༄༅། ། ཛ་རཱ་ཐུགས་གྲོལ་གྱི་བཀའ་ཁྲིད་སྔོན་འགྲོ།


༄༅། ། ཛ་རཱ་ཐུགས་གྲོལ་[1]དགུང་ལོ་སུམ་བཅུ་ལ་སོན་སྐབས། རང་གི་ཕ་ཡུལ་དང་ཕ་ཡུལ་གྱི་མཚོ་དང་གྱེས་ནས་རི་ཁྲོད་དུ་བྱོན་ཀྱང་། ལོ་བཅུ་ཕྲག་གི་རིང་ལ་གནས་དེ་ནས་རང་གི་ཤེས་རིག་དང་དབེན་གནས་ཀྱི་འཚོ་བར་ཡིད་ཚིམས་པར་རོལ་བར་བྱས་སོ། ། འོན་ཀྱང་ཉིན་ཞིག་ལ་ཁོང་གི་བློ་ཁ་བསྒྱུར་ཏེ། ཞོགས་པའི་སྐྱ་རེངས་འཆར་ཚེ་ན། ཁོང་ཉིད་ཉི་མའི་དྲུང་དུ་བཞེངས་ནས་འདི་སྐད་སྨྲས་སོ། །
༄། ཨེ་མ་འགྲན་དུ་བྲལ་བའི་མཁའ་ཡི་སྐར་རྒྱན་ཁྱེད། གལ་ཏེ་ཁྱེད་ཀྱི་འོད་སྣང་དེ་སྐྱེ་འགྲོ་ལ་སྩོལ་བར་མ་ནུས་ན། ཁྱེད་ཉིད་ཀྱི་དགའ་བ་གང་ལྟར་བསྐྱེད་དམ།
༄། ལོ་བཅུ་ཕྲག་འདིའི་རིང་ལ། ཁྱེད་ཉིད་ཆད་མེད་དུ་ང་ཡི་བྲག་ཕུག་འདི་ནས་བྱོན་མོད། ང་དང་ངའི་གླག་རྒོད་དང་སྦྲུལ་[2]བཅས་མེད་ན། ཁྱེད་ཀྱི་བགྲོད་ལམ་དང་འོད་ཟེར་དེ་ལ་ཁྱེད་ཉིད་ཡིད་ཐང་ཆད་འགྲོ་ཨང་།
༄། འོན་ཀྱང་ང་ཚོས་ཉིན་བཞིན་ཁྱེད་ཀྱི་འོད་སྣང་གི་བྱིན་རླབས་ལ་སྒུག་གིན། ཁྱེད་ཉིད་ཀྱི་སྩོལ་གནང་ལ་དགའ་བ་བྱེད་དོ། །
༄། གཟིགས་དང་ ། བདག་ཀྱང་སྦྲང་རྩིས་ཕྱུག་པའི་བུང་བུ་ཞིག་དང་འདྲ་བར་རང་གི་ཤེས་རབ་ལ་ཡིད་ཐང་ཆད་འདུག་པས། སུ་ཞིག་གིས་དགོས་འདུན་གྱི་ལག་པ་བསྲིངས་ནས་ཤེས་རབ་འདི་ལེན་པར་དགོས་འདུག་གོ །
༄། ཕྱུག་པོ་རྣམས་ཀྱིས་རང་གི་དབུལ་བ་མཐོང་ནས་སྤྲོ་བ་དང་། དབུལ་བོ་རྣམས་ཀྱིས་རང་གི་འབྱོར་བ་མཐོང་ནས་དགའ་བར་བྱེད་པའི་བར་དུ། བདག་གིས་ཤེས་རབ་འདི་བསྩལ་ཞིང་སྦྱིན་པར་འདོད་དོ། །
༄། དེ་བས། བདག་ནི་འཁོར་བའི་གཏིང་ལ་འབབ་དགོས་ཏེ། འོད་ཀྱིས་འབེལ་བ་ཁྱེད་ཉིད་ཀྱིས་མཚན་མོའི་རྗེས་སུ་བཅད་ཅིང་རྒྱ་མཚོའི་ཕ་མཐའ་ལ་བྱོན་ནས་འོད་སྣང་དག་འཇིག་བརྟེན་འོག་མ་ལ་སྟེར་བ་ཇི་བཞིན། །
༄། བདག་ཀྱང་འོག་ཏུ་བྱོན་པར་བྱ་སྟེ། མི་ཡི་འཇིག་བརྟེན་ལ་བབ་ནས། ཁྱེད་ཉིད་ཇི་བཞིན་བདག་གིས་མི་རྣམས་ཀྱིས་སྨྲ་བའི་རྒུད་པ་གང་དེ་གཟིགས་པར་བྱའོ། །
༄། བདག་ལ་བྱིན་འབེབ་གནང་དང་། ཁྱེད་ཀྱི་ཞི་བའི་སྤྱན་གྱིས་བདེ་བ་ཆེན་པོ་གང་ལ་ཡང་སྡང་བར་མི་བྱེད་ཕྱིར།
༄། གསེར་ལས་ལྷག་པའི་བདུད་རྩི་འཕྱུར་བའི་བུམ་པ་འདི་ལ་བྱིན་འབེབ་གནང་དང་། ཁྱེད་ཀྱི་མཆོག་གི་བདེ་བ་ཉིད་ཕྱོགས་ཀུན་ཏུ་ཁྱབ་པར་བྱིན་འབེབ་གནོངས་ཤིག །
༄། གཟིགས་དང་། བུམ་པ་འདི་ཉིད་སྟོང་བར་འབྱུང་འགྱུར་ལ། ཛ་རཱ་ཐུགས་གྲོལ་ཕལ་བོ་ལ་འགྱུར་ངེས་སོ། །
༄། དེ་ནས། ཛ་རཱ་ཐུགས་གྲོལ་ཐུར་ཏུ་བབ་པར་བྱས་སོ། །

 

མཆན།
[1]ཛ་རཱ་ཐུགས་གྲོལ་ཞེས་པའི་མིང་འདི་བོད་སྐད་སྨྲ་མཁན་དག་གིས་ཡིད་ལ་འཛིན་བདེ་བའི་ཆེད་དུ་བོད་མིང་དང་མཐུན་པ་ཞིག་བསྒྱུར་བ་ཡིན།  ཛ་རཱ་ཐུགས་གྲོལ་བྱ་བ་ཞིག་གནའ་བོའི་ཏ་ཟིག་དུ་བྱོན་མྱོང་བ་དང་།  དེ་ཡིས་མ་ཎའི་ཆོས་ལུགས་བྱ་བ་ཞིག་གི་སྲོལ་ཡང་གཏོད།  འོན་ཀྱང་ནེ་ཐྲི་ཡིས་སྐབས་འདིར་བརྗོད་བཞིན་པའི་ཛ་རྰ་ཐུགས་གྲོལ་ནི་ལོ་རྒྱུས་མི་སྣ་དེ་ལ་ཐད་འབྲེལ་མེད་དོ། །

[2]འདིར་གླག་གིས་ང་རྒྱལ་དང་སྦྲུལ་གྱིས་ཤེས་རབ་མཚོན་པ་ཡིན།

གསལ་བཤད།

ས་བུ་ཆེ་ལགས་ཀྱིས་སྒྱུར་བཞིན་པའི་ཛ་རཱ་ཐུགས་གྲོལ་གྱིས་ཇི་སྐད་དུ་སྨྲས་པ་ཞེས་པའི་བསྟན་བཅོས་གྲགས་ཅན་འདི་ལས་སྔོན་འགྲོ་ཡོངས་སུ་བསྒྱུར་ཚར་ཏེ་བཙན་པོ་ཚང་ནས་སྤེལ་འདོད་བྱེད་བཞིན་འདུག་ལ། ཁོང་གི་རེ་བ་ལྟར། དུམ་བུ་བཅུ་ལ་ཕྱེས་ཏེ། ངའི་ཟིན་པོད་ནས་གཟའ་ལྷག་པ་ནམ་ཚེས་ལ་རིམ་ཅར་དུ་སྤེལ་འཆར་ཡོད་པས། དེ་དོན་དོན་གཉེར་ཅན་རྣམ་པས་ཐུགས་འཇགས་མཛོད་ཅིག་གུ །   ཞེས་གོ་ཙི་ཙིས།