༄༅། ། ཛ་རཱ་ཐུགས་གྲོལ་གཅིག་པུ་རི་བོ་ལས་ཐུར་དུ་བབ། སུ་དང་ཡང་མ་འཕྲད། འོན་ཀྱང་ཁོང་ཉིད་ནགས་ཚལ་ཏུ་འཛུལ་སྐབས། གློ་བུར་དུ་རྒད་པོ་ཞིག་ཁོང་གི་མདུན་དུ་ཐོན་ལ། རྒད་པོ་འདི་ནི་རྩི་ཤིང་གི་རྩ་བ་འཚོལ་དུ་རང་གི་གནས་ཤག་བྲལ་ཏེ་འདིར་ཐོན་པ་ཡིན། རྒད་པོ་དེས་ཛ་རཱ་ཐུགས་གྲོལ་ལ་འདི་སྐད་ཞུས་སོ། །
༄། འཁྱམ་པོ་འདི་ངས་ངོ་ཤེས་ཀྱི་ཡོད། ལོ་མང་པོའི་སྔོན་དུ་ཁོ་རང་ལམ་བར་ནས་འཕྲད་མྱོང་། ཁོང་གི་མིང་ལ་ཛ་རཱ་ཐུགས་གྲོལ་ཟེར་མོད། ད་ལྟ་ཁོ་རང་འགྱུར་འདུག
༄། དུས་དེར། ཁྱེད་ཀྱིས་རང་གི་ཐལ་[3]རི་ཁྲོད་དུ་ཁུར་གྱིན་འདུག ད་ལྟ་ཁྱེད་ཀྱིས་མེ་ཞིག་འདེགས་ནས་མདོ་ལ་ཕེབས་པ་ཡིན་ནམ། མེ་སྦྱོར་གྱི་ཉེས་མིང་ལ་ཁྱེད་རང་མི་འཇིགས་སམ།
༄། རེད་དོ། །ངས་ཛ་རཱ་ཐུགས་གྲོལ་ཡིན་པ་ངོ་རྟགས་ཆོད་སོང་། ཁོང་གི་མིག་ལ་མི་གཙང་བས་མ་ལྷད། ཁོང་གི་ཁ་ལ་མི་འདོད་པས་མ་བགོས། གར་མཁན་ཞིག་དང་འདྲ་བར་གཅིག་པུར་ཕེབས་ཀྱིན་མེད་དམ།
༄། ཛ་རཱ་ཐུགས་གྲོལ་ཡོངས་སུ་འགྱུར་འདུག ཛ་རཱ་ཐུགས་གྲོལ་བྱིས་པ་ཞིག་ཏུ་འགྱུར་འདུག ཛ་རཱ་ཐུགས་གྲོལ་སད་མི་ཞིག་ཏུ་འགྱུར་འདུག དེ་ན་ཁྱེད་རྨོངས་གཉིད་ཀྱི་ཡུལ་ལ་ཅི་བྱེད་དུ་འགྲོ །
༄། ཁྱེད་ཉིད་རྒྱ་མཚོ་ཡིས་འཁྱེར་བ་ལྟར་གཅིག་པུར་དབེན་གནས་སུ་བཞུགས་ཡོད། ད་ལྟ་ཁྱེད་ཉིད་ས་སྟེང་དུ་ཐོན་ནས་རང་ཉིད་ཀྱི་ཕུང་པོ་རང་གིས་ཐེག་པར་འདོད་དམ།
༄། ཛ་རཱ་ཐུགས་གྲོལ་གྱིས་ལན་དུ་ན་རེ། བདག་ནི་མིའི་འགྲོ་བ་ལ་དགའོ། །
༄། རྣལ་འབྱོར་དེས་ཅིའི་ཕྱིར། ང་རང་ནགས་ཚལ་འདི་དང་ས་སྟོང་འདིར་བྱོལ་བ། སྔོན་གྱི་ཚེ་མིའི་རིགས་ལ་ཤིན་ཏུ་དགའ་བའི་རྐྱེན་གྱིས་མ་ཡིན་ནམ།
༄། ད་ལྟ་ང་འཇིག་བརྟེན་གྱི་དབང་པོར་གྱུར་བའི་ལྷ་དེ་ལ་དགའ་བ་ལས་མིའི་རིགས་ལ་མི་དགའོ། ། མི་ནི་ཡོན་ཏན་རྫོགས་པ་ཞིག་མ་ཡིན་ཏེ། མི་ལ་དགའ་བ་བཅངས་ན་དེས་རང་ཉིད་བརླག་ཀྱང་སྲིད།[4]
༄། ཛ་རཱ་ཐུགས་གྲོལ་གྱིས་སླར་སྨྲས་པར། བདག་གིས་དགའ་ཞེས་སྨྲ་འདོད་མེད་དེ། བདག་ནི་མིའི་འགྲོ་བ་ལ་ལེགས་སྐྱེས་སྐྱེལ་བར་འགྲོ་བ་ཡིན།
༄། དེ་ཚོ་ལ་ཅི་ཡང་མ་སྟེར། རྣལ་འབྱོར་ན་རེ། གལ་ཏེ་ཁྱེད་ཉིད་ལ་མོས་པ་ཡོད་ན། དེ་ཚོའི་ཁུར་པོ་ཞིག་ཁྱེད་ཀྱིས་ཐེག་པར་གྱིས་དང་། དེ་ཚོ་དེ་ཡིས་ཡིད་མགུ་བ་ཡིན།
༄། གང་ལྟར་ཁྱེད་ཀྱིས་དེ་ཚོ་ལ་ཅི་ཞིག་ངེས་པར་སྟེར་དགོས་ན། སློང་མོ་ལ་སྦྱིན་པ་ཙམ་གྱིས་ཆོག་ལ་དེ་ཚོར་སློང་དུ་ཆུགས། །
༄། མིན་ནོ། ། ཞེས་ཛ་རཱ་ཐུགས་གྲོལ་གྱིས་ལན་སྨྲས་པར། སློང་སྦྱིན་ནི་བདག་གིས་མི་བྱེད། བདག་ནི་དེ་འདྲའི་དབུལ་བོ་ཞིག་མ་ཡིན་ནོ། །
༄། རྣལ་འབྱོར་དེ་ཉིད་ཀྱིས་ཛ་རཱ་ཐུགས་གྲོལ་ལ་འཕྱ་དགོད་བྱེད་ཞོར། འདི་སྐད་དུ། འོ་ན་ཁྱེད་ཀྱིས་གང་གནང་ལ་དེ་ཚོས་གཙིགས་ཆེན་བྱེད་མིན་བལྟ། དེ་ཚོས་དབེན་གནས་པ་ལ་བློ་མི་ཁེལ་ཞིང་། བདག་ཅག་གིས་ལེགས་སྐྱེས་ཁྱེར་ཡོད་པའང་ཡིད་མི་ཆེས་སོ། །
༄། དེ་ཚོས་རྣ་དབང་དུ་བདག་ཅག་གི་ཞི་བའི་གོམས་སྒྲ་ལམ་ནས་སྒྲོག་པ་ཐོས་ན། མཚན་མོའི་དུས་སུ་མལ་ལམ་ནས་མི་ཞིག་ཉི་མ་ལ་ཡིབ་ནས་འགྲོ་བ་ལྟར་སྣང་སྟེ། སེམས་ཁྲལ་བྱས་ནས་རྐུན་མ་དེ་གང་དུ་འགྲོ་བ་ཡིན་ཞེས་འདྲི་བ་རེད།
༄། མི་ཡི་ཡུལ་དུ་མ་འགྲོ་བར་ནགས་ཚལ་འདི་རུ་བཞུགས། དུད་འགྲོ་དག་དང་འགྲོགས་ནས་ནི་ང་ལྟར་གྱིས། དོམ་ནི་དོམ་དང་འགྲོགས་ལ། བྱ་ནི་བྱ་དང་འགྲོགས་པར་གྱིས།
༄། ཛ་རཱ་ཐུགས་གྲོལ་གྱིས་དྲིས་པར། དེ་ན་རྣལ་འབྱོར་པ་ཞིག་གིས་ནགས་ཚལ་དུ་ཅི་བྱ་བར་བྱེད་དམ།
༄། རྣལ་འབྱོར་གྱིས་སྨྲས་པར། ངས་ནི་མགུར་གྱེར་བར་བྱེད། མགུར་གྱེར་སྐབས་བདག་གིས་དགོད་དང་། ངུ་དང་ཁེར་ལབ་བྱེད་ལ། བདག་གིས་དེ་ལྟར་བྱས་ནས་ལྷ་ཆེན་ལ་མཆོད་པ་བྱེད་དོ། །
༄། མགུར་དང་། དགོད་དང་། ངུ་དང་ཁེར་ལབ་བྱས་ནས་བདག་གིས་བདག་གི་ལྷ་ལ་མཆོད་པ་བྱེད། འོན་ཀྱང་ཁྱོད་ཀྱིས་ང་ཚོ་ལ་ལེགས་སྐྱེས་ཅི་ཞིག་ཁྱེར་ནས་ཡོད་དམ།
༄། ཛ་རཱ་ཐུགས་གྲོལ་གྱིས་དེ་ལྟར་ཐོས་པ་ན། རྣལ་འབྱོར་དེ་ལ་གུས་འདུད་ཅིག་བྱས་ནས་སྨྲས་པར། ཁྱེད་ལ་བདག་གིས་ཅི་ཞིག་སྟེར་ཆོག་གམ། བདག་ལམ་ལ་མངགས་པར་ཞུ། དེ་མིན་ན། བདག་གིས་ཁྱེད་ཀྱི་ཅི་ཞིག་ཁྱེར་བར་བྱེད་དོ། ། དེ་ནས། རྒད་པོ་དང་ཛ་རཱ་ཐུགས་གྲོལ་གཉིས་སོ་སོར་གྱེས་ལ། ཁོང་གཉིས་བྱིས་པ་ལྟར་བཞད་དོ། །
༄། ཛ་རཱ་ཐུགས་གྲོལ་ཁེར་བུར་ཐོན་ཚེ། ཁོང་གིས་རང་གི་སེམས་ལ། འདི་ལྟ་དཔེ་སྲིད་དམ། ནགས་ཚལ་དུ་གནས་པའི་རྣལ་འབྱོར་རྒད་པོ་དེ་ཡིས་ལྷ་ཆེན་ཤི་ཟིན་པའང་[5]མ་གོ་བ་རེད་འདུག །ཅེས་སྨྲས་སོ། །

མཆན།
[3]སྔར་གྱི་འཚོ་བ་ལ་ཡིད་མུག་སྐྱེ་ནས་དེ་དག་མེ་བསྲེགས་ནས་ཐལ་བྱས་པའི་དོན་ལ་གོ །

[4]ཡེ་ཤུ་མི་ལ་དགའ་ནའང་མི་ཡིས་རྒྱ་གྲམ་ཁྲིམས་ཤིང་ཐོག་ཏུ་འཛེར་ནས་གསད།

[5]ཡེ་ཤུ་ཆོས་ལུགས་ཀྱིས་ངོས་ཚབ་བྱས་པའི་དུས་རབས་བར་མའི་ཀུན་སྤྱོད་དང་འཇིག་བརྟེན་ལྟ་བའི་རིག་པ་མཐའ་དག་ཤི་ནས། དུས་རབས་གསར་བའི་ནང་གི་མི་ལ་དེ་ཡིས་སྣེ་ཁྲིད་བྱེད་མི་ནུས་པ་མཚོན།

གསལ་བཤད།

ས་བུ་ཆེ་ལགས་ཀྱིས་སྒྱུར་བཞིན་པའི་ཛ་རཱ་ཐུགས་གྲོལ་གྱིས་ཇི་སྐད་དུ་སྨྲས་པ་ཞེས་པའི་བསྟན་བཅོས་གྲགས་ཅན་འདི་ལས་སྔོན་འགྲོ་ཡོངས་སུ་བསྒྱུར་ཚར་ཏེ་བཙན་པོ་ཚང་ནས་སྤེལ་འདོད་བྱེད་བཞིན་འདུག་ལ། ཁོང་གི་རེ་བ་ལྟར། དུམ་བུ་བཅུ་ལ་ཕྱེས་ཏེ། ངའི་ཟིན་པོད་ནས་གཟའ་ལྷག་པ་ནམ་ཚེས་ལ་རིམ་ཅར་དུ་སྤེལ་འཆར་ཡོད་པས། དེ་དོན་དོན་གཉེར་ཅན་རྣམ་པས་ཐུགས་འཇགས་མཛོད་ཅིག་གུ །  ཞེས་གོ་ཙི་ཙིས།