲན་རྩོད་ལ་གདོང་ལེན་བྱེད་པར་ཕམ་ཉེས་བྱུང་། མ་གཞི་སྲོལ་རྒྱུན་ལ་བཅིངས་གྲོལ་གཏོང་བ་ནི་དོན་དག་བཟང་པོ་ཞིག་རེད། དེས་སྲོལ་རྒྱུན་གྱི་གྲུབ་ཆ་གང་མང་གི་མ་ལག་བསྐྱར་འཛུགས་བྱེད་པ་དང་སྲོལ་རྒྱུན་སྙིང་སྟོབས་བསྐྱར་དུ་སྤེལ་བ་ལ་མཐུན་རྐྱེན་བསྐྲུན་ཐུབ་པ་ཡིན། གནད་དོན་ནི་ཅིས་ཀྱང་འདི་ལྟ་བུའི་མ་ལག་བསྐྱར་འཛུགས་བྱས་ཐུབ་མེད་པ་དེ་རེད། སྲོལ་རྒྱུན་གྱི་གློ་སྙིང་མཆིན་གསུམ་ཀུན་ལ་བསྟན་ཞིང་། ཉིན་ཁ་དཀར་ངོ་དཀར་ལ་ཡོད་ཚད་ཐམས་ཅད་དམར་རྗེན་དུ་བཤམས། སྤྱི་ཡོངས་ཀྱི་འབྲེལ་ཐག་ཆད་པའི་རྒྱ་ཡིག་གི་ཚིག་སྦྱོར་ནི་སྲབ་མདའ་ཤོར་བའི་རྟ་རྒོད་བཞིན་དུ་ཕུ་རྒྱུག་མདའ་རྒྱུག་བྱས་ནས་མགོ་མཇུག་མེད་པའི་གནས་སུ་གྱར། རེ་ཞིག་སྲོལ་རྒྱུན་གསར་པའི་གཞི་ཚུགས་མ་ཐུབ་པའི་དུས་སུ། སྲོལ་རྒྱུན་རྙིང་པ་ལ་དཔུང་གཤོག་བྱེད་མཁན་ནི་ཇི་ལྟར་དཔའ་བོ་ཡིན་ན་ཡང་། མཐའ་མར་ཁ་ཁར་འཐོར་ཏེ་དཔུང་པ་མཉམ་གཤིབ་བྱེད་མི་ཐུབ་བོ། །

འདི་ནི་ད་གཟོད་དེང་རབས་རྒྱ་ཡིག་སྙན་ངག་གི་གནད་དོན་ཆེ་ཤོས་ཤིག་རེད། སྐད་ཡིག་གི་ཚེ་སྲོག་དང་དེའི་ངོ་མཚར་བའི་མཚོན་དོན་གྱི་ནུས་པ་ནི། བརྡ་ཆད་ཁེར་རྐྱང་བའི་ནང་ལོགས་སུ་འདུས་པའི་མི་ཚད། གཏན་འཇགས་ཀྱི་སྐད་བརྡའི་སྲོལ་རྒྱུན་ལ་གཞིར་བཅས་ནས་བརྡ་ཆད་དང་བརྡ་ཆད་དབར་ལ་བྱུང་བའི་ལྐོག་བརྡ་ཞིག་དང་། ཕན་ཚུན་ལ་འགྱུར་བ་ངེས་མེད་དུ་འཕྲོ་བའི་འབྲེལ་ལམ་གྱི་དྲྭ་བ་ཞིག་ལ་རག་ལས་ཡོད་པ་རེད། དེ་ལས་ཀྱང་གལ་ཆེ་བ་ནི། འབྲེལ་ལམ་གྱི་དྲ་བ་འདི་ཉིད་ངེས་པར་དུ་མི་རིགས་ཐུན་མོང་གི་འཚོ་བའི་ནང་དུ་རྐང་ཟུག་དགོས་པ་དེ་རེད། སྙན་རྩོམ་ནང་ལོགས་ཀྱི་སྐད་ཆ་ནི་ངེས་པར་དུ་ནང་དོན་ཆ་ཚང་བ་ཡིན་དགོས་པའི་མི་ཚད། སྙན་ངག་གི་སྐད་ཆས་དེ་ལས་ཀྱང་ངེས་པར་དུ་སྙན་རྩོམ་ཕྱི་རོལ་གྱི་མི་དམངས་ཀྱི་སྐད་ཆའི་ནང་དོན་རྙོག་འཛིང་ཅན་ཞིག་ཀྱང་གབ་མཚོན་བྱེད་དགོས། སྙན་ངག་པའི་སྨྲེ་ངག་ནི། འབྱམས་ཀླས་པའི་ནང་དོན་རྙོག་འཛིང་ཅན་འདིའི་ནང་དུ་འཁོར་བ་ཁོ་ནས་ད་གཟོད་གྲག་འགུལ་ཆེན་པོ་སློང་ནུས། དེ་བས་འདི་ལྟ་བུའི་གྲག་འགུལ་ནི་མི་རིགས་ཞིག་གི་སྙན་ངག་གི་ཁམས་ལས་མེད་དུ་མི་རུང་བའི་ཆ་ཤས་ཤིག་རེད། ཚད་ངེས་ཅན་ཞིག་ནས་བཤད་ན་འདི་ནི་སྙན་ངག་པའི་སྙན་ངག་གི་བརྩམས་ཆོས་ལས་ཀྱང་གལ་འགངས་ཆེ། དེ་ཡང་ཏག་ཏག་གྲག་འགུལ་འདི་ལྟ་བུ་ལ་བརྟེན་ནས། སྙན་ངག་པའི་གསར་རྩོམ་དང་མི་རིགས་ཀྱི་སྐད་ཡིག དེ་ལས་ཀྱང་མི་རིགས་འཚོ་སྡོད་ཀྱི་སྲོལ་རྒྱུན་བཅས་ཀྱི་འབྲལ་དུ་མེད་པའི་འབྲེལ་བ་ལ་རྒྱབ་སྐྱོར་དང་ཁག་ཐེག་བྱེད་པ་རེད། དེ་མིན་ན་སྙན་ངག་པའི་སྐད་ཆ་བཙོ་སྦྱངས་དང་སྐད་ཆ་འཚོལ་ཞིབ་ནི་མི་རིགས་ཀྱི་སྐད་བརྡའི་གཏན་འཇགས་ཀྱི་སྒྲོམ་གཞི་ལས་ཕྱིར་བུད་པའམ།མི་རིགས་ཀྱི་སྐད་བརྡ་རང་ངོས་ནས་སྙན་ངག་པ་ལ་ལྟོས་འཇོག་གིས་གཏན་འཇགས་ཀྱི་སྒྲོམ་གཞི་འདི་ལྟ་བུ་ཞིག་མཁོ་འདོན་བྱེད་བཞིན་མེད། དེ་བས་སྙན་ངག་པའི་འཆར་ཡན་ཡང་སྐད་ཡིག་དང་འདྲ་བར། མི་སྒེར་གྱི་ཚོད་ལྟ་རྐྱང་པ་ཙམ་ལས། མི་རིགས་སྲོལ་རྒྱུན་གྱི་རྒྱབ་ལྗོངས་ཀྱི་གཞི་རྟེན་མེད་ལ། ཀློག་པ་པོའི་རམ་འདེགས་ཀྱང་མེད་པས། ཚིག་མཁྲེགས་གོ་ན་དཀའ་བའི་གཏམ་འཆལ་དུ་གྱུར་པ་རེད། དེ་ཡང་ཆ་མེད་ཀྱི་མི་ཞིག་ཆ་མེད་ཀྱི་ཁྱིམ་ཚང་ཞིག་ཏུ་ཕྱིན་པ་ཇི་བཞིན། ཁོ་རང་ལ་མི་ཚང་དེའི་རྒྱུན་གཏན་གྱི་གླེང་མོལ་ལ་ཆ་རྒྱུས་མེད་པས། ཇི་ལྟར་སྤྲོ་སེམས་འཁོལ་པོས་འཆད་ཅིང་། རྣམ་པར་དག་པས་མཚོན་ཐབས་བྱས་ན་ཡང་། གོ་བརྡ་འཕྲོད་པ་མི་འབྱུང་ངོ་། །

5

འགྱུར་བག་སྐྱེན་པའི་རྒྱ་ཡིག་གིས་སྙན་ངག་པ་ལ་མཐུན་རྐྱེན་ཁ་ཤས་བསྐྲུན་མེད་སྟབས། སྙན་ངག་པའི་གསར་རྩོམ་གྱིས་དེང་རབས་རྒྱ་ཡིག་གི་མ་ལག་ལ་སླར་ཡང་གཏོར་བསྐྱོན་བཟོས་པ་རེད། གཉུག་མ་དང་བདེན་འབྲེལ་དུ་སྒྲོ་བཏགས་པའི་འདོད་ཕྱོགས་དེ་དག་ལ། དུས་ཡུན་རིང་པོར་འོས་འཚམ་གྱི་རྣམ་པ་ཞིག་དང་འཕྲད་མ་ཐུབ་པའི་དབང་གིས། ཡུན་རིང་ལ་རྒྱུན་གཏན་གྱི་གཏམ་བརྗོད་ལས་ལོགས་སུ་བཀར་སྟབས། ཉེན་ཁའི་འོབས་སུ་འཕུར་མཆོང་བྱེད་པ་དང་རྒྱུན་ཚུལ་ལས་ལྡོག་པའི་གཏམ་བརྗོད་ཅིག་ལ་འཚོལ་སྙེག་མ་བྱེད་ཀ་མེད་བྱུང་བ་རེད། །

དོན་དམ་པའི་གནའ་ཉམས་རིང་ལུགས་རྡུལ་དུ་བརླགས་སྟབས། དེང་རབས་དང་ཉེ་རབས་ཀྱི་ཀྲུང་གོའི་སྙན་ངག་པའི་འདོད་ཕྱོགས་ནི་ཧ་ཅང་ལས་སླ་མོས་“འཆར་ཡན་རིང་ལུགས་རྫུན་མ་”ཞིག་གི་ཀློང་དུ་ཁད་ཀྱིས་གྱར། ཁོང་ཅག་ལ་“སྒེར་གཤིས་”ཟེར་བ་ཞིག་ཡོད་པ་ལས་སྲོལ་རྒྱུན་མེད། སྙན་ངག་གི་ཁྲོད་དུ་སྲོལ་རྒྱུན་དང་བྲལ་བའི་སྒེར་གཤིས་ནི་ས་མཆོང་གནམ་མཆོང་བྱེད་ཅིང་སྒྲོབ་ཉམས་ཁ་པོའི་སྙན་ངག་པའི་རང་གཟུགས་སུ་གྱུར་པ་རེད། ཕངས་བ་ཞིག་ལ་རྩ་ཆེ་བའི་སྒེར་གཤིས་འདིར། ཕུགས་བསམ་དང་མཐུན་པའི་གཏམ་བརྗོད་ཅིག་ཅིས་ཀྱང་བྱུང་མ་སོང་། སྙན་ངག་པའི་དོན་དངོས་ཀྱི་འདོད་ཕྱོགས་དང་སྙན་ངག་ལས་མཚོན་པའི་འདོད་ཕྱོགས་གཉིས་མཉམ་བསྲེས་བྱེད་མི་རུང་། ཡིན་ན་ཡང་། ཡིད་ཕངས་བ་ཞིག་ལ་ཁོ་ཚོས་མཐའ་གཅིག་ཏུ་སེམས་ནང་ནས་བསམ་ཚད་དང་སྨྱུག་རྩེ་ནས་ཐོན་ཚད་མཉམ་གཅིག་ཏུ་བསྲེས་སྦྱོར་བྱེད་བཞིན་མཆིས། སྙན་ངག་པའི་དཀའ་ཁག་ནི་ཧ་ལམ་འདི་ལྟ་བུའི་ཡ་ང་བའི་ལོག་རྟོག་འབའ་ཞིག་གིས་མི་མངོན་པར་སྦེད་པ་འདྲ་སྟེ། དཀའ་ཁག་ཅན་གྱི་སྙན་ངག་པའི་སྒེར་གཤིས་མི་མངོན་པར་གཞན་དུ་སྦེད་སྟབས།(རང་ཉིད་ནི་ལེགས་པར་རྫོགས་པའི་སྙན་ངག་པར་འདོད་པ)དེ་མར་ཚ་རླབས་ཤིག་འཕྱུར་བ་རེད། མ་གཞི་སྙན་ངག་ནི་སྙན་ངག་པ་ལས་རིང་དུ་འགོངས་པར་འོས་ཤིང་།“མི་ཚེ་ལ་ཚད་ཡོད་ཀྱང་སྒྱུ་རྩལ་ལ་ཚད་མེད་”ཅེས་པ་ལྟར་རོ། མ་གཞི་སྙན་ངག་གི་ཁམས་ནི་སྙན་ངག་པའི་ཁམས་ལས་རིང་དུ་བརྒལ་བར་རིགས་ཤིང་། མཐར་གཏུགས་ན་སྙན་ངག་ནི་འོད་ཆེམ་ཆེམ་གྱི་ཐ་སྙད་འགའ་ཞིག་གི་སྟེང་དུ་འབབ་ན་འོས་པ་ལས། སྙན་ངག་པའི་ཡིད་དུ་འོང་བའི་སྐྲ་ལོ་དང་། རྫིག་ཉམས་དོད་པའི་གླེང་མོལ། རྫོགས་རྒྱུ་མེད་པའི་བརྩེ་དུང་གི་གཏམ་རྒྱུད་བཅས་ནི་མ་ཡིན་ནོ། །

ཉེ་རབས་སྙན་ངག་གི་ཡིད་ཕངས་བའི་གནས་ནི་སྙན་ངག་པ་ཡོད་ཀྱང་སྙན་རྩོམ་མེད་པ་འདི་རེད། སྙན་ངག་པས་སྒེར་གཤིས་དུ་རློམ་པ་དག་ནི་སྐད་ཡིག་གི་ཕྱི་རོལ་དུ་ཡ་ང་བའི་སྒོ་ནས་བཀར་ལ། ཁོ་ཚོར་བྱུང་ལུགས་བྱུང་སྟངས་མི་གསལ་བའི་ཐ་སྙད་ཐ་ཐོར་ཁ་ཤས་ལས་ཅི་ཡང་མེད་ཅིང་། མཐའ་ན་དམངས་ཁྲོད་ཀྱི་འཆལ་གཏམ་སྣ་ཚོགས་འཚོལ་སྡུད་བྱེད་པའི་ཚད་དུའང་ལྷུང་། སྙན་རྩོམ་གྱིས་དབུལ་བ་མ་གཏོགས་སྙན་ངག་པས་ཕྱོགས་བཞི་ཁེངས། གོ་ཐོས་སུ་སྙན་ངག་པ་ནི་ཧ་ཅང་བློ་སྟོབས་དང་ལྡན་ཞིང་།འགྲན་རྩོད་མཐའ་དག་ལ་གདོང་ལེན་བྱེད་ཕོད་དོ་ཟེར། འོན་ཀྱང་སྲོལ་རྒྱུན་དང་འཕྲད་པ་ཙམ་གྱིས་བྱིས་པ་ལོ་གསུམ་བཞིན་དུ་དཔའ་འཁུམ་པ་ཡིན་ནོ། ཅི་སྟེ་ཁོ་ཚོས་རྣ་ཡི་དབང་པོ་དང་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པའི་གླུ་དབྱངས་ཤིག་ལེན་འདོད་ན། དང་ཐོག་མར་སྲོལ་རྒྱུན་ཟེར་བའི་སློབ་གྲྭ་འདི་འགྲིམས་ཏེ་དགོས་ངེས་ཀྱི་བསླབ་བྱ་དང་དུ་ལེན་དགོས། ཅི་སྟེ་སྲོལ་རྒྱུན་གྱིས་ཁོ་ཚོའི་སྙིང་ལ་རྗེ་བའི་སྒེར་གཤིས་དང་ཞུམ་པ་མེད་པའི་སྙན་ངག་གི་དཔལ་རྨེག་མེད་དུ་འཇོམས་པར་སྐྲག་པའམ། ཡང་ན་ཁོ་ཚོར་སྐྲ་ལོ་ཤད་པའི་ཁོམ་སྐབས་མ་སྦྱིན་ཏེ་འཕྲོག་པ་ཡིན་ན་ནི། ཤིན་ལྐོག་གི་སྙན་ངག་ཁ་ཤས་འབྲི་རྒྱུ་ལས་འོས་མ་མཆིས། འོན་ཀྱང་ཤིན་ལྐོག་གི་སྙན་ངག་མང་དྲགས་ན། ཤིན་ལྐོག་གི་དུས་རབས་ཤིག་སྤུད་པ་ལས་གོ་ཅི་ཡང་མི་ཆོད་དོ། །

6

སྙན་ངག་པ་ནི་མི་རིགས་ཤིག་གི་ཆེས་ཤིན་ཏུ་སྐྱེན་པའི་དབང་རྩ་དེ་ཡིན། ཁོ་ཚོ་དེ་ལྟར་ཡིན་པའི་མོད་ལ། མི་ཕལ་བའི་བྱང་ཚད་ནི་ཇི་ལྟར་ཡིན་པ་སྨྲོས་ཀྱང་མ་དགོས་པ་ཞིག་རེད། །

སྲོལ་རྒྱུན་དང་བྲལ་བའི་དེང་རབས་ཀྱི་མི་ནི་ཇེ་ཡང་ནས་ཇེ་ཡང་དུ་གྱུར་ཅིང་། རང་རློམ་ཚ་པོ་ཆགས་བཞིན་མཆིས། དེའི་ཕྱིར། ང་ཚོས་ངེས་པར་དུ་ངོ་མཚར་དང་ལྡན་ཞིང་རྒྱ་ཆེ་བའི་སྲོལ་རྒྱུན་གྱི་རྟོག་པ་བསྐྱར་དུ་སད་པ་ལ་རེ་བསྐུལ་ཞུ་དགོས། །

ཚོར་ཤེས་ནས་དཔྱོད་ཤེས་སུ་འགྱུར་དགོས་རུང་། འཚོ་བའི་དངོས་བྱུང་གི་མྱོང་ཚོར་ལས་བྱོལ་མི་རུང་། རང་མཚན་ནས་སྤྱི་མཚན་དུ་འགྱུར་དགོས་རུང་། དོན་སྙིང་སྣ་ཚོགས་ཀྱིས་ཕྱུག་པའི་འཚོ་བའི་ཉམས་མྱོང་ནམ་ཞར་བསྐྱུར་ནས་བཞག་མི་རུང་། དཔེ་དེབ་ནས་འཚོ་བའི་ནང་དུ་བསྐྱོད་དགོས་རུང་། མཐར། སྔར་ལས་ཀྱང་གཏིང་ཐུབ་པའི་དཔེ་དེབ་ཅིག་ཏུ་ཕྱིར་ལྡོག་སྟེ། ནང་བསམ་པའི་སྲོལ་རྒྱུན་ལས་རང་ཉིད་ཀྱི་“ལོག་མལ་”ཞིག་འཚོལ་སྙེག་བྱེད་དགོས་སོ། །

རྩོམ་ཁུངས། མི་གཞུང་ཤེས་བྱའི་ཀློག་དེབ།
《人文知识读本》