༄༅།  ། ཛ་རཱ་ཐུགས་གྲོལ་གྱིས་མི་ཚོགས་ལ་གཟིགས་ཀྱང་ཡ་མཚན་སྐྱེས་ལ། ཡང་འདི་སྐད་དུ་སྨྲས་སོ། །

༄།  མི་ནི་དུད་འགྲོ་དང་འཕགས་མིའི་བར་དུ་དཔྱངས་པའི་སྐུད་པ་ཞིག་ཡིན།  གཡང་རོང་ལས་བརྒལ་བའི་སྐུད་པ་ཞིག་ཡིན་ནོ།

༄།  དེ་བརྒལ་བ་བྱེད་ན་འཇིགས་སུ་རུང་། དེའི་བར་ལམ་ནས་ལྡོག་ན་འཇིགས་སུ་རུང་།   དེ་ལས་ཕྱིར་བལྟས་བྱས་ན་འཇིགས་སུ་རུང་། དེ་ལས་འདར་བའམ་ཀྲོང་བར་བྱས་ན་འཇིགས་སུ་རུང་བ་ཡིན་ནོ། །

༄།  འོན་ཀྱང་མི་ཡི་བླ་ན་མེད་པ་ནི་འདི་ལ་གནས་ཏེ།  མི་ནི་སྦྲེལ་ཟམ་ཞིག་ཡིན་པ་ལས་དམིགས་ཡུལ་ཞིག་མ་ཡིན་པས་ཕྱིར་རོ། ། མི་ལ་སེམས་འཆོར་དོན་ཡང་།  མི་ནི་བརྒལ་འགྱུར་དང་རྒུད་འགྱུར་ཞིག་ཡིན་པས་སོ། །

༄།  བདག་གིས་རྒུད་མཁན་མ་གྱུར་བཞིན་འཚོ་སྤྱོད་བྱེད་པའི་མི་དེ་ཚོ་ལ་རབ་ཏུ་དགའ་བར་བྱེད། དེ་ཚོ་ནི་བརྒལ་མཁན་ཡིན་ཕྱིན།

༄། བདག་གིས་ང་རྒྱལ་ཅན་ལ་ཤིན་ཏུ་དགའ་བར་བྱེད།  དེ་ཚོ་ནི་ཤིན་ཏུ་ཁེངས་སྐྱུང་ལྡན་པ་དག་ཡིན་ཕྱིན། དེ་ཚོ་ནི་ཕ་མཐའ་བརྙེད་པའི་མདའ་མོ་ཞིག་ཡིན་ཕྱིན།

༄། བདག་གིས་མི་འདི་འདྲ་བ་དག་ལ་དགའ་བར་བྱེད་དེ། དེ་ཚོས་ནི་ཐོག་མ་ཉིད་ནས་སྐར་ཚོགས་ཀྱི་ཕ་རོལ་ནས་རྒུད་པ་དང་མཆོད་སྦྱིན་མི་བྱེད་དེ།  དེ་དག་གིས་ས་གཞི་ལ་མཆོད་སྦྱིན་བྱས་ནས། ས་གཞི་ལ་འཕགས་མི་བྱོན་འགྱུར་བ་བྱེད་དོ། །

༄།  བདག་གིས་མི་འདི་འདྲ་ཞིག་ལ་དགའ་བར་བྱེད་དེ། གང་དེས་ཤེས་པ་ལ་ཤིན་ཏུ་འདོད་དེ། དེ་ཡིས་འཕགས་མིའི་ལམ་གཉེར་བར་བྱེད་ཀྱང་དེ་ལྟར་རྒུད་པར་གྱུར་ཏོ། །

༄།  བདག་གིས་མི་འདི་འདྲ་ཞིག་ལ་དགའ་བར་བྱེད་དེ། གང་དེས་ངལ་རྩོལ་དང་རིག་པ་གཏོད་ནས།  འཕགས་མི་ལ་བཞུགས་གནས་བཞེངས་བ་དང་།  འཕགས་མིའི་ཆེད་དུ་ས་གཞི་དང་།  དུད་འགྲོ་དང་།  རྩི་ཤིང་སོགས་སྔོན་འདོན་བྱེད་ལ།  དེ་དོན་དུ་རྒུད་པར་གྱུར་ཏོ། །

༄།  བདག་གིས་མི་འདི་འདྲ་ཞིག་ལ་དགའ་བར་བྱེད་དེ།  གང་དེས་རང་གི་བཟང་སྤྱོད་ལ་དགའ་བར་བྱེད་དེ། བཟང་སྤྱོད་ནི་རྒུད་བཞིན་པའི་འདུན་ཤུགས་ཡིན་ལ།  འདོད་འདུན་གྱི་མདའ་མོ་ཡིན་ནོ། །

༄།   བདག་གིས་མི་འདི་འདྲ་ཞིག་ལ་དགའ་བར་བྱེད་དེ།  གང་དེས་རང་ཉིད་ཀྱི་དོན་དུ་སྙིང་སྟོབས་མི་འཛིན་ཏེ། རང་གི་ལེགས་འཛིན་གྱི་དོན་དུ་སྙིང་སྟོབས་བསྐྱེད་པ་ཡིན་པས། དེ་ནི་སྙིང་སྟོབས་དེ་ཇི་ལྟར་ཏུ་ཟམ་ལས་བརྒལ་ཐུབ་པ་ཡིན་ནོ། །

༄།   བདག་གིས་མི་འདི་འདྲ་ཞིག་ལ་དགའ་བ་བྱེད་དེ།  གང་དེས་དེ་ཉིད་ཀྱི་བཟང་སྤྱོད་ལ་ཡིད་རྟོན་ཀྱང་དབང་གཞི་བྱེད་ལ། དེ་ཡིས་རང་གི་བཟང་སྤྱོད་ཀྱི་དགོས་པ་ལྟར་གསོན་པའམ་འཆི་བར་བྱེད་དོ། །

༄།  བདག་གིས་མི་འདི་འདྲ་ཞིག་ལ་དགའ་བར་བྱེད་དེ། གང་དེས་བཟང་སྤྱོད་ལ་ཚད་མ་ཐ་དད་པ་མི་བྱེད་ཀྱང་། ཚད་མ་གཅིག་ནི་ཚད་མ་གཉིས་ལས་བརྟན་ལ། བཟང་སྤྱོད་ཚད་གཅིག་ཅན་ནི་ལས་འདི་བཅིང་སའི་མདུད་པའོ། །

༄།  བདག་གིས་མི་འདི་འདྲ་ཞིག་ལ་དགའ་བར་བྱེད་དེ།  གང་དེས་རང་གི་རྣམ་ཤེས་ཡང་ཕངས་མེད་དུ་བྱེད་ལ།  དེ་ཡིས་བཀའ་དྲིན་མི་འདོད་ལ་དྲིན་ལན་ཡང་མ་འདོད་དོ། དེ་ཡིས་སྦྱིན་པ་ཁོ་ན་བྱེད་ཀྱང་རང་ལ་ཅི་ཡང་མི་འདོད་དོ། །

༄།  བདག་གིས་མི་འདི་འདྲ་ཞིག་ལ་དགའ་བར་བྱེད་དེ། གང་དེས་ཤོ་མིག་རང་ལ་ཕན་པ་མཐོང་ཚེ་འགྱོད་གནོང་བྱེད་སྲིད་ལ། དེ་ཡིས་ང་ནི་མི་དྲང་བའི་རྒྱན་བྱེད་མཁན་ཡིན་ནམ་ཞེས་འདྲི་སྲིད་ལ། དེ་ནི་དྲང་བའི་ཆེད་དུ་འཆི་བར་སྤོབས།

༄།  བདག་ནི་མི་འདི་འདྲ་ཞིག་ལ་དགའ་བ་ཡིན་ཏེ། གང་དེས་རང་གི་བསྒྲུབ་བྱ་ལ་གསེར་གྱི་དམ་བཅའ་བཞག་ཀྱང་། ནམ་ཡང་དམ་བཅའ་ལས་ལྷག་པ་ཞིག་བསྒྲུབས་ནས། རང་གི་རྒུད་པ་སྐྱོང་བ་ཡིན་ནོ། །

༄།  བདག་གིས་མི་འདི་འདྲ་ཞིག་ལ་དགའ་བར་བྱེད་དེ། གང་དེས་མ་འོངས་ཀྱི་མི་ལ་བདེན་སྐྱེལ་ཀྱང་། འདས་པའི་མི་རྣམས་སྐྱོབ་པར་བྱེད། དེ་ཡིས་ད་ལྟའི་མི་ཡི་དོན་ལ་རང་ཉིད་བློས་གཏོང་བྱེད་པར་སྤོབས་སོ། །

༄།  བདག་གིས་མི་འདི་འདྲ་ཞིག་ལ་དགའ་བར་བྱེད་དེ། གང་དེས་ལྷ་ལ་དགའ་བའི་དབང་གིས་རང་གི་ལྷ་ལ་བཤགས་སྡོམ་བྱེད་སྤོབས་ཏེ། ལྷ་ཡིས་ཁོང་ཁྲོ་ཁུར་ནས་རང་ཉིད་བློས་གཏོང་ཐུབ་བོ།  །[8]

༄།    བདག་གིས་མི་འདི་འདྲ་ཞིག་ལ་དགའ་བར་བྱེད་དེ། དེ་ཡི་རྣམ་ཤེས་ལ་ཕྲ་བའི་འཚེ་བ་བྱུང་རུང་།  དེ་ཉིད་གསོད་པར་བྱེད་པའི་རྨས་སྐྱོན་ཕོག་རུང་ད་དུང་གཏིང་ཟབ་མོར་གནས་ཐུབ་སྟེ། དེ་ནི་ཟམ་ལས་བརྒལ་བར་འདོད་དོ།

༄།   བདག་གིས་མི་འདི་འདྲ་ཞིག་ལ་དགའ་བར་བྱེད་དེ།    དེ་ཡིས་རྣམ་ཤེས་མཐར་ཕྱིན་ནས་རང་ཉིད་བརྗེད་ཟིན་ཏེ།  ཐམས་ཅད་དེ་ལ་འཕོས་པས་ཐམས་ཅད་དེ་ཡི་རྒུད་པའི་རྒྱུ་ལ་གྱུར་ཏོ། །

༄།   བདག་གིས་མི་འདི་འདྲ་ཞིག་ལ་དགའ་བར་བྱེད་དེ།   དེ་ཡི་རྣམ་ཤེས་དང་སེམས་ཉིད་ལ་རང་དབང་ཐོབ་ཟིན་ཏེ། དེ་ཡི་དཔྱོད་པ་ནི་སེམས་ཉིད་ལ་གུས་ཞིང་བསྟུན་པར་གནས་པས།  སེམས་ཉིད་ནི་རང་རྒུད་པའི་རྐྱེན་དུ་གྱུར་ཏོ། །

༄།   བདག་ནི་ཆར་ཐིགས་བཞིན་རེ་རེར་ལྷུང་བའི་མི་དག་ལ་དགའ་བ་ཡིན་ཏེ། དེ་དག་ནི་ཐོག་རྒོད་ཀྱི་བང་ཆེན་ཡིན་ལ་བང་ཆེན་ལྟར་རང་ཉིད་བློས་གཏོང་བྱས་སོ། །

༄།   ལྟོས་དང་། བདག་ནི་ཐོག་རྒོད་ཀྱི་བང་ཆེན་ཡིན་ལ། བདག་ནི་སྤྲིན་ལས་ལྷུང་བའི་ཆར་ཐིགས་དྲག་པོ་ཞིག་ཡིན། ཐོག་རྒོད་ནི་འཕགས་མིའོ།།  ། །

མཆན།

[8]རང་གི་དད་པ་དང་ཕུགས་བསམ་གང་ཡིན་པ་དེ་ལ་ནན་ཏན་གྱིས་སྦྱོང་བརྩོན་བྱས་ནས་མཐོར་འདེགས་འབད་པ་དང་། རང་ཉིད་ཀྱིས་དཀའ་བ་སྤྱད་ནས་མཐར་འཆི་བར་འགྱུར་བ་མཚོན་ནོ། །

གསལ་བཤད།

ས་བུ་ཆེ་ལགས་ཀྱིས་སྒྱུར་བཞིན་པའི་ཛ་རཱ་ཐུགས་གྲོལ་གྱིས་ཇི་སྐད་དུ་སྨྲས་པ་ཞེས་པའི་བསྟན་བཅོས་གྲགས་ཅན་འདི་ལས་སྔོན་འགྲོ་ཡོངས་སུ་བསྒྱུར་ཚར་ཏེ་བཙན་པོ་ཚང་ནས་སྤེལ་འདོད་བྱེད་བཞིན་འདུག་ལ། ཁོང་གི་རེ་བ་ལྟར། དུམ་བུ་བཅུ་ལ་ཕྱེས་ཏེ། ངའི་ཟིན་པོད་ནས་གཟའ་ལྷག་པ་ནམ་ཚེས་ལ་རིམ་ཅར་དུ་སྤེལ་འཆར་ཡོད་པས། དེ་དོན་དོན་གཉེར་ཅན་རྣམ་པས་ཐུགས་འཇགས་མཛོད་ཅིག་གུ ། ཞེས་གོ་ཙི་ཙིས།