སྐད་གཏོང་མཁན – གློག་ལྕེ།

དེ་དགོང་བདག་གིས་ཚོར་བ་ལ་གཏུམས་པའི་སྙན་ངག་ཐར་ཐོར་དེ་འབྲི་མཚམས་བཞག་སྟེ་དྲྭ་སྒང་ལ་སྐྱོད་ཀྱིན་ཡོད། ཡ་ང་བའི་དགེ་བཤེས་བསོད་ནམས་བཟང་པོའི་སྤྱོད་པར་བལྟས་ཀྱིན་བལྟས་ཀྱིན་བློ་ཕམ་སེམས་གཏིང་ནས་སྐྱེས་འོང་གིན་ཡོད། ཅི་སྟེ། གཞུང་ལུགས་ཀྱི་རྐྱལ་བ་རུ་གྱུར་ཅིང་། འཇིག་རྟེན་གྱི་གནས་བབས་དང་བསྟུན་ན་ལོས་འོས་ཟེར་འདོད། “རྟོག་པ་ལྷ་དང་མཉམ་རུང་།།སྤྱོད་པ་མི་དང་བསྟུན་དགོས།།”ཟེར་བའི་སྔ་མའི་བཀའ་ལུང་དམ་པ་འདི་བདག་གིས་འདི་རུ་འདྲེན་མི་དགོས་ཀྱང་། གཞུང་བརྒྱ་སྨྲ་བའི་དགེ་བཤེས་རིན་པོ་ཆེ་ཉིད་ཀྱིས་མ་གཟིགས་པ་འདྲ། དེ་བས་བདག་གིས་ཀྱང་དེ་སྔོན་གྱི་ཁྱེད་ཚོ་མཁས་པ་རི་འདྲ་བ་དག་གིས་“མཁས་པ་སྔོན་མའི་ལུང་ཙམ་ལས་དམ་བཅའ་ཤོར་ན་གྲྭ་སའི་རྟོགས་ལྡན་ཚོས་ཧང་སང་བའི་འགལ་བ་ཞིག་ཏུ་འཛིན་གྱིན་ཡོད་པས། འདིར་དགེ་བཤེས་ཉིད་ཀྱིས་ཀྱང་ཧ་སང་བའི་ལུང་ཞིག་དང་འགལ་བ་ཁ་ཐོག་མིག་ཐོག་འདི་རེད། ལྷག་ཏུ་སྤྱོད་པ་ཧང་སང་བ་ཞིག་ཏུ་སོན་པ་མ་བསྟན་རང་བསྟན་དུ་ཆགས་འདུག འདི་ལྟར། ལ་ཤོས་ཤིག་གིས་མཛད་པ་རེད་ཟེར་གྱིན་འདུག ཡང་ལ་ཤོས་ཤིག་གིས་གསང་སྔགས་ཀྱི་རིག་ཡུམ་རེད་ཅེས་འབོད་ཀྱིན་འདུག ཐབས་སྡུག་པ་འགའ་ཡིས་མིང་སྲིང་རེད་ཅེས་ཀྱང་ཟེར་བཞིན་གདའ། འདིར་བདག་གིས་དེ་ལྟར་སྨྲ་མཁན་དག་ལ་གོ་བ་འདི་འདྲ་ཞིག་སྤྲད་པར་འདོད་པས་ཐུགས་གནོད་མི་གནང་བར་མཁྱེན་ཞེས་ཞུ་དགོས་ཏེ། བདག་གིས་ཀྱང་རང་ཅག་བསམ་པ་ཡིས་སོ།། གཅིག མཛད་པ་རེད་ཟེར་ན་དགེ་བཤེས་ཉིད་ཀྱིས་གང་ཞིག་མཛད་ཀྱིན་ཡོད་པ་རེད། མཛད་པའི་དགོངས་པ་གང་ལ་འཇོག་དགོས་ཀི་རེད། ད་སྐབས་འདི་ན་ང་ཚོའི་མིག་གི་ལམ་དུ་གསལ་ལེར་ཆོད་པའི་གྲྭ་བཙུན་བུད་མེད་དང་བྲེལ་འདྲེས་ཟབ་མཁན་དེ་དག་དང་དགོངས་པ་གཅིག་རེད་ཅེས་པ་ཡིན་ནམ། ཞེས་བདག་གིས་མཛད་པ་རེད་ཟེར་མཁན་དག་ལ་འདི་ལྟར་དྲིས་པས་ལན་ཅང་འབྱོར་མ་བྱུང་། རེད་དེ། ད་རེབ་མང་པོ་ཞིག་གིས་མཛད་པ་རེད་ཟེར་རྒྱུ་མང་དྲགས་པས་ང་ཚོ་གདོང་དམར་བ་འདི་འཛམ་གླིང་གི་རྗེས་སུ་ལུས་དགོས་པའི་གནས་སྟངས་འདི་ཆགས་པ་མ་རེད་དམ། ཡང་གསང་སྔགས་གྱི་རིག་ཡུམ་རེད་ཟེར་མཁན་དག་ལ་འདི་ལྟར་བཤད་ན་འོས་ཏེ། གོང་གི་འཕྲོ་དེ་མ་ཐག་པའི་ལུང་དེ་དང་བསྟུན་ནས་གྲྭ་བཙུན་ལ་ཁྱིམ་པ་སུན་འབྱིན་ཟེར་བའི་ཁྲིམས་ཤིག་ཡོད་པ་ངོ་སྤྲོད་རགས་ཙམ་བྱ། འདུལ་ཁྲིམས་ལས་བཤད་པའི་ཁྱིམ་པ་སུན་འབྱིན་ཞེས་བྱ་ནི་གྲྭ་བཙུན་དག་རང་ངོས་ནས་མི་གསལ་ལ། གཞན་གྱི་མིག་ལ་རབ་ཏུ་གཟན་པའི་གཟུགས་རིས་ཤིག་ཏུ་ཟེར། དཔེར་ན་ཁྱིམ་པའི་ཁ་དཔེར“རང་གིས་བལྟས་ན་སྐྱིད་པའི་དུས།།གཞན་གྱིས་བལྟས་ན་སྨྱོ་ཀི་ཡོད།།”ཅེས་པ་དེར་ཁྱབ་པ་བཅད་དེ་བཞག་མི་ཆོག་ཀྱང་། སྐབས་འདི་ལ་སྦྱར་ན་ཧ་ཅང་འོས་ཤིང་འཚམ་པ་ཞིག་ཏུ་མི་འདུག་གམ། དེ་གང་ཞེ་ན། ཁྱིམ་པ་སུན་འབྱིན་ཡང་རང་ངོས་ནས་མི་ཤེས་ལ་གཞན་གྱི་ལྷད་མེད་པའི་དད་པར་སུན་འབྱིན་པར་བྱ་བའི་ལུས་ངག་གི་སྤྱོད་པ་ཞིག་ལ་གོ་བ་གཙོ་ཆེ་བས་ན། དེ་ནི་ཤིན་ཏུ་ནས་འཛེམ་བྱ་ཞིག་ཏུ་གཟིགས་ཏེ་སངས་རྒྱས་ཀྱིས་ཐེངས་མང་པོར་ཁྱིམ་པ་སུན་འབྱིན་མི་ཆོག་པའི་བཅོས་པ་ནན་གྱིས་མཛད་པ་ནི་ངས་འདིར་འདྲེན་མི་དགོས་པ་ཞིག་རེད། ད་ཐེངས་ཡང་ཁོང་གི་སྤྱོད་པ་འདིས་ཀྱང་མང་པོ་ཞིག་གིས་དགེ་བཤེས་ཞེས་ཡར་ལ་བཞག་ཏེ་ཕྱག་འཚལ་ཞིང་། མོས་གུས་བྱེད་ཡུལ་དེ་ཚོ་ད་ག་འདྲ་འདུག ཅེས་ཁྱིམ་པ་ཅི་ཙམ་གྱི་དད་པར་སུན་འབྱིན་བྱས་ཡོད་དམ། དེའི་ཕྱིར། དགེ་བཤེས་བསོད་ནམས་བཟང་པོ་ཉིད་ཀྱིས་ཐེངས་འདིར་གསང་ཡུམ་རྟེན་པ་ལས་ཀྱང་ཁྱིམ་པ་སུན་འབྱིན་གྱི་ཉེས་པས་ལྕི་བའི་མཛད་པ་མཛད་མེད་དམ། དེའི་རྗེས་ཀྱི་དོན་ཚན་གསུམ་པ་གཉིས་པའི་ཤུགས་ལ་འགྲུབ་པས་འདིར་དོན་མེད་ཀྱི་ཡི་གེས་བཀང་མི་དགོས་པས་འདིར་བཞག་པར་བྱའོ།།

____༢༠༡༤/༧/༢༨/དགོང་མོར།
གློག་ལྕེའི་སྐད་འཕྲིན/gddj4444

དཔྱད་གཞིའི་རྒྱུ་ཆ་བདམས་བཀོད།

དགེ་བཤེས་བསོད་ནམས་བཟང་པོ།

ཉེ་སྔོན་དྲ་ཐོག་ཏུ་རྒྱུ་བའི་འདྲ་པར་ཞིག

དགེ་བཤེས་བསོད་ནམས་བཟང་པོ།

དགེ་བཤེས་བསོད་ནམས་བཟང་པོ།

དགེ་བཤེས་བསོད་ནམས་བཟང་པོ།

ཉེ་སྔོན་དྲ་ཐོག་ཏུ་རྒྱུ་བའི་འདྲ་པར་ཞིག